Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མདོས་བར་གཅོད་ཀུན་སེལ།
   
   


 
previousསྒྲོལ་མདོས་བར་གཅོད་ཀུན་སེལ།next

སྒྲོལ་མདོས་བར་གཅོད་ཀུན་སེལ།

སྒྲོལ་མདོས་བར་གཅོད་ཀུན་སེལ་ཞེས་བྱ་བ་བཞུགས།

གང་གིས་ཞབས་པད་གུས་བསྟེན་ཅིང་། །མཆོད་པར་བྱེད་པ་དེ་ཀུན་ཀྱང་། །ཕོངས་བའི་སྡུག་བསྔལ་མཐའ་དག་ལས། །མངོན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །འདིར་སྒྲོལ་མདོས་ཇི་ལྟར་བྱ་བའི་ཚུལ་བཤད་པར་བྱ་སྟེ། དེ་ལ་ཡང་རྒྱས་བསྡུས་མི་འདུ་བ་འགའ་རེ་སྣང་བ་ལས་འབྲིང་བོའི་དབང་དུ་བྱས་ནས་འཆད་དོ། །འདིའི་ལོ་རྒྱུས་ནི་གཞན་དུ་ཤེས་པར་བྱ་ལ། དགོས་པ་ནི་བྱད་ཁ་དང་གོད་ཁ་གཅོད་པ་དང་གདོན་བགེགས་ཀྱི་གནོད་པ་བཟློག་པ་དང་རིམས་ནད་ཞི་བར་བྱེད་པ་སོགས་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པ་དང་། འདོད་དོན་རྣམས་འགྲུབ་པར་འགྱུར་པའོ། །བརྒྱུད་པ་ནི་ཇོ་བོ་རྗེ་ནས་བཀའ་གདམས་གོང་མ་རྣམས་དང་ད་ལྟའི་བར་གྱི་ས་དགེའི་བླ་ཆེན་དག་གིས་ཕྱག་ལེན་དུ་མཛད་དེ་དར་རོ། །ཆོ་ག་ལ་སྦྱོར་བ་དང་། དངོས་བཞི་གཉིས་ལས་དང་པོ་ནི། གནས་ཁང་ཡིད་དུ་འོང་བའི་གང་རུང་དུ་སྟེགས་ཇི་ལྟར་འཚམ་པ་ལ་དྲི་བཟང་བྱུགས་ཏེ་རྡུལ་མཚན་ནམ། ཤོག་རས་སོགས་ལ་གྲུབ་བཞི་སྒོ་བཞི་པའི་དབུས་སུ་པདྨ་འདབ་མ་བརྒྱད་བྲིས་པའི་ལྟེ་བར་མཉྫི་སོགས་སྟེགས་ཀྱི་སྟེང་དུ་རྗེེ་བཙུན་མའི་སྐུ་བྱིན་ཅན་བཞུགས་སུ་གསོལ་ལ། །དེ་ཉིད་ཀྱི་དབུ་ཐོག་ཏུ་དར་དཀར་གྱི་གུར་ཕུབ། མཐར་ཆུ་གཅིག་ཉེར་སྤྱོད་ཚང་བ་ཉེར་གཅིག་གམ་ཅི་འབྱོར་གཙང་མར་བཤམ། པད་འདབ་ཅན་ནམ་སྐེད་དཀྲིས་ཅན་གྱི་གཏོར་མ་བཞི། རྗེ་བཙུན་མའི་གཡས་གཡོན་གང་རུང་དུ་མདོས་གདན་གྱི་སྟེང་དུ་གསེར་སྐྱེམ་བརྡར་ནས་བསྲེས་པའི་འཇིམ་པ་ལ། སྤེའུ་སྤེ་ཞོལ་ལྕགས་རི་དང་བཅས་པ་ཇི་ལྟར་འཚམ་པ་ཞེས་འབྱུང་བའི་དོན་ལ་ཕྱག་ལེན་ཅུང་མི་འདྲ་བ་རེ་མཛད་པ་མཐོང་ཞིང་། ཁ་ཅིག་སྤེའུ་སྤེ་ཞོལ་ཅེས་པ་ནི་གཙང་སྐད་དེ་རྒྱ་མཁར་ལན་ཀན་དང་བཅས་པ་ལྟ་བུའི་ཞེས་འདོད་པ་ནི་འཐད་པར་མངོན་ནོ། །ཇི་ལྟར་འཚམ་པ་ནི་མཁར་གྱི་དབང་སོར་བཞི་སོགས་ཇི་ལྟར་རིགས་པར་བྱས་པའི་ནང་གི་དབུས་ཅུང་ཟད་མཐོང་བར་ཟན་ལས་བྱས་པའི་ངར་མི་མཐོ་གང་བ་གསེར་གཡུའི་རྒྱན་གྱིས་སྤྲས་པ་རྟ་ལ་ཞོན་པ་བྱའོ། ཁ་ཅིག་འདི་ནི་ཐོག་ཁང་དུ་བྱེད་དོ། །པཎ་ཆེན་གྱི་དེར་གཡོན་དུ་ནམ་མཁའ་དང་རྒྱང་བུ་གསུམ་གསུམ་ཞེས་འབྱུང་ཡང་། །གཞུང་གཞན་གསུམ་ན་གཡས་གཡོན་མདུན་རྒྱབ་རྣམས་ལ་ནམ་མཁའ་དང་རྒྱང་བུ་གསུམ་རེ་བྱ་བར་བཤད་པ་ལྟར་འཐད་ཅིང་། །ཕོ་གདོང་མོ་གདོང་། མདའ་ཁྲ་ཕང་ཁྲ་རྣམས་ཀྱང་གསུམ་གསུམ་ལས་མི་ཉུང་བ་འཛུག །འཛུག་ཚུལ་ལ་མི་མཐུན་པ་ཡོད་ཀྱང་། ལྕགས་རིའི་ནང་ངོས་ཟུར་བཞི་ནས་ཀ་བ་ལྟ་བུ་དཔངས་ཁྲུ་གང་བ་བཞི་བཙུགས་པའི་སྟེང་དུ་སོ་འདེབས་གྱི་གདུང་བྱས་པ་ལ་ཕྱོགས་བཞིར་ནམ་མཁའ་དང་རྒྱང་བུ་སོགས་བཙུགས་ན་ལེགས་ཤིང་མདོས་སྤྱི་དང་ཡང་མཐུན་ལ་འོག་ཏུ་ཡིད་འོང་ཁང་བ་སྤེའུ་ཞོལ་དང་ཞེས་དང་མཐུན་སྙམ་མོ། །དབུས་ཀྱི་དར་མའི་ལུས་ཀྱི་གཡོན་དུ་ནམ་མཁའ་དང་རྒྱང་བུ་ཆུང་ངུ་རེ་གཉིས་འཛུག་དགོས་པ་ནི་འོག་ཏུ་ནམ་རྒྱང་ལྡེམ་པས་སྐུ་ལ་བརྒྱན། ཞེས་པས་ཀྱང་བསྟན་ནོ། །གསེར་སྐྱེམ་བཀྲེས་པའི་ཟན་གྱི་ངར་མི་སུམ་ཅུ། མཛོ་རྟ་གནག་ལུག་རི་དྭགས་བྱི་བ་སོགས་ས་ལ་འཛུལ་དགུ་དང་། བྱ་བྱིའུ་སོགས་གནམ་ལ་འཕུར་དགུའི་གཟུགས་དང་། འབྲུ་སྨན་རིན་ཆེན་ཟས་གོས་དར་སྣ་སོགས་མཁོ་དགུའི་ཡོ་བྱད་ཀྱིས་ལྕགས་རིའི་ནང་འགེང་། ལ་དགུ་ལུང་དགུའི་ཆུ་སྣ་ཡང་འཚོགས་པར་བྱས་ལ། མདུན་དུ་ཆུ་གཉིས་ཉེར་སྤྱོད་གཏོར་མ་རྣམས་ཅི་འབྱོར་དང་། པད་འདབ་ཅན་གྱི་གཏོར་མ་དྲུག་རྣམས་བཤམ། ཕྱོགས་བཞིར་མཁའ་དང་རེ་རེ་འཇུག་པའམ་མིན་ཀྱང་ནམ་མཁའ་འཐུས་ལ། གཞན་ངར་མའི་སྟེང་དུ་དར་དཀར་གྱི་ཕུབ་འབུམས་བང་བཤད་པའི་དོན་འབུབས་ཚུལ་མི་འདྲ་བ་མཐོང་སྟེ། ཁ་ཅིག་ལྕགས་རིའི་ནང་ངོས་ནས་བཟུང་སྟེ་ཤོ་གུ་ལ་ལྟ་བུའི་ཁང་པ་གྲུ་བཞི་བ་གཅིག་གི་གོ་ཆོད་པ་བྱས་ནས་དབུས་སུ་སྲོག་ཤིང་དང་བཅས་པའི་མདའ་དར་རམ་ནམ་མཁའ་འཛུག་ལ། ཁ་ཅིག་ཕྱི་ནང་གཉིས་བྱས་པའི་ནང་མ་མཐོ་བ་ཁང་བརྩེགས་གྱི་ཚུལ་དུ་བྱས་ནས་སྔར་ལྟར་འཛུག་པ་དང་། ལ་ལ་ནི་སྐུད་པ་ལས་གུར་དང་ཁང་བརྩེགས་ལྟ་བུ་དང་། གཞན་དག་ནང་གི་དར་མའི་སྟེང་དུད་དཀར་དང་ཤོ་གུ་ལས་གུར་ཆུང་བྱེད་པ་སོགས་དུ་མ་མཐོང་ངོ་། །དེ་དག་གང་བྱས་ཀྱང་འགལ་བ་ཆེར་མེད་མོད་འོན་ཀྱང་དབུས་ཀྱི་དར་མིའི་མཐའ་ནས་སོར་བཞི་རེ་ཙམ་སོང་བཞི་ཕྱོགས་བཞིར་སྙུག་མ་སོགས་ཕྱི་མ་ལས་མཐོ་བར་བཙུགས་ཏེ། ཕྱོགས་བཞི་ནས་བརྟན་པའི་ཐབས་བྱས་པའི་སྟེང་དུ་དར་དཀར་དང་ཤོག་དཀར་གྱི་གུར་གྲུ་བཞི་དབུས་མཐོ་ལ་སྔར་ལྟར་མདའ་དར་སོགས་བཙུགས་ན་ལེགས་སམ་སྙམ་སྟེ་ལག་ལེན་མི་འདྲ་བས་རང་གིས་ཀྱང་དཔྱད་པར་བྱའོ། །གཉིས་པ་དངོས་གཞི་ལ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པར་གྱུར། ཚོགས་ཞིང་དང་བདག་བསྐྱེད་ཀྱི་མཆོད་པ་དང་ལྷན་ཅིག་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཨ་མྲྀ་ཏ་ནས། ཧཱུྃ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟ་ཨཱཿཧཱུྃ་གི་བར་སྦྱར་ཏེ་བྱིན་གྱིས་བརླབས་ལ། རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ནས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ན་མོ་ཨཱཪྱ་ཏཱ་རེ་མཎྜལ་བྷྱཿༀ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་ནས་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ་མོ། །དེ་ནས་བདག་མདུན་གཉིས་ལ་ལྷ་དྲུག་བསྐྱེད་དང་ཆོ་ག་གསུམ་བསྐྱེད་གང་བྱས་ཀྱང་རུང་ཞིང་། མདོས་ཆོ་ག་སྔ་མ་དག་ལས་ལྷ་དྲུག་བསྐྱེད་མཛད་དོ། །འདིར་འཇུག་པ་བདེ་ཆེད་ཆོ་ག་གསུམ་བསྐྱེད་བྱ་སྟེ། དེ་ནི། ༀ་སྭ་བྷཱ་ཝས་སྦྱངས། སྟོང་བའི་དང་ལས་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེའི་སྟེང་དུ་ཏཱཾ་ཡིག་ལྗང་སྔོན་ཡོངས་སུ་གྱུར་པ་ལས་ཨུཏྤ ལ་སྔོན་པོ་ཏཱ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་མཛད་པའི་ཕྱག་གཉིས་ཨུཏྤལ་སྔོན་པོས་མཚན་པ་ཞི་ཞིང་འཛུམས། སྒེག་པའི་ཉམས་ཅན། མཛེས་ཤིང་ཡིད་འཕྲོག་པར་བྱེད་པ། དབུ་སྐྲ་རལ་བ་ཕྱེད་ཐོར་ཅོག་གི་ཚུལ་དུ་བཅིངས་ཤིང་། །ལྷག་མ་ལན་བུར་འཕྱང་བ། རིན་པོ་ཆེའི་དབུ་རྒྱན། མགུལ་རྒྱན། སྙན་རྒྱན་དོ་ཤལ་ལ་སོགས་པ་རིན་ཆེན་རྒྱན་སྣ་ཚོགས་པས་སྤྲས་ཤིང་། དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་ཕྱེད་སྐྱིལ་གྱི་ཚུལ་དུ་གཞུགས་པ། འདིའི་ཆོ་ག་སྔ་མ་རྣམས་ལས་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ་ཞེས་འབྱུང་ཡང་། གསང་འདུས་སོགས་གཞུང་གཞན་ནས་ལྷ་མོ་ལ་དབུའི་གཙུག་ཏོར་དང་འདོམས་ཀྱི་སྦ་བ་སྦུབས་སུ་རུང་བའི་མཚན་སོགས་འགའ་རེ་མེད་པར་བཤད་པས་བརྟག་དགོས་པར་སྣང་ངོ་། །རང་གི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པོ་ཏ་ལ་དང་གཡུ་ལོ་བཀོད་པ་ལ་སོགས་པའི་ཞིང་ཁམས་ནས་རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། པོ་ཏ་ལ་ཡི་གནས་མཆོག་ཞེས་པ་ནས། འགྲོ་བའི་དོན་དུ་གཤེགས་སུ་གསོལ། །ༀ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། །ༀ་པཉྩ་སཱུ་ལ་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཧཱའི་བར་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཤྲཱི་ཨེ་ཧཱུྃ་ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར་བས་ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་ༀ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀའི་ཏཱཾ་ཡིག་གི་མཐར་སྔགས་འཕྲེང་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སོགས་ཀྱི་སྡུག་བསྔལ་ཞི་བར་བྱས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་འོད་ཀྱི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ ཧཱ། ཞེས་ཡི་གེ་བཅུ་བ་གང་མང་བཟླ། མཐར་ཡིག་བརྒྱ་བརྗོད་དེ། །སྔར་བཞིན་མཆོད་ལ། བདག་གི་ཚེ་རབས་སྔོན་ནས་ཞེས་སོགས་ཀྱིས་བསྟོད། དགེ་བ་འདི་ཡི་མྱུར་དུ་བདག །ཅེས་སོགས་ཀྱིས་སྨོན་ལམ་གདབ་བོ།། །།དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་རྣམས་སྔར་བཞིན་བསངས་སྦྱངས། བསྐྱེད་ཅིང་བྱིན་གྱིས་བརླབ་པ་ཡིན་ལ། འོན་ཀྱང་འདིར་ཤཔྟའི་རྗེས་སུ་རཱུ་བ་སོགས་འདོད་ཡོན་ལྔ་ཡང་བསྐྱེད་ཅིང་བྱིན་བརླབ་བྱའོ། །དེ་ནས་མདུན་གྱི་རྟེན་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སཱ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་བཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། ཞེས་པ་ནས། མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ལ་སོགས་པའི་རང་གཞིན་གྱི་གནས་ནས་རྗེ་བཙུན་སྒྲོལ་མ་ལ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མ་ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་བོའི་ཚོགས་དང་བཅས་པས་བསྐོར་བ་སྤྱན་དྲངས། འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །རྨད་བྱུང་ཐུགས་རྗེའི་གྲུ་གཟིངས་ཀྱིས། །སྒྲོལ་བའི་ཐུགས་བསྐྱེད་དམ་བཅས་པ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །པོ་ཏ་ལ་ཡི་གནས་ནས་དོན་དུ་གཤེགས་སུ་གསོལ། །བླ་མ་ཡི་དམ་མཆོག་གསུམ་དང་། །བསྟན་སྲུང་སྡེ་བརྒྱད་རིགས་དྲུག་མགོན། །གདོན་བགེགས་འབྱུང་པོ་རྦད་འདྲེ་སོགས། །མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ། །ༀ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི་ནས་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ནས་རྗེ་བཙུན་མ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་བར་བསམས། མཆོད་པ་ནི། རབ་འབྱམས་ཞིང་ན་ཡོད་པའི་མཆོད་ཚོགས་དང་། །བདག་གིས་གུས་པས་བཤམས་པའི་མཆོད་ཡོན་འདི། །རྗེ་བཙུན་སྒྲོལ་མ་འཁོར་དང་བཅས་པ་ལ། །འབུལ་ལོ་བཞེས་ནས་དངོས་གྲུབ་མ་ལུས་སྩོལ། །ༀ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། ནས་དེ་བཞིན་སྦྱར་ཏེ་ཤཔྟའི་བར་དང་གཟུགས་མཆོད་སོགས་དད་རཱུ་བ་ནས་སྦཪྴའི་བར་གྱིས་མཆོད་ལ། ལྷ་དང་ལྷ་མིན་སོགས་དང་། ༀ་རྗེ་བཙུན་མ། ནས་ཕྱག་འཚལ་པ་ནི་ཉི་ཤུ་རྩ་གཅིག །ཅེས་ཉེར་གཅིག་བརྗོད་དེ་སྔགས་ཅི་སྒྲུབ་དང་གྲུབ་ན་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་མང་འདོན་ཅིང་སླར་སྔར་བཞིན་སྔགས་ཙམ་གྱིས་མཆོད་པའམ། ཡང་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། ཕྱོགས་བཅུ་དུས་གསུམ་ཞེས་སོགས་ཡན་ལག་བདུན་པ་བྱས་ཀྱང་རུང་། དེ་ནས་གཏོར་མ་ཆ་བཞི་ལ་ཆབ་བྲན་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོང་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་གཏོར་མ་དང་པོ་ༀ་གུ་རུ་མཱུཿལ་མཱུ་ལ་ཨ་ཀཱ་རོ་ཞེས་སོགས་ལན་གསུམ་གྱིས་བླ་མ་དང་། གཉིས་པ། ༀ་ཏྲི་རཏྣ་ཨ་ཀཱ་རོ་གསུམ་གྱིས་དཀོན་མཆོག་གསུམ་དང་། གསུམ་པ། ༀ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝ་ར་ཨ་ཀཱ་རོ་གསུམ་གྱིས་སྒྲོལ་མ་འཁོར་བཅས་དང་། བཞི་བ། ༀ་ཤྲཱི་དྷརྨཱཿཔཱ་ལ་ས་བཱ་རི་ཝ་ར་ཨ་ཀཱ་རོ་གསུམ་གྱིས་ཆོས་སྐྱོང་སྤྱི་ལ་འབུལ། ཡང་ན་རང་རང་གི་གཏོར་འབུལ་བཞིན་བྱས་ཀྱང་ཆོག་གོ །དེ་ནས་ༀ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་ཅེས་སོགས་ཀྱིས་མཆོད་དེ། འདི་ལྟར། ༀ་འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ནས༴ ཀུན་ནས་དང་བས་ཕྱག་བགྱིའོ། ཁྱེད་ཀྱིས་བར་ཆད་རིམས་ནད་འབྱུང་བོའི་གདོན། །དུས་མིན་འཆི་དང་རྨི་ལྟས་མཚན་མ་ངན། །འཇིགས་ཆེན་སྡུག་བསྔལ་བརྒྱད་སོགས་ཉེར་འཚེ་ཀུན། །མྱུར་དུ་ཞི་ཞིང་སྲུང་བར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །ནས་འགྲུབ་པར་མཛད་དུ་གསོལ། །ལྷ་མོ་ལ་གུས་ཡང་དག་ལྡན་པས། །ནས་སོ་སོར་འཇོམས་གྱུར་ཅིག །ཅེས་གསོལ་གདབ་བྱའོ། །དེ་ནས་མདོས་གཏོར་མཆོད་པ་སོགས་བྱིན་གྱིས་བརླབ་པ་ནི། །ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གྲུབ་བའི་ཁང་བཟང་ལྕགས་རིས་བསྐོར་བ། དབུས་སུ་ཡོན་བདག་འཁོར་བཅས་རྣམས་ཀྱི་གླུད་ངར་མི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ། མཛེས་ཤིང་ཡིད་དུ་འོང་བ་དང་། ནམ་མཁའ་རྒྱང་བུ་མདའ་ཁྲ་ཕང་ཁྲ་ཕོ་གདོང་མོ་གདོང་གཏོར་མ་རིན་ཆེན་འབྲུ་སྨན་སོགས་འདོད་རྒུའི་ཡོ་བྱད་བཟང་ཞིང་གྱ་ནོམ་པ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། ༀ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟ་ཨཱཿཧཱུྃ། ༀ་སྭ་བྷཱ་ཝ་བི་ཤུངྔྷེ་ངྷ རྨཱཿ ཞེས་སོགས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། བདག་གི་བསམ་པའི་ནས་འབྱུང་གྱུར་ཅིག །དེ་ནས་གཏོར་མ་ཆ་དྲུག་གི་དང་པོ་ཕྱོགས་སྐྱོང་ལ་འབུལ་བ་ནི། ༀ་རུ་ཏྲ་ཡེ། ༀ་ཤ་ཏ་ས་ཧ་སྲ་ཨ་ཀྵི་ཡེ། ༀ་ཨཀྞི་ཡེ། ༀ་ཡ་མ་ཡེ། ༀ་ནི་རེ་ཏེ་ཡེ། ༀ་ཝ་རུ་ཎ་ཡེ། ༀ་བ་ཡེ་བཻ་ཡེ། ཨུངྔྷཾ་བྲ་ཧྨ་ཎ་ཡེ། སུ་ཪྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་ངྷི་བ་ཏ་ཡེ། ༀ་ཨདྷ་བྲ་ཐི་ཡི་བྷྱཿ ཨ་སུ་རེ་བྷྱཿནཱ་གེ་བྷྱཿས་བཱ་རི་ཝ་ར་བྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤཔྟའི་བར་དང། ༀ་རུ་ཏྲ་ཡེ་ནས་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ བི་ཤྭ་ནས་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ་བསྡུ་ན་ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཞེས་སོགས་ཀྱིས་འབུལ། །ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་གདོན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་བོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་བཅས་ལ། །སོ་སོ་སོ་སོར་གཏོར་མ་འབུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་དང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛད། གཏོར་མ་གཉིས་པ་གཞི་བདག་ལ་འབུལ་བ་ནི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ་ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ས་ཡི་ལྷ་མོ་བརྟན་མ་སོགས། །སྟོང་གསུམ་གཞི་བདག་ཚོགས་རྣམས་དང་། །ཚེ་རིང་མཆེད་ལྔ་བསྟན་མར་བཅས། །གངས་ཅན་གནས་པ་ཐམས་ཅད་དང་། ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །ལས་དང་བྱ་བ་ཅི་བྱས་ཀྱང་། །ཀོ་ལོང་ཕྲག་དོག་མ་མཛད་པར། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་མཛོད། །བདག་གི་བསམ་པའི་ཞེས་སོགས་བརྗོད། གཏོར་མ་གསུམ་པ་སྡེ་བརྒྱད་སྤྱི་ལ་འབུལ་བ་ནི། ༀ་དེ་བ། ནཱ་ག །ཡཀྵ། གནྡྷ་རྦ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག །མ་ནུ་ཥ། ཨ་མ་ནུ་ཥ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་དང་། ༀ་དེ་བ། ནཱ་ག་ནས་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོཿནས་བ་ལིཾ་ཏ་སྭཱཧཱ། ལན་གསུམ། དཀོན་མཆོག་གསུམ་དང་ཡི་དམ་ལྷ། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས། །ལྷ་ཀླུ་ལྷ་མིན་དྲི་ཟ་དང་། །མཁའ་ལྡིང་སྲུལ་པོ་ལུས་སྲུལ་པོ། །གྲུལ་བུམ་སྐྱོ་བྱེད་བརྗེད་བྱེད་དང་། །གནོད་སྦྱིན་གཤིན་རྗེ་སྲིན་པོ་དང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱི། །གནོད་འཚེའི་བསམ་སྦྱོར་ཀུན་ཞི་ཞིང་། །འདོད་པའི་དོན་རྣམས་སྒྲུབ་པར་ཤོག །གཏོར་མ་བཞི་པ་སྒོས་སུ་གདོན་བགེགས་ལ་བ སྔོ་བ་ནི། ༀ་གུང་ཀ་རི་གུང་ཀ་རི་སྭཱཧཱ། ༀ་པི་ཙི་བི་ཙི་སྭཱ་ཧཱ། ༀ་གུང་གུང་སྭཱ་ཧཱ། ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ་ནས་ཤཔྟའི་བར་དང་། ༀ་གུང་ཀ་རི་ནས་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་ནས་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ། ན་མོ། བླ་མ་ཡི་དམ་དཀོན་མཆོག་གསུམ། །རྗེ་བཙུན་སྒྲོལ་མའི་བྱིན་རླབས་དང་། །གསང་སྔགས་རིགས་སྔགས་གཟུངས་སྔགས་དང་། །རྟེན་འབྲེལ་སླུ་མེད་བདེན་བྱིན་གྱིས། །གང་ཞིག་སྦྱིན་བདག་འཁོར་བཅས་ལ། །གནོད་པའི་གདོན་བགེགས་ཚོགས་རྣམས་དང་། །འབྱུང་བོ་ཡི་དྭགས་ཤ་ཟ་དང་། །ཀླུ་གཉན་ས་བདག་རྒྱལ་པོ་དང་། མ་མོ་བདུད་བཙུན་འགོང་བོ་སོགས། །ཇི་སྙེད་མཆིས་ཤིང་རྒྱུ་བ་ཡི། །གནོད་བྱེད་གདོན་གྱི་རིགས་རྣམས་ལ། །འདོད་རྒུའི་དམ་རྫས་འདི་སྟེར་ཞིང་། །བསླུ་མེད་བདེན་པའི་ཆོས་འཆད་ཀྱིས། །རྦད་འདྲེ་རྦོད་གཏོར་ཕུར་ཁ་དང་། །མིག་ནད་ཕྱུགས་ནད་གོད་ཁ་ངན། གདོན་དང་བགེགས་ཀྱི་གནོད་པ་དང་། །དུས་མིན་འཆི་དང་སྒོ་གསུམ་གྱི། །སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག །གཏོར་མ་ལྔ་པ་རིགས་དྲུག་གི་མགྲོན་ལ་བསྔོ་བ་ནི། ན་མཿསརྦ་ཏ་ཐཱ་ག་ཏ་ནས་སམྦྷ་ར་ཧཱུྃ་ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །འགྲོ་བ་རིགས་དྲུག་ལམ་བརྒྱུད་ལྔ། །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །རིགས་དྲུག་འགྲོ་བའི་ཚོགས་ལ་འབུལ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །རིག་དྲུག་སྡུག་བསྔལ་ལས་གྲོལ་ཞིང་། །ངེས་འབྱུང་བྱང་ཆུབ་སེམས་ཉིད་དང་། །ཡང་དག་ལྟ་བས་རྒྱུད་ཕྱུག་སྟེ། །ཕ་རོལ་ཕྱིན་དྲུག་ཡོངས་རྫོགས་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །གཏོར་མ་དྲུག་པ་ལན་ཆགས་གྱི་མགྲོན་ལ་བསྔོ་བ་ནི། ན་མཿསརྦ་ནས་སམྦྷ་ར་ཧཱུྃ་ལན་གསུམ། ཕུན་ཚོགས༴ །བདུད་རྩི༴ །ཐོག་མ་མེད་ནས་ད་ལྟའི་བར། །བསད་དང་བཅིངས་དང་བརྡེག་པ་དང་། །འཕྲོག་དང་བརྐུས་ལ་སོགས་པ་ཡི། །ལན་ཆགས་ཤ་འཁོན་གཉེར་བ་དང་། །བུ་ལོན་ཆགས་པ་རྣམས་ལ་བསྔོ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་ཤ་འཁོན་མ་ལུས་དག །བུ་ལོན་རྣམས་ཀྱང་འཁྱེར་གྱུར་ནས། །རྒྱུར་དུ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་དམ་པ་ཐོབ་བར་ཤོག །བདག་གི་བསམ་པའི་ཞེས་སོགས་ཀྱང་བརྗོད་པར་བྱའོ། །དེ་ནས་རང་ཉིད་སྒྲོལ་མ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་བོ་རྟ་མགྲིན་དམར་པོ་གཡས་དབྱུག་པ་དང་གཡོན་སྡིགས་མཛུབ་མཛད་པ་ཅན་དུ་གྱུར། །ཧཱུྃ་ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །མཐུ་སྟོབས་ནུས་པའི་བདག་ཉིད་ཆེ། །དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས། །འདིར་ནི་བཅོལ་བའི་འཕྲིན་ལས་མཛོད། །མཆོད་སྦྱིན་ཆེན་པོ་གླུད་དང་བཅས། །ཡོན་བདག་གླུད་དུ་ཁྱོད་ལ་འབུལ། །འདི་ལ་གནོད་པ་མ་མཛད་ཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་པོ། །སྔགས་འཆང་བདག་གི་བཀའ་ཉོན་ལ། །གཞན་གྱིས་རྦད་པར་མ་ཉན་ཅིག །གདོན་བགེགས་ཆེན་པོ་ཐམས་ཅད་ཀྱང་། །བསམ་སྦྱོར་ངན་པ་ཞི་བར་གྱིས། ཁྱེད་རྣམས་དགྱེས་པའི་གཏོར་མ་དང་། །སྲོག་ཆགས་ནོར་གླུད་མང་པོ་དང་། །ལ་རྫས་ལུང་རྫས་འདོད་རྒུར་བཅས། །ཡིད་འོང་ཁང་བ་སྤེའུ་ཞོལ་དང་། །དར་གྱི་གུར་ཕུབ་ལྡི་རི་རི། །འབྲུ་ཚོམ་དགུ་ཡི་ཁྲི་ལ་བཞག །ངར་གླུད་རྒྱུན་ཅན་སྣ་ཚོགས་དང་། །ཡིད་འོང་རྟ་ཡི་ཚོགས་མགྱོགས་ལ། །འབྲུ་ཡི་ངར་མི་ཆེན་པོ་བསྐྱོན། །ལུས་ལ་གསེར་གཡུའི་རྒྱན་ཆ་བཏགས། །རྒྱན་ཆ་ཡིད་འོང་སི་ལི་ལི། །དར་གྱི་གོས་གྱོན་ལྷུབས་སེ་ལྷུབས། །སྨྲ་བ་མཁས་དང་འཛུམ་མདངས་ཅན། །འོག་ན་རྟ་ཞོན་ཞུངས་སེ་ཞུངས། །མགོ་ལ་ཐོད་བཅིངས་པུ་རུ་རུ། །རྩེད་འཇོ་སྣ་ཚོགས་བསྒྱུར་ལ་མཁས། །གཡུ་མི་ལྷམ་ཆུང་ཟུ་ལུ་ལུ། །ག སེར་གྱི་སྐ་རགས་ཁྱུག་སེ་ཁྱུག །ནམ་རྒྱང་ལྡེམ་པ་སྐུ་ལ་བརྒྱན། །ཕོ་གདོང་མོ་གདོང་མི་སྐད་སྨྲ། །མངའ་རིགས་འདོད་རྒུར་ཚར་བ་རྣམས། །ཡོན་བདག་གླུད་དུ་ཁྱེད་ལ་བུལ། །ཡིད་འོང་ནོར་ནི་མང་པོ་དང་། །ཞལ་ཟས་ཞིམ་དགུ་མངར་དགུ་དང་། །འཁོར་གཡོག་དར་མི་སུམ་ཅུ་དང་། །སྨན་སྤོས་སྒྲོན་མེ་གསལ་བ་རྣམས། ཁྱེད་ལ་མཆོད་པར་འབུལ་ལགས་ཀྱི། །སྟགས་པ་ཕུར་བུ་བསྒྲིལ་བ་དང་། །ཡུངས་ཀར་ཐུན་གྱིས་བྲབ་པ་དང་། །ཟོར་ཁ་སྣ་ཚོགས་འཕེན་པ་དང་། །གཏད་གནོན་སྦྱོར་བ་བྱེད་པ་རྣམས། །དེ་དག་ནུས་པ་ཕྱིར་ཟློག་ཅིག །བོན་པོ་རྔ་གཤང་བརྡུང་བ་དང་། །སྔོ་དམར་འུར་རྡོ་འཕེན་པ་དང་། །བཙོ་དམར་འཕེན་པར་བྱེད་པ་ཟློག །དྲག་སྔགས་ཕྲ་མེན་གནོད་པ་དང་། །སྡེ་བརྒྱད་དྲག་པོ་བསྐུལ་བ་རྣམས། །དེ་དག་ནུས་པ་ཕྱིར་ཟློག་ཅིག །ཆོས་སྐྱོང་ལྷ་འདྲེ་ཐམས་ཅད་ཀྱང་། །ལ་ལ་དཀོར་ཆའི་ཤུལ་དུ་འབྲང་། །ལ་ལ་མནའ་ཟན་གཤེད་དུ་འོང་། །ལ་ལ་སྔགས་པས་དྲག་པོར་རྦད། །ལ་ལ་བདེན་པའི་རྒྱུ་འབྲས་སྟོན། །ལ་ལ་རིམ་ནད་དལ་ཡམས་གཏོང་། །འགའ་ཞིག་སད་དང་སེར་བ་གཏོང་། །ཆར་མི་འབབ་དང་ལོ་ཉེས་བྱེད། །ལན་ཆགས་བུ་ལོན་འདེད་པ་དང་། །ཉེ་འབྲེལ་གྲོགས་ཀྱི་ཤུལ་དུ་འབྲང་། །མཛེ་ནད་གཏོང་བའི་ཀླུ་རྣམས་དང་། །གནོད་བྱས་ལན་ལྡོན་ཀླུ་རྣམས་དང་། །ཤ་ཁྲག་སྲོག་དབུགས་ཟ་བ་དང་། །འབྲས་བུ་ལོ་ཏོག་ཟ་བ་དང་། །ངར་སྣབས་མི་གཙང་ཟ་བ་དང་། །འབྱུང་བའི་ལྷ་དང་ས་བདག་དང་། །ལོ་དང་སྦར་ཁར་སྨེ་བར་བཅས། ཀུན་ཀྱང་གླུད་ཀྱིས་མཉེས་གྱུར་ཅིག །གནོད་འགལ་ན་བ་ཞི་བར་མཛོད། །བུ་ལོན་ལན་ཆགས་དག་ཞལ་ལོ། །བདག་ཅག་ལོངས་སྤྱོད་འཕེལ་བར་མཛོད། །རྐྱེན་ངན་བར་གཅོད་ཕྱིར་ཟློག་ཅིག །རྦོད་གཏོང་ནུས་པ་བཟློག་ཏུ་གསོལ། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྱམས་པའི་སེམས་ཀྱིས་མཆོད་སྦྱིན་བགྱི། །སྙིང་རྗེའི་སྟོབས་ཀྱིས་དམ་ཆོས་བཤད། ཁྱོད་ཀྱང་མ་རིག་འཁོར་བར་འཁྱམས། །ད་ནི་བྱམས་སེམས་ལྡན་པར་གྱིས། །རང་རང་ལུས་ལ་དཔེ་ལོང་ལ། །གཞན་གྱི་ལུས་ལ་གནོད་མ་བྱེད། །སྡིག་སྦྱོང་ཐར་པའི་ལམ་ལ་སྙེགས། །ནད་དང་དལ་ཡམས་བཟློག་ཏུ་གསོལ། །ཚེ་དང་དབང་ཐང་ལོངས་སྤྱོད་དང་། །ལོ་ཏོག་ཆར་ཆུ་རྒྱས་པར་མཛོད། །གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ༴ །བཞི་བརྒྱ་རྩ་བཞི་ནད་རྣམས་ཟློག །སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས༴ །ཡས་བདུད་གཡོས་དང་མས་སྲི་ལངས། །ཕ་ཆེན་རྒྱ་འདྲེ་ཐམས་ཅད་དང་། །མ་སྲུའི་བྱུར་འདྲ་ཐམས་ཅད༴ །ལོ་ཟླ་ཞག་དུས་ངན་པ་ཟློག །ཕུང་འདྲེ་ཐམས་ཅད་བཟློག་ཏུ་གསོལ། །སྲིད་ལ་བརྐུ་བ་བཟློག་ཏུ་གསོལ། །བྱིས་པའི་གདོན་རྣམས་ཞི་བར་མཛོད། །མི་ཁ་ཁ་མཆུ་མ་གཏོང་ཞིག །གཞན་གྱི་གཡུལ་ངོ་ཞི་བར་གྱིས། །བདག་གི་དམག་ཐབས་ལེགས་པར་མཛད། །མྱོས་ཤིང་འཐིབས་པ་བསལ་བ་དང་། །ཉིན་གཅིག་ཉིན་གཉིས་ཉིན་གསུམ་པ། །རིམས་ནད་ཐམས་ཅད་ཞི་བར་མཛོད། །ཉམ་ང་འཚེ་བ་བཟློག་ཏུ་གསོལ། །ཡུར་ཕྱོགས་དགེ་བར་མཛད་དུ་གསོལ། །དམ་ཆོས་རྒྱས་པར་མཛད་དུ་གསོལ། །འཐབ་རྩོད་ཞི་བར་མཛད་དུ་གསོལ། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །བཀྲ་ཤིས་རི་བོ་བཞིན་དུ་བརྟན་པ་དང་། །བསོད་ནམས་ཉི་འོད་བཞིན་དུ་འབར་བར་ཤོག །མི་ཕྱེད་མི་གཞིག་ཀུན་གྱི་དངོས་གྲུབ་སྩོལ། །ཚར་ལན་འགའ་གཏོང་ན་མཆོད་པ་ཁ་གསོལ་ཏེ་བྱིན་གྱིས་བརླབས་ལ་ཕྱག་འཚལ་ཉེར་གཅིག་ནས་འདིའི་བར་སྔར་ལྟར་བྱའོ། །དེ་ནས་མདོས་འཕེན་པ་ལ། པཎ་ཆེན་ཀྱི་མདོས་ཆོག་ལས་ཟོར་འཕེན་པའི་ཚུལ་མ་བཤད་ཅིང་། འདིའི་མདོས་ཆོག་ཁ་ཅིག་ཏུ་གཏོར་ཟོར་འཕེན་པར་བཤད་ཀྱང་འཕེན་ཚུལ་མི་གསལ། འདིའི་མདོས་ཆོག་ལ་ལར་རྙིང་ལུགས་གྱི་རྒྱས་བཀབ་སྟེ། གཏོར་ཟོར། ཚེ་ཟོར། ཡུངས་ཟོར། ཀོང་ཟོར། ཁྲག་ཟོར། མདའ་ཟོར་རྣམས་ཀྱང་འཕེན་པར་བཤད་དེ། རྐྱེན་སེམས་ཙམ་ལ་དེ་དག་མི་རུང་བ་མི་སྣང་སྟེ་བརྟག །འདི་ལུགས་ཀྱི་ཟོར་འཕེན་ན་གཏོར་ཟོར་ཆེ་ཆུང་ཅི་འདོད་པ་བཞིན་བྱས་ཏེ། ཨ་མྲྀ་ཏས་བསངས་སྭབྷཱ་ཝས་སྦྱངས་སྟོང་བའི་ངང་ལས་ཟོར་གནམ་ལྕགས་ཀྱི་ཐོག་ཟོར་མེ་རབ་ཏུ་འབར་བར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རྒྱལ་བ་ཞི་ཁྲོ་ལྷ་སྲིན་སྡེ་བརྒྱད་ཀྱི་ནུས་མཐུ་ཐམས་ཅད་ཟོར་གྱི་རྣམ་པར་བཀུག་ནས་གཏོར་ཟོར་བ་ཐིམ་པར་གྱུར། ཞེས་པ་ལན་གསུམ་མམ་གཅིག་བྱའོ། །དེ་ནས་མདོས་སྣ་འཁྲིད་མཁན་དང་། གསེར་སྐྱེམས། རོལ་མོ་མདོས་རྒྱབ་པ་དང་བཅས་ཏེ་མདོས་འཕེན་པའི་སར་ཕྱིན་ཏེ་རང་རྟ་མགྲིན་གྱི་ང་རྒྱལ་དང་ལྡན་པས་འདི་ལྟར། །། ཧྲིཿ ང་ནི་ཁྲག་འཐུང་རྟ་མཆོག་དཔལ། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །ཉོན་ཅིག་ལྷ་སྲིན་སྡེ་བརྒྱད་ཚོགས། །འདོད་དགུའི་ཆར་གྱིས་ཚིམ་གྱིས་ཏེ། །རང་རང་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་ལྷོད། །གནོད་འཚེའི་བསམ་སྦྱོར་རྒྱུན་ཆོད་ལ། །འདོད་པའི་དོན་རྣམས་ཡིད་བཞིན་སྒྲུབས། །མཆོད་སྦྱིན་རྟེན་འབྲེལ་ཐབས་མ་བསླུ། །གལ་ཏེ་བཀའ་ལས་འདས་བྱེད་ན། །རབ་འཇིགས་ཁོ་བོའི་ཚོགས་སྦྲོས་ཏེ། །མི་བཟད་མཚོན་ཆའི་ཆར་ཆེན་གྱིས། །བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་དང་ཡང་ན། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཆོས་སྐྱོང་སྡེ་བརྒྱད་འཁོར་བཅས་ཀྱིས། །མདོས་ཟོར་འདི་ཡི་སྣ་དྲོངས་ལ། །གཞན་གྱི་བསམ་སྦྱོར་ཞེས་པ་ནས། ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །ཞེས་པའི་འཇུག་དུ་རྡོ་རྗེ་སློབ་དཔོན་གྱིས་རྟ་མགྲིན་གྱི་སྔགས། ༀ་ཧྲཱིཿཔདྨནྟ་གྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྗོད་དེ། གཏོར་ཟོར་འཕེན་ལ། ཟོར་གཞན་རྣམས་ཀྱང་འདོད་ན་དེ་བཞིན་བྱས་ནས་འཕེན་དུ་རུང་རོ། །དེ་ནས་རྟ་མགྲིན་གྱི་སྔགས་དང་སུམྦྷ་ནིའི་སྔགས་བརྗོད་ནས་འཚམས་བཅད་ལ། རྡོ་རྗེའི་གུར་བསྒོམས་ཤིང་ནང་དུ་འོངས་ནས། བཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ནས་སྔར་བཞིན་བྱས་ཏེ། བསྟོད་ནས་ཡིག་བརྒྱའི་མཐར་ན་རྙེད་ཅེས་སོགས་ཀྱིས་བཟོད་གསོལ་བྱས་ཏེ། །ཡེ་ཤེས་པ་ལ་འདི་ནི་རྟེན་དང་ལྷན་ཅིག་ཏུ་ཞེས་སོགས་ཀྱིས་བརྟན་བཞུགས་དང་། བཛྲ་མུཿ འཇིག་རྟེན་པ་རྣམས་རང་རང་སོ་སོའི་གནས་སུ་གཤེགས་པར་གྱུར། །ཅེས་བརྗོད་ལ་བསྔོ་སྨོན་དང་ཤིས་བརྗོད་བྱའོ། །གལ་ཏེ་རྟེན་མ་རྙེད་ན་ཚོམ་བུ་བཀོད་དེ་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ་མོ། །དེ་ལྟར་བྱས་པའི་ཕན་ཡོན་ནི། འདོད་དགུ་ཐམས་ཅད་འདི་ཡིས་འབྱུང་། །ངན་དགུ་ཐམས་ཅད་འདི་ཡིས་བཟློག །ཅེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་ཞེས་གྲགས་པ་ལྟར་རོ། །ཞེས་པ་འདི་ནི། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རྗེ་བཙུན་མའི་འཕྲིན་ལས་སྤེེལ་བ་དང་། གཞན་ལའང་ཕན་སྲིད་སྙམ་པའི་འདུན་པས་དམ་པ་སྔ་མ་འགས་མཛད་པའི་མདོས་ཆོག་རྣམས་ལ་བརྟགས་ཏེ་མཐོང་བརྒྱད་གྱི་ཕྱག་ལེན་བཞིན་དོགས་གཅོད་དང་བཅས་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པའི་པར་ཀྱི་ཡིག་གེ་པ་ནི་དགེ་སློང་ངག་དབང་བཀྲ་ཤིས་སོ།། །།


previousསྒྲོལ་མདོས་བར་གཅོད་ཀུན་སེལ།next