Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བཅུ་གཅིག་ཞལ་གྱི་ཆོ་གའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱིན་རླབས་ཉེར་འཇུག
   
   
   
   
   
   
   


 
previousབཅུ་གཅིག་ཞལ་གྱི་ཆོ་གའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱིན་རླབས་ཉེར་འཇུགnext

བཅུ་གཅིག་ཞལ་གྱི་ཆོ་གའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱིན་རླབས་ཉེར་འཇུག

བཅུ་གཅིག་ཞལ་གྱི་ཆོ་གའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་བཞུགས།

རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་ནས། །སྣང་མཐའི་སྲས་ཀྱི་ཚུལ་བཟུང་པད་དཀར་འཆང་། །འཇིག་རྟེན་གསུམ་གྱི་མགོན་པོ་སྦྱན་རས་གཟིགས། །ཐུགས་རྗེ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ལུང་བསྟན་ཇི་བཞིན་འཕགས་པ་ཉིད་བསྒྲུབས་པས། །དངོས་སུ་གྲུབ་ཅིང་ཤིང་འཕེལ་ནགས་ཚལ་དུ། །མཆོག་བརྙེས་ཌཱ་ཀིའི་གཙོ་མོ་གྲུབ་པའི་དབང་། །དཔའ་ལྡན་དཔའ་མོའི་ཞབས་ལ༴ །གནས་ལྔ་མཁྱེན་པ་ཟླ་བ་གཞོན་ནུ་དང་། །དད་སྟོབས་བརྩོན་པ་ཕུལ་བྱུང་ཡེ་ཤེས་བཟང་། །ཐུགས་རྗེ་ཆེན་པོས་རྗེས་བཟུང་པེ་ཉ་པ། །མཁས་འགྲུབ་དམ་པ་གསུམ་ལ༴ །སེམས་དཔའ་ཆེན་པོ་ཟླ་བ་རྒྱལ་མཚན་དཔལ། །གྲུབ་པའི་གོ་འཕང་མངོན་གྱུར་ཉི་ཕུག་པ། །འཕགས་ནོར་བདུན་དང་ལྡན་པ་ཆོས་ཀྱི་རྗེ། །རྡོ་རྗེ་རྒྱལ་པོ་གསུམ་ལ༴ །འགྲོ་བའི་མགོན་པོ་ཞང་སྟོན་དགྲ་འཇིགས་ཞབས། །ངེས་འབྱུང་བྱང་ཆུབ་སེམས་འབྱོངས་རྩེ་འདུལ་ཆེ། །འཁོར་ལོ་བཞི་དང་ལྡན་པའི་སེམས་དཔའ་མཆོག །བདེ་བ་ཅན་པའི་ཞབས་ལ༴ །ཉེས་ལྟུང་དྲི་བྲལ་བྱང་སེམས་ཆུ་བཟང་བ། །རྩེ་གཅིག་སྒོམ་བཟླས་ལ་བརྩོན་དབང་ཕྱུག་པར། །ལུང་རྟོགས་ཡོན་ཏན་མངའ་བདག་ཤེས་རབ་འབུམ། །རྗེ་བཙུན་བླ་མ་གསུམ་ལ༴ །གཞན་དོན་ལྷུར་མཛད་རྒྱལ་སྲས་ཐོགས་མེད་བཟང་། །སྡེ་སྣོད་ཀུན་གཟིགས་རྗེ་བཙུན་ཤེས་རབ་མཚན། །བརྩེ་བའི་གཏེར་གྱུར་ཚུལ་ཁྲིམས་དཔལ་བཟང་བོ། །བཤེས་གཉེན་དམ་པ་གསུམ་ལ༴ །ཕན་བདེའི་རྩ་ལག་ཡོན་ཏན་རིན་པོ་ཆེ། །བསླབ་གསུམ་རྣམ་དག་སངས་རྒྱས་རྒྱ་མཚོའི་ཞབས། །དམ་ཆོས་ཀུན་འཛིན་རྗེ་བཙུན་སྐྱབས་མཆོད་དཔལ། །ཟླ་མེད་བླ་མ་གསུམ་ལ༴ །སྐུ་གསུམ་མངོན་གྱུར་བློ་བཟང་དོན་ཡོད་གྲུབ། །མཐུ་སྟོབས་དབང་ཕྱུག་སངས་རྒྱས་ཡེ་ཤེས་ཞབས། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །ཆོས་དབང་གྲགས་པའི་སྡེ་ལ༴ །མངོན་རྒྱུད་མན་ངག་ཀུན་གྱི་བང་མཛོད་ཅན། །བློ་བཟང་ཆོས་ཀྱིས་སྦྱིན་པའི་སྒོ་འཕར་བརྒྱ། །འབྱེད་མཁས་སེམས་དཔའ་ཆེན་པོ་པཎྜི་ཏ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མདོར་ན་ཐུགས་རྗེ་ཆེན་པོའི་ཆོས་ཚུལ་གྱི། །དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་བརླབས་ནས། །དམ་ཆོས་སྒྲུབ་པའི་སྐལ་བ་ལྡན་པ་ཤོག ། ཡང་ན། མ་ལུས་རྒྱལ་བའི་མཁྱེན་བརྩེ་ཀུན། །གཅིག་བསྡུས་ཐུགས་རྗེའི་གཏེར་ཆེན་ཞེས། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཨིནྡྲ་བྷུ་ཏིས་ལུང་བསྟན་བཞིན། །འཕགས་པ་བསྒྲུབས་པས་གོ་འཕང་མཆོག །ཡོངས་བརྙེས་དཔལ་ལྡན་དཔལ་མོ་ལ། །གསོལ་བ༴ །གནས་ལྔ་མངོན་གྱུར་ཟླ་བ་གཞོན། །བརྩོན་འགྲུས་ཕུལ་བྱུང་ཡེ་ཤེས་བཟང་། །རིག་གནས་ཀུན་གཟིགས་པེ་ཉ་བ། །གསོལ་བ༴ །བྱང་སེམས་ཟླ་བ་རྒྱལ་མཚན་དཔལ། །གྲུབ་པའི་དབང་ཕྱུག་ཉི་ཕུག་པ། །རྗེ་བཙུན་རྡོ་རྗེ་རྒྱལ་བོ་ལ། །གསོལ་བ ༴ །བསྡུ་བཞིར་མངོན་བརྩོན་ཞང་སྟོན་ཆེ། །བྱང་ཆུབ་སེམས་འབྱོང་རྩེ་འདུལ་བ། །མཁས་མཆོག་བདེ་བ་ཅན་པ་ལ། །གསོལ་བ ༴ །གཞན་དོན་ལྷུར་མཛད་ཆུ་བཟང་བ། །བརྩོན་འགྲུས་ཤུགས་ལྡན་དབང་ཕྱུག་འབར། །ཟབ་དོན་ལེགས་གཟིགས་ཤེར་འབུམ་ལ། །གསོལ་བ༴ །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་། །གཞུང་ལུགས་ཀུན་མཁྱེན་ཤེས་རབ་དཔལ། །རྣམ་དག་ཚུལ་ཁྲིམས་མཚན་ཅན་ལ། །གསོལ་བ༴ ཡོན་ཏན་རིན་ཆེན་འབྱུང་གནས་ཆེ། །རྗེ་བཙུན་བུདྷ་ས་མུ་ཏྲ། །མཁས་གྲུབ་སྐྱབས་མཆོག་དཔལ་བ་ལ། །གསོལ་བ༴ གྲུབ་པའི་དབང་ཕྱུག་དབེན་ས་པ། །རྗེ་བཙུན་སངས་རྒྱས་ཡེ་ཤེས་ཞབས། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ ༴ །རྡོ་རྗེ་འཛིན་པ་ཆོས་དབང་གྲགས། །རྒྱལ་བའི་གདུང་ཚོབ་ཆོས་ཀྱི་རྗེ། །སེམས་དཔའ་ཆེན་པོ་པཎྜི་ཏར། །གསོལ་འདེབས་སོ་བྱིན་གྱིས་རློབས། །མདོར་ན་ཐུགས་རྗེ་ཆེན་པོ་ཡི། །ཆོས་ཚུལ་ཇི་བཞིན་འཛིན་མཛད་པའི། །དངོས་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་བྱིན་བརླབས་མཐུས། །སྐྱེ་ཀུན་དམ་པའི་བ ཤེས་གཉེན་དང་། །སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས། །རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །སྨོན་ལམ་ནི། དེ་ལྟར་ཟབ་གསལ་གཉིས་མེད་རྣལ་འབྱོར་གྱིས། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །མཆོད་བསྟོད་བཟླས་པ་སོགས་ལ་རབ་འབད་པའི། །རྣམ་དཀར་གྱིས་མཚོན་དུས་གསུམ་དགེ་བ་ཡིས། །བདག་སོགས་མར་གྱུར་འགྲོ་ཀུན་རྟག་ཏུ་ཡང་། །མོ་ཁོམ་སྐྱོན་སྤངས་དལ་འབྱོར་རྟེན་རྙེད་ནས། །མཚན་ཉིད་ལྡན་པའི་བཤེས་ཀྱིས་རྗེས་བཟུང་སྟེ། །ཐུན་མོང་ལམ་གྱིས་རང་རྒྱུད་འདུལ་བར་ཤོག །ཟབ་མོའི་ལམ་གྱི་སྣོད་དུ་གྱུར་བ་ན། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །ལེགས་པར་ཞུགས་ནས་དབང་གིས་རྒྱུད་སྨིན་ཅིང་། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བར་ཤོག །རྩེ་གཅིག་མོས་པའི་ཤུགས་དྲག་དད་པ་ཡིས། །ཚོགས་ཀྱི་དམ་པ་སྤྱན་རས་གཟིགས་དབང་གི། །ལྷ་ཡི་འཁོར་ལོར་དམིགས་ནས་ཚོགས་བསགས་པས། །བསོད་ནམས་ཕུང་བོ་མངོན་པར་འཕེལ་བར་ཤོག །བཟླས་བརྗོད་བསྟོད་དང་བལྟོས་མིན་བསམ་གཏན་གྱིས། །ཐ་མལ་སྣང་ཞིང་ཞེན་པའི་དྲི་མ་ཀུན། མ་ལུས་དྲུངས་ནས་ཕྱུང་སྟེ་མཚན་བཅས་དང་། །མཚན་མེད་རྣལ་འབྱོར་གོམས་པ་མཐར་ཕྱིན་ཤོག །ཁྱད་པར་གཟུངས་སྔགས་རྒྱལ་བོ་བཟླས་པའི་མེས། །ཐོག་མེད་ནས་བསགས་སྡིག་སྒྲིབ་བུད་ཤིང་ཚོགས། །གཏན་ཏུ་སྲེག་པའི་ཚུལ་གྱིས་རབ་སྦྱངས་ནས། །རབ་འབྱམས་ལས་ཀུན་འགྲུབ་པའི་མཐུ་ཐོབ་ཤོག །འཆི་བའི་ཚེ་ཡང་གནད་གཅོད་མི་འབྱུང་ཞིང་། །བཅོམ་ལྡན་འོད་དཔག་མེད་ཉིད་འཁོར་བཅས་ཀྱིས། །ཡོངས་བསྐོར་བདེ་བ་ཅན་དུ་མྱུར་ཤོག་ཅེས། །དབྱུགས་དབྱུང་ཞིང་དེར་འཁྲིད་ནས་ལུང་བསྟན་ཤོག །དག་པའི་ཞིང་དུ་སྐྱེས་ནས་སྙིང་རྗེ་ཡིས། །མ་དག་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཀུན། །སྐལ་བ་ཇི་བཞིན་ཆོས་ཀྱིས་སྨིན་བྱས་ཏེ། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ཤིས་བརྗོད་ནི། །རབ་ཡངས་ལྷ་ཡི་ལམ་ཀུན་གང་བ་ཡི། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནི། །མེ་ཏོག་ཆར་འབེབ་བགེགས་འཇོམས་འཕྲིན་ལས་ཀྱིས། །ཁྱེད་ལ་ཕན་བདེའི་དཔལ་གནས་མཛད་པ་འདི། །ཤེས་པར་གྱིས་ལ་སྤྲོ་བ་སྐྱེད་ཅིག་དང་། །ཤིས་བརྗོད་སྤེལ་ལེགས་བདག་གིས་བསྒྲགས་པར་བྱ། །དུས་གསུམ་རྒྱལ་བའི་ཐུགས་རྗེའི་ཕུང་བོ་ཉིད། །སྤྱན་རས་གཟིགས་ཀྱི་དབང་པོར་ཕྱག་འཚལ་ནས། །གང་དེས་རྗེས་བཟུང་གྱུར་དབང་དཔལ་མོ་དང་། །ཟླ་གཞོན་ཡེ་ཤེས་བཟང་དང་པེ་ཉ་པ། །ཟླ་བ་རྒྱལ་མཚན་ཉི་ཕུག་པ་ལ་སོགས། །ལམ་འདིའི་དངོས་བརྒྱུད་བླ་མ་དམ་པ་ལ། །ལེགས་ཚོགས་གང་ཞིག་མཆིས་པའི་དཔལ་དེས་ནི། །ཁྱེད་ཀྱི་མི་ཤིས་ཀུན་སེལ་དགེ་ལེགས་ཚོགས། །ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤོག །བཅོམ་ལྡན་བརྩེ་བའི་གཏེར་གྱུར་སྤྱན་རས་གཟིགས། །བདེ་བར་གཤེགས་པ་རིགས་ལྔའི་འཁོར་དང་བཅས། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ །ཡར་ངོའི༴ །ཐུབ་པའི་ལེགས་པར་བཤད་པའི་ཕུལ་བྱུང་བ། །པདྨའི་རིགས་གྱུར་བྱ་བའི་རྒྱུད་ཀུན་གྱི། །གཙོ་བོ་སྤྱན་སྟོང་ལྡན་པའི་རྒྱུད་རྒྱལ་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ །ཡར་ངོའི༴ མ་ལུས་ཞིང་ན་ལམ་འདིར་ཐོས་སོགས་ཀྱིས། །བརྩོན་པས་འཇུག་ཅིང་རྩེ་གཅིག་སྒྲུབ་པ་དང་། །ཆ་ཤས་ཡན་ཆད་འཛིན་པ་ཐམས་ཅད་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ །ཡར་ངོའི༴ །སྣ་ཚོགས་རིན་ཆེན་ལས་གྲུབ་ཡེ་ཤེས་ཀྱི། །རང་བཞིན་དབང་བོའི་གཞུ་ལྟར་རབ་བཀྲ་བ། །འོད་ཀྱིས་ཕྱོགས་ཀུན་འགེངས་པའི་ཕོ་བྲང་ཆེར། །ལེགས་ཚོགས༴ ཁྱེད་ཀྱི༴ །ཡར་ངོའི༴ །ཡང་ན་ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཞེས་སོགས་སྤྱི་ལྟར་བྱའོ། །ཅེས་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཀྱི་དབང་དང་སྨྱུང་གནས་ཀྱི་བླ་མ་བརྒྱུད་པ་རྣམས་ལ་གསོལ་འདེབས་དང་། ཆོ་གའི་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱིན་བརླབས་མྱུར་འཇུག་ཅེས་བྱ་བ་འདི་ནི། །རྣམ་དཔྱོད་ཕུན་སུམ་ཚོགས་པའི་གནས་བརྟན་ཝ་ཀིནྡྲ་ས་མུ་ཏྲས་བསྐུལ་བ་ལྟར། །ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བགྱིས་པ་སྟེ། ཕྱི་མ་དད་སྟོབས་ལྡན་མའི་སྦིས་མགུའི་སྔགས་འཆང་འཕགས་པ་སྐྱབས་ཞེས་བགྱི་བས་ཚེ་རབས་ཀུན་ཏུ་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པའི་རྟེན་འབྲེལ་མཚོན་ཕྱིར་རང་ཉིད་ཀྱིས་བྲིས་ནས་པར་དུ་སྒྲུབས་པའོ།། །།


previousབཅུ་གཅིག་ཞལ་གྱི་ཆོ་གའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱིན་རླབས་ཉེར་འཇུགnext