Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ་ཕན་བདེའི་འབྱུང་གནས།
   
   
   
   


 
previousས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ་ཕན་བདེའི་འབྱུང་གནས།next

ས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ་ཕན་བདེའི་འབྱུང་གནས།

ས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས།

ན་མོ་བཛྲ་པཱ་ཎི་ཡེ། གང་གི་མཚན་བརྗོད་གཟུངས་བསྔགས་བཟླས་པ་ཡིས། །ཀླུ་གཉན་ས་བདག་ལས་བྱུང་སྡུག་བསྔལ་ནད། །གཏན་ནས་སེལ་མཛད་རྗེ་བཙུན་སེང་གེའི་སྒྲའི། །ཞབས་སེན་གུས་མཆོད་གདོན་དགྲོལ་ཆོ་ག་བྲི། །དེ་ལ་འདིར་ས་བདག་གདོན་དགྲོལ་ཇི་ལྟར་བྱ་བའི་རི མ་པ་འཇུག་པ་བདེ་བའི་དབང་དུ་བྱས་ནས་འཆད་པ་ལ། སྦྱོར་བ་དང་། དངོས་གཞི་གཉིས་ལས་དང་པོ་ནི། གནས་ཡིད་དང་མཐུན་པ་གང་ཡང་རུང་བར། རས་ཤོག་སོགས་ལ་གྲུ་བཞི་སྒོ་བཞི་བའི་ནང་དུ་ཆུ་རིས་སྔོན་པོ་དབུས་སུ་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་བྲིས་ས་སྟེགས་ཀྱི་ཁར་བཀྲམས་ཏེ། དབུས་སུ་སྤྱན་རས་གཟིགས་ཀྱི་སྐུའམ་ཚོམ་བུ་དགོད། དེའི་གཡས་གཡོན་དུ་ཟངས་གཞོང་རེ་རེའམ། མ་འབྱོར་ན་ཤིང་སྣོད་གཙང་མའི་ནང་དུ་བག་ཕྱེ་བསྲེས་པའི་ཟན་ནས། མ་གྲུབ་ན་ཟན་ཙམ་ལས་ཀླུ་ཆེན་བརྒྱད་ཀྱི་གཟུགས་བཅོས་མའམ། བར་དུ་བཏབ་པ་འོག་ནས་འཆད་པའི་རིམ་པ་དང་མཐུན་པར་གཡས་ངོས་ཀྱི་ཟངས་གཞོང་ནང་དང་། གཡོན་དུ་སྣོད་ཀྱི་ནང་དུས་བདག་རྒྱལ་པོའི་གཟུགས་རི་རབ་གྲུ་བཞི་བསྐད་བར་བཅད་པ་ལྟ་བུའི་སྟེང་གི་ཟུར་བཞིར་གླང་གི་མགོ་བོ་བཞི་བྱ། དེའི་མཐར་ཁྱུང་གླ་བ་རྨ་བྱ་ཕག་མ་གཏོགས་པའི་སེམས་ཅན་གྱི་གཟུགས་འགྲོས་སྣ་ཚོགས་པ་བྱས་ཏེ་བསྐོར། གཞོངས་པ་གཉིས་ཀའི་ཕྱོགས་བཞིར་སྙུག་ལྡེེག་བཙུགས་པ་དང་རས་དམར་པོའི་འཕན་དང་ཅོད་པན་དང་། དེ་དག་གི་བར་བར་དུ་རས་སྐུད་དམར་པོ་སོགས་ཀྱི་ལྡ་ལྡི་བྱའོ། །དེ་རྣམས་ཀྱི་མདུན་དུ་ཆུ་གཉིས་ཉེར་སྤྱོད་རྣམས་ཅི་འབྱོར་དང་། འབུལ་གཏོར་པད་འདབ་ཅན་ལྔ་བཤམས་པ། གྲུབ་ན་ཐོག་མར་ཐེག་པ་ཆེན་པོའི་གསོ་སྦྱོང་ལེན་ཅིང་། མ་གྲུབ་ན་ཀྱང་ཆད་ལྷག་ཏུ་མི་འགྱུར་རོ། །དེ་ནས་སྐྱབས་འགྲོ་སྤྱི་ལྟར་བྱས་ལ། །རང་ཉིད་སྐད་ཅིག་གིས་རྗེ་བཙུན་སེངྒེའི་སྒྲར་གསལ་བའི་ཐུགས་ཀའི་ཧཱུྃཿཡིག་ལས་འོད་ཟེར་འཕྲོས། བླ་མ་དང་རྗེ་བཙུན་སེངྒེའི་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་གུ་རུ་སིདྷ་ནཱ་ད་སརྦ་བོ་དྷི་སཏྭ་བྷྱཿ ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏི་ཙྪ་ཧཱུྃ་སྭཱཧཱ། ནས་ཤཔྟའི་བར་མཆོད་དེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས་འགྲུབ་པར་ཤོག་ཅེས་པའི་བར་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་བསྒོམས་ལ། བཛྲ་མུཿཚོགས་ཞིང་རང་གནས་སུ་གཤེགས་པར་གྱུར། གཉིས་པ་དངོས་བཞི་ལ། པཎ་ཆེན་གྱི་དེར་བདག་མདུན་གཉིས་དུས་གཅིག་ཏུ་ལྷ་དྲུག་བསྐྱེད་མཛད་དེ་བློས་འཆུན་དཀའ་བས་ལྔ་ཕྱིར་བྱས་ན་ལེགས་ལ། ལྷ་དྲུག་བསྐྱེད་ནི་བྱ་བ་སྤྱིའི་ལུགས་སྔགས་རིམ་ནས་བཤད་པ་ལྟར་ཡིན་འདུག་པས་ལེགས་ཤིང་། བདག་གིས་ཀྱང་སྔར་དེ་བཞིན་དུ་བཀོད་ཟིན་ལ། རྒྱ་གཞུང་དུ་མ་དང་སྒྲུབ་ཐབས་རྒྱ་མཚོ་རྒྱ་རྩ་བོད་ཀྱི་སྒྲུབ་ཐབས་ཐོར་བུ་རྣམས་ལས་ནི་ས་བོན་ལས་བསྐྱེད་པ་དང་། ཆོ་ག་གསུམ་བསྐྱེད་མཛད་པ་ཤིན་ཏུ་མང་ཤིང་། ཁྱད་བར་སེངྒེའི་སྒྲའི་སྒྲུབ་ཐབས་དུ་མ་ལས་དེ་ལྟར་འབྱུང་བས་འདིར་འཇུག་པ་བདེ་ཆེད་ཆོ་ག་གསུམ་བསྐྱེད་བྱ་སྟེ་དེ་ནི་འདི་ལྟར། ༀ་ཤཱུ་ནྱ་ཏ་ནས་ཨཏྨ་ཀོ྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་སྣ་ཚོགས་པདྨ་འདབ་མ་བརྒྱ་དཔའི་ལྟེ་བར། པཾ་ལས་པདྨ་དམར་པོའི་ལྟེ་བར་སིང་ལས་སེངྒེ་དཀར་པོ་མགོ་བོ་གཡས་ཕྱོགས་སུ། བསྟན་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བ། དེའི་སྟེང་དུ་ཧྲཱིཿཡིག་དཀར་བོ་ལས་པདྨ་དཀར་བོ་འདབ་མ་བརྒྱ ད་པའི་སྟེ་བ་ལ་ཧྲཱིཿཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་བ་ལས། རང་ཉིད་རྗེ་བཙུན་སེངྒེའི་སྒྲ་སྐུ་མདོག་དཀར་བོ་ཞལ་གཅིག་ཕྱག་གཉིས་པ། སྦྱན་གསུམ་པ། གཞོན་ནུ་དཀའ་ཐུབ་པའི་ཚུལ་འཛིན་ཅིང་། རལ་བའི་ཅོད་པན་ཅན། ཕྱག་གཡས་ས་གནོན་དང་གཡོན་པུས་མོའི་རྒྱབ་ངོས་ནས་ཟླ་གདན་ལ་བརྟེན་པའི་མཐེབ་མཛུབ་གཉིས་ཀྱིས་པདྨའི་རྩ་བ་ནས་བཟུང་བའི་རྩེ་མོ་གཉིས་སུ་གྱེས་པའི་སྟེང་ན་ཡེ་ཤེས་ཀྱི་རལ་གྲི་དང་། དྲི་ཞིམ་པོ་སྣ་ཚོགས་པས་བཀང་བའི་ཐོད་པ་བསྣམས་པ། སྐུའི་གཡས་སུ་སྦྲུལ་དཀར་པོ་ཁ་ནས་ཁྲག་འཛག་པས་དཀྲིས་པའི་རྩེ་གསུམ་ཟླ་གདན་ལ་བཙུགས་པ། རས་སྐུད་དམར་པོའི་ཚངས་སྐུད་དང་། རས་བཟང་བོའི་ཤམ་ཐམས་གསོལ་ཞིང་། ཀྲྀཥྞ་ས་རའི་ལྤགས་པ་ནུ་མ་གཡོན་པ་ལ་བཀབ་པ། སྐུ་ལས་འོད་ཟེར་ལྔ་དང་བཅས་པའི་དེ་བཞིན་གཤེགས་པའི་ཚོགས་འཕྲོ་བ། རྒྱལ་བོ་རོལ་བའི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པོ་ཏ་ལ་སོགས་པའི་རང་བཞིན་གྱི་གནས་ནས་རྗེ་བདུན་སེངྒེའི་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཚིགས་བཅད་གཅིག་དང་། ༀ་ཨཱཪྱ་ལོ་ཀེ་ཤྭ་ར་ས་མ་རཾ་ཝ་ར་བཛྲ་ས་མཱ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ༀ་པཉྩ་ཀླུ་ལས་པཱ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་སརྦ་ཏ་ཏཱ་ག་ཏ་ནས་ཤྲཱིཿཡེ་ཨཱཿཧཱུྃ། ཞེས་གསུངས་ཤིང་སྤྱི་བོས་ནས་དབང་བསྐུར་བས་ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་རྣམས། ༀ་པདྨནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསངས། སྭ་བྷ་ཝས་སྟོངས་སྦྱངས། སྟོང་བའི་དང་ལས་ༀ་ལས་རིན་པོ་ཆེའི་སྣོང་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ་ནས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། །ༀ་ཨརྒྷཾ་ཨཿཧཱུྃ་ནས་ཤཔྟ་ཨཱཿ ཧཱུྃ་གིས་བྱིན་གྱིས་བརླབས་ལ། ༀ་ཨཱཪྱ་སི་དྷ་ནཱ་ད་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ་ནས་ཤཔྟའཾ་བར་གྱིས་མཆོད་ལ། །སངས་རྒྱས་ཀུན་གྱིས་རབ་བསྔགས་ཤིང་། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ། རང་གི་ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གཞན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ༀ་ཨཱཿཧྲཱིཿསིང་ཧ་ནཱ་ད་ཧཱུྃ་ཕཊ། དང་། ནམ་མོ་རད་ཎ་ཏྲཱ་ཡཱ་ཡ། ན་མོ་ཨཱ་ཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་སྭ་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏ་དྱ་ཐཱ། ༀ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊེ་ཀ་ཊེ། ཀ་རོ་ཊེ་ཀ་རོ་ཊེ། བིདྱ་སྭཱཧཱ། ཞེས་པ་གཉིས། ཅི་འགྲུབ་བཟླ། མཐར་ཡིག་བརྒྱ་བརྗོད་པ་སྔར་ལྟར་མཆོད་བསྟོད་དང་དགེ་བ་འདི་ཡིས་ཞེས་སོགས་བསྔོ་སྨོན་བྱའོ། །དེ་ནས་མདུན་བསྐྱེད་ནི། བསྒྲུབ་གཞི་པདྨཏྣ་ཀྲྀ་ཏ་ཀྱིས་བསངས། ཤཱུ་ནྱ་ཧས་སྟོང་བར་སྦྱངས། སྟོང་བའི་ངང་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཞེས་པ་ནས། རྒྱལ་བོ་རོལ་བའི་སྟབས་ཀྱིས་བཞུགས་པ། དེའི་མདུན་དུ་བཾ་ལས་ཀླུ་རྒྱལ་ཝ་རུ་ཎ་དཀར་བོ་གཙོ་བོ་ལ་གུས་བས་འདུད་ཅིང་བཀའ་ནོད་པ། འདབ་མ་བརྒྱད་ལ་ཕུཿབརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་མཐའ་ཡས་སྔོན་པོ། །ལྷོར་ནོར་རྒྱས་སེར་བོ། །ནུབ་ཏུ་འཇོག་པོ་དམར་བོ། བྱང་དུ་སྟོབས་རྒྱུ་ནག་པོ། མེར་པདྨ་དཀར་བོ། བདེན་བྲལ་དུ་པདྨ་ཆེན་པོ་དཀར་བོ། རླུང་དུ་དུང་སྐྱོང་དམར་བོ། །དབང་ལྡན་དུ་རིགས་ལྡན་ལྗང་ཁུ་སྟེ། ཐམས་ཅད་སྟོད་ལྷའི་ལུས་ཅན་དང་། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། དབུ་ལ་གདེངས་ཀ་བདུན་བདུན་དང་ལྡན་ཅིང་། ཕྱག་གཉིས་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་པའོ། །དེ་དག་གི་འཁོར་ཀླུ་རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་པའི་རིགས་རྣམས་དང་། ས་བདག་ཀླུ་གཉན་ས་སྲིན་གྱི་རིགས་དང་ཞ་བོ་འཐེང་བོ་དོན་སྙིང་ཡན་ལག་གནས་མལ་ལོངས་སྤྱོད་ཉམས་པ་ལ་སོགས་པ་དང་། ལན་ཆགས་བུ་ལོན་ཤ་ཁོན་ཅན་ལ་སོགས་པ་རྣམས་ཀྱིས་བསྐོར་བ་དེ་རྣམས་ཀྱི་མཐར་འོད་ཀྱི་ར་བས་བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་བོ། །ཞེས་པ་ནས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་ལག་པ་གཡོན་པའི་མཐེ་འོང་དང་མཐེའུ་ཆུང་གཉིས་བརྐྱང་གཞན་སུམ་ཁུ་ཚུར་བཅིངས་པའི་མཐེ་བོང་གི་རྒྱབ་ཏུ་གཡས་པའི་སོར་མོ་ལྔ་ཕྲལ་ཏེ་བཞག་པ་གདེངས་ཀའི་ཕྱག་རྒྱ་བཅས་ཏེ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་ཀླུ་རྒྱལ་འཁོར་དང་བཅས་པ་སྦྱན་དྲངས། །གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །གཙུག་ན་རིན་ཆེན་ཀླུ་ཡི་རྗེ། །མཐའ་ཡས་ནོར་རྒྱས་དུང་སྐྱོང་དང་། །དགའ་བོ་འཇོག་པོ་པདྨ་དང་། །པདྨ་ཆེན་པོ་ཆུ་ལྷ་དང་། །སྟོབས་ཀྱི་རྒྱུ་དང་མ་དྲོས་དང་། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི། སརྦ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ས་མ་ཡེ་སྭཱ་ཧཱ། ཞེས་པས་ཀླུ་དང་། ༀ་ཨེ་ཧྱེ་ཧི། སརྦ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ས་མ་ཡེ་སྭཱཧཱ། ཞེས་པས་ས་བདག་སྤྱན་དྲངས་ཛཿཛཿཛཿཧཱུྃ་བཾ་ཧོཿ རང་རང་གི་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ༀ་པཉྩ་ཀླུ་ལ་ཞེས་པ་ནས་ཡོངས་སུ་གྱུར་པ་ལས་གཙོ་བོ་ལ་འོད་དཔག་མེད་དང་། ཀླུ་རྒྱལ་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར། དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་རྣམས་ཐུན་མོང་དུ་སྔར་ལྟར་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབས་ནས་འབུལ་བ་ནི། རབ་འབྱམས་ཞིང་ན་ཡོད་པའི་མཆོད་ཚོགས་དང་། །བདག་གིས་གུས་པས་སྦྱར་བའི་མཆོད་ཡོན་འདི། །རྗེ་བཙུན་སེངྒེའི་སྒྲ་དང་ཀླུ་ཆེན་བརྒྱད། །འཁོར་དང་བཅས་ལ་འབུལ་གྱིས་བཞེས་སུ་གསོལ། །ༀ་ཨཱཪྱ་སིདྷ་ནཱ་ད་སརྦ་ནཱ་ག་ར་ཛ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ནས་ཤུཔྟའི་བར་སྦྱར་ནས་མཆོད་ལ། །སྐྱོན་གྱི་མ་གོས་སྐུ་མདོག་དཀར། །ཞེས་སོགས་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་དང་། །ཁྱད་པར་ཀླུ་གཉན་ས་བདག་གི །ནད་དང་སྡུག་བསྔལ་ཀུན་སེལ་བའི། །སེངྒེའི་སྒྲ་ལ་ཕྱག་འཚལ་ལོ། །ཅེས་བས་བསྟོད། དེ་རྣམས་བདག་ལ། ༀ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཀླུ་གཉན་ས་བདག་ལ་ཐུན་མོང་དུ་ཀླུ་སྨན་རྣམས་འོག་ནས་འབྱུང་བའི་སྔགས་སམ་ༀ་ཨཱཿཧཱུྃ་ལན་བདུན་གྱིས་བྱིན་གྱིས་བརླབས་ལ་འདི་ལྟར། ནཱ་ག་གེ་སེར་སྨན་གྱི་མཆོག །སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །ཏིང་འཛིན་འཕྲོ་འདུའི་བརྡས་བཀྲོལ་ཏེ། །ཀླུ་ཆེན་བརྒྱད་ལ་མཆོད་པར་འབུལ། །སྔོན་གྱི་དམ་ཚིག་དྲན་དགོངས་ལ། །ཞེ་སྡང་གདུག་ལས་སླར་འཐུལ་ཅིག །ཀ་ཎཱ་ཀ་རི་ན་ག་པུལ་པ་དང་། །རྒྱ་མཚོའི་ལྦུ་བ་ཆུ་སྲིན་སྡེར་མོ་དང་། །དབང་བོ་ལག་པ་བལ་པོ་སེའུ་དང་། །སྤུ་ཤེལ་རྩེ་དང་དམར་བཤད་ལྕག་མ་དང་། །གུར་གུམ་ཨུཏྤལ་འདམ་བུའི་ནགས་ཚལ་དང་། །དར་ཚོན་སྣ་ལྔ་རས་སྐུད་དམར་བོ་དང་། །ལི་ཁྲི་དམར་བོ་ག་ཕུར་ཤོལ་དང་ནི། །ཤུ་ཐག་དཀར་བོ་སྙིང་པོ་ཞོ་ཤ་དང་། །མཁལ་མ་ཞོ་ཤ་སྟག་གི་ཤུན་པ་དང་། །ཙནྡན་དཀར་དམར་ཀླུ་སྨན་སྣ་ཚོགས་ཀྱིས། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པར་བགྱི། །བཞེས་ནས་ཡོན་བདག་ནད་འདི་བསལ་དུ་གསོལ། །ཅེས་མཆོད་དེ། ཀླུ་རྣམས་ལ་བསྟོད་པ་ནི། མཐའ་ཡས་ནོར་རྒྱས་ལ་སོགས་ཀླུ་དབང་རྣམས། །ཡིད་བཞིན་རྒྱ་མཚོ་ཆེན་པོའི་ཡངས་པ་ན། །ཡིད་འོང་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི། །ཕོ་བྲང་འབྱོར་བ་ཆེན་པོའི་དབུས་ན་བཞུགས། །དབུ་ལ་སྦྲུལ་མགོའི་གདེངས་ཀས་མཛེས་པའི་དབུས། །ཡིད་བཞིན་ནོར་བུ་བསམ་པ་རྫོགས་བྱེད་ཅིང་། །བདག་གཞན་དོན་རྣམས་ཕུན་ཚོགས་འགྲུབ་པའི་གཏེར། །དབུལ་བའི་མུན་སེལ་འོད་འབར་རྣམས་ཀྱིས་བརྒྱན། །གདེངས་ཅན་འབྱོར་བའི་ཚོགས་རྣམས་ཐམས་ཅད་རྫོགས། །མཐུ་སྟོབས་རྫུ་འཕྲུལ་ཆེ་ལ་མངའ་བརྙེས་པའི། །ཀླུ་དབང་འཁོར་དང་བཅས་ལ་གུས་པས་འདུད། །ཅེས་བསྟོད། གྲུབ་ན་སྐབས་འདིར་གཙོ་བོ་དང་ཀླུ་བརྒྱད་ཀྱི་སྔགས་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོད། །དེ་ནས་གཏོར་མ་རྣམས་སོ་སོའི་ཐུན་མོང་དུ་བསངས་སྦྱངས། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་བདུད་རྩིིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་ༀ་སྭ་བྷཱ་ཝ་བི་ཤངྔྷེ་ཞེས་སོགས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། །མགྲོན་རྣམས་ཀྱི་ལྗགས་འོད་ཟེར་གྱིས་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། གཏོར་མ་དང་པོ། །ༀ་ཨཱཪྱ་སིདྷ་ནཱ་ད་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཙོ་བོ་དང་། གཉིས་པ། ༀ་ཝ་རུ་ཎ། ཨ་ན ནྟ། བ་སུ་ཀ ཏ་ཀྵ་ཀ ཨ་ཀོ་ཊ། པདྨ། མ་ཧཱ་པདྨ། ཤཪྵ་པཱ་ལ། ཀཱུ་ལི་ཀ་ས་པ་རི་ཝ་རི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཀླུ་ཆེན་བརྒྱད་དང་། ཡང་ན་ཨཥྛ་མ་ཧཱ་ནཱ་ག་ས་པཱ་རི་ཝ་རས་ཐུན་མོང་དུ་འབུལ་རུང་ངོ་། །གསུམ་པ་ༀ་ནཱ་ག་ཀཱུ་ལ་པཉྩ་ས་པཱ་རི་ཝ་ར་ཨི་དཾ་སོགས་ཀླུ་རིགས་ལྔ་དང་། ༀ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་སོགས་ཀྱིས་གཉན་དང་ས་བདག་ལ་ཕུལ་ནས། ཀླུ་ཆེན་བརྒྱད་པོ་འཁོར་བཅས་སོགས། །རིགས་ལྔའི་ཀླུ་ཚོགས་མ་ལུས་དང་། ཁྱད་པར་སྦྱིན་བདག་ལ་འཚེ་བའི། །ས་བདག་ཀླུ་གཉན་ཐམས་ཅད་ལ། །དཀར་གསུམ་མངར་གསུམ་བདུད་རྩིའི་ཆུ། །རིན་ཆེན་སྣ་ལྔ་ཀླུ་ཡི་གཏེར། །ཀླུ་སྨན་དར་ཟབ་སྣ་ཚོགས་དང་། །རང་རང་དགྱེས་པའི་དམ་རྫས་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིན། །བྱིན་གྱིས་བརླབས་ཏེ་འབུལ་ལགས་ན། །ཕྱོགས་བཅུའི་ཀླུ་ཡི་ཕོ་བྲང་དུ། །བདུད་རྩིའི་ཆར་རྒྱུན་འབབ་གྱུར་ཅིག །བཞི་བ་བགེགས་ལ་བསྔོ་བ་ནི། །ༀ་གུང་ཀ་རི་གུང་ཀ་རི་སྭཱཧཱ། ༀ་བི་ཙི་བི་ཙི་སྭཱཧཱ། ༀ་གུང་གུང་སྭཱཧཱ། ས་པཱ་རི་ཝ་ར་ཨ་ཀ་རོའི་ན་མཿསོགས་ལན་གསུམ་གྱིས་ཕུལ་ཏེ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །བྱས་པའི་གདོན་ཆེན་བཅོ་ལྔ་དང་། །ཁྱད་པར་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་གདོན་བགེགས་ལ། །འབུལ་གྱིས་བཞེས་ལ་དེང་ཕན་ཆད། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མི་བྱེད་ཅིང་། །གནོད་འཚེའི་བསམ་སྦྱོར་གཏན་བོར་ཏེ། །བསམ་པ་བྱང་ཆུབ་སེམས་བསྐྱེད་མཛོད། །ལྔ་བ་གཞི་བ དག་ལ་བསྔོ་བ་ནི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ༀ་ལན་གསུམ། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། ཡུལ་ལྷ་བཞི་བདག་རྣམས་ལ་བསྔོ། །བཞེས་ནས་ལས་དང་བྱ་བ་གང་། །བྱས་ལ་ཕྲག་དོག་མི་མཛད་པར། །མཐུན་རྐྱེན་ཡིད་བཞིན་འགྲུབ་བར་མཛོད། །བདག་གི་བསམ་པའི་ཞེས་སོགས་ཀྱང་བརྗོད་དོ། །དེ་ནས་བུམ་པ་སྒྲུབ་པ། དབང་བསྐུར་བའི་བུམ་པ་དང་། རྩི་སྨན་གྱི་བུམ་པ་གཉིས་ཁ་རྒྱན་མགུལ་འཆིང་གཟུངས་ཐག་དང་བཅས་པ་སྟ་གོན་བྱས་ཏེ་གླ་རྩི་མ་འདྲེས་པའི་བུམ་རྫས་དྲི་བཟང་བོའི་ཆུ་དང་བཅས་པས་དགང་། རྩི་སྨན་གྱི་བུམ་པར་འོག་ནས་འབྱུང་བའི་གསོ་བའི་སྨན་རྣམས་ལས་ཅུང་ཟད་རེ་བླུག་སྟེ་ར་དཀར་དང་བ་དམར་གྱི་འོ་མ་དྲི་ཆུ་དང་བཅས་པ་བཀང་དབང་བསྐུར་བའི་བུམ་པ་སྔར་ལྟར་བསངས་སྦྱངས། སྟོང་བའི་དང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་རྒྱ་ཆེ་བའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཞེས་པ་ནས་རོལ་བའི་སྟབས་ཀྱིས་བཞུགས་པ། གཙོ་བོའི་མདུན་དུ་བཾ་ལས་ཀླུ་རྒྱལ་ཝ་རུ་ཎ་དཀར་བོ་ཞེས་པ་ནས། གཙོ་བོ་ལ་འོད་དཔག་མེད་དང་། ཀླུ་རྒྱལ་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར་ཅེས་པའི་བར་མདུན་བསྐྱེད་ལྟར་བྱ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ནས། ༀ་ཨཱ་ཪྱ་སིདྷ་ནཱ་ད་སརྦ་ནཱ་ག་རཱ་ཛཱ་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུྃ་སྭཱཧཱའི་བར་གྱིས་མཆོད་ལ། །ཐུགས་རྗེའི་གཏེར་གྱུར་རྗེ་བཙུན་སེངྒེའི་སྒྲ། །ཀླུ་ཆེན་བརྒྱད་དང་ས་བདག་འཁོར་བཅས་ལ། །གུས་པས་འདུད་དོ་རྣལ་འབྱོར་སྦྱིན་བདག་གི །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་འགྲུབ་པར་མཛོད། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བུམ་ལྷའི་ཐུགས་རྒྱུད་བསྐུལ་བས་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། །གཟུངས་ཐག་ནས་བཟུང་སྟེ། ༀ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ། ཅེས་པ་གང་མང་དང་། གྲུབ་ན་བཟུངས་རིང་ཀྱང་འདོན། ༀ་ཝ་རུ་ཎ་ཡེ་ནཱ་ག་རཱ་ཛ་ཧཱུྃ་ནཱཾ་ཧཱུྃ་སྭཱཧཱ། ༀ་ཨ་ནནྟ་ཡེ་ནཱ་ག་རཱ་ཛ་ཧཱུྃ་ནཱཾ་ཧཱུྃ་སྭཱཧཱ། དེ་ཐོག་མཐའ་དེ་བཞིན་དུ་སྦྱར་ཏེ། བ་སུ་ཀི། ཏཀྵ་ཀ ཨ་ཀོ་ཊ། པདྨ། མ་ཧཱ་པདྨ། ཤངྑ་པཱ་ལ། ཀཱུ་ལི་ཀ་ཡེ་ནཱ་ག་རཱ་ཛཱ་ཧཱུྃ་ནཱཾ་ཧཱུྃ་སྭཱཧཱ། ཞེས་པ་རྣམས་ཀླུ་བརྒྱད་ཀྱི་སྔགས་དང་། ༀ་ནཱ་ག་ཀཱུ་ལ་པཉྩ་ཤནྟི་སྭཱཧཱ། ༀ་ནཱ་ག་པྲ་ཏི་བོ་ཡ་སྭཱཧཱ། ༀ་ནཱ་ག་པྲ་བྷཉྩ་པུ་ཉེ་པ་སྭཱཧཱ། ༀ་ཏ་ཐཱ་ག་ཏི་ཧྲཱིཿཏ་ཧཱུྃ་སྭཱཧཱ། ཅེས་པ་ཀླུ་རིགས་བཞི་འམ་ལྔའི་སྔགས་རྣམས་བརྒྱ་རྩ་རེ་བཟླའོ། །དེ་ནས་གཟུངས་ཐག་རྩེ་སྨན་གྱི་བུམ་པའི་སྟེང་དུ་སྤོས་པ། ༀ་ཨཱཿཧཱུྃ་ལན་བདུན་དང་གཙོ་བོའི་སྔགས་དང་། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྵ་སིངྔྷ་ལོ་ཙ་ནི་སརྦ་ཨནྠ་སངྔྷ་ནི་སྭཱཧཱ་ཤི་སོས་པར་བྱེད་པའི་སྔགས་དང་། ༀ་དེ་བྱ་ཨ་མྲྀ་ཏ་ནན་ཏ་ར་བྷི་ཤ་མེ་ཏ་པྲ་ཏཱི་ཙྪ་བས་ནན་ན་མ་སྭཱཧཱ། །ཞེས་པ་སྨན་བདུད་རྩིར་བསྒྱུར་བའི་སྔགས་རྣམས་བརྒྱ་རྩ་རེ་བཟླའོ། །སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱིས། །སྨན་རྣམས་འགྲོ་ལ་ཕན་པའི་ཕྱིར། །བྱིན་གྱིས་བརླབས་པའི་བདེན་པ་དེས། །ནད་པ་རྣམས་ཀྱི་ནད་གསོས་ཤིང་། །སྨན་རྣམས་བདུན་རྩིར་འགྱུར་པར་ཤོག །ཅེས་བདེན་པའི་བྱིན་བརླབ་བྱ། ནད་པའི་མདུན་ཀླུ་དང་ས་བདག་གི་གཟུགས་འགྲོས་བཅུག་པའི་སྣོད་དེ་བཞག་ལ། དེའི་མདུན་དུ་དཀར་གསུམ་མངར་གསུམ་དང་ཀླུ་སྣམ་དང་མཆོད་པ་གཏོར་མ་དང་བཅས་པ་ཚར་གཉིས་བཤམ། བགེགས་གཏོར་ཤ་ཆང་ལ་ཕུག་དང་བཅས་པས་བརྒྱན་པ་བཤམས་ཏེ་འདི་སྐད་ཅེས། ཁྱེད་རང་གི་མདུན་གྱི་གཟུགས་འགྲོས་འདི་རྣམས་ཀླུ་གཉན་ས་བདག་དེ་དང་དེ་དངོས་ཡིན་སྙམ་པ་དང་། གླང་མགོ་ཅན་འདི་ས་བདག་ནག་པོ་དངོས་ཡིན་སྙམ་པ་དང་། །ཀླུ་དང་ས་བདག་དེ་དག་གི་འཁོར་དུ་ཁྱེད་ཅག་ལ་གནོད་པའི་ཀླུ་དང་ས་བདག་གི་རིགས་རྣམས་ཀྱིས་བསྐོར་བའི་མོས་པ་མཛོད་ཅིག །ཅེས་བརྡའ་སྦྲད་ནས་སྔར་ལྟར་གདེངས་ཀའི་ཕྱག་རྒྱ་བྱས་ཏེ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་ཀླུ་རྒྱལ་འཁོར་དང་བཅས་པ་སྦྱན་དྲངས། །གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ཞེས་པ་ནས། རང་རང་གི་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ཅེས་པའི་སྔར་བཞིན་བྱ་ཞིང་དབང་བསྐུར་རྒྱས་འདེབས་སོགས་བྱས་ཀྱང་མི་འགལ། གཏོར་མ་བྱིན་གྱིས་བརླབས་ཏེ། སྔར་ལྟར་རམ་བསྡུ་ན། ༀ་ནཱ་ག་རཱ་ཛཱ་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་ཞེས་སོགས་ལན་གསུམ་གྱིས་འབུལ་ནས་སྔགས་ཀྱི་མཐར་ཨརྒྷཾ་སོགས་སྦྱར་ནས་མཆོད། རྒྱ་མཚོ་ཆེན་པོར་དབང་བསྒྱུར་པའི། །གཙོ་བོ་ཀླུ་ཆེན་བརྒྱད་པ་དང་། །ས་ཆེན་འདི་ལ་གནས་བཅས་པའི། །ས་བདག་འཁོར་དང་བཅས་ལ་བསྟོད། ཁྱེད་རྣམས་མཆོད་ཅིང་བསྟོད་བྱས་པས། །གནོད་འཚེའི་བསམ་སྦྱོར་ཀུན་ཞི་ཞིང་། །བསམ་པ་བྱང་ཆུབ་སེམས་ལྡན་པས། །སྦྱིན་བདག་སྲུང་ཞིང་སྐྱོབ་གྱུར་ཅིག །ཅེས་བརྗོད་དེ་ནས་རྩི་སྨན་གྱི་བུམ་པ་ལག་ཏུ་ཐོག་ས་ནས་འདི་སྐད་ཅེས། རྩི་སྨན་གྱི་ཆུ་འདི་ཉིད་གཟུགས་འགྲོས་རྣམས་ལ་གཏོར་བས་ཀླུ་གཉན་ས་བདག་ལས་བྱུང་བའི་གནོད་པ་དང་ནད་རྣམས་སོས། དེ་སོས་པའི་མཐུས་ཁྱེད་ཅག་གི་ནད་རྣམས་སོས་པའི་མོས་པ་མཛོད་ཅིག །ཅེས་བརྡའ་སྦྲད་ནས་གཙོ་བོ་སྔགས་དང་། ༀ་རུ་རུ་སྥུ་རུ་སོགས་བརྗོད་ཅིང་བུམ་ཆུ་གཟུགས་འགྲོས་རྣམས་ལན་ཁ་ཡང་གཏོར་བར་བྱའོ། །དེ་ནས། ཧྲཱིཿ ང་ནི་ཐུགས་རྗེ་ཆེན་པོ་སྟེ། བ་སྤུའི་བུ་ག་ཐམས་ཅད་ནས། །གསོ་བའི་བདུད་རྩིའི་རྒྱུན་བབས་པས། །ཀླུ་རྒྱལ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཟབ་མོ་སྔགས་ཀྱི་གཟི་བརྗིད་ཀྱིས། །བསྲེག་དང་བཙོ་བའི་སྡུག་བསྔལ་དང་། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །བསྣུན་ཅིང་བཏུབ་པའི་སྡུག་བསྔལ་སོགས། །སྡུག་བསྔལ་སྣ་ཚོགས་མྱོང་བ་རྣམས། །འཆི་མེད་འཚོ་བའི་སྨན་རྣམས་ཀྱིས། །བསྲེག་ཅིང་བཙོ་བ་སོས་གྱུར་ཅིག །ལུས་དང་དབང་པོ་རྒྱས་གྱུར་ཅིག །མཐུ་སྟོབས་ལྡན་ཞིང་བདེ་གྱུར་ཅིག །སྡུག་བསྔལ་ཀུན་ལས་ཐར་བར་ཤོག །དགའ་དང་བྱང་ཆུབ་སེམས་ལྡན་ཅིང་། །དབང་བོ་རྣམས་ཀྱི་སྤྱོད་ཡུལ་དུ། །འདོད་རྒུའི་ལོངས་སྤྱོད་ལྡན་གྱུར་ཅིག །ཉམས་པའི་ལུས་སོགས་སོས་ཤིང་རྒྱས། །ཡན་ལག་ཚང་ཞིང་བདེ་གྱུར་ཅིག །ཀླུ་ན ད་ཐམས་ཅད་སོས་གྱུར་ནས། །སྡུག་བསྔལ་ཀུན་ལས་ཐར་བར་ཤོག །ངན་སོང་གསུམ་ལས་ཡོངས་བྲལ་ཏེ། །ཚངས་པའི་ཚེ་དང་ལྡན་གྱུར་ཅིག །ཆོས་སྤྱོད་དབང་བོ་དུལ་གནས་ཀྱང་། །སེངྒེའི་སྒྲ་ཡི་ཞལ་མཐོང་ཤོག ། སྔགས་དང་སྨན་སོགས་བྱིན་བརླབས་གྱིས། །བསམ་ངན་སྦྱོར་རྩུབ་ཞི་གྱུར་ནས། །བཅིངས་པའི་ནད་ལས་གྲོལ་བར་མཛོད། །ནཱ་ག་རཱ་ཛཱ་ཕུཿཤིཾནྟ་ཀུ་རུ་སྭཱ་ཧཱ། བསྡུ་ན་དེས་ཆོག་ལ། རྒྱས་པར་འདོད་ན །ཆག་ཚང་ཀུ་བའི་བདུད་རྩི་ཡིས། །མགོ་བོ་ཉམས་པ་སོས་གྱུར་ཅིག །གཟེ་མ་འཕང་ཆེན་བདུད་རྩི་ཡིས། །སྐྲ་ལོ་ཉམས་པ༴ །མུ་ཏིག་ཤེལ་གོ༴ །ཀླད་པ༴ །སྤུ་ཤེལ་རྩེ་ཡི༴ །རྣ་བ༴ ཁྲ་བོ་གཟི་ཡི༴ སྤྱན་ཆག༴ རྒྱ་སྤོས་དྲི་ཡི༴ སྣ་ནི༴ མགྲོན་བུ་དཀར་པོའི༴ སོ་ནི༴ ལེབ་རྒན་དར་གྱི༴ ལྗགས་ནི༴ བུ་རམ་བཟང་པོའི༴ ཤི་ནི༴ སྙིང་པོ་ཞོ་ཤའི༴ དོན་སྙིང་༴ རྒྱ་མཚོ་སྦུ་བའི༴ གློ་བ༴ གུར་གུམ་དཀར་པོའི༴ མཆིན་པ༴ མཁལ་མ་ཞོ་ཤའི༴ མཁལ་མ༴ བཙོད་མདུད་དམར་པོའི༴ རྒྱུ་མ༴ དབང་བོ་ལག་པའི༴ ལག་པ༴ ཆུ་སྲིན་སྡེར་མོའི༴ རྐང་བ༴ དུང་དཀར་གཡས་འཁྱིལ༴ རུས་པ༴ མཚལ་ཆེན་ད་ཆུའི༴ ཁྲག་ནི༴ རས་སྐུད་དམར་པོའི༴ ཚེ་སྲོག༴ རྨ་བྱའི་མདོངས་ཀྱི༴ བཀྲག་མདངས༴ རིན་ཆེན་སྣ་ལྔའི༴ ནོར་ནི༴ འབྲུ་སྣ་ལྔ་ཡི་བདུད་རྩི་ཡིས། །ཡུལ་ཁམས་ཉམས་པ་སོས་གྱུར་ཅིག །ཅེས་དང་སྔགས་བརྗོད་ཅིང་རྩི་སྨན་གྱི་བུམ་ཆུ་གཟུགས་འགྲོས་རྣམས་ལ་གཏོར། དེ་ནས་འཕྲིན་ལས་བཅོལ་ཞིང་འདོད་དོན་གསོལ་བ་ནི།། །།ཀྱཻ་ཀླུ་ཆེན་བརྒྱད་དང་ཀླུ་རིགས་བཞི། །ཀླུ་བདུད་ཀླུ་བཙན་ཐམས་ཅད་དང་། །ས་བདག་ས་སྲིན་ལ་སོགས་པ། །ཁྱེད་རྣམས་ལ་ནི་མཆོད་གཏོར་ཚོགས། །ཕུལ་ནས་འཕྲིན་ལས་བཅོལ་བ་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ཀུན། །བྱ་བ་མང་ཞིང་སྤྱོད་རྩིང་བས། །ས་བརྐོས་བྲག་བཤིག་ན་སློག་ཅིང་། །རྡོ་བཅག་ཆུ་དཀྲུགས་ཤིང་རྣམས་བཅད། །མི་གཙང་ཐབ་གཞོབ་བྱས་གྱུར་པས། །ཀླུ་གཉན་ས་བདག་ཁྱེད་རྣམས་ཀྱི། །ལུས་དང་ཡན་ལག་དོན་སྙིང་དང་། །དབང་པོ་ལོངས་སྤྱོད་ཉམས་པ་དང་། །ཐུགས་དང་སྤྱན་ཟུར་ལ་ཕོག་པའི། །ཉེས་པ་ཐམས་ཅད་སོས་གྱུར་ཅིག །དེ་ལྟར་གསོས་པས་ཁྱེད་རྣམས་ཀྱི། །མཐོང་དུག་རེག་དུག་མཆེ་བའི་དུག ཁ་རླངས་དུག་དང་སྦྱར་དུག་གིས། །བསྐྱེད་པའི་མཛེ་འབྲས་ཤུ་བ་དང་། །ཕོལ་མིག་བས་ལྡག་གཡན་པ་དང་། །མེ་དབལ་དྲེག་གྲུམ་རྐང་འབམ། །དམུ་ཆུ་ལ་སོགས་ནད་རྣམས་ཀུན། །མི་འབྱུང་ཞི་བར་མཛད་དུ་གསོལ། །ཞེས་དང་། གདེངས་ཀའི་ཕྱག་རྒྱ་བྱ་ཏེ་དམ་ཚིག་བསྒྲག་པ་ནི། ཧཱུྃ་ང་ནི་འཇིག་རྟེན་དབང་ཕྱུག་སྟེ། །ཀླུ་རྒྱལ་འཁོར་དང་བཅས་པ་ཀུན། །ཆོས་བཤད་བདེན་ཚིག་ཉན་པར་གྱིས། །གལ་ཏེ་བདེན་ཚིག་མི་ཉན་ན། །རིག་སྔགས་རྒྱལ་བོའི་བཀའ་བཅག་པས། །གསོ་བའི་སྨན་རྣམས་ཐམས་ཅད་ཀུན། །མཚོན་ཆའི་ཆར་དུ་གྱུར་ནས་ནི། །ལུས་ཀྱི་གནད་ལ་གཟེར་བར་བྱེད། །བཅད་ཅིང་བཅད་ཅིང་དུམ་བུར་འགྱུར། །མངར་གསུམ་ལ་སོགས་གཏོར་མ་ཡང་། །དུག་ཆེན་ཧ་ལ་ཧ་ལར་གྱུར། །སྨྱོ་དང་རྨོངས་པར་གྱུར་ནས་ནི། །ཚ་བ་ཆེན་པོས་གཟིར་བར་བྱེད། །དེས་ན་དུས་རྣམས་ཐམས་ཅད་དུ། །དམ་ཚིག་འདི་ནི་རྟག་ཏུ་སྲུངས། །ༀ་ཨཱཿཧྲཱིཿསིངྷ་ཧ་ནཱ་ད་ས་མ་ཡ་ར ཀྵ་ར ཀྵ་ཧཱུྃ་ཕཊ། ཅེས་བརྗོད་དེ་དམ་ལ་བཞག་གོ །དེ་ནས་དབང་བུམ་གྱི་ནང་གི་གཙོ་བོས་དབང་བསྐུར་བར་བསམས་ལ་གཟུངས་རིང་ཐུང་གི་རྗེས་སུ། སརྦ་ནཱ་ག་དུཿཁ་པྲ་ཤ་མ་ན་ཡེ་ཨ་བྷི་ཥིཉྩ་ཞེས་ལན་གསུམ་མམ་བདུན་གྱིས་ཀླུ་ལ་དབང་བསྐུར། ཡང་གཟུངས་ཀྱི་མཇུག་ཏུ། སརྦ་ནཱ་ཀཱུ་ལ་པཉྩ་དུཿཁ་པྲ་ཤ་མ་ན་ཡེ་ཨ་བྷི་ཥིཉྪ། ཞེས་པས་ཀླུ་རིགས་བཞི་འམ་ལྔ་དང་། ཡང་དེའི་འཕྲོར། སརྦ་བྷུ་མི་པ་ཏི་དུཿཁ་པྲ་ཤ་མ་ན་ཡེ་ཨ་བྷི་ཥིཉྩས་བདག་རྣམས་ལ་དབང་བསྐུར་བས་དགྱེས་ནས་སྲུང་སློབ་བྱེད་པར་བསམ་མོ། །དེ་ནས་དབང་བུམ་གྱི་ཆུས་ལྷ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཚིགས་བཅད་ཅི་རིགས་གྱིས་ཕུས་གསོལ་བྱས་ཏེ་ཆུ་བུམ་པ་ཉིད་དུ་བླུགས་ནས་བསྒྲུབ་བྱ་ལ་ཁྲུས་བྱ་བ་དང་། གཙུག་ན་ཡིད་བཞིན་ནོར་བུ་ཅན། །མིག་ནི་གདེང་བ་ལྟོ་འཕྱེའི་རིགས། །བཟོད་དཀའི་དུག་རྣམས་ཕྱིར་ཕྱུར་ཞིག །གཙོ་བོའི་སྔགས་དང་རུ་རུ་སྤུ་རུའི་སྔགས་བརྗོད་པའི་རྗེས་ལ། སྦྱིན་པའི་བདག་པོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟི་ཀུ་རུ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། ནད་ཐམས་ཅད༴ རིམས་ཐམས་ཅད༴ གདོན༴ ཉེ་བར་འཚེ་བ༴ དུས་མ་ཡིན་པར་འཆི་བ༴ འཁོན༴ གྲིབ་༴ བྱད་དང་བྱུར་ཐམས་ཅད༴ སྐལ་བ་ངན་པ༴ རྨི་ལྟས་དང་མཚན་མ་ངན་པ༴ མཚན་མོ་ནག་མོའི་གདོན༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཕོ་ཉ༴ བགེགས་དང་ལོག་འདྲེན༴ ལོ་སྐག་ཟླ་སྐག་ཞག་སྐག་དུས་སྐག་སོགས་མདོར་ན་བཀྲ་མི་ཤིས་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ལུས་ཅན་མགོ་བོ་ཐ་དད་ལ། །ཞེ་སྡང་དྲག་པོ་རྒྱལ་པོའི་རིགས། །རིགས་བཞི་ཀླུ་བརྒྱད་ཡིད་ཀྱི་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཞིག །གཤེད་ལ་གནས་པ་འཛངས་པའི༴ གཙང་མ་ཕལ་ལ་གནོད་མི་བྱེད། །ཀླུ་བྲན་འབུམ་སྡེ་རེག་པའི་དུག །བཟོད་དཀའི་དུག་རྣམས༴ ཞེ་སྡང་གནག་པ་བྱོལ་སོང་རིགས། །རྨིག་བཞི་ལྕགས་ལ་ན་བུན་འཐབ། །གཉན་ཆེན་འབུམ་སྡེ་ཁ་རླངས་དུག །བཟོད་དཀའི་དུག༴ དམན་པའི་ཆ་འཛིན་ཞེ་སྡང་ཅན། །བདེན་པ་མི་ཉན་ཀུན་ལ་གནོད། །ས་བདག་སྡིག་བཞི་མཆེ་བའི་དུག །བཟོད་དཀའི་དུག༴ དྲེག་པ་སྡེ་བརྒྱད་འབར་བ་ཡི། །གླེན་པ་ང་རྒྱལ་མཐུ་པོ་ཆེ། །འགྲོ་བ་འདི་ལ་གང་གནོད་པ། །བཟོད་དཀའི་དུག༴ སྦྱོར་གཞན་རབ་ཏུ་འཕྲོས་པའི་ཕོ་ཉ་ནི། །སྤྲུལ་བ་འབུམ་སྡེས་འགྲོ་ལ་གནོད་པ་སྐྱེལ། །སྨན་དང་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །བཟོད་དཀའ་མི་ཟད་དུག༴ ཕྱུང་ཞིག །ཅེས་བརྗོད་ཅིང་བཀྲུའོ། །བྱབས་ནི་ཁར་ཆུ་ཅུང་ཟད་བཟུང་སྟེ། །རྨ་བྱའི་མདོངས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ༀ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ་ཅེས་སྔགས་མེ་ལྟར་འབར་བའི་འོད་ཟེར་ཀྱིས་སྔར་བཀྲུས་པས་མ་དག་པ འི་ནད་གདོན་རྣམས་བྱ བ་ཞིང་དེད་ནས་ཁ་ནང་གི་ཆུ་ལ་ཐིམ་པར་གྱུར། དེ་ནས་གོང་ལྟར་ཤནྟིཾ་ཀུ་རུའི་གནས་སུ་ཨ་པ་ན་ཡེ་སྭཱཧཱ་ཞེས་སྦྱར་བས་བྱ་བ་སྟེ་མཐར་ཁའི་ཆུ་བཀྲུས་བའི་ཆུ་ནང་དུ་འདོར་རོ། །སྲུང་བ་ནི། ཁྱེད་ཀྱི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རྡོ་རྗེ་རྒྱ་འགྲམ་དུ་བཞག་པས་རྡོ་རྗེ་གོ་བསྐོན་ཏེ་ཕྱིན་ཆད་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་གྱུར་ཅེས་བརྡ་སྤྲད་ནས་རྡོ་རྗེ་དེ་བཞིན་དུ་བཞག་ལ་ངག་ཏུ་སྔགས་དང་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་སྲུང་ཞིང་རཀྵ་རཀྵ་ཡེ་སྭཱཧཱ། དེ་བཞིན་དུ་གཞན་ལ་སྦྱར་ནས་བརྗོད་ཅིང་། སེངྒེའི་སྒྲའི་སྔགས་བཟླས་པའི་སྲུང་སྐུད་དཀར་བོ་བཏགས་ཏེ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་བརླབས་དང་། །རྗེ་བཙུན་སེངྒེའི་སྒྲ་ཡི་ཐུགས་རྗེ་ཡིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །རཀྵ་རཀྵ་ཡེ་སྭཱ་ཧཱ་དེ་ནས་རྩ་བ་དང་བརྒྱུད་པར་བཅས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི༴ ཁྱད་པར་དུའང་རྗེ་བཙུན་སེང་གེའི་སྒྲའི་ཐུགས་རྗེ་དང་། ཆོས་སྐྱོང་སྲུང་མ་ཐམས་ཅད་དང་ཀླུའི་རྒྱལ་བོ་རྣམས་ཀྱི་མཐུ་དང་བདེན་པའི་བྱིན་གྱིས་བརླབས་ཀྱིས་སྦྱིན་བདག་འཁོར་དང་བཅས་པ་རྣམས་ཀླུ་གཉན་ས་བདག་གི་གནོད་པ་དང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ། སིངྔྷི་སིངྔྷི། ཕ་ལ་ཕ་ལ་ཧོཿ བགེགས་རིགས་སྟོང་ཕྲག་སོགས་དང་། ཉིན་མོ་བདེ་སོགས་ཀྱིས་ཤིས་བརྗོད་བྱའོ། །དེ་ནས་བགེགས་གཏོར་ཁ་གསོས་ཏེ་བྱིན་གྱིས་བརླབས་ལ། གོང་ལྟར་ༀ་གུང་ཀ་རི་ནས། ས་པ་རི་ཝ་རི་ཨ་ཀཱ་རོའམ་ན་མཿསོགས་ཀྱིས་ཕུལ་ཏེ། སྔར་ལྟར་རམ་སྤྲོ་ན། གང་ཞིག་མཚན་མོ་རྒྱུ་བ་ཡི། །ཞེས་སོགས་བརྗོད་ཅིང་། །དེའི་ཚེའི་ས་བདག་དོན་ཀུན་རང་གནས་དེངས། །ཞེས་བསྒྱུར་ཡང་ན་སྔ་མ་ལྟར་བྱས་ཏེ། མ་རྙེད་ཅེས་སོགས་ཀྱིས་བཟོད་གསོལ་གྱི་མཇུག་ཏུ། ༀ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་བཛྲ་མུཿས་བདག་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་ཅེས་བརྗོད་ཅིང་སེ་གོལ་གདབ་པོ། །དེ་ནས། ད་ནི་ཀླུ་རྣམས་གཤེགས་སུ་གསོལ། །རྒྱལ་རིགས་དཀར་བོ་ཤར་དུ་གཤེགས། །བྲམ་ཟེ་སེར་པོ་ལྷོ་རུ་གཤགས། །རྗེ་རིགས་དམར་པོ་ནུབ་དུ་གཤེགས། །དམངས་རིགས་སྔོན་པོ་བྱང་དུ་གཤེགས། །གདོལ་བ་ནག་པོ་འཚམས་སུ་གཤེགས། །ས་ཡི་བདག་པོ་ས་ལ་གཤེགས། །རྡོ་ཡི་བདག་པོ་རྡོ་ལ་གཤེགས། །ཆུ་ཡི་བདག་པོ་ཆུ་ལ་གཤེགས། །ཤིང་གི་བདག་པོ་ཤིང་ལ་གཤེགས། །རང་རང་སོ་སོའི་གནས་སུ་གཤེགས། །སརྦ་ནཱ་ག་རཱ་ཛཱ་ས་པཱ་རི་ཝ་ར་བཛྲ་མུཿཀླུ་རྒྱལ་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་གཤེགས། དེ་ནས་སློབ་དཔོན་གྱིས་བུམ་ཆུ་འཐོར་ཞིང་རོལ་མོའི་སྒྲ་དང་བཅས་བགེགས་གཏོར་ཀླུ་དང་ས་བདག་གི་གཟུགས་གཏོར་མ་རྣམས་རིམ་པ་བཞིན་དུ་བསྲུས་ནས་བརྫངས་ཏེ། གཟུགས་བརྙན་རྣམས་ནི་ཆུ་བོ་ཆེན་པོར་དོར་ཏེ་བྱ་ཁྱིས་མི་ཟ་བར་བྱའོ། །མཐར་འགྲོ་བའི་ཚེ་འོད་ཀྱི་རབ་དགྲོལ་བར་བསམས་ཤིང་། ནང་དུ་སླེབས་པ་དང་མདུན་བསྐྱེད་ལ་བཏང་རག་གི་མཆོད་བསྟོད་བཟོད་གསོལ་དང་། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་གསོལ་གདབ་བསྔོ་སྨོན་ཤིས་བརྗོད་རྣམས་བྱའོ། །ཞེས་ས་བདག་གདོན་དགྲོལ་ཇི་ལྟར་བྱ་བའི་ཚུལ་འདི་ནི། པཎ་ཆེན་རིན་པོ་ཆེའི་གསུང་གི་རྗེས་སུ་འབྲང་བ་ཡིན་ཡང་། དེར་བདག་མདུན་མཉམ་དུ་མཛད་པ་ནི་གཞན་གྱིས་བློས་འཆུན་དཀའ་བར་མ་ཟད། དེའི་རྐྱེན་གྱིས་འཁྲུགས་བསྡེབས་དགོས་པ་མང་དུ་སྣང་ཞིང་། དེ་བློ་ཆུང་གཞན་གྱིས་བྱེད་དཀའ་བས་ཕྱག་ལེན་དངོས་གཙང་གི་འོད་འ བར་མཐོང་ནས་བདག་གིས་འདིའི་ཆོ་ག་ཞིག་སྔར་བྲིས་ཟིན་ཀྱང་འདིར་སླར་ཡང་བར་དུ་བརྐོ་ཆེད་འཁྲུགས་བསྡེབས་དང་ཁ་སྐོང་དགོས་པ་འགའ་རེ་སྣང་བ་རྣམས་བྱས་ཏེ་ཆོ་ག་གསུམ་བསྐྱེད་མ་གཏོགས། གཞན་དེ་བཞིན་དུ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་ཀྱིས་རྗེ་བཙུན་གྱི་འཕྲིན་ལས་སྤེལ་བ་དང་སྙིགས་དུས་ཀྱི་མི་རྣམས་སྤྱོད་པ་ངན་པའི་དབང་གིས་ས་བདག་ཀླུ་གཉན་གྱི་གནོད་པ་མང་དུ་འབྱུང་བར་བཤད་པས། དེ་དག་ལ་ཡང་ཕན་ན་སྙམ་པའི་བསམ་པས་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པའི་པར་ཡིག་པ་དགེ་སློང་བཀྲ་ཤིས་སོ། །མངྒ་ལཾ།། །།


previousས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ་ཕན་བདེའི་འབྱུང་གནས།next