Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ།
   


 
previousབློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ།next

བློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ།

བློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ་ཞེས་བྱ་བ་བཞུགས།

རིང་ནས་གོམས་པའི་ཐུགས་བསྐྱེད་དྲོད་གཤེར་གྱིས། །ཉེ་བར་བསྐྱངས་པའི་ལམ་བཟང་གསེར་སྒོང་དབུས། །ལེགས་འཐོན་སྤངས་རྟོགས་གཤོག་རྩལ་ཡོངས་རྫོགས་པ། །ཟླ་མེད་སྟོན་པ་ནམ་མཁའ་ལྡིང་ཁྱོད་རྒྱལ། །རྟག་ཏུ་བརྩོན་པའི་རླུང་ཤུགས་ལ་བརྟེན་ནས། །མང་ཐོས་རྣམ་དཔྱོད་འབྲེལ་བའི་འདབ་གཤོག་ཟུང་། །རབ་བརྒྱངས་གཞུང་མང་ཟབ་དོན་ཡངས་པའི་མཁར། །བགྲོད་མཛད་འཕགས་བོད་པཎ་ཆེན་ཚོགས་རྣམས་བསྔགས། །གང་དག་ཕྱོགས་རེའི་ལམ་གྱིས་མི་ཚིམ་པར། །རིས་མེད་མང་ཐོས་དོན་གཉེར་སྐྱེས་བུ་འགའ། །སྤྲོ་བ་བསྐྱེད་པའི་ཐབས་ཞིག་འདིར་བརྗོད་ཀྱི། །གཟུ་བོར་གནས་རྣམས་རྣ་བ་བླགས་ཏེ་ཉོན། །འདི་ལ་གཉིས། ཐོས་པ་འཚོལ་དགོས་པར་སྒྲུབ་པ་དང་། །དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བློ་ལྡན་རྣམས་ཀྱིས་གང་ལ་འཇུག་པར་བྱ་བའི་གཞི་དེ་ལ་མང་དུ་ཡོད་ཀྱང་། གཙོ་བོ་ནི་ཐོས་བསམ་སྒོམ་གསུམ་སྟེ། བསམ་སྒོམ་ཚུལ་བཞིན་དུ་བྱེད་པ་ནི་ཐོས་པ་ལ་རག་ལས་པའི་ཕྱིར་རོ། །དེས་ན་ཐོག་མར་ཐོས་པ་ལ་འཇུག་པ་གལ་ཆེ་བར་ངེས་སོ། །འོ་ན། ཐོས་པ་གལ་ཆེ་བར་ལུང་གང་གིས་འགྲུབ་པར་སྟོན་ཅིག་ཅེ་ན། དེ་ལ་སྒྲུབ་བྱེད་ཀྱི་ལུང་མཐའ་ཡས་པ་ཞིག་ཡོད་ཀྱང་འདིར་ཅུང་ཟད་བརྗོད་པ་ནི། ཐོས་པ་ལ་འཇུག་དགོས་པའི་ཚུལ་ལུང་དུ་མས་འགྲུབ་པ་ཡིན་ཏེ། ཆོས་བཞི་པའི་མདོ་ལས། ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐོས་པ་མང་བ་ཡིན། ཐོས་པ་འཛིན་པ་ཡིན། ཐོས་པ་བསགས་པ་ཡིན། ཞེས་པ་ནས། ཆོས་སྟོན་པ་ལ་བརྩོན་པ་ཡིན་ནོ། །ཞེས་དང་། དེ་ལྟར་ཐོས་པ་འཚོལ་ཞིང་དེ་ལྟར་ཐོས་པ་ཡོངས་སུ་འཚོལ་བ་ན། མཐོང་བའི་ཆོས་ཀྱི་ཤེས་རབ་འཕེལ་བར་བྱེད་ན་འཇིག་རྟེན་ཕ་རོལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། །ཤེས་རབ་དེ་ཡང་ཐོས་པ་ནན་ཏན་དུ་བྱེད་པས་སྒྲུབ་པ་ཡིན་ནོ། །ཞེས་དང་། ཤཱ་རིའི་བུ་གང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དག་ཐོས་པ་མང་པོ་ལ་མངོན་པར་བརྩོན་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བར་མ་ཡིན་པར་རིག་པར་བྱའོ། །ཞེས་དང་། མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བ་ཡིན་ཏེ། ཤཱ་རིའི་བུ་དེ་བས་ན་ཁྱོད་ཀྱིས་མངོན་སུམ་དུ་བྱ་ཞིང་ཁྱོད་ཀྱིས་སོ་སོར་རིག་པར་བྱའོ། །ཞེས་དང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་ནས་ཐོས་པ་མང་པོ་ལ་མངོན་པར་མི་བརྩོན་པ་གང་ཡིན་པ་དེ་ནི་བདུད་སྡིག་ཅན་གྱིས་བྱིན་གྱིས་བརླབས་པ་ཉིད་ཡིན་ནོ། །ཞེས་དང་། འོད་སྲུང་གིས་ཞུས་པ་ལས། མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་མཐོང་ནས་མགོའི་གོས་ལ་མེ་འབར་བ་བཞིན་དུ་ཐོས་པ་འཚོལ་ཞིང་། ཞེས་དང་། ཐེག་པ་ཆེན་པོ་ལ་དད་པའི་མདོ་ལས། མང་དུ་ཐོས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྣོད་སྤྱད་དང་འཚོག་ཆས་དང་ཡོ་བྱད་དོ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཚངས་པ་ཐེག་པ་ཆེན་པོ་གཅེས་སྦྲས་སུ་བྱེད་པའི་ཆོས་གཉིས་ཏེ། །གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁྲོ་བ་མེད་པ་དང་། ཐོས་པ་ཡོངས་སུ་འཚོལ་བ་ལ་ངོམ་མི་ཤེས་པ་སྟེ། འདི་དག་གོ །ཞེས་དང་། བྱང་སེམས་བློ་གྲོས་རྒྱ་མཚོས་ཞུས་པ་ལས། གཅེས་སྤྲས་སུ་བྱེད་པའི་ཆོས་གཉིས་ཏེ། ཐོས་པའི་ནོར་ཀྱིས་མི་ངོམས་པ་དང་། ཐོས་པའི་ཤེས་རབ་ཀྱིས་ངོམས་མི་མྱོང་བའོ། །ཞེས་དང་། གཞན་ཡང་གསུམ་སྟེ། ཐོས་པ་ཡོངས་སུ་འཛིན་པ་དང་། ཚིག་དང་ཡི་གེ་རྣམས་འཛིན་པ་དང་། སྒྲ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་མ་ཆད་པར་ཤེས་པའོ། །ཞེས་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། །ཐོས་པ་ཐམས་ཅད་འཛིན་པ་ནི་ཤེས་རབ་ཀྱི་རྩ་བའོ། །དོན་ལ་རྟོག་པ་ནི་ཤེས་རབ་ཀྱི་ལས་སོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་དཔྱད། །ཞེས་དང་། དཀོན་བརྩེགས་ལས། མང་དུ་ཐོས་པ་རྒྱ་མཚོ་འདྲ། །ཤེས་རབ་མཆོག་ནི་ཐོབ་པས་ན། །དེས་ན་འཆིང་བ་གཅོད་པར་བྱེད། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་ཚུལ་ཁྲིམས་དྲེགས་པས་དེ་རྒྱགས་ཤིང་། མང་དུ་ཐོས་ལ་བརྩོན་པར་མི་བྱེད་ན། །ཚུལ་ཁྲིམས་འབྲས་བུ་མ་ལུས་ཟད་ནས་ནི། །ཕྱིར་ཡང་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། །ཞེས་དང་། དཀོན་བརྩེགས་ལས། བསོད་ནམས་ཀྱིས་བརྒྱན་པའི་ཐོས་པས་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་མཛེས་སོ། །ཐོས་པས་བརྒྱན་པའི་སྤོབས་པ་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །ཞེས་དང་། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་ཐོས་པ་ཡོངས་སུ་འཚོལ་ལོ། །ཞེས་དང་། ཁྱད་པར་དུ་སྟོང་ཉིད་ཟབ་མོ་ལ་ཐོས་བསམ་བྱེད་པ་ནི་ཕན་ཡོན་ལྷག་པར་ཆེ་བ་ཡིན་ཏེ། དེ་ཉིད་ལས། ཐོས་པ་འདི་ནི་སངས་རྒྱས་འབྱུང་བ་དང་འདྲའོ། །ཐོས་པ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་འདྲའོ། །ཐོས་པ་འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་དང་འདྲའོ། །ཞེས་སོགས་དུ་མ་གསུངས་པ་རྣམས་ཤེས་དགོས་པ་དང་། གཞན་ཡང་། ཐོས་པའི་ཚོམས་ལས། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་པ་དང་། མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་མི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། ཐོས་པ་མང་ཞིང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་མཉམ་བཞག་པ། །དེ་དག་སུས་ཀྱང་སྨད་འོས་མིན། །ཞེས་དང་། སྐྱེས་ར བས་ལས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤེས་ཀྱང་དེ་ཉིད་ཉོ་བའི་རིགས། །ཐོས་པས་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་དུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་དང་། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་དང་། སྲེད་མེད་ཀྱི་བུས་ཞུས་པ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བར་འགྱུར་རོ། །ཞེས་དང་ཡུམ་གྱི་མདོ་ལས། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེར་མངོན་པར་མི་ཞེན་པ་དང་། ཞེས་དང་། འདུལ་བ་ལས། ཐོས་མང་ཐོས་ལྡན་ཐོས་སྲུང་མཐོ་རིས་ཉིད། །ཅེས་དང་། མང་དུ་ཐོས་པ་མཐོང་བ་བདེ། །ཞེས་སོགས་མང་དུ་གསུངས་ཤིང་། རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་ལས། ཐོས་པས་མི་ངོམས་ཉིད་དང་ནི། །ཞེས་དང་། མདོ་སྡེའི་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་གོམས་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་དང་། ཡང་བྱམས་པས། ཤེས་རབ་མཆོད་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཞེས་དང་། །མགོན་པོ་ཀླུ་སྒྲུབ་ཀྱིས། སྐྲ་དཀར་གཉེར་མ་ལྷག་དུས་སུའང་། །ཐོས་པ་བསགས་པར་བྱ་བ་སྟེ། །གང་དུ་ཐོས་པ་འགྲོ་འགྱུར་བ། །དེར་ནི་ཕུང་བོ་འགྲོར་མི་འགྱུར། །ཞེས་དང་། རྒྱན་བདུན་དགྲོལ་བ་ལས། དང་པོ་ཉན་པའི་ཤེས་རབ་ཀྱིས། །ཚིག་གིས་རྒྱུད་ལ་ཐོས་པ་བསྐྱེད། །ཅེས་དང་། དོན་གསལ་ལས། ཐོག་མར་ཐོས་པའི་དོན་ལ་འབད་པ་ཡིས། །རྟག་ཏུ་བརྩོན་པར་བྱེད་པ་གང་ཡིན་པ། །དེ་ཡི་ལག་ཏུ་དངོས་གྲུབ་ལེགས་པར་འཐོབ། །ཞེས་དང་། རྣལ་འབྱོར་པ་ཆེན་པོས། སངས་རྒྱས་སྒྲུབ་པ་ལ་པོ་ཏི་མཛོ་ཁ ལ་ཙམ་པ་ལ་བྱ་བ་མ་བྱས་པར། ལག་མཐིལ་ཙམ་པ་ཞིག་སྟོན་པ་ཙུག སྤེད་ཙུག་བྱས་པས་གར་ཡང་མི་ཕྱིན། ཞེས་དང་། གདམ་ངག་ལ་ནང་བྱན་ཆུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམ་ངག་ཏུ་གོ་བ་ལ་ཟེར་ཞེས་དང་། ལམ་རིམ་ཆེན་མོ་ལས། སྒོམ་པ་བྱེད་པ་ལ་ཐོས་བསམ་གལ་ཆེ་བར་གསུང་རབས་དགོངས་འགྲེལ་དང་བཅས་པ་ནས་གསུངས་པ་ཡིན་གྱི། །ཞེས་དང་། དེ་ཉིད་ལས་དེས་ན་ཐོས་པ་ཅི་ཙམ་མང་བ་དེ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་ལ་དེ་ཙམ་དུ་བསམ་པ་མང་བ་དང་། ཞེས་སོགས་དང་། ཆོས་ཚུལ་བཞིན་སྒྲུབ་པར་འདོད་པ་རྣམས་ལ་ལམ་གྱི་སྲོག་དམ་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པའི་རྒྱུ་བླ་ན་མེད་པ་དྲི་མ་མེད་པའི་གསུང་རབ་དང་བསྟན་བཅོས་མང་དུ་ཐོས་པ་དགོས་སོ། །ཞེས་སོགས་དང་། དེ་ལྟར་སྒྲུབ་པ་ལ་ཤེས་རབ་དང་དེའི་རྒྱུར་ཐོས་པ་མེད་དུ་མི་རུང་བ་ལ་ངེས་པ་རྙེད་དགོས་ཏེ། ཞེས་སོགས་དང་། དང་པོ་ནས་མི་ཤེས་ན་ཡང་མ་ཞུས་པར་མི་བྱ་བར་བློ་དང་བསྟུན་པའི་ཐོས་པ་ཆེ་ཆུང་གང་འཐད་རེ་ལ་འབད། ཅེས་དང་། བསྟེན་འོས་བླ་མ་རིམ་འགྲོ་བསྙེན་བཀུར་ཏེ། །ཤེས་རབ་བསྒྲུབ་ཕྱིར་ཐོས་པ་བཙལ་བར་བྱ། །ཞེས་གསུངས་པ་ལྟར་མཁས་པ་བསྟེན་ནས་ནུས་པ་དང་བསྟུན་པའི་ཐོས་པ་རེ་བྱ་དགོས་ཏེ། དེ་མེད་ན་ཐོས་པ་ལས་བྱུང་བ་དང་བསམ་པ་ལས་བྱུང་བའི་ཤེས་རབ་མི་སྐྱེ་ལ། དེ་ལྟ་ན་ཅི་ཞིག་བསྒོམ་པ་མི་ཤེས་པའི་ཕྱིར། ཐོས་པ་བྱས་ན་དེའི་དོན་བསམས་པས་བསམས་བྱུང་གི་ཤེས་རབ་སྐྱེ་ལ། དེ་ལས་སྒོམ་བྱུང་གི་ཤེས་རབ་ཡངས་པ་འབྱུང་བའི་ཕྱིར་རོ། །ཞེས་དང་། དེ་ཉིད་ལས། དེ་ཡང་ཐོས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་ཐོས་པ་དང་། བསམས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་བསམ་པ་འགྲོ་དགོས། ཞེས་དང་། སྔགས་རིམ་ཆེན་མོ་ལས་ཀྱང་། རང་གིས་སྒྲུབ་པ་དང་གཞན་ལ་སྟོན་པ་སོགས་གང་བྱེད་ཀྱང་ཐོག་མར་ཐོས་བསམ་གྱིས་གོ་བ་མ་ནོར་བ་ཅིག་བཙལ་དགོས་ཏེ། །རང་གིས་མི་ཤེས་ན་གཞན་བསྟོན་མི་ནུས་པའི་ཕྱིར། ཞེས་དང་། དེ་ཉིད་ལས། ཐོས་པ་འཛིན་པ་སློབ་མ་དམ་པ་ཡིན། །ཞེས་རིམ་ལྔའི་ལུང་དྲངས་པ་དང་། ཡང་རྗེ་བླ་མས། འཇིགས་རུང་འཁོར་བའི་གཡང་ས་འགེགས་པ་ལ། །དྲི་མེད་མང་དུ་ཐོས་ལ་བརྟེན་པ་ཡི། །ཞེས་སོགས་དང་། ཐུབ་པའི་དགོངས་པ་རྙེད་པའི་མང་ཐོས་ཀྱིས། ཞེས་སོགས་དང་། རྒྱལ་བའི་གསུང་རབ་མཐའ་དག་ལ་དམིགས་པའི་འཆད་པ་དང་ཞེས་སོགས་ཀྱི་སྨོན་ལམ་དང་། དེར་ནི་མང་དུ་ཐོས་པའི་མཐར་སོན་ནས། །ཞེས་སོགས་ཀྱིས་སྨོན་ལམ་འདེབས་པར་མཛད་པ་སོགས་མང་དུ་ཐོས་དགོས་པ་རྗེ་བླ་མའི་གསུང་ཁོ་ནས་བསྒྲུབས་ཀྱང་འགྲུབ་ན་གཞན་ལྟ་མི་སྨོས་པའི་ཕྱིར་རོ། །མཁས་པ་གཞན་གྱིས་མང་དུ་ཐོས་དགོས་པའི་རྒྱུ་མཚན་བཤད་པ་ཡོད་ཀྱང་འདིར་ཚིགས་མང་བར་དོགས་ནས་མ་བྲིས་སོ།། །། གཉིས་པ་དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། ཐོས་པ་ལ་འཇུག་དགོས་པ་ཁྱོད་ཀྱིས་ལུང་གིས་བསྒྲུབས་མོད། འཆད་པའི་ཚེ་ཐོས་པ་དགོས་པ་བདེན་གྱི། ཉམས་ལེན་ལ་མང་དུ་ཐོས་པ་མི་དགོས་སོ་ཞེ་ན། དེ་ལྟར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། དཔལ་ལྡན་དཔའ་བོས། ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེ་ཀོ་ཅི་ཞིག་བསམ་པར་བྱ། །ཞེས་དང་། མུ་ཏིག་འཕྲེང་བ་ལས། བློ་གྲོས་མེད་ལ་ཐོས་མེད་མཐོས་ལའང་བསམ་པ་མེད། །ཞེས་དང་། བསླབ་བཏུས་འགྲེལ་བ་ལས། ཐོས་པ་དང་མི་ལྡན་པས་ནི་བསམ་གཏན་གྱི་ཐབས་དང་ཉོན་མོངས་སྤོང་བའི་ཐབས་མི་ཤེས་ཏེ། ཞེས་དང་། ཤ་ར་བས། ཐོས་པ་རྒྱུན་མི་ཆད་དུ་བྱ་སྙམ་དུ་བསམ། སྒོམ་པ་པོ་ལ་མི་དགོས་བཤད་པ་པོ་ལ་དགོས་སྙམ་སྟེ་འཆད་པ་པོ་ལ་སྡིག་ཏུ་འགྲོ་ཉེན་ཆེ། སྒོམ་པ་པོ་ཁོ་ན་ལ་དགོས། ཞེས་སོགས་ཀྱིས་ཉམས་ལེན་བྱེད་པ་ལ་ཐོས་པ་དགོས་པར་གསུངས་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། ཐོས་པ་མང་དུ་བྱས་ཏེ་གོ་བ་འཆགས་མི་དགོས་ཀྱི། དེ་མེད་པར་སྒྲུབ་པ་རྩེ་གཅིག་ཏུ་བྱས་པས་ཆོག་གོ་ཞེ་ན། དེ་ཡང་མི་འཐད་དེ། གོ་བ་ལེགས་པར་མ་འཆགས་པར་ཡུན་རིང་དུ་བསྒོམས་ཀྱང་དོན་ཆུང་བའི་ཕྱིར་དང་། གོ་བ་ནོར་ན་ཉམས་ལེན་ཀྱང་ནོར་བར་འགྱུར་བའི་ཕྱིར། དེ་ལྟར་ཡིན་ཏེ། ལམ་རིམ་ལས། གོ་བས་དམིགས་མ་ཕྱེད་པར་ཕུར་ཚུགས་རེ་ལ་འབད་པའི་མྱོང་བ་ཐམ་ཐོམ་གྱིས་གར་ཡང་མི་ཕྱིན་ཏེ། ཞེས་དང་། སྔགས་རིམ་ལས། གོ་བ་ནོར་ན་སྒྲུབ་པ་ནོར་ལ་སྒྲུབ་པ་མ་ནོར་བ་ཡང་གོ་བ་མ་ནོར་བ་ལ་རགས་ལས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཐོས་པ་ལ་འཇུག་དགོས་ཀྱང་། མང་དུ་ཐོས་པ་མི་དགོས་ཏེ། མང་དུ་ཐོས་པ་དང་ཉུང་ངུ་ཐོས་པའི་གང་ཟག་གཉིས་ཉམས་ལེན་ལ་ཞུགས་པའི་འབྲས་བུ་འཐོབ་ཚུལ་འདྲ་བའི་ཕྱིར་རོ། །ཞེ་ན། དེ་ཡང་ཕྱིན་ཅི་ལོག་ཏུ་སྨྲ་བ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། དེས་ན་ཐོས་པ་ཅི་ཙམ་མང་བ་དེ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་ལ་དེ་ཙམ་དུ་བསམ་པ་མང་བ་དང་དེ་མང་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་བ་དང་། ཞེས་སོགས་དང་། གསུང་འབུམ་ཐོར་བུ་ལས། ཉི་ཚེ་བ་ལ་ཉི་ཚེ་དང་། །མཐའ་དག་པ་ལ་མཐའ་དག་པའི། །འབྲས་བུ་འགྲུབ་པར་གསུངས་པའི་ཕྱིར། །ཤེས་ལྡན་སུ་ཞིག་ཕྱོགས་རེ་ཚིམ། །ཞེས་ཁྱད་པར་ཡོད་པར་བཤད་པའི་ཕྱིར་རོ། །གཞན་ཡང་། ཐོས་པ་ལ་འཇུག་དགོས་པ་ཙམ་དུ་མ་ཟད་མང་དུ་ཐོས་པ་ལ་ཡང་འཇུག་དགོས་ཏེ། ལམ་མ་ནོར་བར་སྒྲུབ་པ་ལ་མང་ཐོས་མི་དགོས་ཞེས་བརྗོད་པ་ནི་ངག་ཀྱང་ལམ་ཅལ་ཅོལ་གྱི་གཏམ་ཡིན་པའི་ཕྱིར་དང་། ཐོས་བསམ་མ་བྱས་པར་བསྒོམས་བྱུང་གི་བློ་མི་འབྱུང་བར་ཆོས་མངོན་པ་ལས་བཤད་པའི་ཕྱིར་ཏེ། དེ་ལྟར་ཡང་ལམ་རིམ་ལས། ལམ་མ་ནོར་བར་བགྲོད་པ་ལ་མང་དུ་ཐོས་པ་མི་དགོས་ཅེས་པའི་ཅལ་ཅོལ་ཡང་ལེགས་པར་སྨྲས་པར་འགྱུར་རོ། །ཞེས་སོགས་དང་། བརྒྱད་སྟོང་འགྲེལ་ཆེན་ལས། ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཐོས་པ་བྱས་པའི་དགོས་པ་ནི་སངས་རྒྱས་འཐོབ་པའི་ཆེད་དུ་མ་ཟད། གནས་སྐབས་ཤེས་རབ་བསྐྱེད་པའི་ཆེད་ཡང་ཡིན་ཏེ། ཤེས་རབ་ནི་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དུ་མ་འགྲུབ་པའི་གཞི་ཡིན་པའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་བཟུང་བར་བྱ། །ཆོས་དོན་འདོད་དང་ཐར་བ་ཡི། །འབྱུང་གནས་རིག་པ་ཆེན་པོ་ཡིན། །དེ་ལྟར་དང་པོར་གུས་པ་ཡིས། །ཤེས་རབ་ཡུམ་ཆེན་བཟུང་བར་བྱ། །ཞེས་དང་། སློབ་དཔོན་དཔའ་བོས། བརྩོན་འགྲུས་གཅིག་པོ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ། །ཅེས་གསུངས་པས་སོ། ཁོ་ན་རེ། ནང་རིག་པའི་སྡེ་སྣོད་ལ་ཐོས་བསམ་བྱེད་དགོས་པ་བདེན་གྱི། སྒྲ་སྙན་ངག་རྩིས་སོགས་ཕྱིའི་རིག་གནས་ལ་ཐོས་བསམ་བྱེད་མི་དགོས་སོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། རང་ཉིད་ཀྱིས་དེ་དག་ལ་ཐོས་བསམ་བྱེད་མི་ནུས་པས་མི་འཇུག་ཅེས་བརྗོད་ན་མ་གཏོགས། གཞན་དུ་ན་ལུང་དང་འགལ་ཞིང་རིགས་པ་དང་ཡང་འགལ་བར་འགྱུར་བའི་ཕྱིར་རོ། །ལུང་དང་འགལ་ཏེ། རྗེ་བཙུན་བྱམས་མགོན་གྱིས་མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་གཅོད་རྗེས་སུ་བཟུང་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཞེས་དང་། ས་པ ཎ་གྱིས། རིག་པ་ནང་བར་འཆི་ཡང་བསླབ། །ཞེས་སྐྱེ་འཕགས་གང་ཡིན་ཀྱང་རིག་གནས་ལ་བསླབ་དགོས་པར་བཤད་པའི་ཕྱིར་རོ། །རིག་པ་དང་འགལ་ཏེ། རིག་གནས་དེ་དག་ལམ་སྦྱངས་པའི་འཕགས་པ་མེད་པའི་ཕྱིར་ཏེ། གལ་ཏེ། ཡོད་ན་ནི། དེ་ཉིད་བླུན་པོ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་དང་། འཕགས་བོད་ཀྱི་པཎ་ཆེན་མཁས་པ་རྣམས་ཀྱིས་རིག་གནས་དུ་མ་ལ་སྦྱངས་འདུག་ཀྱང་ཚུལ་དེ་མི་འཐད་ཅེས་སྨོད་རིགས་པར་འགྱུར་བའི་ཕྱིར་རོ། །རྟག་ཟུར་དང་པོ་གྲུབ་སྟེ། །ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས། །འཕགས་པའི་ལམ་མངོན་དུ་གྱུར་ན་ཡང་རིག་པའི་གནས་ལྔ་ལ་ལེགས་པར་སྦྱངས་པ་ཞིག་འདོད་དགོས་ཏེ། དེ་ལྟ་མ་ཡིན་ན་འཕགས་པ་དེ་དག་བླུན་པོ་ཡིན་པར་ཐལ་བའི་སྐྱོན་ཡོང་ཞིང་། ཞེས་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་ཀྱིས། རྟོག་པའི་ཡོན་ཏན་བརྗོད་བྱར་སྟོན་བྱེད་པའི། །ལུང་གི་བསྟན་བཅོས་འགའ་ཡང་མི་ཤེས་པར། །རྒྱལ་དང་རྒྱལ་བའི་སྲས་སུ་ཁས་ལེན་ན། །རྒྱུ་དང་འབྲས་བུའི་རྣམ་གཞག་ངེས་པར་བརྫུན། །ཞེས་དང་། ཡང་དེ་ཉིད་ཀྱིས། བློ་གྲོས་དབང་ཕྱོགས་ལྷ་ཡི་ལམ་ཡངས་ནས། །ལུང་དང་རིགས་པའི་སྐྱ་རེངས་མ་ཤར་བར། །རྟོགས་པའི་རྟ་ལྗང་རྒྱུ་བའི་ངང་ཚུལ་རྣམས། །རྒྱུ་འབྲས་མི་ཤེས་དམ་པའི་སྐྱེས་བུ་མཚར། །ཞེས་གསུངས་པའི་ཕྱིར་རོ། །རྟགས་གཉིས་པ་གྲུབ་སྟེ། དེ་ལ་སྨོད་པར་མི་རིགས་ན། ཚུལ་དེ་འཐད་ཅེས་རང་ཅག་ཀྱང་མཁས་པ་དེ་དག་གི་རྗེས་སུ་འབྲང་བའི་ཁ་ཡར་བ ལྟའི་བྱ་བ་བྱེད་རིགས་པའི་ཕྱིར་རོ། །གཞན་ཡང་། དེ་ལྟར་འདོད་པ་ནི་ཆེས་མི་རིགས་ཏེ། འདུལ་བ་ལས་ཀྱང་ལྔ་ཕྲུག་ཉེར་གཅིག་གི་སྐབས་སུ་མང་ཐོས་ཀྱི་ཡོན་ཏན་ལ་ཕྱི་རོལ་བའི་བསྟན་བཅོས་མང་དུ་ཐོས་དགོས་པའང་བཤད་པ་ཡོད་པའི་ཕྱིར་དང་། རིག་གནས་ཐུན་མོང་བ་ཞེས་པས་ཀྱང་ཕྱི་ནང་གཉིས་ཀས་སློབ་དགོས་པར་འགྲུབ་པའི་ཕྱིར་ཏེ། དཔེར་ན། ཁ་ཟས་བཞིན་ནོ། །ཡང་ཁོ་ན་རེ། ཕྱི་ནང་ཐུན་མོང་གི་རིག་གནས་ལ་སྦྱངས་ཀྱང་སངས་རྒྱས་འཐོབ་པའི་རྒྱུར་མི་འགྱུར་ཏེ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །སྙམ་ན། དེ་ཡང་འཐད་པ་ནི་མ་ཡིན་ཏེ། ཕྱི་ནང་ཐུན་མོང་གི་རིག་གནས་ཡིན་ཀྱང་ཐོས་བསམ་བྱེད་པ་པོའི་སེམས་སྐྱེད་ཀྱིས་ཟིན་ན་སངས་རྒྱས་འཐོབ་པའི་རྒྱུར་འགྲོ་བའི་ཕྱིར་ཏེ། དེ་སྐད་དུ་ལམ་རིམ་ཆེན་མོ་ལས། དེ་ཐམས་ཅད་ཀྱང་སངས་རྒྱས་འཐོབ་པའི་ཕྱིར་དུ་འཚོལ་བ་ནི་བྱེ་བྲག་མེད་པའོ། །ཞེས་རིག་གནས་ལྔ་པོ་སངས་རྒྱས་འཐོབ་པའི་ཆེད་དུ་ཐོས་བསམ་བྱེད་དགོས་པར་བཤད་པའི་ཕྱིར་དང་། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོས་ཀྱང་། ཐ་སྙད་རིག་པ་ལའང་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་རྩིས་ཟིན་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། གཞན་ལ་ཁ་ཟས་སྦྱིན་པ་ཡང་སངས་རྒྱས་འཐོབ་བའི་ཐབས་སུ་འགྲོ་བ་མི་སྲིད་དེ། དེ་ནི་ཕྱི་ནང་དང་ཐུན་མོང་བར་མ་ཟད་འཇིག་རྟེན་ཕལ་པ་རྣམས་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཞེས་སྨྲས་ན་ཅི་ཟེར། ཁོ་ན་རེ། སྐྱོན་མེད་དེ། སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་བྱ་རོག་ལྟ་བུ་ལ་ཟན་ཆང་གཅིག་སྟེར་པ་ཡང་སངས་རྒྱས་ཀྱི་རྒྱུར་འགྲོ་བ་སྲིད་པའི་ཕྱིར་རོ། །ཞེ་ན། ཅིག་ཤོས་ལ་ཡང་རྣམ་པ་ཀུན་ཏུ་མཚུངས་སོ། །མདོར་ན་ཇི་སྐད་དུ། དད་དང་ཚུལ་ཁྲིམས་ཐོས་དང་གཏོར་བ་དང་ཞེས་བཤད་པ་ལྟར་འཕགས་པའི་ནོར་བདུན་གྱི་ནང་དུ་ཐོས་པ་འགྲོ་བས་ཀྱང་ཐོས་པ་གལ་ཆེ་ཞིང་ཁྱད་པར་རྗེ་བླ་མའི་རྗེས་འབྲང་རྣམས་ཀྱིས་གསུང་རབ་ཀྱི་ཚིག་དོན་མང་དུ་ཐོས་པ་ལ་འབད་དགོས་ཏེ། ཀུན་མཁྱེན་ཡེ་ཤེས་ཞེས་གྲགས་པ་དེ་ནི། ཐོས་བསམ་བསྒོམ་པའི་སྟོབས་ལས་བྱུང་ཞིང་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མཁྱེན་པ་ཞིག་ལ་བྱེད་ཀྱི། རྨོངས་པའི་རྒྱུ་ལས་མ་བྱུང་བའི་ཕྱིར་རོ། ཁོ་ན་རེ། ལུང་གི་ཡོན་ཏན་མེད་ཀྱང་རྟོགས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དམ་པའི་སྐུའི་སྐྱེ་བ་དུ་མ་སྣང་བས། དེ་ཇི་ལྟར་ཡིན་སྙམ་ན། སྐྱོན་མེད་དེ། འགའ་ཞིག་ནི། ཚེ་སྔ་མར་ཐོས་བསམ་བྱས་པའི་དབང་གིས་རྟོགས་པའི་སྟོན་བྱུང་བ་ཡིན་ཞིང་། གང་ཟག་ཁྱད་པར་ཅན་ཐ་མལ་པའི་ཚུལ་བཟུང་བ་ལ་ལ་ནི་ལུང་གི་ཡོན་ཏན་མེད་པའི་ཚུལ་བསྟན་ཀྱང་དེ་མེད་པ་ཡིན་ལ། གཞན་ཕལ་ཆེར་ནི། ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས། མི་ཤེས་གདོལ་པའི་ཕྲུ་གུ་དར་ཟབ་ཀྱིས། །ཕར་ཕུང་མཛེས་པར་བྱས་ཏེ་མཐོན་པོའི་ཁྲིར། །བླུན་པོའི་འཁོར་ཚོགས་དབུས་ན་འགྱིང་བ་ཡི། །བ་མོས་ཐུབ་བསྟན་པད་ཚལ་བཅོམ་གྱི་དོགས། །ཆོས་སྤྱོད་བཅུ་ཡི་སྒྲུབ་པ་རྒྱབ་བོར་ནས། ཁ་་གྲག་དཔུང་དང་རྒྱུ་ནོར་གཡོ་ཁྲམ་གྱིས། །འགྲོ་བའི་ཕན་བདེ་སྒྲུབ་པར་རློམ་བྱེད་ན། །ཀུན་མཁྱེན་ཤཱཀྱའི་གཙོ་དེ་འཁྲུལ་བར་ངེས། །ཞེས་གསུངས་པ་ལྟ་བུ་མིན་པའི་ངེས་པ་ཅི་ཞིག་ཡོད། ཡང་ཁོ་ན་རེ། མང་དུ་ཐོས་པ་དགོས་ན་ནི། འོ་ན། སྤྱོད་འཇུག་ལས། ལུས་ཀྱིས་ལེགས་པར་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་ཕན། །ཞེས་སོགས་དང་། ཇོ་བོ་རྗེས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་ཞེས་སོགས་དང་། ལྷོ་བྲག་ཕྱག་རྡོར་གྱི་རྣམ་ཐར་ལས་ཀྱང་། ཁ་ཡི་ཆོས་ཀྱིས་འཚང་མི་རྒྱ། །ཞེས་སོགས་གསུངས་པ་དེ་ཅི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། དེ་ནི་ཉམས་ལེན་མེད་པའི་ཐོས་པ་ཙམ་དང་ཁ་ཕྱིར་བལྟའི་བཤད་པ་ཙམ་གྱིས་ཆོག་པར་འཛིན་པའི་གང་ཟག་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐོས་བསམ་ཕལ་ཆེར་ཉམས་ལེན་ཡིན་པར་གཞུང་དུ་མ་ལས་བཤད་དོ། །འོ་ན། ཁྱེད་རང་ཐོས་བསམ་སྒོམ་གསུམ་དེ་བཞིན་བྱེད་ཀྱིན་ཡོད་དམ། གཞན་དུ་ན་དེ་ལྟར་བརྗོད་མི་འོས་སོ་ཞེ་ན། ཁོ་བོ་ཅག་ལྟ་བུས་སྔར་བཤད་པ་ལྟར་ཐོས་བསམ་སྒོམ་གསུམ་བྱེད་ནུས་པ་དཀའ་ཡང་། ཁ་ཅིག་མང་དུ་ཐོས་པ་ཚོལ་མི་དངོས་སྙམ་པ་དང་། ཁྱད་པར་རིག་གནས་ཐུན་མོང་བ་ལ་འཇུག་མི་དགོས་སྙམ་པ་འབྱུང་སྲིད་པས་དེ་དག་གི་ལོག་རྟོག་འགོག་པ་དང་། བློ་གྲོས་དང་ལྡན་པ་འགའ་ཞིག་ཐོས་བསམ་ལ་བསྐུལ་བའི་ཆེད་དུ་བགྱིས་པས་མཁས་པས་གཟིགས་ན་དགོངས་ཁྲེལ་མི་འཇུག་པར་འཚལ་ལོ། ། སྨྲས་པ། འཇིག་རྟེན་འདི་དང་འཇིག་རྟེན་ལས་འདས་པའི། །ཡོན་ཏན་ཁྱད་པར་ཅན་རྣམས་འགྲུབ་པའི་གཞི། །ཤེས་རབ་ཡིན་ཏེ་དེ་རྒྱུ་ཐོས་པ་རུ། །གསུངས་ཕྱིར་དེ་ལ་འབད་པས་འཇུག་པར་རིགས། །དེ་ཙམ་ཁོ་ནས་སངས་རྒྱས་མི་འགྲུབ་ཀྱང་། །ལུང་དང་རྟོགས་པའི་བསྟན་པ་རྣམ་གཉིས་ལས། །ལུང་གི་བསྟན་ལ་ཐོས་པས་འཇུག་དགོས་པར། །གསུངས་པ་ཡིས་ཀྱང་ཐོས་པས་བསྟན་ལ་ཕན། ཀྭ་ཡེ་ཁྱིམ་པ་རྣམས་དང་དུད་འགྲོ་ཡི། །སྤྱོད་པའི་ཚུལ་བཞིན་ལྟོ་དང་གོས་ཙམ་ཞིག །གཙོ་བོར་བསྒྲུབ་པའི་ཆེད་དུ་མི་འཇུག་པར། །དམ་པའི་རྗེས་འགྲོ་ཐོས་བསམ་བསྒོམ་ལ་འབད། །ཅི་ཕྱིར་ཞེ་ན་རབ་ཏུ་བྱུང་བ་ཡི། །དགོས་པ་དེ་མིན་བྱང་ཆུབ་སྒྲུབ་པའི་ཆེད། །ཚུལ་དེ་ལུང་དང་རྟོགས་པའི་བསྟན་པ་ལ། །ཐོས་བསམ་བསྒོམས་པས་འགྲུབ་ཀྱི་གཞན་ལ་ཡིན། །གང་དག་ཐོས་པ་སྤྱི་དང་ཁྱད་པར་དུ། །ཐུན་མོང་རིག་གནས་རྣམས་ལ་མི་འཇུག་སྟེ། །དགོས་པ་མེད་ཅེས་དངོས་སུ་བརྗོད་བྱེད་པ། །གང་དེས་དམ་ཆོས་སྤོང་བ་བྱེད་མིན་ནམ། །འོན་ཏེ་ཐོས་པ་ཁོ་ནས་མི་ཆོག་གི །ཐོས་དོན་ཅི་འོས་ཉམས་སུ་ལེ ན་དགོས་ཞེས། །འདོམས་པར་བྱེད་ན་དམ་པའི་ལེགས་བཤད་དེ། །དེ་ལ་མི་འཐད་སུས་ཀྱང་སྨྲ་མི་ནུས། །ཐོས་པའི་ཚུལ་ལ་ཅུང་ཟད་འདྲིས་བྱས་ཀྱང་། །བག་མེད་བརླང་པོར་སྤྱོད་པའི་མཁས་བླུན་དག །མིག་ཅན་གཡང་ལ་འཇུག་དང་མཚུངས་པའི་ཕྱིར། །དེ་ལ་སངས་རྒྱས་བྱོན་ཀྱང་ཅི་ཞིག་བྱ། །འདིར་འབད་ལས་བྱུང་དགེ་བ་མཆིས་གྱུར་ན། །དེས་ནི་གཞུང་ལུགས་ཀུན་དང་ནང་དོན་ལ། །མང་དུ་ཐོས་དོན་ཚུལ་བཞིན་བསམ་པ་ཡིས། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་གྱུར་ཅིག །ཅེས་སྨྲ་ངན་གླང་བོ་སྐྲོད་བྱེད་བློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ་ཞེས་བྱ་བ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེ་དགོན་ཉིད་དུ་སྦྱར་བའོ།། །།བཀྲ་ཤིས།། །།


previousབློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ།next