Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གསང་བདག་འཁོར་ཆེན་གྱི་ནང་མཆོད་བླ་བརྒྱུད་ཀྱི་གསོལ་འདེབས་སྨོན་ལམ་ཤིས་བརྗོད་བསྟོད་པ།
   
   
   
   
   
   


 
previousགསང་བདག་འཁོར་ཆེན་གྱི་ནང་མཆོད་བླ་བརྒྱུད་ཀྱི་གསོལ་འདེབས་སྨོན་ལམ་ཤིས་བརྗོད་བསྟོད་པ།next

གསང་བདག་འཁོར་ཆེན་གྱི་ནང་མཆོད་བླ་བརྒྱུད་ཀྱི་གསོལ་འདེབས་སྨོན་ལམ་ཤིས་བརྗོད་བསྟོད་པ།

གསང་བདག་འཁོར་ཆེན་གྱི་ནང་མཆོད་བླ་བརྒྱུད་ཀྱི་གསོལ་འདེབས་སྨོན་ལམ་ཤིས་བརྗོད་བསྟོད་པ་རྣམས་བཞུགས།

འདིར་འཁོར་ཆེན་གྱི་ནང་མཆོད་བླ་བརྒྱུད། །དེའི་གསོལ་འདེབས་སྨོན་ལམ། ཤིས་བརྗོད་རྣམས་རིམ་པར་འཆད་པ་ལ་བཞི། །དང་པོ་ནི། ཕྱོགས་བཅུ་དུས་གསུམ་གྱི༴ ཞེས་པ་ནས། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ༴ གསང་བདག་ཕྱག་ན་རྡོ་རྗེའི༴ ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་བ་ཅན་གྱི༴ གྲུབ་ཆེན་ས་བ་རི་བའི༴ གྲུབ་ཆེན་ཛ་བ་རི་བའི༴ པཎ་ཆེན་དེ་བ་པུ་ཎྱ་མ་ཏིའི༴ སྒྲ་བསྒྱུར་ཆོས་བཟང་པོའི༴ བཤེས་སྟོན་རིན་ཆེན་དངོས་གྲུབ་ཀྱི༴ དམར་སྒང་བ་ཆོས་རྒྱལ་མཚན་གྱི༴ སྒང་སྟོན་པྲཛྙ་གུ་རུའི༴ སྒང་སྟོན་ཤེས་རབ་འབུམ་གྱི༴ གྲུབ་སྟོན་ཤེས་རབ་གྲུབ་ཀྱི༴ གྲུབ་སྟོན་རྡོ་རྗེ་སེངྒེའི༴ རོང་བ་ཆོས་ཀྱི་མགོན་པོའི༴ མངའ་རིས་སངས་རྒྱས་ཡེ་ཤེས་ཀྱི༴ འཇམ་དབྱངས་ཆོས་བརྩོན་འགྲུས་ཀྱི༴ རྗེ་བཙུན་ཆོས་ཀྱི་དཔལ་བའི༴ ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི༴ འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་ཞལ་དུ་ༀ་ཨཱཿཧཱུྃ། ཞེས་པ་ནི་དབང་བརྒྱུད་དོ།། །།གཉིས་པ་ནི། ན་མོ་བཛྲ་པཱ་ཎི་ཡེ། །མ་ལུས་དཀྱིལ་འཁོར་རིགས་ཀུན་གྱི། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །ཟུང་འཇུག་དང་པོའི་མགོན་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །རིག་སྔགས་འཆང་བ་ཀུན་གྱི་རྗེ། །དཔལ་ལྡན་རྡོ་རྗེ་འཛིན་པ་དང་། །མཁའ་འགྲོ་སེངྒེའི་གདོད་ཅན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །ལམ་འདིས་རྟོགས་པ་མཆོག་བརྙེས་པའི། །གྲུབ་ཆེན་ས་བ་རི་པ་དང་། །མཁས་གྲུབ་ཛ་བ་རི་བ་ལ། །གསོལ་བ༴ །གནས་ལྔ་རིག་པའི་པཎྜི་ཏ། །དེ་བ་པུ་ཎྱ་མ་ཏི་དང་། །སྒྲ་བསྒྱུར་ཆེན་པོ་ཆོས་བཟང་ལ། །གསོལ་བ༴ །གཞུང་ལུགས་འབྱེད་པའི་རྣམ་དཔྱོད་ཅན། །བཤེས་སྟོན་རིན་ཆེན་དངོས་གྲུབ་དང་། །དམར་སྒང་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ༴ །གསང་སྔགས་གདམས་པའི་མཛོད་འཛིན་པ། །སྒང་སྟོན་པྲ ཛྙ་གུ་རུ་དང་། །སྒང་སྟོན་ཤེས་རབ་འབུམ་པ་ལ། །གསོལ་བ༴ །རིགས་ཚུལ་དེ་ཉིད་ལ་མཁས་པ། །གྲུབ་སྟོན་ཤེས་རབ་གྲུབ་པ་དང་། །གྲུབ་སྟོན་རྡོ་རྗེ་སེངྒེ་ལ། །གསོལ་བ༴ །རྣམ་དག་བསླབ་པ་དང་ལྡན་པ། །རོང་བ་ཆོས་ཀྱི་མགོན་པོ་དང་། །མངའ་རིས་སངས་རྒྱས་ཡེ་ཤེས་ལ། །གསོལ་པ༴ །མདོ་རྒྱུད་མན་ངག་མཛོད་འཛིན་པ། །འཇམ་དབྱངས་ཆོས་ཀྱི་བརྩོན་འགྲུས་དང་། །རྗེ་བཙུན་ཆོས་ཀྱི་དཔལ་བ་ལ། །གསོལ་བ༴ །རྡོ་རྗེ་འཆང་དབང་དུས་ཀྱི་མཐར། །ངུར་སྨྲིག་གར་བསྒྱུར་ཙོང་ཁ་པ། །དེ་སྲས་འདུལ་བ་འཛིན་པ་ལ། །གསོལ་བ༴ །ལམ་འདིའི་དབང་ལུང་མན་ངག་གི །བཤད་སྲོལ་དག་པའི་རྒྱུན་འཆང་བ། །དངོས་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །དེང་ནས་ཚེ་རབས་ཐམས་ཅད་དུ། །ཡང་དག་དགེ་བའི་བཤེས་གཉེན་གྱིས། །དགྱེས་བཞིན་རྗེས་སུ་བཟུང་ནས་ཀྱང་། །མདོ་སྔགས་དམ་ཆོས་ཀུན་འཛིན་ཤོག །ཁྱད་པར་གསང་བདག་འཁོར་ལོ་ཆེའི། །ཆོས་ཚུལ་ཇི་བཞིན་ཉམས་བླངས་ནས། །མཁའ་མཉམ་འགྲོ་བ་མ་ལུས་པ། །བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །གསུམ་པ་ནི། དེ་ལྟར་མི་ཕྱེད་བརྟན་པོའི་ཏིང་འཛིན་གྱིས། །གསང་བདག་འཁོར་ལོ་ཆེན་པོའི་ལྷ་ཡི་ཚོགས། །བསྒོམས་དང་མཆོད་བསྟོད་བཟླས་པའི་རྣལ་འབྱོར་ལས། །འཁྲུངས་པའི་རྣམ་དཀར་ཇི་སྙེད་མཆིས་པ་དེས། །མར་གྱུར་འགྲོ་བ་མཐའ་དག་སྲིད་མཚོ་ལས། །བསྒྲལ་ནས་བླ་མེད་རྫོགས་བྱང་དམ་པ་ལ། །འགོད་འདོད་བྱང་ཆུབ་སེམས་བསྐྱེད་སྡོམ་བཟུང་ནས། །ཕྱིན་དྲུག་སྤྱོད་ལ་རྟག་ཏུ་འཇུག་པར་ཤོག །ཐུན་མོང་ལམ་གྱིས་རང་རྒྱུད་སྨིན་བྱས་ནས། །རྡོ་རྗེ་ཐེག་པའི་འཇུག་ངོགས་ལ་ཞུགས་ཏེ། །དབང་དུས་ཇི་ལྟར་ཁས་བླངས་དམ་ཚིག་དང་། །སྡོམ་པ་མ་ལུས་ཚུལ་བཞིན་སྲུང་བར་ཤོག །བཅོམ་ལྡན་རྡོ་རྗེ་འཛིན་གྱི་ལྷ་ཚོགས་རྣམས། །ནམ་མཁར་ཁྱབ་པའི་བསོད་ནམས་ཞིང་མཆོག་ལ། །མཆོད་བསྟོད་གསོལ་བས་རིམ་གཉིས་སྐྱེ་བ་ཡི། །དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །གཟུང་འཛིན་ཆོས་ཀུན་སྟོང་བའི་དང་ཉིད་ལས། །འབྱུང་བཞི་རི་རབ་སྣ་ཚོགས་རྡོ་རྗེའི་སྟེང་། །གཞལ་ཡས་ཁང་བསྒོམས་མ་དག་སྣོད་སྦྱངས་ཏེ། །རྣམ་དག་རྒྱལ་བའི་ཞིང་བཟང་འགྲུབ་པ་ཤོག །དེར་ནི་བདེ་གཤེགས་ཡོངས་ཀྱི་མཐུ་སྟོབས་ཀུན། །གཅིག་བསྡུས་གསང་བདག་འཁོར་བཅས་རབ་བསྐྱེད་དེ། །རྩེ་གཅིག་བསྒོམས་ཤིང་མཆོད་བསྟོད་བཟླས་སོགས་ཀྱིས། །བསྐྱེད་པའི་རིམ་པ་ལེགས་པར་མཐར་ཕྱིན་ཤོག །དེ་ནས་རྫོགས་རིམ་མཆོག་གི་རྣལ་འབྱོར་གྱིས། །ཟུང་འཇུག་རྡོ་རྗེ་འཛིན་པའི་ས་ཐོབ་ནས། །གྲངས་མེད་སྤྲུལ་པའི་ག ར་གྱིས་རྣམ་རོལ་བས། །མཐའ་ཡས་འགྲོ་བ་མ་ལུས་སྒྲོལ་བར་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །དལ་འབྱོར་རྟེན་རྙེད་སྔགས་ཀྱི་སྒོར་ཞུགས་ཏེ། །ཐུན་མོང་མིན་པའི་རིམ་གཉིས་རྣལ་འབྱོར་ཀུན། །ཚུལ་བཞིན་སྒྲུབ་པའི་སྐལ་བ་ལྡན་གྱུར་ཅིག །བཞི་བ་ནི། རབ་ཡངས་ལྟ་ཡི་ལམ་ཀུན་ཡོངས་ཁྱབ་པའི། །བཅོམ་ལྡན་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བ། ཁ་ཅིག་མེ་ཏོག་ཆར་འབེབས་ཤིས་པ་བརྗོད། །གཞན་དག་མི་མཐུན་ཟློག་པའི་འཕྲིན་ལས་ཀྱིས། ཁྱེད་ལ་བདེ་ལེགས་དཔའ་སྟེར་ཤེས་ཀྱིས་དང་། །ཤིས་བརྗོད་གདངས་སྙན་བདག་གིས་བསྒྲག་པར་བྱ། །མཐའ་ཡས་རྒྱལ་བ་ཀུན་གྱིས་མགྲིན་གཅིག་ཏུ། །མཐུ་སྟོབས་བདག་པོ་ཉིད་དུ་རབས་སྔགས་པ། །གསང་སྔགས་རིག་སྔགས་འཆང་རྣམས་ཀུན་གྱི་རྗེ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་གུས་ཕྱག་འཚལ། །དེ་ཡི་ཆོས་ཚུལ་སྤེལ་བའི་བྱེད་པོ་མཆོག །ཡེ་ཤེས་མཁའ་འགྲོ་སེངྒེའི་གདོང་བ་ཅན། །གྲུབ་པ་མཆོག་བརྙེས་ས་བ་རི་པ་སོགས། །དངོས་དང་བརྒྱུད་པའི་བླ་མ་དམ་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། ཁྱེད་ཀྱི་མི་མཐུན་རྒུད་ལ་ཀུན་སེལ་ཅིང་། །བདེ་ལེགས་ཡང་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་དངོས། །བདེ་གཤེགས་ཁྲོ་རྒྱལ་ཆེན་པོ་རིགས་ལྔ་དང་། །སྒོ་བ་རྣམ་བཞི་རང་རིག་ཡུམ་དང་བཅས། །བཅོམ་ལྡན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ །བདེ་ལེགས༴ །ཕུན་ཚོགས༴ །ཐུབ་པའི་ལེགས་པར་བཤད་པའི་ཕུལ་བྱུང་མཆོག །རྩ་བའི་རྒྱུད་ཆེན་དྲག་པོ་གསུམ་འདུལ་སོགས། །བཅོམ་ལྡན་ཕྱག་ན་རྡོ་རྗེའི་རྒྱུད་རྣམས་དང་། །སྒྲུབ་ཐབས་མངོན་པར་རྟོགས་པའི་རིམ་པ་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ །བདེ་ལེགས༴ །ཕུན་ཚོགས༴ །རབ་འབྱམས་ཞིང་ན་རྡོ་རྗེ་འཛིན་པ་ཡི། །དབང་ལུང་མན་ངག་རིམ་གཉིས་རྣལ་འབྱོར་སོགས། །ཆོས་ཀྱི་ཚུལ་རྣམས་ཇི་བཞིན་འཛིན་མཛད་ཅིང་། །མཆོག་ཐུན་དངོས་གྲུབ་སྒྲུབ་པར་བརྩོན་རྣམས་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ །བདེ་ལེགས༴ །ཕུན་ཚོགས༴ །ངོ་བོ་ཡེ་ཤེས་རང་བཞིན་ལས་གྲུབ་ཅིང་། །མཐོ་ཡངས་ཉི་ཟླ་ལྟ་བུའི་འོད་ཕུང་འཕྲོ། །རབ་མཛེས་དབང་བོའི་གཞུ་བཞིན་རྣམ་བཀྲ་བ། །རིན་ཆེན་རྒྱན་གྱིས་སྤྲས་པའི་གཞལ་མེད་ཆེར། །ལེགས་ཚོགས༴ ཁྱེད་ཀྱི༴ །བདེ་ལེགས༴ །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཅེས་གསང་བདག་འཁོར་ལོ་ཆེན་པོའི་ནང་མཆོད་བླ་བརྒྱུད་དང་། བླ་བརྒྱུད་ཀྱི་གསོལ་འདེབས། སྨོན་ལམ། །ཤིས་བརྗོད་དང་བཅས་པ་འདི་ནི། །སྐར་རྩིས་སོགས་རིག་གནས་དུ་མ་ལ་རྣམ་དཔྱོད་ཡངས་ཤིང་། རྒྱལ་བ་གཉིས་པའི་བསྟན་པ་འཛིན་པའི་ཐུགས་བསྐྱེད་བརྟན་པོ་ཅན། བསྟན་པའི་མངའ་བདག་དཔོན་ཆུང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ཞབས་ཀྱིས། །རང་གི་དགོན་འདིར་སྔར་དཀྱིལ་ཆོག་མང་བོ་ཞིག་ཚུགས་འདུག་ནའང་། །གསང་བདག་གི་ཆོ་ག་མ་བཙུགས་པར་གཟིགས་ནས། དེ་ཉིད་སྤར་དུ་བསྒྲུབས་ཏེ་རང་ཉིད་ཀྱི་སྐུ་སྐལ་དུ་མེ་ལུ ག་ལོའི་དྲུག་པ་ཆུ་སྟོད་ཀྱི་དུས་ཆེན་ལ་གསར་དུ་འཛུག་པར་བཞེད་པའི་ཚེ་བསྐུལ་བ་ལྟར། ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་རང་ལའང་ཕན་ཡོན་འདུག་བསམས་ཏེ། ཅོ་ནེ་དགོན་ཉིད་དུ་སྦྱར་པའོ།། །། འདིའི་མདུན་བསྐྱེད་ལ་སྒོས་ཀྱི་བསྟོད་པ་མི་སྣང་ཞིང་། །བདག་བསྐྱེད་ཀྱི་བསྟོད་པ་ཅུང་ཟད་བསྡུས་པར་འདུག་པས། མདུན་བསྐྱེད་ལ་ཅུང་ཟད་རྒྱས་པ་འདི་བཞིན་བསྟོད་པ་ལེགས་པར་བསམས་ཏེ། འདོན་མི་འདོན་གང་ལྟར་ཡང་བརྗོད་ན། །འདི་ལྟར་རོ། ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་ཆེན་དང་། །དབྱེར་མེད་སྐུ་བཞིའི་བདག་ཉིད་ཆོས་ཀྱི་རྗེ། །མཆོག་ཐུན་དངོས་གྲུབ་འབྱུང་གནས་བསམ་འཕེལ་དབང་། །རྡོ་རྗེ་ཅན་ཞབས་པདྨོར་གུས་ཕྱག་འཚལ། ༡ །རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་ཚོགས། །གཅིག་བསྡུས་བདེ་གཤེགས་ཀུན་གྱི་གསང་བའི་མཛོད། །འཛིན་མཛད་ཕྱག་ན་རྡོ་རྗེར་རབ་གྲགས་པ། །གདུག་པ་མཐའ་དག་འདུལ་ལ་ཕྱག་འཚལ་ལོ། ༢ །རྣམ་ཤེས་ཡོངས་དག་ཆོས་དབྱིངས་ཡེ་ཤེས་དངོས། །སྐུ་མདོག་མཐིང་ནག་ཆར་སྤྲིན་ཕུང་བོ་བཞིན། །ཚངས་པ་བརྒྱ་བྱིན་གདན་སྟེང་རབ་བརྗིད་པ། །འཁོར་ལོ་ཆེན་པོ་ཡབ་ཡུམ་ལ་ཕྱག་འཚལ། ༣ ། གཟུགས་ཕུང་རྣམ་དག་མེ་ལོང་ལྟ་བུའི་དངོས། །སྐུ་མདོག་རབ་དཀར་གངས་རིའི་ཕུང་བོ་བཞིན། །དྲི་ཟ་ཕོ་མོའི་གདན་སྟེང་རབ་བརྗིད་པ། །བདུད་ལས་རྒྱལ་བྱེད་ཡབ་ཡུམ་ལ་ཕྱག་འཚལ། ༤ །ཚོར་ཕུང་རྣམ་དག་མཉམ་པ་ཉིད་ཀྱི་དངོས། །སྐུ་མདོག་རབ་སེར་གསེར་གྱི་ལྷུན་པོ་བཞིན། །གཤིན་རྗེ་ཕོ་མོའི་གདན་སྟེང་རབ་བརྗིད་པ། །རྡོ་རྗེ་གཟི་བརྗིད་ཡབ་ཡུམ་ལ་ཕྱག་འཚལ། ༥ །འདུ་ཤེས་རྣམ་དག་སོ་སོར་རྟོག་པའི་དངོས། །སྐུ་མདོག་རབ་དམར་བྱུ་རུའི་ཕུང་བོ་བཞིན། །ཆུ་ལྷ་ཕོ་མོའི་གདན་སྟེང་རབ་བརྗིད་པ། །རྔམ་པའི་སྒྲ་སྒྲོགས་ཡབ་ཡུམ་ལ་ཕྱག་འཚལ། ༦ ། འདུ་བྱེད་རྣམ་དག་བྱ་བ་གྲུབ་པའི་དངོས། །སྐུ་མདོག་ལྗང་ཁུ་མར་གད་ཕུང་བོ་བཞིན། །གནོད་སྦྱིན་ཕོ་མོའི་གདན་སྟེང་རབ་བརྗིད་པ། །བདུད་རྩི་འཁྱིལ་བ་ཡབ་ཡུམ་ལ་ཕྱག་འཚལ། ༧ །དད་སྟོབས་རྣམ་དག་བྱམས་པ་ཚད་མེད་དངོས། །ཤེལ་དཀར་ཕུང་བོ་ཇི་བཞིན་དག་པའི་སྐུ། །ཞི་བའི་འཕྲིན་ལས་མ་ལུས་སྒྲུབ་མཛད་པ། །རྡོ་རྗེ་ལྕགས་ཀྱུ་ཡབ་ཡུམ་ལ་ཕྱག་འཚལ། ༨ །བརྩོན་འགྲུས་རྣམ་དག་སྙིང་རྗེ་ཚད་མེད་དངོས། །དྲི་བྲལ་གཙོ་མའི་གསེར་ལྟར་མཛེས་པའི་སྐུ། །རྒྱས་པའི་འཕྲིན་ལས་མ་ལུས་སྒྲུབ་མཛད་པ། །རྡོ་རྗེ་ཞགས་པ་ཡབ་ཡུམ་ཕྱག་འཚལ། ༩ །དྲན་པ་རྣམ་དག་དགའ་བ་ཚད་མེད་དངོས། །པདྨ་རཱ་གའི་མདངས་བཞིན་གསལ་བའི་སྐུ། །དབང་གི་འཕྲིན་ལས་མ་ལུས་སྒྲུབ་མཛད་པ། །རྡོ་རྗེ་ལྕགས་སྒྲོགས་ཡབ་ཡུམ་ལ་ཕྱག་འཚལ། ༡༠ །ཏིང་འཛིན་རྣམ་དག་བཏང་སྙོམས་ཚད་མེད་དངོས། །དྲི་མེད་གཡུ་ཡི་མཆོད་སྡོང་ལྟ་བུའི་སྐུ། །དྲག་པོའི་འཕྲིན་ལས་མ་ལུས་སྒྲུབ་མཛད་པ། །རྡོ་རྗེ་དྲིལ་བུ་ཡབ་ཡུམ་ལ་ཕྱག་འཚལ། ༡༡ །དངོས་གྲུབ་མཆོག་ནི་བདེ་ཆེན་ལམ་ཉིད་ཀྱིས། །ཐོབ་པ་མཚོན་ཕྱིར་ཕན་ཚུན་མཉམ་སྦྱོར་བས། །ལྷན་སྐྱེས་བདེ་སྟོང་མཆོག་ལ་རྟག་རོལ་བ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། ༡༢ །དེ་ལྟར་བསྟོད་པའི་རྣམ་དཀར་ཕུང་པོ་དེས། །འགལ་རྐྱེན་མི་མཐུན་བདུད་ལས་རྣམ་རྒྱལ་ཏེ། །འཕྲིན་ལས་རྣམ་བཞི་གྲུབ་ཆེན་བརྒྱད་ལ་སོགས། །དངོས་གྲུབ་མ་ལུས་བདེ་བླ ག་ཐོབ་གྱུར་ཅིག །༡༣ །།ཅེས་གསང་བདག་འཁོར་ཆེན་གྱི་དཀྱིལ་འཁོར་བ་རྣམས་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ཡང་། བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་པའོ། །བཀྲ་ཤིས།། །།


previousགསང་བདག་འཁོར་ཆེན་གྱི་ནང་མཆོད་བླ་བརྒྱུད་ཀྱི་གསོལ་འདེབས་སྨོན་ལམ་ཤིས་བརྗོད་བསྟོད་པ།next