Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་ཕན་བདེའི་འབྱུང་གནས།
   
   
   


 
previousཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་ཕན་བདེའི་འབྱུང་གནས།next

ཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་ཕན་བདེའི་འབྱུང་གནས།

ཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས།

མཚན་ཙམ་བཟུང་བས་ཀླུ་ནད་མ་ལུས་པ། །སེལ་མཛད་ཀླུ་དབང་རྒྱལ་བོ་ལ་བཏུད་ནས། །གདེངས་ཅན་དབང་བོ་རྣམ་བརྒྱད་མཆོད་བྱེད་པའི། །ཆོ་ག་མདོར་བསྡུས་འཇུག་པ་བདེ་བར་བྲི། །དེ་ཡང་ས་སྟེགས་སམ་ཤིང་སྟེགས་གྲུ་བཞི་བ་ཇི་ལྟར་འཚམ་པའི་སྟེང་དུ། དཀྱིལ་འཁོར་པདྨ་འདབ་མ་བརྒྱད་བ་ཤར་དཀར། ལྷོ་ལྗང་། ནུབ་དམར། བྱང་སེར། ཤར་ལྷོར་དཀར། ལྷོ་ནུབ་ལྗང་། ནུབ་བྱང་དམར། བྱང་ཤར་སེར། ལྟེ་བ་ལྗང་ནག །ཤར་གྱི་ཁམས་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། རྩིག་པ་སྔོ། ཕ་གུ་སེར། མདའ་ཡབ་དཀར། སྒོ་བཞིའམ་གཅིག ། འདོད་སྐམ་དང་དྲ་བ་དྲ་བྱེད་དམ་ཡིན་ཀྱང་རུང་། དེའི་ཕྱི་རོལ་ཏུ་མཚོ་དང་ཆུ་མིག །དེ་ཕྱིར་ནེའུ་སེང་སྔོན་པོ་གྲུ་བཞིར་བྱས་ཏེ་བྲི་ཞིང་དེ་ཡང་རྡུལ་མཚོན་ནམ། རས་ཤོག་ལའང་འཕྲིར་རུང་མཐར་ཤིང་བ་ལུ་སུ་ལུ། ཤུག་པ། སྟག་མ། གླང་མ། ལྕག་མ། སྙུག་མ། དམར་ཤད། འབྲས་བུ་ཅན་གྱི་ཤིང་རྣམས་མཐོ་རེའམ། གྲུ་གང་རེ་བཙུགས་ཏེ། དར་སྣ་ཚོགས་དང་། ཚོན་སྐུད་དམར་བོ་སོགས་ཀྱིས་བརྒྱན་ནོ། །དེ་ནས་གསེར་སྐྱེམ་གྱི་ཆུ་དང་བསྲེས་པའི་ཟན་གྱི་གོང་བུ་མདུན་དུ་བཞག་སྟེ། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད། ཟན་གོང་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས། ཀླུ་ཆེན་སྤྱན་དྲངས་ནས་དེ་ལ་ཐིམ། དེ་ཡོངས་སུ་གྱུར་བ་ལས་རིན་པོ་ཆེའི་རང་བཞིན་དུ་གྱུར་པར་བསམ། དེ་ལས་ཀླུ་རྣམས་བར་དུ་འདེབས་བའམ་བཟོ། ཀླུ་རྣམས་སྟོད་མི་ལྟ་བུ་ལ་སྨད་སྦྲུལ་མཇུག་ཅན། ལག་པ་ཐལ་མོ་སྦྱར་བ། སྤྲུལ་གྱི་གདེངས་ཀ་བདུན་དང་ལྡན་པ་ཡབ་བརྒྱད་དམ། ཡབ་ཡུམ་གང་འགྲིག་བྱས་ནས་པད་འདབ་བརྒྱད་གྱི་སྟེང་དང་། ལྟེ་བར་ཕྱག་རྡོར་གྱི་ཙ་ཀ་ལི་འཇུག་ཅིང་ཀླུ་རྣམས་ཀྱང་སྔར་ལྟར་མ་གྲུབ་ན་ཙ་ཀ་ལི་རུང་བར་སེམས་ཤིང་། དེ་ཡང་མ་གྲུབ་ན་པད་འདབ་བརྒྱད་ཀྱི་དབུས་དང་ཕྱོགས་མཚམས་སུ་དུཿབྲིས་པ་ལ་ཚོམ་བུ་དཀོད་པར་བྱའོ། །སྐུ་ནི་ཕྱག་རྡོར་གྱི་མདུན་དུ་ཀླུ་རྒྱལ་ཝ་རུ་ཎ་དཀར་པོ། །ཤར་དུ་ནོར་རྒྱས་དཀར་པོ། །ལྷོར་པདྨ། ནུབ་ཏུ་འཇོག་པོ། །བྱང་དུ་པདྨ་ཆེན་པོ། །ཤར་ལྷོར་དུང་སྐྱོང་། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་མཐའ་ཡས། །བྱང་ཤར་སྟོབས་རྒྱུ་སྟེ་སྐུ་མདོག་འཆད་བ་ལྟར་དང་། ཀླུའི་མདོག་དང་འགོད་ཚུལ་ལ་ནི་གོ་རིམ་མི་འདྲ་བ་གཞན་ཡང་ཡོད་དོ། །ཤར་གྱི་ཁྱམས་ལ་སྤྲུལ་བརྒྱད། ལྕོང་དང་སྦལ་བ་བརྒྱད་ལྷོར་རྩང་པ་དང་སྤྲེའུ་ནུབ་ཏུ་བ་གླང་བརྒྱད་བྱང་གི་ཁྱམས་སུ་དགོད། །བརྒྱད་རེ་མ་གྲུབ་ན་ཅི་ཐུབ་དེ་དག་གི་འཁོར་དུ་ཁྱུང་དང་གླ་བ་དང་། ཕག་རྨ་བྱ་ལྟ་བུ་མ་གཏོགས་པའི་སེམས་ཅན་གང་འགྲུབ་དང་། ཁྱད་པར་དུ་ཆུར་གནས་པའི་སྲོག་ཆགས་རྣམས་བྱས་ཏེ་རྒྱ་མཚོར་འགོད། མཐར་རམ། མདུན་དུ་དཀར་གསུམ། མངའ་གསུམ། ཀླུ་སྨན་སྣ་ཚོགས་དང་བ་དཀར་དང་ར་དཀར་གྱི་འོ་མ་སོགས་དང་། མཆོད་གཏོར་རྣམས་ཅི་འབྱོར་བཤམ། གྲུབ་ན་ཤར་དུ་སྟག་མགོ་དཀར་པོ་ཤར་ལྟ། ལྷོར་སྤྲུལ་མགོ་སེར་པོ་ནང་ལྟ། ནུབ་ཏུ་བྱ་མགོ་དམར་པོ་ཕྱིར་ལྟ། བྱང་དུ་ཕག་མགོ་ལྗང་ཁུ་ནང་ལྟ་བྱ་བར་བཤད་དེ། དེ་རྣམས་ཀྱི་མགོ་ཅན་ཡིན་པ་འདྲའོ། །བུམ་རྫས་ཀླུ་སྨན་དང་ལྡན་པའི་བུམ་པ་མགུལ་འཆིང་སྔོན་པོ་ཅན་ཤུགས་པ་སོགས་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་དང་རྨ་བྱའི་མདོངས་རྣམས་སྟ་གོན་བྱའོ། །དེ་ནས་སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་སྤྱན་རས་གཟིགས། རྟ་མགྲིན། ཕྱག་རྡོར་སོགས་ལྷ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་བྱེད་པར་རུང་ཡང་། འདིར་ཕྱག་རྡོར་ལ་བརྟེན་པའི་དབང་དུ་བྱས་ན། །ༀ་སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ། །ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་ཞིང་། གཡོན་ཐུགས་ཀར་སྡིབས་མཛུབ་མཛད་པ། ཞལ་གདངས་ནས་མཆེ་བ་གཙིགས་ཤིང་། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། སྤྲུལ་དང་རིན་པོ་ཆེའི་རྒྱན་དང་དར་སྔོན་པོས་བརྒྱན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གསང་བའི་བདག་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿསྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། སྤྱི་བོས་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། །ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒཾ་ཨཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གྷནྡྷཻ། ནཻ་ཝི་ཏྱེ། ཤཔྟ་ཨཱཿཧཱུྃ་གིས་བྱིན་གྱིས་སླབས། ༀ་བཛྲ་པཱ་ཎི་སརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད་ལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་པས་བསྟོད། རང་གི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་སྔགས་འཕྲེང་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཕྱོགས་བཅུའི་རྒྱལ་པ་ཐམས་ཅད་ཀྱི་མཐུ་ནུས་ཐམས་ཅད་འོད་ཀྱི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བས མས་ཏེ་ༀ་བཛྲ་པ་ཎི་ཧཱུྃ། ཞེས་ཅི་འགྲུབ་བཟླ། མཐར་ཡིག་བརྒྱ་བརྗོད་ཅིང་། མཆོད་བསྟོད་བྱ་བའམ་མ་ཡིན་ཡང་རུང་ངོ་།། །།མདུན་བསྐྱེད་ནི། ཀླུ་མ་བསྐྱེད་པར་སྤྱན་དྲངས་ནས་བསྟིམ་པའི་ལུགས་སྣང་བ་ལྟར་ཡང་རུང་མོད་བསྐྱེད་ན་ལེགས་ཤིང་དེའི་ཚུལ་ནི། སྭ་བྷཱ་ཝས་སྦྱངས། སྟོང་བའི་དང་ལས་རིན་པོ་ཆེ་ལས་གྲུབ་པའི་ཀླུའི་ཕོ་བྲང་གྲུ་བཞི་པ། ཕ་གུ་དང་། རྒྱ་ཕིབ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་བས་སྤྲས་ཤིང་། ཆུ་མཚོ་སོགས་ཀྱིས་བསྐོར་བ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་དཔལ་ཕྱག་ན་རྡོ་རྗེའི་མདུན་དུ་ཕུཿཡོངས་སུ་གྱུར་པ་ལས་ཀླུ་རྒྱལ་ཝ་རུ་ཎ་དཀར་བོ་གཙོ་བོ་ལ་འདུད་པ། ཕྱོགས་འཚམས་སུ་ཕུཿབརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་ནོར་རྒྱས་དཀར་བོ། ལྷོར་པདྨ་སྔོན་པོ། ནུབ་ཏུ་འཇོག་པོ་དམར་བོ། །བྱང་དུ་པདྨ་ཆེན་པོ་དཀར་སེར། ཤར་ལྷོར་དུང་སྐྱོང་དཀར་སྔོ། ལྷོ་ནུབ་ཏུ་རིགས་ལྡན་སྔོ་དམར། ནུབ་བྱང་དུ་མཐའ་ཡས་དམར་སེར། བྱང་ཤར་དུ་སྟོབས་རྒྱུ་ལྗང་ཁུ། ཐམས་ཅད་ཀྱང་སྟོད་མི་ལ་སྨད་སྤྲུལ་མཇུག་ཏུ་འཁྱིལ་པ། ཕྱག་གཉིས་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་ཅིང་། སྤྲུལ་གྱི་གདེངས་ཀ་བདུན་བདུན་དང་ལྡན་པ། ནོར་བུ་རིན་པོ་ཆེས་དབུ་བརྒྱན་ཅིང་། དར་གྱི་ན་བཟའ་གསོལ་བ། དེ་དག་གི་འཁོར་དུ་ཀླུ་དང་ས་བདག་གི་རིགས་སྣ་ཚོགས་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། རང་གི་ཐུགས་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་ཕྱག་ན་རྡོ་རྗེ་དང་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། །ཧཱུྃ་བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །ནོར་རྒྱས་དུང་སྐྱོང་འཇོག་པོ་སོགས། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་རྣམས། །རྫུ་འཕྲུལ་སྟོབས་ཀྱིས་འདིར་གཤེགས་ཤིང་། །གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མ་ལུས་འཇོམས་མཛད་ཅིང་། །བསྟན་ཡ་རབ་དགའ་མཐུ་སྟོབ་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་ལ་སོགས་པ་ཡི། །ཀླུ་གཉན་བདག་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བཛྲ་པ་ཎི་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཀཱ་མ་ལ་ཡ་སྟྭཱཾ། དེ་ནས་མཆོད་པ་བདག་བསྐྱེད་ཀྱི་མཇུག་ཏུ་འམ། འདིར་བྱིན་གྱིས་རློབས་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་པའི་ཚོགས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ༀ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟ་ཨཱཿཧཱུྃ། རྒྱས་པར་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ་བྱ་ཞིང་། བསྡུ་ན། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ཏྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས། དེ་ནས་འབུལ་བ་ནི། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་བོའི་མཆོད་ཡོན་འདི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཀླུ་ཡི་གནོད་པ་དང་། །ནད་རྣམས་ཐམས་ཅད་ཞི་བར་མཛོད། །ༀ་བཛྲ་པཱ་ཎི་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། གཞན་ཡང་གཟུགས་འགྲོས་སྣ་ཚོགས་དང་། །འབྲུ་སྨན་དར་དང་རྩི་ཤིང་སོགས། །འདོད་རྒུའི་ཡོ་བྱད་མ་ལུས་དང་། །དཀར་གསུམ་མངར་གསུམ་བདུད་རྩིའི་སྨན། །ཀླུ་རྒྱལ༴ ། བཞེས་ནས༴ །ནད་རྣམས༴ །སྦྱིན་བདག་འཁོར་བཅས་ལ་གནོད་ཅིང་། །འཚེ་བའི་ཀླུ་གཉན་ས་བདག་ལ། །ཀླུ་སྨན་རིན་ཆེན་ཀླུ་གཏེར་དང་། །འབྲུ་བཅུད་དར་ཟབ་ཚོན་སྐུད་སོགས། །མཁོ་བའི་ཡོ་བྱད་ཐམས་ཅད་འབུལ། །བཞེས་ནས༴ ། ནད་རྣམས༴ །ༀ་ནཱ་ག་རཱ་ཛཱ་ས་པཱ་རི་ཝ་ར་པཱུ་ཛི་ཏེ་ཧཱུྃ། དེ་ནས། གསང་སྔགས་རིག་སྔགས་འཆང་བའི་རྗེ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །མཐུ་དང་རྫུ་འཕྲུལ་སྟོབས་མངའ་བའི། །ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད། །ཞེས་པ་འམ། རྒྱས་པར་ན། ཀླུ་རྒྱལ་ཆེན་པོ་ཝ་རུ་ཎ། །སྐུ་མདོག་དཀར་པོ་གངས་རི་བཞིན། །ཀླུ་རྣམས་ཀུན་ལ་དབང་བསྐྱུར་བ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ཀླུ་རྒྱལ་ཆེན་པོ་ནོར་རྒྱས་ནི། །སྐུ་མདོག་དཀར་པོ་ཟླ་བ་བཞིན། །ཀླུ་རྣམས༴ །མཐུ་སྟོབས༴ །ཀླུ་རྒྱལ་ཆེན་པོ་པདྨ་ནི། །སྐུ་མདོག་སྔོན་པོ་དབང་སྔོན་བཞིན། །ཀླུ༴ །མཐུ༴ །ཀླུ་རྒྱལ་ཆེན་པོ་འཇོག་པོ་ནི། །སྐུ་མདོག་དམར་པོ་པད་ར ག་བཞིན། །ཀླུ༴ །མཐུ༴ ། ཀླུ་རྒྱལ་ཆེན་པོ་པདྨ་ཆེ། །སྐུ་མདོག་དཀར་སེར་འོད་ཟེར་འཕྲོ། །ཀླུ༴ །མཐུ༴ །ཀླུ་རྒྱལ་ཆེན་པོ་དུང་སྐྱོང་ནི། །སྐུ་མདོག་དཀར་སྔོ་གཟི་བརྗིད་ཅན། །ཀླུ༴ །མཐུ༴ ཀླུ་རྒྱལ་ཆེན་པོ་རིགས་ལྡན་ནི། །སྐུ་མདོག་སྔོ་དམར་གཟི་བརྗིད་འབར། །ཀླུ༴ ། མཐུ༴ །ཀླུ་རྒྱལ་ཆེན་པོ་མཐའ་ཡས་ནི། །སྐུ་མདོག་དམར་སེར་སྣ་ཚོགས་འོད། །ཀླུ༴ །མཐུ༴ ཀླུ་རྒྱལ་ཆེན་པོ་སྟོབས་རྒྱུ་ནི། །སྐུ་མདོག་ལྗང་སྔོན་འོད་ཟེར་འབར། །ཀླུ༴ །མཐུ༴ ཁྱེད་རྣམས་མཆོད་ཅིང་བསྟོད་པའི་མཐུས། །སྦྱིན་བདག་མི་ནོར་འཁོར་བཅས་ལ། །གནོད་པའི་ས་བདག་ཀླུ་གཉན་ལས། །བྱུང་བའི་ནད་རྣམས་ཞི་གྱུར་ཅིག །དེ་ནས་བཟླས་པ་ལ་སྔགས་མི་འདྲ་བ་གཞན་ཞིག་ཀྱང་སྣང་མོད། །འདི་ལྟར་ལེགས་ཏེ། བཛྲ་པ་ལ་ཎི་ཅི་འགྲུབ་དང་། ༀ་ནཱ་ག་རཱ་ཛཱ་ཝ་རུ་ཎ་ཡ་ཕུཿསྭཱཧཱ། ༀ་ནཱ་ག་རཱ་ཛཱ་བ་སུ་ཀི་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་པདྨ་ཡ་ཕུཿསྭཱཧཱ། ༀ་ནཱ་ག་རཱ་ཛཱ་ཏཀྵ་ཀཱ་ཡ་ཕུ༔སྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་མ་ཧཱ་པདྨ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཤངྑ་པཱ་ལ་ཡ་ཕུཿསྭཱཧཱ། ༀ་ནཱ་ག་རཱ་ཛཱ་ཀུ་ལི་ཀཱ་ཡ་ཕུཿསྭཱཧཱ། ༀ་ནཱ་ག་རཱ་ཛཱ་ཨཱ་ནནྟ་ཡ་ཕུཿསྭཱཧཱ། ༀ་ནཱ་ག་རཱ་ཛཱ་ཀ་རྐོ་ཊ་ཡ་ཕུཿསྭཱཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོད་ཅིག །མཆོད་བསྟོད་བསྡུས་པ་བྱའོ། །ཆུ་རྒྱུན་གྱི་ཀླུ་གཏོར་བྱེད་ན། ལག་པ་གཡས་ཀྱི་ཆུ་རྒྱུན་སྦྲེང་བ་དང་གཡོན་པས་སེ་གོལ་གདབ་སྟེ། ༀ་བ་སུ་ཀི་མཾ་སྭཱཧཱ། ཞེས་པ་ཅི་འགྲུབ་བརྗོད། །དེ་ནས་གཏོར་མ་ས་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། ༀ་བཛྲ་པཱ་ཎི་ནཱ་ག་རཱ་ཛཱ་ས་པཱ་རི་ཝ་ར་ཨི་མཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་དང་ༀ་ཧི་ལི་ཧི་ལི་གྲུཾ་ཕུཿསྭཱཧཱ། ལན་གསུམ། ༀ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུཿསྭཱཧཱ། ལན་གསུམ་གྱིས་བསྔོ། །བཅོམ་ལྡན་ཀླུ་རྒྱལ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ཏེ། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ཀྱི། །ཀླུ་ཡི་གནོད་པ་ཞི་བར་མཛོད། །ཅེས་འཕྲིན་ལས་བཅོལ་བ། དེ་ནས། བུམ་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་བྷྲཱུཾ་ལས་བུམ་པའི་ནང་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ཀླུ་ནད་ཐམས་ཅད་སེལ་བར་བྱེད་པའི་ནུས་པ་དང་ལྡན་པའི་བདུད་རྩིའི་ཆུ་རྒྱུན་ཏུ་གྱུར། །ཀླུ་སྨན་དང་ཐུན་མོང་དུ། ༀ་ཨཱཿཧཱུྃ། ཅི་འགྲུབ་དང་། ༀ་ནཱ་ག་རཱ་ཛེ་ཤྭ་ར་ཨངྷི་ཥྛ་ན་ཨངྷི་ཥྛི་ཏེ་སྭཱཧཱ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྔྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། རྩི་སྨན་བདུད་རྩིར་བསྒྱུར་བར་བྱེད་པའི་སྔགས་དང་ༀ་དེ་བྱ་ཨ་མྲྀ་ཏ་ནན་ཏ་ར་བྷི་ཤ་མ་ཏི་བྲ་ཏཱི་ཙྪ་བ་ས་ནན་ན་མ་སྭཱཧཱ། ཞེས་པ་དང་གྲུབ་པ་ན། སེངྒེའི་སྒྲའི་གཟུངས་རིང་དམ། ༀ་ཨཱཿཧྲཱིཿསིངྷ་ནཱ་ད་ཧཱུྃ་ཕཊ། རྣམས་ཅི་འགྲུབ་བཟླའོ། །སྦྱིན་བདག་ལ་གནོད་པའི་ཀླུ་གཉན་ས་བདག་ཡོགས་སུ་སྤྱན་འདྲེན་ན་དེའི་གཟུགས་བཅོས་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་སྦྱིན་བདག་མི་ནོར་འཁོར་དང་བཅས་པ་ལ་ཕན་གནོད་བྱེད་པའི་ས་བདག་ཀླུ་གཉན་གྱི་རིགས་རྣམས་སྤྱན་དྲངས་མདུན་གྱི་གཟུགས་འགྲོས་དག་དང་དབྱེར་མེད་དུ་གྱུར་པར་བསམས་ལ། ཀླུ་སྨན་གཟུགས་འགྲོས་རྣམས་ལ་གཏོར་ཏེ། རུ་རུ་སྥུ་རུ་སོགས་བརྗོད་ཅིང་། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས༴ །དེ་དག༴ །བཅོམ་ལྡན་དམ་ཆོས༴ །དམ་ཆོས༴ །འདོད་ཆགས༴ །དེ་དག༴ །བཅོམ་ལྡན་དགེ་འདུན༴ །དགེ་འདུན༴ །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་ཡི་མཐུས། །དུག་ནི་ས་ཡི་ནང་དུ་སོང་། །གང་བའི་ནང་དུ་དུག་སོང་ཞིག །ཆུ་ནི་དུག་གི་མ་ཡིན་ཏེ། །༴ ༴ཆུ་ཡི་ནང་དུ་སོང་། །གཤེར་བའི་ནང་དུ༴ །མེ་ནི༴ ༴མེ་ཡི་ནང་དུ་སོང་། །ཚ་བའི་ནང་༴ །རླུང་ནི༴ ༴རླུང་གི་ནང་དུ་སོང་། །གཡོ་བའི་ནང་དུ༴ །ཧཱུཾ་ང་ནི་ཕྱག་ན་རྡོ་རྗེ་སྟེ། །གསོ་བྱེད་བདུད་རྩིའི་རྒྱུན་བྱིན་པས། །ས་བདག་ཀླུ་གཉན་ཐམས་ཅད་དང་། ཁྱད་པར་སྦྱིན་བདག་འཁོར་བཅས་ལ། །གནོད་པའི་ཀླུ་གཉན་ས་བདག་གི །ནད་རྣམས་ཐམས་ཅད་ཞི་གྱུར་ཅིག །ལུས་དབང་སྐྱེ་མཆེད་རྒྱས་གྱུར་ཅིག །ཚེ་དཔལ་བསོད་ནམས་ལྡན་གྱུར་ཅིག །བསམ་སྦྱོར་ངན་པ་ཞི་གྱུར་ཅིག །བཅིངས་པ་ཁྲོ་ལ་བསྡམས་པ་ལྷོད། །སྦྱིན་བདག་ནད་ལས་ཐར་གྱུར་ཅིག །ནཱ་ག་རཱ་ཛ་ཕུཿཤནྟི་ཀུ་རུ་ཡེ་སྭཱཧཱ། རྒྱས་པར་ན་བཟང་དྲུག་སྨན་གྱི་ནུས་པ་ཡིས། །ས་བདག་ཀླུ་གཉན་ཐམས་ཅད་ཀྱི། །ནད་རྣམས་ཐམས་ཅད་ཞི་གྱུར་ཅིག །རྨ་བྱའི་སྒྲོ་ཡི་ནུས་པ་ཡིས། །གྲི བ་དང་སྐྲ་བྱི་སོས་གྱུར་ཅིག །ཕྱག་ཚང་ཀུ་བའི་བདུད་རྩི་ཡིས། །མགོ་བོ་ཉམས་པ་སོས༴ །རྒྱ་མཚོ་ལྦུ་བའི༴ །ཀླད་པ་ཉམས་པ༴ །ནོར་བུ་གཟི་ཡི༴ །མིག་འབྲས༴ ལེབ་རྒན་དམར་བོའི༴ །ལྕེ་དབང༴ །པདྨ་གེ་སར༴ །མགྲིན་པ༴ །སྙིང་བོ་ཞོ་ཤའི༴ །དོན་སྙིང༴ །མཁལ་མ་ཞོ་ཤའི༴ །མཁལ་མ༴ །གུར་གུམ་དཀར་བོའི༴ །མགྲིན་པ༴ །དབང་བོ་ལག་པའི༴ །ལག་པ༴ །ཆུ་སྲིན་སྡེར་མོའི༴ །རྐང་བ་ཉམས༴ །དུང་དང་མགྲོན་བུའི༴ །རུས་སོ༴ །མཚལ་ཆེན་དམར་པོའི༴ ཁྲག་ནི༴ །ཚོན་སྐུ་སྣ་ལྔའི༴ ཚེ་སྲོག༴ །སྤུ་ཤེལ་རྩེ་ཡི༴ །རྩ་རྣམས༴ །ཨུཏྤལ་སྔོན་པོའི༴ ཁ་ཏོག༴ །རིན་ཆེན་སྣ་ལྔའི༴ །ནོར་རྫས༴ །དཀར་གསུམ་མངར་གསུམ༴ ཁ་ཏོག་ཉམས་པ༴ །མདོར་ན་རྩི་སྨན་སྣ་ཚོགས་ཀྱིས། །ཀླུ་གཉན་ས་བདག་ཐམས་ཅད་ལ། །གནོད་འགལ་བྱས་པ་ཀུན་ཞི་སྟེ། །བདེ་བའི་དཔལ་དང་ལྡན་གྱུར་ཅིག །དེ་དག་ལན་གསུམ་མམ་གཅིག་ཀྱང་སླར་ཡང་འཕྲིན་ལས་བཅོལ་བ་ནི། །ཀྱེ་ང་ནི་ཕྱག་ན་རྡོ་རྗེ་སྟེ། ང་ཡི་བཀའ་ལ་མི་ཉན་མེད། གཙོ་བོ་ཀླུ་ཆེན་བརྒྱད་པོ་དང་། །རྒྱལ་རིགས་རྗེ་རིགས་དམངས་རིགས་དང་། །བྲམ་ཟེ་གདོལ་བའི་རིགས་རྣམས་དང་། །ས་བདག་ཀླུ་གཉན་ཐམས་ཅད་ལ། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ཀྱིས། །གནོད་འགལ་སྤྱི་དང་ཁྱད་པར་དུ། །ས་བརྐོས་བྲག་གཤིགས་ཆུ་དཀྲུགས་དང་། །ཤིང་བཅད་ཐབས་གཤོབ་བགྱིས་པ་ཡི། །གནོད་པ་ཐམས་ཅད་སོས་གྱུར་ཏེ། །མཐོང་དུག་ལ་སོགས་དུག་རྣམས་དང་། །མཛེ་འབྲས་ཤུ་བ་ཕོལ་མིག་སོགས། །གནོད་པ་ཐམས་ཅད་མི་འབྱུང་ཞིང་། ཕན་དང་བདེ་བའི་འཕྲིན་ལས་མཛོད། །ནད་པ་ཡོད་ན་གླུད་ཅིག་བྱས་ཏེ་མདུན་དུ་བཞག་ལ། སེང་གེའི་སྒྲའི་གཟུངས་དང་། །རྣམ་འཇོམས་ཀྱི་གཟུངས་རིང་ཐུང་གང་རུང་བརྗོད་ཅིང་། བསྲུང་བྱའི་སྡིག་པའང་སྒྲིབ་ཐམས་ཅད་ཤ ནྟིང་ཀུ་རུ་སྭཱཧཱ། ནད་ཐམས་ཅད༴ རིམས༴ གདོན༴ ཉེས་པར་འཚེ་བ༴ དུས་མ་ཡིན་པར་འཆི་བ༴ འཁོན༴ གྲིབ༴ བྱད་དང་བྱུར༴ སྐལ་བ་ངན་པ༴ ལྟས་དང་མཚན་མ་ངན་པ༴ མཚན་མ་ནག་མེའི་གདོན༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཕོ་ཉ༴ བགེགས་དང་ལོག་འདྲེན༴ ལོ་སྐེག་ཟླ་སྐེག་ཞག་སྐེག་དུས་སྐེག༴ བཀྲ་མི་ཤིས་པ་ཐམས་ཅད་ཤནྟིང་ཀུ་རུ་སྭཱཧཱ། ཀླུ་རྒྱལ་རིགས་ལས་བྱུང་བའི་ནད་དང་དུག་ཐམས་ཅད་ཤནྟི་ཀུ་རུ་ཡེ་སྭཱཧཱ། རྗེ་རིགས༴ བྲམ་ཟེའི་རིགས༴ དམངས་རིགས༴ གདོལ་བའི་རིགས༴ ཀླུ་གཉན་ས་བདག་ཐམས་ཅད་ལས་བྱུང་བའི་༴ སྭཱཧཱ། ཞེས་པ་ལན་གསུམ་སོགས་བྱ། སྐབས་འདིར་བདེན་བརྗོད་བྱས་ནས་ཁྲུས་ཆུ་ཕྱིར་འདོར་བའམ། རྒྱས་པར་ན་བྱབས་ཁྲུས་ཀྱི་སྐབས་ལྟར་ཡང་རུང་ངོ་། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེའི༴ འགྲོ་བ༴ འདི་ལ༴ རཀྵ་རཀྵ་ཡེ་སྭཱ་ཏཱ། བགེགས་གཏོར་གཏོང་བར་འདོད་ན། ཆ་གསུམ་ནས་འབྱུང་བའི་བགེགས་གཏོར་ཟུར་དུ་གྱུར་ནས་གཏོང་། །དེ་ནས་གཤེགས་པ་ལ་ནི། ཀྱེ་ཀླུ་རྒྱལ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཕོག་ཐུག་གནོད་གྱུར་བཟོད་བཞེས་ལས། །རང་རང་སོ་སོའི་གནས་སུ་གཤེགས། །རྒྱལ་རིགས་ཤར་དང་རྗེ་རིགས་ནུབ། །བྲམ་ཟེ་ལྷོ་དང་དམངས་རིགས་བྱང་། །གདོལ་བའི་རིགས་རྣམས་མཚམས་སུ་གཤེགས། །ས་ཆུ་ཤིང་དང་རྡོ་རྣམས་ལ། །གནས་རྣམས་དེ་དང་དེ་རུ་གཤེགས། །བཛྲ་མུཿནཱ་ག་རཱ་ཛཱ་ས་པཱ་རི་ཝ་ར་གཙྪ་སྭཱ་ཧཱ། དེ་ནས་གཟུགས་འགྲོས་རྣམས་སྣོད་ཞིག་ཏུ་བསྡུས་ཏེ་གཙང་སར་བསྐྱལ་བ་དང་། ཁྱད་བར་ཀླུ་གཟུགས་རྣམས་ཆུ་བོ་ཆེན་པོར་སྐྱེལ་བ་སོགས་བྱ་སྟེ། བྱ་ཁྱི་སོགས་ཀྱིས་མི་ཟ་བར་བྱའོ། །དེ་ནས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབས་སོ། །ཀླུ་བརྒྱད་གྱི་ཆོ་ག་ལ་གཏེན་པའི་གདོན་འགྲོལ་བྱེད་ཚུལ་འདི་ཡང་། གནས་བརྟན་གྲགས་དཔལ་འབྱོར་གྱིས་བསྐུར་བའི་ངོར། ཀླུ་བརྒྱད་གྱི་ཆོ་གའི་རྒྱུ་དང་རྒྱ་གཞུང་དུ་མ་ནས་བཤད་ཅིང་འདིར་ཡང་གཞན་གྱིས་མཛད་པའི་ཆོ་ག་སྔོན་མ་གཉིས་ཙམ་མཐོང་བ་དག་ལ་བརྟེན་པ་ཡིནའང་མ་ཚང་བ་སོགས་ཀྱིས་འཇུག་པ་མི་བདེ་བས། པཎ་ཆེན་དང་རྒྱལ་དབང་གིས་མཛད་པའི་ཀླུ་ག ཏོར་སོགས་གཞུང་གཞན་འདའ་ཞིག་དང་ཡང་བསྟུན་ཏེ། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ཕན་གྱི་བསམ་པས་སྦྱར་པའོ།། །།བཀྲ་ཤིས།། །།


previousཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་ཕན་བདེའི་འབྱུང་གནས།next