Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་འཇོམས་བྱབས་ཁྲུས་ཇི་ལྟར་བྱ་བའི་ཆོ་ག་སྡུག་བསྔལ་ཚ་གདུང་སེལ།
   
   
   
   
   


 
previousརྣམ་འཇོམས་བྱབས་ཁྲུས་ཇི་ལྟར་བྱ་བའི་ཆོ་ག་སྡུག་བསྔལ་ཚ་གདུང་སེལ།next

རྣམ་འཇོམས་བྱབས་ཁྲུས་ཇི་ལྟར་བྱ་བའི་ཆོ་ག་སྡུག་བསྔལ་ཚ་གདུང་སེལ།

རྣམ་འཇོམས་བྱབས་ཁྲུས་ཇི་ལྟར་བྱ་བའི་ཆོ་ག་སྡུག་བསྔལ་ཚ་གདུང་སེལ་བྱེད་ཅེས་བྱ་བ་བཞུགས།

ན་མོ་བཛྲ་པཱ་ཎི་ཡེ། རྒྱལ་བ་ཀུན་གྱིས་གསང་གསུམ་མཛོད། །འཛིན་མཛད་རྗེ་བཙུན་གསང་བའི་བདག །རྡོ་རྗེ་རྣམ་པར་འཇོམས་པ་ལ། །བཏུད་ནས་དེ་ཡི་ཆོ་ག་བྲི། །དེ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་འབུམ་ལས་འདིའི་ཆོ་ག་རྒྱས་བསྡུས་གཉིས་ཀ་འབྱུང་ཞིང་། །འདིར་ནི་འབྲིང་པོའི་དབང་དུ་བྱས་ཏེ་བརྗོད་པར་བྱའོ། །ཁྲུས་མཆོག་གི་སྔོན་དུ་བདག་བསྐྱེད་རྒྱས་བསྡུས་ཅི་རིགས་བྱ་དགོས་ཤིང་། པཎ་ཆེན་གྱི་དེར་ལྷ་དྲུག་བསྐྱེད་མཛད་པ་ནི་རྒྱས་པའི་ལུགས་ཡིན་ལ། འདིའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་དང་བོད་ཀྱི་མཁས་པས་མཛད་པ་གཞན་དུ་མ་ལས་ཆོ་ག་གསུམ་བསྐྱེད་དང་། ས་བོན་ཙམ་ལས་བསྐྱེད་པ་མང་དུ་འབྱུང་བ་ལྟར་འདིར་ཆོ་ག་གསུམ་བསྐྱེད་གྱི་དབང་དུ་བྱས་ན། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། །ༀ་སྭབྷཱུ་ཝས་སྟོང་བར་སྦྱངས་སྟོང་པའི་དང་ལས་སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གི་མཚན་པ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། །སེམས་ཅན་གྱི་དོན་བྱས། ཚུར་འདུས་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། །གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བསྟེན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་ཅུང་ཟད་གཙིགས་པ། དབུ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན། དར་སྣ་ཚོགས་ཀྱི་ན་བཟའ་ཅན། འོད་ཀྱི་ཕུང་བོའི་དབུས་མ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞགས་པ། དེའི་སྤྱི་བོར་ༀ་དཀར་བོ། །མགྲིན་པར་ཨཱ་དམར་བོ། །ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ༀ་བཛྲ་ས་མ་ཛ༔ཛ༔ཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱོད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་སརྦ་ཏ་ཐཱ་ག་ཏ་ནས་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར། །ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་བྷུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུྃ། ནས་ཤཔྟ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། སྤྲོ་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་འདི། །འབུལ་ལོ་བཞེས་ནས་བྱིན་གྱིས་རློབས། །ༀ་བཛྲ་བི་དཱ་ར་ཎ་སཱ་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ་ཤཔྟའི་བར་གྱིས་མཆོད་ཅིང་། བསྡུ་ན་སྔགས་ཙམ་གྱིས་འབུལ། བསྟོད་པ་གཞན་ནམ། གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས། །བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་མཛད་པ། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་སོགས་གཉིས་ཀའམ་གང་རུང་གིས་བསྟོད་ལ། རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུྃ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། །ལུས་ཀྱི་ནད་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་སོགས་ཞི་བར་བྱས། འོད་ཟེར་ཕྱིར་འཕྲོས། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བཀུག་ནས་ཧཱུྃ་ཡིག་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་གྱུར་བར་བསམས་ལ། གཟུངས་རིང་ཅི་འགྲུབ་བཟླའོ། །ཡང་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ༀ་ཧ་ར་ཧ་ར་བཛྲ་ཞེས་སོགས་གཟུངས་རིང་ཐུང་ཅི་འགྲུབ་བཟླས་ནས། མཐར་རིག་བརྒྱ་བརྗོད་དེ། མཆོད་པ་སྟོད་བསྡུས་པ་བྱའོ། །དེ་ནས་ཁྲུས་བུམ་བསྒྲུབས་པ་ནི། བུམ་རྫས་བྱ་རྒྱུད་ནས་བཤད་པ་ལྟར། དབང་ལག །རྒྱ་མཚོའི་ལྦུ་བ་ཤུ་དག་སླེ་ཏྲེ་ཀཎྜ་ཀ་རི་སྟི་སྨན་ལྔ། ཙནྡན་དཀར་དམར་ཛཱ་ཏིག་ག་བུར་གུར་གུམ་གླ་རྩི་སྟེ་བྲེ་ལྔ། ནས་འབྲས་གྲོ་སྲན་ཏིལ་ཏེ་འབྲུ་ལྔ། སྦྲང་ཀ་ར་འོ་མ་ཞོ་མར་ཏེ་བདུད་རྩི་ལྔ་རྣམས་ཅི་འབྱོར་བུམ་ནང་དུ་བླུགས་ཏེ། མགུལ་འཆིང་ཁ་རྒྱན་གཟུངས་ཐག་དང་བཅས་པ་མདུན་དུ་སྟེགས་ཀྱི་ཁར་བཞག་ལ། དེའི་མདུན་དུ་མཆོད་གཏོར་རྣམས་བཤམ་མོ། །དེ་ནས་བུམ་པ་ཨ་མྲྀ་ཏ་ས་བསངས། སྭ་བྷཱ་ཝ་ས་སྦྱངས། སྟོང་བའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་བོ། ལྟོ་བ་ཆེ་བ། མགྲིན་པར་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ༀ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་མ་ཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་བཾ་ལས་སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར། ཞེས་པ་ནས། བསྟོད་པའི་བར་སྔར་བཞིན། དེ་ནས་བཟླས་པའི་ཐོག་མར། རང་གི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་ལས། བུམ་པའི་ལྷའི་ཐུགས་ཀར་འཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་བདུད་རྩིའི་རྒྱུན་བབ་པས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་གྱི་རླབས་ནས་ཐིམ་པར་གྱུར་ཅེས་བརྗོད་དེ། སྔར་ལྟར་གཟུངས་མང་དུ་བཟླས་ནས་ཡིག་བརྒྱ་བརྗོད་དེ། གཏོར་མ་འབུལ་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། བུམ་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་བི་དྭ་ར་ཎ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ་ནས་སྔགས་ཙམ་གྱིས་མཆོན་ཅིང་བསྟོད་ལ། མ་རྙེད་ཅེས་སོགས་ཀྱིས་བཟོད་གསོལ་བྱས་ཏེ། བཛྲ་མུ༔བུམ་ལྷའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་རོ།། །།དེ་ནས་བྱབས་བསྲུང་ནི། བཀྲུ་བྱ་མདུན་དུ་འཁོད་པ་དང་ངག་ཏུ་འདི་སྐད་ཅེས། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་སྔགས་བཟླས་ཤིང་བྱིན་གྱིས་བརླབས་པའི་ཆུས། བསྲུང་བྱ་ཁྱེེད་ཅག་གི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕྱི་ནང་ཐམས་ཅད་བཀྲུས་པས་ན ད་གདོན་སྡིག་སྒྲིབ་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ན ས་ཕྱིར་འཐོན་ཏེ་བྱང་ཞིང་དག་པར་གྱུར། ན་མཿཤྩཎྜ་བཛྲ་སོགས་སྔགས་བཟླས་བའི་འཇུག་ཏུ། བཀྲུ་བྱའམ་བསྲུང་བྱ འམ། སྦྱིན་པའི་བདག་པོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། ནད་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ འཁོན༴ གྲིབ༴ བྱད༴ བྱུར༴ སྐལ་བ་ངན་པ༴ ལྟས་ངན་པ༴ བཀྲ་མི་ཤིས་པ༴ ཉེར་བར་འཚེ་བ༴ དུས་མ་ཡིན་པར་འཆི་བ༴ གཟའ་དང་རྒྱུ་སྐར་གྱི་གནོད་པ༴ རྒྱལ་བོ་དང་ཆོམ་རྐུན་གྱི་འཇིགས་པ༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཕོ་ཉ༴ བགེགས་དང་ལོག་འདྲེན༴ བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ལན་བདུན་དང་གསུམ་མམ་གཅིག་བྱ། དེ་ནས་དྲི་བླུད་ཡོད་ན་དྲི་ཆུའི་ནང་དུ་བཞག་སྟེ། བཀྲུ་བྱའི་ཆུ་ཅུང་ཟད་རེ་འཛིན་དུ་ཆུག་ལ་ངག་ཏུ། རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོའི་ཆུན་པོའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། བཀྲུས་པས་མ་དག་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་འོད་ཟེར་གྱིས་དེད་པས་ཁ་ནང་གི་ཆུ་ལ་ཐིམ་པར་གྱུར། སྔགས་ཀྱི་མཐར། བཀྲུ་བྱ་འདི་དག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ཞེས་པའི་བར་བརྗོད་དེ། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི༴ ཁྱད་པར་དུའང་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པའི་བྱིན་རླབས་ཀྱིས། བསྲུང་བྱ་འདི་དག་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཀྱི་རིགས་ཐམས་ཅད་དྲི་ཆུ་འདིས་ཚིམ་པར་གྱིས་ལ། སོ་སོའི་རང་རང་གནས་སུ་སོང་ཞིག །ༀ་སུམྦྷ་ནི་ཞེས་སོགས་བརྗོད་དེ་ཡུངས་ཀར་སོགས་འདོར་ཞིང་ཐལ་མོ་བརྡབ། དེ་ནས། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་བོ་ལྷ་མིན་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚ་ོལ ས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བ་སྟེ། །རླུང་ནི་སྤྲིན་ལས་རྒྱལ་བར་གྱུར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུལ། །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལ། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་བརྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་འདི་དག་གིས་བསྲུང་བྱ་འདི་དག་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ། སིད་དྷི་སིད་དྷི། ཕ་ལ་ཕ་ལ་ཧོ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བསྒྲུབ་བྱའི་ལུས་ཀྱི་ཕྱི་ནང་བར་གསུམ་ཁྱབ་པས་ཤ་སྤྱི་ལྤགས་མཚམས་ཐམས་ཅད་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་ཏེ། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཀྱིས་མི་ཚུགས་པའི་སྲུང་བ་ཆེན་པོར་གྱུར། སྔགས་ཀྱི་མཐར། །བསྲུང་བྱ་འདི་དག་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ་ཞེས་པ་ནས། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རཀྵ་རཀྵ་ཡེ་སྭཱཧཱ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །རཀྵ་རཀྵ་ཡེ་སྭཱཧཱ། བགེགས་རིག་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །ཞེས་སོགས་དང་། གདོན་རིགས་སུམ་བརྒྱ་དྲུག་ཅུ་སོགས་དང་། ནད་རིགས་བཞི་བརྒྱ་རྩ་བཞི་སོགས་དང་། སེམས་ཅན་ནད་པ་སོགས་དང་། ཚངས་དང་ལྷ་དབང་ཞེས་སོགས་ཀྱིས་ཤིས་བརྗོད་བྱའོ། །ཚར་མང་དུ་བྱེད་ན་སླར་ན་མ་ཤྩཎྜ་སོགས་ནས་བྱས་ཆོག་གོ །གང་གི་གཟུངས་བཟླས་ཁྲུས་ཀྱི་ཆུས། །མི་འདོད་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་བའི་ནད་གདོན་སྡིག་སྒྲིབ་སོགས། །ཉེས་པའི་ཚོགས་ཀུན་ཞི་གྱུར་ཅིག །།།ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་འགའ་རེ་ལ་ཕན་འདོད་ཀྱི་བསམ་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་འོད་ཟེར་རོ།། ཤུ་པཾ། །མངྒ་ལཾ།། །།


previousརྣམ་འཇོམས་བྱབས་ཁྲུས་ཇི་ལྟར་བྱ་བའི་ཆོ་ག་སྡུག་བསྔལ་ཚ་གདུང་སེལ།next