Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ལོངས་སྤྱོད་འཕེལ་ཐབས་ཀླུའི་བུམ་གཏེར་འདོད་དགུའི་འབྱུང་གནས་དང་ལྟོ་འཕྱེ་བརྟག་ཚུལ་ལོངས་སྤྱོད་འཕེལ་ཐབས།
   
   
   
   
   
   
   
   


 
previousལོངས་སྤྱོད་འཕེལ་ཐབས་ཀླུའི་བུམ་གཏེར་འདོད་དགུའི་འབྱུང་གནས་དང་ལྟོ་འཕྱེ་བརྟག་ཚུལ་ལོངས་སྤྱོད་འཕེལ་ཐབས།next

ལོངས་སྤྱོད་འཕེལ་ཐབས་ཀླུའི་བུམ་གཏེར་འདོད་དགུའི་འབྱུང་གནས་དང་ལྟོ་འཕྱེ་བརྟག་ཚུལ་ལོངས་སྤྱོད་འཕེལ་ཐབས།

ལོངས་སྤྱོད་འཕེལ་ཐབས་ཀླུའི་བུམ་གཏེར་འདོད་དགུའི་འབྱུང་གནས་དང་ལྟོ་འཕྱེ་བརྟག་ཚུལ་ལོངས་སྤྱོད་འཕེལ་ཐབས་གཞན་དང་བཅས་བཞུགས།

ན་མོ་ནཱ་ག་རཱ་ཛེ་ཤྭ་ར་ཡ། །འདོད་དགུ་འབྱུང་གནས་ཡིད་བཞིན་ནོར་བུ་ལྟར། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་ཀུན་སེལ་བ། །ནོར་རྒྱས་ལ་སོགས་ཀླུ་རྒྱལ་འཁོར་བཅས་ལ། །བཏུད་ནས་བུམ་གཏེར་མདོར་བསྡུས་བྲི་བར་བྱ། །དེ་ལ་འདིར་རང་གཞན་གྱི་ལོངས་སྤྱོད་འཕེལ་བ་ལ་སོགས་པའི་ཐབས་སུ་བུམ་ག ཏེར་བྱ་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཀླུ་ནོར་རྒྱས་གྱི་བུ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ། རིན་པོ་ཆེ་སྣ་ཚོགས་དང་ཞེས་པ་ནས། ཐུན་མོང་གི་ནོར་རྫས་ལ་ལོངས་སྤྱོད་པར་འགྱུར་རོ། །ཞག་བདུན་དུ་སྙིང་བོ་རྒྱུན་མ་ཆད་པར་བཟླས་ན་དབུལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞེས་གསུངས་ཏེ། འདི་ལ་བཞི། བུམ་པའི་རྒྱུ་དང་ཚད་ཀྱི་ཁྱད་པར། རྫས་ཀྱི་ཁྱད་པར། ཇི་ལྟར་སྒྲུབ་པའི་ཚུལ། གནས་གང་དུ་ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ནི། ངོར་ཆེན་གྱིས་བུམ་པ་ཡུལ་གང་ཡིན་གྱི་བྲེ་ཚད་ལས་མི་ཆུང་བའི་བཅུད་ཤོང་བ་ལྕགས་དང་ར་གན་ཞ་ཉེ་མ་འདྲེས་པའི་རིན་པོ་ཆེའི་བུམ་པའམ། རྫ་ལ་སོགས་པའི་བུམ་པ་ཞེས་གསུངས་པ་ལྟར། །ཡུལ་འདིའི་དབང་དུ་བྱས་ན་བྲེ་ནི་ཤིང་ཚེར་གྲགས་པ་ལའང་རུང་བར་མངོན་ནོ། ཁྱད་པར་མཛོད་བུམ་ལ་རྒྱུ་སྔར་བཤད་པ་ལྟར་ལ་ཚད་རྒྱུད་སྡེ་ནས་བཤད་པ་ལྟར་གྲུབ་ན་ལེགས་སོ། །དེ་ལྟ་བུའི་བུམ་པ་རང་བཞིན་དཀར་བ་ཡིན་མི་དགོས་ལ། །མིན་ན་དཀར་རྩིས་བྱུགས་ཏེ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲི་ཞིང་མདུན་གང་ཡོང་ངོས་ནོར་བུ་འབར་བ་འབྲིའོ། །གཉིས་པ་ནི། སྐེ་ཚེ། ཤངས་ཚེ། བྲའོ་མ་གཏོགས་པའི་གྲོ་ནས་སོགས་འབྲུ་སྣ་གང་རྙེད་དང་། ཀླུ་ལ་གནོད་པའི་རྫས་ཁྱུང་སྡེར། ཚ་བ་གསུམ། གླ་རྩི་སོགས་དང་དུག་རིགས་མ་འདྲེས་པའི་སྨན་སྣ་དང་ཀླུ་སྨན་རྙེད་ཚད། ལྕགས་ཞ་ཉེ་ར་གན་མ་གཏོགས་པའི་རིན་པོ་ཆེ་སྣ་ཚོགས་ཙན་དན་དཀར་དམར་ཨ་ཀ་རུ་སོགས་ཀླུ་ལ་མི་གནོད་པའི་དྲི་བཟང་གང་རྙེད། ཤ་ཆང་མ་འདྲེས་པའི་ཟས་སྣ་གོས་སྣ། བ་རའི་དཀར་གསུམ། མངར་གསུམ་གྱི་རིལ་བུ། མི་བཙན་ཕྱུགས་གྲིབ་ཅན་མ་ཡིན་པ་དག་གི་ལག་ནས་བྱུང་བའི་འབྲུ་སྣ་སོགས་དང་། མི་ཆེན་ཕྱུགས་པོ་ཕོ་མོ་ནོར་ཅན་དང་། ནོར་ལྷ་རྣམས་ཀྱི་མིང་བྲིས་པའང་གཞུག་པར་བཤད་དེ། ནོར་ལྷའི་མཚན་གྱི་མཐར་འདོད་དོན་འཕེལ་བའི་སྤེལ་ཚིག་སྦྱར་ན་ཤིན་ཏུ་ལེགས། གསུམ་པ་ནི། འབྱོར་ན་ཀླུ་སྨན་སྣ་ཚོགས་དང་ཁམས་བཟང་པོ་བསྲེས་པར་ཀླུ་ཆེན་བརྒྱད་གཙོ་བོ་ཡབ་ཡུམ་དང་བཅས་པའི་གཟུགས་བྱ་སྟེ། ཀླུ་སྒྲུབ་ཀྱིས། ཀླུ་ནོར་རྒྱས་ཀྱི་བུ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ་རིན་པོ་ཆེ་སྣ་ཚོགས་དང་ཀླུ་སྨན་སྣ་ཚོགས་དང་འབྲུ་སྣ་ཚོགས་ཀྱི་ལེགས་པར་བཀང་བ་ཞེས་གསུངས་པ་ལྟར་རོ། །མ་འབྱོར་ན། ཀླུ་དབང་དང་ཀླུའི་གཟུགས་གཉིས་ཀ་འབྲི་བའམ། བརྐོས་ཏེ་མཚལ་གྱིས་བར་དུ་འདེབས་པའང་མཐོང་ཞིང་། གང་ལྟར་ཡང་རྒྱས་པར་ན་ཕྱོགས་མཚམས་བརྒྱད་དུ་བུམ་པ་བརྒྱད་སོ་སོར་ཀླུ་ཆེན་པོ་བརྒྱད་དང་དབུས་ཀྱི་བུམ་པའི་སྨད་དུ་ལོངས་སྤྱོད་འཕེལ་བ་ལ་ཀླུ་ནོར་རྒྱས་ཡབ་ཡུམ་དང་། མཚོ་ཆུ་རྒྱས་པའི་ཆེད་ཡིན་ན། ཝ་རུ་ཎ་གཙོ་བོར་བྱེད་པ་ཡིན་པས་གང་འདོད་པ་དེ་བཅུག་ལ། དེའི་སྟེང་གི་ཆར་དེ་བཞིན་གཤེགས་པ་ཀླུ་དབང་གཙོ་འཁོར་ལྔའི་སྐུ་གཟུགས་བྲིས་འབུར་གང་རུང་བཞུགས་པའམ། ཡང་ན་ཕྱོགས་བཞི་དང་དབུས་སུ་བུམ་པ་རེ་རེ་སྟེ་ལྔ་དང་། ཡང་ན་བུམ་པ་སྟེང་འོག་གཉིས་སུ་བྱས་པའི་འོག་མའི་ནང་དུ་ཀླུ་འཁོར་བཅས་དང་སྟེང་མའི་ནང་དུ་དེ་བཞིན་གཤེགས་པ་གཙོ་འཁོར་ལྔ་བཞུགས་པར་ཡང་བཤད་དེ། ཀླུ་སྒྲུབ་ཀྱིས། བུམ་པ་གཉིས་པོ་ཡང་འོག་ཏུ་ཀླུའི་བུམ་པ་བཞག །སྟེང་དུ་བཅོམ་ལྡན་འདས་ཀྱི་བུམ་པ་བཞག་ཅེས་གསུངས་སོ། །འོན་ཀྱང་སློབ་དཔོན་ཀྱིས་སྒྲུབ་ཐབས་ལས། བུམ་པ་གཉིས་ལས་གཞན་བྱ་བར་མ་གསུངས་ཏེ། དེ་ཉིད་ལས། བུམ་པ་གཉིས་ལས་གཅིག་ཏུ་བཅོམ་ལྡན་འདས་འཁོར་དང་བཅས་པའི་སྐུ་གཟུགས་དང་རིན་པོ་ཆེ་དང་འབྲུ་སྣ་ཚོགས་ཀྱིས་གང་བར་བྱའོ། །གཅིག་ཏུ་ཀླུ་ནོར་རྒྱས་ཀྱི་བུ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ལག་པར་བཀང་བ་ཞེས་གསུངས་སོ། །དེ་ལྟར་བུམ་པ་རྣམས་ཀྱི་ནང་དུ་འོག་གི་སྒྲུབ་ཐབས་ཀྱི་རིམ་པ་ལྟར་གཟུགས་བཅུག་སྟེ་འབྲུ་སྣ་ཚོགས་ཀྱིས་ལེགས་པར་བཀང་ལ་རྫ་འདམ་སོགས་ཀྱིས་ལ་བཅད་ལ་དེ་དག་སྟེགས་ཀྱི་ཁར་གཞི་གཙང་མ་ལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པར་བུམ་པ་དགུ་གོ་རིམ་བཞིན་བཀོད་པའམ། བུམ་པ་གཉིས་བྱེད་ཚེ་པདྨ་འདབ་མ་བརྒྱད་པ་གཉིས་ཀྱི་ལྟེ་བ་དང་། བུམ་པ་གཅིག་ལས་མེད་ན་དེ་བསྟུན་གྱིས་གཅིག་གི་ལྟེ་བར་འགོད། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཚར་ཅི་འབྱོར་དང་། མཐོའང་བཅོམ་ལྡན་འདས་དང་ཀླུ་འཁོར་བཅས་ལ་སོ་སོར་ཆར་རེ་རེ་སྟེ་ཚར་གཉིས་ཙམ་བཤམས་པའི་ལོགས་སུ་གཏོར་མ་གསུམ་དང་འབྱོར་ན་མཐའ་བསྐོར་དུ་མཆོད་པ་གཞན་ཡང་བཤམས་དགོས་སྟེ། སློབ་དཔོན་ཀྱིས་གཏོར་མ་གསུམ་བྱས་ལ་ཞེས་པ་ནས། བར་དམར་པོ་གཉིས་ཀྱི་འོ་མ་མ་གོ ད་པ་དང་། གདུགས་བརྒྱ་རྩ་བརྒྱད་དང་། མཚོན་སྣ་ལྔ་པའི་བ་དན་བརྒྱ་རྩ་བརྒྱད་དང་། ཨ་ཀ་རུ་ནག་པོའི་བདུག་སྤོས་དང་། སྤོས་དཀར་དང་། བདུག་པ་སྣ་ཚོགས་དང་། མེ་ཏོག་དང་། མར་མེ་དང་། ལྷ་བཤོས་དང་། རོལ་མོ་སྣ་ཚོགས་པས་མཆོད་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་རྫས་ཡོ་བྱད་རྣམས་ལེགས་པར་ཚོགས་པར་ན་གནས་ཁང་ཡིད་དུ་འོང་བར་འདུག་སྟེ། ཐོགས་མར་བགེགས་གཏོར་གཏོང་བར་གསུངས་པས། དེའི་ཚུལ་ནི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་ལ། རང་ཉིད་སྐད་ཅིག་གིས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་གྱི་སྐུར་ནས་བགེགས་གཏོར་སྤྱི་འགྲོ་ལྟར་གཏོང་ངོ་། །དེ་ནས། རང་ཉིད་སྐད་ཅིག་གིས་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ་སྤྲུལ་མགོ་བདུན་གདེངས་པའི་རྒྱབ་ཡོལ་ཅན། ཆོས་གོས་གསོལ་ཞིང་དབུ་གཙུག་ཏོར་དང་ལྡན་པ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་ཅན་དུ་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་བོ་གཙོ་འཁོར་ལྔ་ལ་བླ་མ་རྒྱལ་བ་སྲས་བཅས་ཀྱིས་འཁོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མོ་གུ་རུ་བྷྱཿན་མོ་ཏ་ཐཱ་ག་ཏཱ་བྷ་ག་ཝན་ནཱ་ག་རཱ་ཛེ་ཤྭ་རེ་བྷྱཿ ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུཾ་ནས། ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུཾ་གི་བར་གྱིས་མཆོད་ཅིང་། རིན་པོ་ཆེ་དང་གདུགས་ལ་སོགས་པའི་མཆོད་པ་སྣ་ཚོགས་པས་མཆོད་པར་བསམས་ཏེ། ༀ་སརྦ་བི་ཤོ་དྷ་པཱུ་ཛ་མེ་གྷ་བྷ་བ་སྥཱ་ར་ཎ་ས་མུ་དྲ་ཧཱུཾ་ཞེས་པ་བརྗོད། དེ་ནས། ༀ་སྭཱ་བྷཱ་ཝ་ཤུངྔྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུངྔྷོ྅ཧཾ། ཆོས་ཐམས་ཅད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཨ་དཀར་བོ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉི་གང་བའི་སྟེང་དུ། རང་གི་སེམས་ཉིད་ཡི་གེ་ཧཱུཾ་ཡིག་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས་པས་ཀླུ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་ལས་ཉོན་གྱི་སྒྲིབ་པ་དག་ནས་ཀླུའི་དབང་ཕྱུག་རྒྱལ་བོའི་གོ་འཕང་ལ་བཀོད་ཚུར་འདུས་ཧཱུཾ་ཡིག་ལ་ཐིམ་པ་ལས། དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ་སྤྲུལ་མགོ་བདུན་གདེངས་པའི་རྒྱབ་ཡོལ་ཅན། ཆོས་གོས་ངུར་སྨྲིག་གསོལ་བ། དབུ་གཙུག་ཏོར་དང་ལྡན་ཅིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སེམས་ཅན་ཐམས་ཅད་ངན་འགྲོ་དང་ཀླུ་ཐམས་ཅད་ཀླུའི་སྐྱེས་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་ཅན། བཞིན་འཛུམ་བག་དང་ལྡན་པར་གྱུར་པའི་བདུན་དུ་པད་ཟླའི་གདན་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་བུམ་པ་བསྣམས་པ། གཡས་སུ་པད་ཟླའི་གདན་ལ་བྱམས་པ་སྐུ་མདོག་དམར་པོ། །ཞལ་གཅིག་ཕྱག་གཉིས་པ་གཡས་ཀླུ་ཤིང་གི་མགོ་ལྕོགས་མེ་ཏོག་དང་བཅས་པ་དང་། གཡོན་རིལ་བ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་པད་ཟླའི་གདན་ལ་འཇམ་དཔལ་སྐུ་མདོག་གསེར་གཙོ་མ་ལྟ་བུ་ཞལ་གཅིག་ཕྱག་ཉིས་ཀྱིས་ཨུཏྤལ་བསྣམས་པ། གཡོན་དུ་པད་ཟླའི་གདན་ལ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་བསྣམས་པ། བཞི་ཀའང་དབུ་སྐྲ་རལ་བ་ཐོར་གཙུགས་སུ་བཅིངས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་ལྷ་རྫས་ཀྱི་དར་གྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་གཙོ་བོ་ལ་བལྟ་བ། དེ་དག་གི་གཡས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། གཡོན་ཕྱོགས་སུ་དགྲ་བཅོམ་པ་རྣམས་དང་། འོག་ཕྱོགས་སུ་ཀླུའི་ཚོགས་དཔག་ཏུ་མེད་པ་རིན་པོ་ཆེ་ཐོགས་པ་ཐལ་མོ་སྦྱར་ནས་གྱེན་དུ་བལྟ་བ། གཙོ་འཁོར་ལྔའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། དེ་ལས་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཀླུའི་དབང་ཕྱུག་རྒྱལ་བོའི་གཙོ་འཁོར་ལྔའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱོད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྣམ་སྣང་དང་འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏཱ་ནཱ་ག་རཱ་ཛེ་ཤྭ་ར་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །སོགས་ཤླཽ་ཀ་གཅིག་གིས་བསྟོད་ལ། གཙོ་བོའི་ཐུགས་ཀར་ཟླ་གདན་གྱིས་སྟེང་དུ་ཧཱུཾ་ཡིིག་གི་མཐའ་སྐོར་དུ། བཟླས་བྱའི་སྔགས་ཀྱིས་བསྐོར་བར་གྱུར་བར་བསམས་ལ། ཏདྱ་ཐཱ། ༀ་སརྦ་ཏ་ཐཱ་ག་ཏཱ་བྷ་ག་ཝན་ན་ག་རཱ་ཛེ་ཤྭ་ར་ཨ་དྷི ཥྛ་ན་ཨ་དྷིཥྛི་ཏི་སྭཱཧཱ། ཞེས་བཟླའོ། །བཟླས་བ་རབ་འབུམ་ཕྲག་བཅུ་གཅིག་བྱ་བར་བཤད་ཀྱང་། བསྡུ་ན་འབུམ་གསུམ་མམ་གཅིག་བཟླ་བར་བཤད། སརྦ་ཡོད་མེད་གཉིས་སྣང་ཡང་མེད་པ་བདེ་སྙམ། མཐར་ཡིག་བརྒྱས་བརྟན་པར་བྱས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་ཀྱི་བསྔོ་སྨོན་ཀྱིས་རྒྱས་བཏབ་བོ། །དེ་ནས་དཀར་གཏོར་གསུམ་ཆབ་ཀྱིས་བྲན་ལ། ༀ་ཨཱཿབིགྷྣནྟ་ཀྲི་ཏ་ཧཱུཾ་ཕཊ་ཀྱིས་མཆོད་གཏོར་དང་ཡོ་བྱད་རྣམས་བསངས། སྭཱ་བྷ་ཝས་སྟོང་པར་སྦྱངས། སྟོང་བའི་ངང་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་དང་འབྲུ་བཅུད་ཟས་ནོར་གོས་སོགས་ལྷ་མིའི་དཔལ་འབྱོར་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་གྱིས་ནམ་མཁའི་ཁམས་གང་བར་གྱུར་བར་མོས་ནས། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱང་བ་ནི་ཐལ་མོ་ཁོང་སྟོང་བྱས་པ་སྐལ་བས་བདག་ལ། ༀ་སྭ་བྷཱ་ཝ་བི་ཤུངྔྷ་སརྦ་དྷརྨཱ་བི་ཤུངྔྷོ྅ཧཾ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མང་བོར་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཚིགས་བར་མ་རྣམས་བཅག་ལ་དཔྲལ་བར་བཞག་སྟེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤཱུ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་དང་བདུད་རྩི་འཁྱིལ་བའི་སྔགས་རྒྱས་བདུད་རྩིར་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་ཏེ་མཐེ་བོང་བསྣོལ་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་དང་། རྒྱ་ཆེ་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་རྒྱ་ཆེར་ཐོབ་པར་བྱ་བ་ནི། གཡོན་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་། གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པ་དང་། ཡེ་ཤེས་དཀར་ཟླའི་འོད་ཀྱི་སྔགས་རྒྱས་འདོད་དགུར་ཐོབ་པར་བྱ་བ་ནི། །གཡས་ཁུ་ཚུར་བཅིངས་བ་སྙིང་ཁར་བཞག །གཡོན་མཐེ་བོང་ལག་མཐིལ་དུ་བཞག་པའི་མཆོད་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ༀ་ཛྙཱ་ན་ཨ་ཝ་ལོ་ཀེ་ཏེ་ས་མནྟ་སྥ་ར་ན་རི སྨ་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎྀ་དུ་རུ་དུ་རུ་ཧྲི་ད་ལ། ཛྭ་ལ་ནི་ཧཱུཾ། ཞེས་དང། དབང་བསྒྱུར་འཁོར་ལོའི་ལྷ་སྤྱིའི་སྔགས་རྒྱས་དབང་དུ་བྱ་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བཤིགས་ཏེ་བསྒྲེངས་ལ། ན་མཿས་མནྟ་བུདྷ་ནཾ། གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་པས་མགྲོན་ཐམས་ཅད་ཀྱིས། དམ་ཚིག་གི་བདག་ལ་འགོ་ཞིང་ཕན་པ་དང་བདེ་བའི་འཕྲིན་ལས་འབའ་ཞིག་སྒྲུབ་པར་བསམ་ཏེ། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ནས་སྔགས་རྣམས་ལན་གསུམ་ལ་སོགས་པར་བརྗོད། སྔགས་ལ་ཅུང་ཟད་མི་འདྲ་བའང་ཡོད་དོ། །དེ་ལྟར་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་རྫས་རྣམས་བདུད་རྩི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་པར་བསམ། བསྡུ་ན་ཀུན་རིག་གི་ཆ་གསུམ་ནང་ལྟར་སྔགས་རྒྱས་ལན་གསུམ་བྱིན་གྱིས་བརླབས་ཀྱང་རུང་ངོ་། །ད་ནས་བུམ་པ་བསངས་ཏེ། དེ་བཞིན་གཤེགས་པའི་བུམ་པ་ལོངས་སྤྱོད་དང་ཆུ་མཚོ་དཔག་བསམ་གྱིས་ཤིང་ལྗོན་པ་སྣ་ཚོགས་ཀྱིས་གང་བའི་དབུས་སུ་པད་ཟླའི་གདན་ལ་ཧཱུཾ་ཡིག་མི་དཔོག་པའི་རིན་པོ་ཆེའི་མདོག་ལྟ་བུ་ལས་འོད་ཟེར་འཕྲོས་པས། ཞེས་པ་ནས། བཟླས་པའི་རང་བདག་བསྐྱེད་ཀྱི་སྐབས་བཞིན་བྱ་ལ། མཐར་ཡིག་རྒྱ་བརྗོད་དེ། མཆོད་བསྟོད་ཀྱང་བྱའོ། །དེ་ནས་འདས་གཏོར་བྱིན་གྱིས་བརླབས་ལ། །བཅོམ་ལྡན་འདས་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ཉེར་གཅིག་གམ་བདུན་གྱིས་ཕུལ། བཅོམ་ལྡན་འདས་འཁོར་དང་བཅས་པས་བདག་དང་གནས་ཁང་ས་ཕྱོགས་འདི་ཉིད་བྱིན་གྱིས་རློབ་ཏུ་གསོལ། ཞེས་ཐལ་མོ་སྦྱར་ལ་གསོལ་བ་གདབ་བོ། །གཏོར་མ་གཉིས་པའང་བྱ་སྤྱོད་ལྟར་བྱིན་གྱིས་བརླབས་ཏེ། ཨ་ཀཱ་རོ་ཡན་བདུན་གྱིས་འཇིག་རྟེན་སྐྱོང་བ་དང་གཞི་བདག་ལ་ཕུལ་ནས་འཕྲིན་ལས་བཅོལ་བས་འདོད་དོན་ཁས་བླངས་བར་བསམ་མོ། །དེ་ནས་ཀླུའི་བུམ་པ་སོ་སོའི་གཅིག་ལས་མེད་ཀྱང་ཁྱད་པར་ཤེས་པར་བྱས་ཏེ། ཀླུའི་བུམ་པ་ཕྱི་བུམ་པ་ལ་ནང་ཀླུའི་ཕོ་བྲང་རིན་པོ་ཆེ་ལས་གྲུབ་པའི་རྒྱ་ཕིབ་དང་རྒྱན་སྣ་ཚོགས་ཀྱིས་མཛེས་པ་ཁོར་ཡུག་ཏུ་བྱ་སྐྱིབ་བྲག་རི་སྤང་ལྗོངས་མཚོ་རྫིང་བུ་ན གས་ཚལ་མེ་ཏོག་དང་། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པས་བསྐོར་བའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཕུཿསྔོན་པོ་ཡོངས་སུ་གྱུར་པ་ལས་ཀླུའི་རྒྱལ་བོ་ནོར་རྒྱས་སྐུ་མདོག་སྔོན་པོ་སྤྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། དེའི་མདུན་དུ་ཡུམ་ཀླུ་མོ་ནོར་བུའི་ཅོད་པཎ་ཅན་སྤྲུལ་མགོའི་གདེངས་ཀ་ལྔ་དང་ལྡན་པ་ཕྱག་གཉིས་ནོར་བུ་དང་པདྨ་འཛིན་པས་ཐལ་མོ་སྦྱར་ནས་ཡབ་ལ་འདུད་པ། འདབ་མ་བརྒྱད་ལ་རིམ་པ་བཞིན་དུ་ཤར་དུ་ཕུཿདཀར་པོ། །ལྷོར་ཕུཿསྔོ་སྐྱ། ནུབ་ཏུ་ཕུཿདམར་པོ། །བྱང་དུ་ཕུཿསྔོན་པོ། །ཤར་ལྷོར་ཕུཿདཀར་པོ། །ལྷོ་ནུབ་ཏུ་ཕུཿསྔོ་སྐྱ། ནུབ་བྱང་དུ་ཕུཿསེར་པོ། །བྱང་ཤར་དུ་ཕུཿདཀར་བོ་རྣམས་ཡོངས་སུ་གྱུར་པ་ལས་ཀླུ་ཆེན་བརྒྱད་དུ་གྱུར་པ་ནི་ཕྱོགས་བཞིའི་འདབ་མ་ལ་ཤར་དུ་སྟོབས་ཀྱི་རྒྱུ་དཀར་བོ། །ལྷོར་དུང་སྐྱོང་སྔོ་སྐྱ། ནུབ་ཏུ་མཐའ་ཡས་སེར་བ། །བྱང་དུ་ཝ་རུ་ཎ་སྔོན་པོ། །མཚམས་བཞིའི་འདབ་མ་ལ། ཤར་ལྷོར་འཇོག་པོ་དམར་བོ། །ལྷོ་ནུབ་ཏུ་རིགས་ལྡན་སྔོ་སྐྱ། ནུབ་བྱ ང་དུ་པདྨ་སེར་པོ། །བྱང་ཤར་དུ་པདྨ་ཆེན་པོ་དཀར་བོ། །ཀླུ་ཆེན་བརྒྱད་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱིས་བུམ་པ་བཟུང་ནས་གཙོ་བོ་ལ་འདུད་ཅིང་སྤྲུལ་གྱི་གདེངས་ཀ་བདུན་བདུན་དང་ལྡན་པ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་གཙུག་ཏུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་བརྒྱན་དང་བཅས་པའི་སྟོད་ལྷའི་རྣམ་པ་ལ་རིན་པོ་ཆེའི་རྒྱན་དང་ན་བཟའ་གསོལ་ཞིང་སྨད་སྤྲུལ་མཇུག་ཏུ་འཁྱིལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས། ༀ་ཨེ་ཧྱེ་ཧི་ནཱ་ག་རཱ་ཛཱ་ཨ་དྷི་པ་ཏི་ས་པཱ་རི་ཝ་ར་ས་མ་ཡ་ཛ་ཛཿཛཿཧཱུཾ་བཾ་ཧོཿ རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། དེ་ནས་མཆོད་གཏོར་བྱིན་གྱིས་རླབས་ཏེ། ༀ་ཕུཿཕུཿནཱ་ག་ར་ཛ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱི་བར་རོལ་མོ་བཅས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད་པར་བགྱི། །ཞེས་བསྟོད། དེ་ནས་གཏོར་མ་མཚན་སྔགས་སོ་སོའི་མཐར་ཨ་ཀ་རོ་བཏགས་ལ་འབུལ་བའམ། བསྡུ་ན། ༀ་ཧི་ལི་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། ལན་གསུམ་དང་། ༀ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུཿསྭཱ་ཧཱ། གསུམ་གྱིས་བསྔོས་ལ། ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བསྣམས་ལས། །བདག་དང་སྦྱིན་བདག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་པའི་བར་གྱིས་འཕྲིན་ལས་བཅོལ་བས་ཁས་བླངས་བར་བསམ། དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་ཀླུ་རྒྱལ་འཁོར་བཅས་ཀྱི་ཟུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་ཀའི་ཕུཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་ཚེ་དབང་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་འོད་ཀྱི་རྣམ་པར་བཀུག་སྟེ་བུམ་ནང་གི་རྫས་དང་གནས་ཁང་ལ་སོགས་པར་ཐིམ་པས་མི་མཛད་པའི་གཏེར་གྱི་ཕུང་བོར་གྱུར་པར་བསམས་ལ། ༀ་ཕུཿནཱ་ག་རཱ་ཛ་བ་སུ་ཀི་ཕུཿསྭཱཧཱ། ༀ་ཕུཿནཱ་ག་རཱ་ཛཱ་ཀར་ཀོཊ་ཡ་ཕུཿསྭཱཧཱ། ༀ་ཕུཿནཱ་ག་རཱ་ཛཱ་ཤངྑ་པཱ་ལ་ཡ་ཕུཿསྭཱཧཱ། ༀ་ཕུཿནཱ་ག་རཱ་ཛ་ཨཱ་ནནྟ་ཡ་ཕུཿསྭཱཧཱ། ༀ་ཕུཿནཱ་ག་རཱ་ཝ་རུ་ཎ་ཡ་ཕུཿསྭཱཧཱ། ༀ་ཕུཿནཱ་ག་རཱ་ཛཱ་ཏཀྵ་ཀཱ་ཡ་ཕུཿསྭཱ ཧཱ། ༀ་ཕུཿནཱ་ག་རཱ་ཛཱ་ཀུ་ལི་ཀཱ་ཡ་ཕུཿསྭཱ ཧཱ། ༀ་ཕུཿནཱ་ག་རཱ་ཛཱ་པདྨ་ཡ་ཕུཿསྭཱཧཱ། ༀ་ཕུཿནཱ་ག་རཱ་ཛཱ་མ་ཧཱ་པདྨ་ཡ་ཕུཿསྭཱཧཱ། ཞེས་བརྒྱ་རྩ་ཅི་འགྲུབ་སོགས་བྱ། ཡིག་བརྒྱས་བརྟན་པར་བྱས་ཏེ་སླར་ཡང་མཆོད་ཅིང་བསྟོད་ལ། །གྲུབ་ན་ཀླུ་གཏོར་ཡང་གཏོར་ཞིང་། བུམ་པ་ཞག་བདུན་ནམ་གསུམ་དུ་བསྒྲུབ་པོ། །བཞི་པ་ནི། འདོམ་གང་ལ་སོགས་པའི་ས་བརྐོས་པའི་འོག་ཏུ་བྱི་དོར་ལེགས་པར་བྱས་ཤིང་འོག་དང་ལོགས་རྣམས་སུ་གཡམ་བ་བཟང་པོའི་རྡོ་ཁང་། རྩིག་པ་དང་མཛོད་ལྟ་བུར་འཇོག་ཀྱང་རུང་། རང་གི་ཁང་བའི་ཤར་ངོས་སུ་བྱེད་པའི་གཞི་དེར་ཀླུ་སྨན་སོགས་བཅས་འོག་ཏུ་ཀླུའི་བུམ་པ་དང་སྟེང་དུ་དེ་བཞིན་གཤེགས་པའི་བུམ་པ་བཞག་གོ །གལ་ཏེ་བུམ་པ་གཅིག་ལས་མ་རྙེད་ན་དེའི་ནང་གི་འོག་ཏུ་ཀླུ་རྣམས་དང་སྟེང་དུ་བཅོམ་ལྡན་འདས་འཁོར་བཅས་བསྐྱེད་དགོས་སོ། །བུམ་པ་དགུ་ལ་སོགས་པ་ཡོད་ན་ནི། ཕྱོགས་མཚམས་ཇི་ལྟར་ཡིན་པ་མ་ནོར་བར་འཇུག་ཅིང་སྟེང་དུའང་གཡམ་པ་བཟང་བོས་བཀབ་པའི་སྒྲོམ་ལེགས་པར་བྱས་པའི་སྟེང་དུ་ས་གཙང་མས་བཀང་སྟེ་འཐས་པར་བྱའོ། །གྲུབ་ན་ཞག་བདུན་ལ་སོགས་པར་ཀླུ་གཏོར་དང་མཆོད་པ་བྱས་པའི་སྟེང་དུ་གཙུག་ལག་ཁང་དང་རྟེན་བཞེངས་པའམ། དེ་ལྟར་མིན་ཀྱང་རུང་སྟེ་བུམ་པ་གང་དུ་བཅུག་པའི་ཡུལ་དེར་དཔལ་འབྱོར་ཕུན་སུམ་ཚོགས་པ་མང་བོ་འབྱུང་བར་གསུངས་ཤིང་། ཁྱད་པར་དུ་ཀླུ་དབང་རྒྱལ་བོའི་སྒྲུབ་ཐབས་ལས། ཁང་བའི་ཤར་དུ་གཏེར་དུ་སྦས་ན་ཕོངས་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཀླུའི་གནོད་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཁྱིམ་དེའི་སྐྱེས་པ་དང་བུད་མེད་ཐམས་ཅད་དར་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། མཚམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་བོའི་མཚན་ཉིད་ཤུ་རྩ་རེ་རེ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་ཀླུ་དབང་གི་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་འདོད་དོན་འགྲུབ་པའི་གསོལ་འདེབས་བྱས་ན་དོན་གང་ཡིན་བདེ་འགྲུབ་པར་འགྱུར་རོ། །སྨྲས་པ། ཕན་བདེའི་ལོངས་སྤྱོད་འབྱུང་གནས་བུམ་གཏེར་ཞེས། །རྒྱ་བོད་མཁས་པ་དག་ལ་རབ་གྲགས་ཀྱང་། །ཚུལ་བཞིན་ཕྱག་ལེན་ཤེས་པ་དཀོན་མཐོང་ནས། །མཁས་པའི་ཕྱག་བཞེས་བཞིན་དུ་ལེགས་པར་བཀོད། །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་དོན་གཉེར་ཅན་འགའ་ཞིག་གི་དོན་དུ་དམ་པའི་མན་ངག་བཞིན་འཇུག་པ་བདེ་བར་སྦྱར་བའོ། །མངྒ་ལཾ།། །། ༄༅། །ལྟོ་འཕྱེ་བརྟག་ཚུལ་དང་ལོངས་སྤྱོད་འཕེལ་ཐབས་ནི། ན་མོ་བཛྲ་དྷཱ་ར་ཡེ། འདིར་ལྟོ་འཕྱེ་བརྟག་པའི་ཚུལ་སོགས་འཆད་པ་ལ་གསུམ་དེ་བརྟག་པ་དང་། བསྐྱེད་ཅིང་མཆོད་པ་སོགས་དང་། ལོངས་སྤྱོད་འཕེལ་ཐབས་གཞན་བཤད་པའོ། །དང་པོ་ལ་གཉིས། །བཻ་དཀར་ནས་འབྱུང་བ་དང་། སྔགས་རིམ་ནས་བཤད་ཚུལ་ལོ། །དང་པོ་ནི། གཞི་གང་དུ་ས་གཞི་ཇི་ལྟར་འཚམ་པ་བྱི་དོར་བྱས་ལ། ཐིག་ཆེན་བརྒྱད་པོ་སྤྱི་ལྟར་གདབ་ཅིང་ཆེ་ཆུང་ཇི་ལྟར་རིགས་པར་བྱས་ཏེ། ཕྱོགས་བཞིར་ཆ་ཆེན་བཅུ་བཅུར་ཕྱེ་བ་ལས། ནང་གསེས་ཀྱིས་ཆ་ཕྲན་དགུ་རེ་གདབ། དེ་ལྟར་བྱས་ཀྱང་ཕྱོགས་རེ་རེའུ་མིག་དགུ་བཅུ་རེ་འབྱུང་བ་ནི། ཁྱིམ་ཟླ་སུམ་རེའི་ཞག་དང་གྲངས་མཉམ་ཞིང་། མཐའི་རེའུ་མིག་ཀུན་བསྡོམས་པ་ནི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་དང་མཚུངས་སོ། །དེ་ཡང་ལྟོ་འཕྱེ་ནི། གདེངས་ཀ་དང་ལྡན་ཞིང་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན། ལག་པ་གཡོན་རྣ་བ་གཡོན་པ་ལ་བཀབ་ཅིང་། གཡ ས་རིན་པོ་ཆེ་དཀུར་བཏེན་པ། ལུས་ཀྱི་དཀྱུས་སུ་མཐོ་བཅུ་བ། ཞེང་ལ་ཡང་རང་ཞལ་དོ། །གདེངས་ཀ་རང་ཞལ་སྙིང་ག་གསང་གནས་བཅས་མཐོ་ལྔ་དང་། སྦྲུལ་མཇུག་ཉིད་མཐོ་ལྔ་སྟེ། ལུས་ལ་ཀླུ་ཆེན་པོ་བརྒྱད་གནས་སོ། །ནག་རྩིས་འདི་ལུགས་ཀྱི་བརྒྱད་པ་དགུ་ན་ར་བ་བུ་མོའི་ཁྱིམ་ནས་བརྩམས་ཏེ། ཐོག་མར་ཤར་ལྷོ་ནས་གཡས་བསྐོར་དུ་ཁྱིམ་ཞག་རེ་ལ་ཆ་ཆུང་རེ་སྤྱོད་ཅིང་། བརྒྱད་པ་དགུ་བ་བཅུ་བ་སྟེ་དགུན་གསུམ་ལ་མགོ་ལྷོ། །བཅུ་གཅིག་པ་སོགས་དཔྱིད་གསུམ་ལ་མགོ་ནུབ། གཉིས་པ་སོགས་དབྱར་གསུམ་ལ་མགོ་བྱང་། ལྔ་བ་སོགས་སྟོན་གསུམ་ལ་མགོ་ཤར་དུ་བལྟའོ། །ཧོར་ཟླ་དགུ་བ་བཅུ་གཉིས་པ་གསུམ་པ་དྲུག་པ་སྟེ་འབྲིང་བོ་བཞིའི་ཞག་པོ་བཅོ་ལྔའི་དུས་སུ་ནི་ཕྱོགས་ཀྱི་ཚངས་ཐིག་ནས་མགོ་བོ་གནས་སོ། །ས་དམིགས་དངོས་གྲུབ་བླང་བའི་ཚུལ་ནི། །དཔེར་ན། དབྱར་འབྲིང་བོ་ཧོར་ཟླ་གསུམ་པའི་བཅོ་ལྔ་ལ་བབ་བའི་སྐབས་ཡིན་ན། མགོ་བྱང་མཇུག་མ་ལྷོར་བསྟན་ལ། བྱང་ནས་ཆ་ཆེན་གསུམ་ལ་གདེངས་ཀ་དང་ཞལ་དང་སྙིང་ག་གསུམ་སྟེ་ཆ་ཕྲན་ཕྱེད་དང་ཉེར་བརྒྱད་དོར་བའི་འོག་དེར་ཚངས་པའི་ཐིག་ནས་མདུན་ངོས་སུ་ཆ་ཕྲན་བཅུ་བཞི་དོར་བས་ས་དམིགས། །ཤར་ནུབ་ཏུ་ཕྱེད་དང་ལྔ་དང་། ལྷོ་བྱང་དུ་ཕྱེད་དང་དགུའི་ཆ་ཕྲན་གྱི་ས་ནི་དངོས་གྲུབ་བླང་བའི་གནས་ཏེ། མཆོད་པ་དང་། བརྐོ་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། །འདི་ནི་ཁྱིམ་ཞག་གི་དབང་དུ་བྱས་པའི་ལྟོ་འཕྱེ་བརྟག་ཚུལ་ལོ། །གཉིས་པ་སྔགས་རིམ་ནས་འབྱུང་བ་བཞིན་བཀོད་ན། སྔགས་རིམ་ཆེན་མོ་ལས། གཞི་གང་ཡིན་གྲུབ་བཞིར་བྱས་པ། དེའི་ཕྱོགས་བཞི་བོ་རེ་རེ་ཡང་ཟླ་བ་གསུམ་གྱི་ཞག་གྲངས་དང་མཐུན་པར་རེའུ་མིག་དགུ་བཅུ་རེ་བྱའོ། །དེ་ལ་ལྟོ་འཕྱེ་གནས་པ་དང་། རྒྱུ་བའི་ཚུལ་ནི། སྟོན་ཟླ་ར་བརྒྱད་པའི་ཚེས་གཅིག་ལ་མགོ་བྱང་ཤར་འཚམས་ཀྱི་རེའུ་མིག་ཏུ་བཞག་ནས་ནས་མཇུག་རྩེ་ལྷོ་ནུབ་ཀྱི་རེའུ་མིག་ཏུ་བཞག་སྟེ་ཁ་ལྷོར་བལྟས་ནས་གནས་སོ། །དེ་ནས་ཞག་རེ་སོང་བ་ན་མགོས་ལྷོ་ངོས་སུ་རེའུ་མིག་རེ་དང་མཇུག་རྩེས་བྱང་ངོས་སུ་རེའུ་མིག་རེ་བགྲོད་ནས་གཡས་བསྐོར་གྱིས་འཕོའོ། །ཟླ་བ་གསུམ་ལ་ཕྱོགས་རེའི་རེའུ་མིག་དགུ་བཅུ་རེ་བགྲོད་པས། ལོ་གཅིག་ལ་ཕྱོགས་བཞིའི་རེའུ་མིག་དགུ་བཅུ་པ་ཕྲག་བཞི་ག་འཁོར་རོ། །དེ་ཡང་གཞོགས་གཡོན་འོག་ཏུ་བཅུག་ནས་ཉལ་བའི་གདེངས་ཀ་ནས་མཇུག་རྩེའི་བར་ལ་མཐོ་བཅུ་ཡོད་ལ། མཐོ་རེས་རེའུ་མིག་དགུ་རེ་ནོན་པས་ཕྱོགས་དང་མཚམས་གང་དུ་གནས་པའི་ཚེ་ཡང་རེའུ་མིག་དགུ་བཅུ་རེ་ནོན་ནོ། །ལུས་ཀྱི་ཞེང་གིས་ནི་སའི་རེའུ་མིག་གི་ཆ་དཀུ་ཁྱབ་པར་ཉལ་ཞིང་གསང་གནས་ནི་ཕྱོགས་མཚམས་གང་ལ་གནས་པའི་ཚེ་ནའང་དེའི་དབུས་སུ་བཞག་ནས་གནས་ཏེ། ཞེས་དང་། གཞན་ཡང་ཀླུ་ཆེན་པོ་བརྒྱད་ཀྱང་དེའི་མཇུག་རྩེ་སོགས་བརྒྱད་ན་གནས་ཏེ། ཞེས་གསུངས་པ་ལྟར་རོ། །བརྐོ་བའི་གནས་ཀྱང་། དེ་ཉིད་ལས། མགོ་ཤར་དུ་བསྟན་པའི་དབང་དུ་བྱས་ན་མགོས་རེའུ་མིག་གང་ནོན་པའི་ཕྱོགས་དེ་ནས་རེའུ་མིག་དགུ་གསུམ་ཉེར་བདུན་དོར་བའི་བར་བརྐོར་མི་རུང་བས་མཚམས་དེ་ནས་ནུབ་ཏུ་རེའུ་མིག་དགུ་དང་། རྒྱས་ཀྱི་ལུས་ཀྱིས་ནོན་པའི་ས་ནས་མདུན་དུ་རེའུ་མིག་ཕྱེད་དང་བཅུ་བཞིའི་བར་བརྐོར་མི་རུང་བས། མཚམས་དེ་ནས་ལྷོར་རེའུ་མིག་ཕྱེད་དང་ལྔ་ནི་དང་པོར་བརྐོ་བའི་ས་དམིགས་སོ། །དེ་ནི་མཆན་གྱི་མདུན་དུ་བཞེད་པས། མཆན་གྱི་ཐད་དུ་རེའུ་མིག་དགུ་སྤངས་པར་བརྐོ་བའི་ལུགས་སོ། །ཞེས་གསུངས་པ་ལྟར་ཏེ། འདི་ནི་ཉིན་ཞག་གི་དབང་དུ་བྱས་པའོ། །ལྟོ་འཕྱེ་ནི་མཐའ་གཅིག་ཏུ་ས་དེ་དང་དེར་གནས་པར་མ་ངེས་ཀྱང་། འཕྲོད་མི་འཕྲོད་ཀྱི་རྟེན་འབྲེལ་བརྟག་པ་ཡིན་པས། ལུགས་གཉིས་གང་བྱས་ཀྱང་མི་འགལ་ལོ། །གཉིས་པ་ནི། སྔགས་རིམ་ལས། དེ་འདྲའི་ལྟོ་འཕྱེ་བསམ་ལ་འོག་མ་ལ་སོགས་པས་མཆོད་པར་བྱའོ། །ཞེས་གསུངས་པ་ལྟར་ན། དེར་ལྟོ་འཕྱེའི་གཟུགས་འབྲི་བའམ་མ་བྲིས་ཀྱང་ཆོག་པར་སེམས་ལ། འོན་ཀྱང་གཞི་དེར་ལྟོ་འཕྱེ་ཉིད་དངོས་སུ་ཡོད་པར་མོས་ནས་མཆོད་པར་བྱ་དགོས་སོ། །དེའི་ཕྱིར་མ་བསྐྱེད་ཀྱང་མི་འགལ་ཞིང་། བསྐྱེད་པར་འདོད་ན། ཐོག་མར་བདག་བསྐྱེད་རྒྱས་བསྡུས་གང་རུང་ཞིག་སྔོན་དུ་བཏང་སྟེ། རྒྱས་པར་ན་ས་བསླང་བ་དང་སྦྱང་བ་སོགས་བྱས་ལ། ལྟོ་འཕྱེའི་ཐིག་གདབ། གྲུབ་དེའི་གཟུགས་འབྲི་ཞིང་། མིན་ནའང་ས་དམིགས་ངེས་པར་བྱ། ཆུ་གཉིས་ཉེར་སྤྱོད། དཀར་གསུམ་མངར་གསུམ་གཏོར་མ་དང་བཅས་པ་དང་། གཞི་བདག་གི་གཏོར་མ་ཡང་བཤམས། རྐོ་མཁན་དང་འཇོར་སོགས་སྟ་གོན་བྱས་ཏེ། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་རང་གི་མདུན་དུ་ས་བདག་ལྟོ་འཕྱེ་ཆེན་པོ་སྟོད་མི་ལ་སྨད་སྤྲུལ་འཇུག་ཅན། སྐུ་མདོག་དཀར་བོ་གཡས་ནོར་བུ་དཀུར་བརྟེན་ཅིང་། གཡོན་རྣ་བར་བཀབ་པ། ཉལ་སྟབས་ཀྱིས་བཞུགས་པའི་སྤྱི་བོར་མཐའ་ཡས་སྔོན་པོ། །རྣ་བར་པདྨ་དཀར་པོ། །མགྲིན་པར་འཇོག་པོ་དམར་པོ། །སྙིང་ཁར་ནོར་རྒྱས་ལྗང་ཁུ། དཔུང་བར་པདྨ་ཆེན་པོ་སེར་པོ། །ལྟེ་བར་རུང་སྐྱོང་དཀར་བོ། །གསང་གནས་སུ་སྟོབས་རྒྱུ་ལྗང་ཁུ། མཇུག་རྩེར་རིགས་ལྡན་སྔོན་པོ་རྣམས་སྟོད་མི་ལ་སྨད་སྤྲུལ་མཇུག་ཅན། ཕྱག་གཉིས་ཐལ་མོ་སྦྱར་བ། སྤྲུལ་གྱི་གདེངས་ཀ་དང་རིན་པོ་ཆེས་བརྒྱན་ཅིང་འཛུམ་པའི་ཉམས་ཅན་ཏུ་གྱུར། མཆོད་གཏོར་རྣམས་སོ་སོར་རམ། ཡང་ན། བསང་སྦྱངས། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ༀ་ནཱ་ག་རཱ་ཛཱ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ། ༀ་ཧི་ལི་ཧི་ལི་མ་ཧཱ་ལི་ཕྲུཾ་ཕུཿསྭཱ་ཧཱ། གསུམ་དང་། ༀ་བྷཀྵ་ཡ་བྷ ཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུཿསྭཱཧཱ། ཞེས་པ་ལན་བདུན་སོགས་ཀྱིས། གཏོར་མ་སོགས་བསྔོ། །ས་བདག་ལྟོ་འཕྱེ་ཆེན་པོ་དང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཀུན་ཞི་ཞིང་། །ཚེ་དཔལ་བསོད་ནམས་དབང་ཐང་དང་། །སྙན་གྲགས་ལེགས་ཚོགས་གོང་དུ་སྤེལ། །གནས་འདིར་བཀྲ་ཤིས་བྱིན་ཆགས་ཤིང་། །འདོད་དོན་ཡིད་བཞིན་འགྲུབ་པ་དང་། །ལོ་ལེགས་རྩི་བཅུད་རྒྱས་བར་མཛོད། །ཞེས་འཕྲིན་ལས་བཅོལ། དེ་ནས་གཞི་བདག་གཏོར་མ་སྤྱི་ལྟར་བསྔོ། །རྐོ་མཁན་བསང་སྦྱངས། སྟོང་བའི་ངང་ལས་སྐད་ཅིག་གིས་ཁྲོ་བོའི་རྒྱལ་བོ་བགེགས་མཐར་བྱེད་སྐུ་མདོག་སྔོན་པོ། །ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་མཚན་པའི་ཏོག་རྩེ་དང་། གཡོན་སྡིགས་འཛུག་མཛད་པ། སྟག་ལྤགས་ཀྱི་ཤམས་ཐབས་གསོལ་ཞིང་། གཡོན་བརྐྱང་གིས་བཞུགས་པར་གྱུར། ཁ་ལྟོ་འཕྱེ་མགོ་པོ་ལྟ་བའི་ཕྱོགས་སམ། ཤར་དུ་ཕྱོགས་ཏེ་ལམ་བཞི་རྒྱབ་པའི་ས་བླངས་ནས་གཏོར་མའི་ནང་དུའམ། ཕྱི་རོལ་དུ་དོར་ལ། ལྟོ་འཕྱེ་རྒྱལ་བོ་འཁོར་དང་བཅས་པ་རྣམས་རུ་ང་དང་ཕྲག་དོག་མི་བྱེད་བར་བྱམས་པའི་སེམས་དང་ལྡན་པར་མཛད་དུ་གསོལ། །ཞེས་བརྗོད། ཡང་ལྟོ་འཕྱེའི་རྒྱབ་བམ། བྱང་དུ་བལྟས་ཏེ་ཕྱོགས་བཞི་དང་དབུས་སུ། ཁམ་ལྔ་རྒྱབ་པའི་ས་ནི་ས་གཞི་དེའི་དབུས་སུ་འགྲམ། དེ་ནས་གཞན་རྣམས་ཀྱིས་བརྐོང་རུང་། ཁ་ཅིག་རྐོ་བའི་ཚེ། ཁམ་བཞི་རྒྱབ་པ་ནི་ཤར་དུ་ཕྱོགས་ཏེ། ཤར་ནས་ཁམས་གཉིས་དང་། བྱང་དུ་ཕྱོགས་ཏེ་དེ་ནས་ཁམ་གཉིས་ཏེ་བཞི་ཡིན་ལ། ཁམ་ལྔ་རྒྱབ་པ་ནི་དབུས་སུ་ཡིན་ཟེར་བ་སོགས་མི་འདྲ་བའང་སྣང་ངོ་། །གསུམ་པ་ལོངས་སྤྱོད་འཕེལ་ཐབས་བཻ་དཀར་ནས་འབྱུང་བ་བཞིན་བཀོད་ན། ཤིང་ཚེ་གང་ཤོང་བའི་རྫ་བུམ་གྱི་ནང་དུ། རབ་སྤྲ་ཚིལ་དང་ཁམ་ས་ལས་ཀླུ་ནོར་རྒྱས་སྐུ་སོར་བརྒྱད་པ་སྟོད་མི་ལ་སྨད་སྤྲུལ་འཇུག་ཅན་གདེངས་ཀ་བདུན་ལྡན། །གཡས་ལ་རིན་པོ་ཆེ་འབར་བ་དང་གཡོན་གཏེར་བུམ་གྱི་ཁ་ལ་མེ་ཏོག་ཨུཏྤལ་བསྣམས་པས་ཡུམ་ལ་འཁྱུད་པ། ཡུམ་ཀླུ་མོ་སོར་བདུན་པའམ་དྲུག་པ་གདེངས་ཀ་ལྔ་ལྡན། ནོར་བུ་བཅས་ཕྱག་ཐལ་མོ་སྦྱར་ཏེ་ཡབ་ལ་གཟིགས་པ། ནོར་བུའི་ཅོད་པན་ཅན། གཉིས་ཀའང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། བ་དམར་དང་ར་དཀར་གྱི་འོ་མ་དང་གྷི་ཝང་གིས་བྱུགས། དེ་འདྲ་བའི་ཀླུ་རྒྱལ་ཡབ་ཡུམ་གྱི་གཟུགས་ཐུམ་པའི་ནང་དུ་གཞུག །མ་གྲུབ་ན་བྲིས་པས་ཀྱང་འཐུས་འོག་མཐར་བཙན་ཕྱུག་གི་ལག་ནས་འོངས་བའི་འབྲུ་སྨན་དར་སོགས་ཀླུ་ལ་མི་གནོད་པའི་རིགས་དང་། ཁྱད་པར་རིན་པོ་ལྔ་དང་། ནོར་ལྷ་རྣམས་ཀྱི་མཚན། ཆེ་བཙན་ཕྱུགས་པོ་རྣམས་ཀྱི་མིང་དང་། དཀར་གསུམ་མངར་གསུམ་གྱི་རིལ་བུ་སོགས་ཀྱང་འཇུག་ཅིང་། བུམ་པ་རང་བཞིན་གྱིས་དཀར་བ་མིན་ན་དཀར་རྩིས་བྱུགས་ལ། བཀྲ་ཤིས་རྟགས་བརྒྱད་དང་མདུན་ངོས་སུ་ནོར་བུ་འབར་བ་བྲི། ཀླུ་ཐེབས་པའི་ཡར་ངོས་ཚེས་ལ། ཀླུའི་བསྙེན་པ་སྔོན་དུ་བཏང་ནས། ཤ་ཆང་སྒོག་བཙོང་སོགས་སྤངས་ཏེ། ཡི་དམ་གང་རུང་གི་བདག་བསྐྱེད་རྒྱས་སྡུས་ཅི་རིགས་བྱས་ནས། རང་ཉིད་ཁ་ལྷོར་བསྟན་མདུན་དུ་མཉྫི་སོགས་ཀྱི་སྟེང་དུ་བུམ་པ་བཞག་སྟེ། མཐར་བ་རའི་དཀར་གསུམ་དང་མངར་གསུམ་ཆུ་གཉིས་ཉེར་སྤྱོད་བཅས་པའི་མཆོད་པ་དང་གཏོར་མ་བཤམས་ལ། རྒྱུད་སྡེ་འོག་མ་ལྟར་བྱིན་བརླབ་བྱ། བུམ་པའི་ནང་དུ་ཀླུའི་ཕོ་བྲང་དང་དེར་ཀླུ་བསྐྱེད་ཀྱང་རུང་ལ། འདིར་བསྡུས་པ་ཡིན་པས་མ་བསྐྱེད་པར་གཟུགས་བརྙན་ཉིད་ལ་ཀླུ་བསྟིམ་ཆོག་ནའང་འདི་བཞིན་བྱ་སྟེ། མདུན་གྱི་ཀླུའི་གཟུགས་བརྙན་འདི་ནི་ཀླུའི་རྒྱལ་བོ་ནོར་རྒྱས་ཡབ་ཡུམ་དུ་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ནས་ཀླུའི་རྒྱལ་བོ་ནོར་རྒྱས་ཡབ་ཡུམ་སྐད་ཅིག་གིས་གནས་འདིར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་ལན་གསུམ་གྱིས་སྤྱན་དྲངས་ནས་བསྟིམ་ལ། ༀ་ནཱ་ག་རཱ་ཛཱ་བ་སུ་ཀི་ལ་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ལ། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ཞེས་སོགས་གྱིས་བསྟོད་པའམ། མ་བྱས་ཀྱང་རུང་། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བསྡུས་ནས་བུམ་ནང་གི་རྫས་ལ་ཐིམ་པར་གྱུར་བར་བསམས་པ། ༀ་ནཱ་ག་རཱ་ཛཱ་བ་སུ་ཀི་ཕུཿསྭཱཧཱ། ཞེས་ཅི་ནུས་བཟླ། མཐར་ཡིག་བརྒྱ་བརྗོད་ཅིང་མཆོད་བསྟོད་བྱ་བའམ། མེད་ཀྱང་རུང་། གཏོར་མ་བྱ་སྤྱོད་ལྟར་རམ། བསྡུ་ན། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁས་ཁཱ་ཧི་ཁཱ་ཧི། ཞེས་སྦྱར་བ་བདུན་ནམ་གསུམ་གྱིས་ཕུལ་ལ་མཆོད་བསྟོད་བྱ་ཞ ིང་། ཀླུ་རྒྱལ་ཡབ་ཡུམ་ཁྱེད་རྣམས་རྟེན་འདི་ལ་བརྟན་པར་བཞུགས་ནས་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་རྒྱ་ཆེན་པོ་མི་ཟད་པ་འབྱུང་བར་མཛད་དུ་གསོལ། །དེ་ནས་བཀྲ་ཤིས་བརྗོད་དེ། བུམ་པ་དེ་མཛོད་ལ་སོགས་པར་སྦ་ཞིང་། སྟེང་ལོགས་སུ་ཉི་ཟླ་དང་མཆོད་རྟེན་འབྲིའོ། །དེ་ལྟར་བྱས་ན་ལོངས་སྤྱོད་འཕེལ་བར་འགྱུར་ཞེས་བཤད་ལ། བུམ་གཏེར་རྒྱས་པ་ནི་གོང་དུ་བཤད་པ་ལྟར་རོ། །ཡང་ལོངས་སྤྱོད་འཕེལ་ཐབས་ལ། ཤོག་རས་སོགས་ག ཞི་གཙང་མ་ལ། ཚོགས་བདག་དཀར་བོ་མིའི་ལུས་ལ་གླང་གི་གདོང་བ་ཅན་ཕྱག་རིན་པོ་ཆེས་བཀང་བའི་གཞོངས་པ་བསྣམས་པའི་སྙིང་ཁར་ༀ་ཨཱཿཧཱུཾ་ག་ན་པ་ཏི་ཡེ་སྭཱ་ཧཱ། ཞེས་བྲིས་ལ། ཡེ་དྷརྨཱས་རབ་གནས་བྱས་ཏེ་མཛོད་ཀྱི་ཕུག་ཏུ་བཅུག་ནས། དུས་དུས་སུ་མཆོད་པ་དང་འབྲས་ཀྱི་དུད་པས་བདུག་སྟེ། བདག་གི་ལོངས་སྤྱོད་འཕེལ་བར་མཛད་དུ་གསོལ། །ཞེས་གསོལ་བ་མང་དུ་བཏབ་ན་ལོངས་སྤྱོད་འཕེལ་བར་བཤད་དོ། །ཡང་ཚོགས་བདག་དང་ཛཾ་ལྷ་དང་ནོར་རྒྱུན་མ་དང་དཔལ་ལྷ་ལ་སོགས་པའི་ནོར་ལྷའི་སྐུ་བྲིས་ཏེ། འོག་ཏུ་སོ་སོའི་སྙིང་བོ་དང་འཕྲིན་ལས་བཅོལ་བ་བྲི། རིན་པོ་ཆེ་བརྡར་བའི་དྲིའི་ཆུས་བྱུགས་ཏེ་རབ་གནས་བྱས་ནས་མཆོད་བསྟོད་གསོལ་གདབ་དང་ཁྱད་པར་དུ་བཟང་བོར་གུ་གུལ་དང་འབྲས་ཀྱི་དུད་པས་བདུག་ཅིང་མཆོད་པ་དང་གོང་བཞིན་གསོལ་འདེབས་བྱས་ནའང་ལོངས་སྤྱོད་འཕེལ་ལོ། །ཡང་ཐོད་པ་སྲུབ་མེད་པའི་ནང་དུ་འབྲུ་སྣ་རིང་བསྲེལ་ཁྱད་པར་ཅན་རྣམས་བཅུག་སྟེེ། རབ་གནས་བྱས་ལ། རོ་རས་ཀྱིས་བཀག་རྒྱལ་རིགས་ཀྱི་བུ་མོས་བཀལ་བའི་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པ་ཁྱིམ་དུ་བཞག་ནའང་ལོངས་སྤྱོད་འཕེལ་ལོ། །ཡང་ཕྱུགས་འཕེལ་ཐབས་ནི། རྫ་བུམ་གསར་བའི་ནང་དུ་བག་ཕྱེ་དངུལ་ཆུ་ཀླུ་སྨན་རྣམས་བསྲེས་པའི་རིལ་བུས་བཀང་ནས་ཁ་བཅད་དེ་ཕྱུགས་རའི་ནང་དུ་སྦ་ཤིང་སྒོའི་ཐེམ་ལ་བརྞ་ཤ་བ་རིའི་གཟུངས་བྲིས་ན་ལེགས་བར་བཤད་དོ། །ཡང་ཕྱུགས་ར་བྱེད་པའི་ར་བའི་དབུས་དང་མཛོད་ཀྱི་འོག་ཏུ་རྟ་གནག་ལ་སོགས་པའི་སེམས་ཅན་ཀྱི་ལྟག་གོང་རུ་ས་སྣ་མང་བོ་བརྡུངས་ནས་སྦ་བའམ། ཟུར་བཞིར་སྦས་ནའང་ལེགས་པར་བཤད་དོ། །ཡང་ཕྱོགས་བཞིར་མཛོད་ཀྱི་ནང་དུ་སངས་རྒྱས་གྱི་རིང་བསྲེལ་དང་རིན་པོ་ཆེ་སྣ་ཚོགས་དང་སྨན་དང་འབྲུ་དང་བུམ་རྫས་དང་སའི་ལྷ་མོའི་གཟུགས་བྱས་ཏེ་བཅུག་ནས་མཆོད་བསྟོད་གསོལ་གདབ་བྱས་ན་ལེགས་བར་བཤད་དོ། །ཡང་གོད་ཀ་བྱུང་ན་གཡག་ར་ལུགས་གསུམ་འབྲས་བུ་ཅན་ཞིག་ལས་ཏིག་མིག་མེད་ཤུ་དག་དཀར་བོ་གླ་རྩི་རྣམས་དར་རམ་རས་དཀར་བོའི་ནང་དུ་བཅུག་སྟེ། ཡེ་དྷརྨཱ་བརྒྱ་རྩ་བརྒྱད་བཟླས་ཕྱུགས་དེའི་སྐེ་ལ་བཏགས་ཏེ་བཀྲ་ཤིས་བརྗོད་ཅིང་། དེ་ཀླུའི་རྒྱལ་བོ་ནོར་རྒྱས་དང་ཡུལ་དེའི་ལྷ་ཀླུ་གཞི་བདག་ལ་བསྔོས་ན་ལེགས་པར་བཤད་དོ། །ཡང་ལྷ་འདྲེའི་གནོད་པས་གོད་ཀ་བྱུང་ན། དྲག་པོའི་མནན་པ་བྱས་ན་ལེགས་པར་བཤད་དོ། །ཡང་གཞུང་གཞན་ནས། རྣམ་སྲས་འཛམ་ལྷ་ནོར་རྒྱུན་མ་དཔལ་ལྷ་མོ་སོགས་ནོར་ལྷའི་སྒྲུབ་མཆོད་བྱས་ན་ནོར་དང་ལོངས་འཕེལ་བར་བཤད་དོ། །ཡང་བཻ་དཀར་ལས། ཡུལ་ཁམས་བཀྲ་ཤིས་འབྱུང་འདོད་པས། །ཤར་དུ་ལྗོན་ཤིང་ཁྱད་འཕགས་འཛུག །ལྷོ་རུ་བུམ་གཏེར་བཟང་བོ་གཞུག །ནུབ་ཏུ་རིགས་གསུམ་མགོན་པོ་བརྩིགས། །བྱང་དུ་ཚད་ལྡན་མཆོད་རྟེན་བཞེངས། །ཞེས་བཤད་པ་ལྟར་བྱའོ། །ཅེས་པ་འདི་ནི། གནས་བརྟན་དཔལ་འབྱོར་རྒྱ་མཚོས་གཞན་ལའང་ཕན་སྙམ་པའི་བསམ་པས་བསྐུལ་བ་ལྟར། ཤཱཀྱ འི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་མཁས་པའི་གཞུང་ནས་འབྱུང་བ་བཞིན་སྦྱར་བའོ།། །།སརྦ་མངྒ་ལཾ།། །།


previousལོངས་སྤྱོད་འཕེལ་ཐབས་ཀླུའི་བུམ་གཏེར་འདོད་དགུའི་འབྱུང་གནས་དང་ལྟོ་འཕྱེ་བརྟག་ཚུལ་ལོངས་སྤྱོད་འཕེལ་ཐབས།next