Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངོན་པ་གཉིས་ནས་བཤད་པའི་བློ་རིགས་དང་རྟགས་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་སྙིང་པོ་བསྡུས་པ།


 
previousམངོན་པ་གཉིས་ནས་བཤད་པའི་བློ་རིགས་དང་རྟགས་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་སྙིང་པོ་བསྡུས་པ།no next

མངོན་པ་གཉིས་ནས་བཤད་པའི་བློ་རིགས་དང་རྟགས་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་སྙིང་པོ་བསྡུས་པ།

མངོན་པ་གཉིས་ནས་བཤད་པའི་བློ་རིགས་དང་རྟགས་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་སྙིང་པོ་བསྡུས་པ་མཁས་པ་དགྱེས་བྱེེད་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། །རྒྱལ་ཀུན་མཁྱེན་བརྩེའི་ཕུང་བོ་ཉིད། །དམར་སེར་མདོག་ཅན་གཞོན་ནུའི་སྐུ། །འཇམ་པའི་དབྱངས་ཞེས་གྲགས་པ་དེའི། །ཞབས་པད་སྙིང་གི་དབུས་སུ་བསྟེན། ། འདིར་བློ་རྟགས་ཀྱི་རྣམ་གཞག་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་དང་པོ་བློ་རིགས་ཀྱི་རྣམ་གཞག་རྒྱས་པར་ནི་བདག་ཉིད་ཀྱིས་གཞན་དུ་བྲིས་ཟིན་ཀྱང་དེའི་སྙིང་བོ་བསྡུས་ཏེ་བརྗོད་པ་ལ་གཉིས། རིགས་པའི་མངོན་པ་ནས་བཤད་པའི་ཚུལ་དང་། ལུང་གི་མངོན་པ་ནས་བཤད་པའི་ཚུལ་ལོ། །དང་པོ་ལ་གཉིས། བློ་རིགས་ཀྱི་རྣམ་གཞག་དང་། དེ་ལ་དཔྱད་པའི་སྒྲོ་བསྟན་པའོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། ། དང་པོ་ནི། རིག་པ། བློའི་མཚན་ཉིད། གཉིས་པ་དབྱེ་ན་ངོ་བོའི་སྒོ་ནས་གཙོ་སེམས་དང་སེམས་བྱུང་གཉིས་གསུངས་པ་ནི་འོག་ཏུ་འཆད་ཅིང་། །ཚད་མ་ཚད་མིན་གྱི་ཤེས་པ་གཉིས་གསུངས་བའི་དང་པོ་ནི་རྣམ་འགྲེལ་ལས། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་པས་བསྟན་ཏེ། དེ་ལ་གཉིས་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི་གསར་དུ་མི་སླུ་བའི་རིག་པ། ཚད་མའི་མཚན་ཉིད། ཚད་མའི་སྐད་དོད་པྲ་མཱ་ན་ནི་མི་སླུ་བ་ལ་འཇུག་ཅིང་དེ་ཡང་རང་ཡུལ་གསར་དུ་རྟོགས་པ་ལྟར་གྲུབ་པའི་དོན་ཏེ། ཡུལ་དེ་དང་པོའི་ཐོག་མར་འཇལ་བ་ལྟར་དོན་ལ་གནས་པའོ། ། གཉིས་པ་ཚད་མ་ལ་དབྱེ་ན་གཉིས། མངོན་སུམ་གྱི་ཚད་མ་དང་། རྗེས་དཔག་ཚད་མའོ། །དང་པོ་ལ་གཉིས་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་སླུ་བའི་རིག་པ། མངོན་སུམ་གྱི་ཚད་མའི་མཚན་ཉིད། གཉིས་པ་དབྱེ་ན་བཞི་སྟེ། དེར་གྱུར་པའི་དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་དང་བཞི། དབང་བོའི་མངོན་སུམ་ལ་དབྱེ་ན། མིག་གི་དབང་བོའི་མངོན་སུམ་ནས། ལུས་ཀྱི་དབང་བོའི་མངོན་སུམ་དང་ལྔ་སྟེ། དེ་དག་ནི་གཟུགས་སོགས་ཡུལ་ལྔ་འཛིན་པའི་སྒོ་ནས་གཟུགས་འཛིན་དབང་བོའི་མངོན་སུམ་ནས་རེག་འཛིན་དབང་བོའི་མངོན་སུམ་ཞེས་ཐ་སྙད་བྱེད་དོ། །ཡིད་མངོན་ནི། སོ་སྐྱེའི་རྒྱུད་ཀྱི་གཟུགས་འཛིན་དབང་བོ་མངོན་སྐད་ཅིག་དང་པོའི་རྗེས་སུ་སྐྱེས་ཤིང་གཟུགས་གསལ་བར་སྣང་ཡང་དེ་ལ་ངེས་པ་འདྲེན་མི་ནུས་པའི་ཡིད་ཤེས་ལྟ་བུའོ། །རང་རིག་ནི་རྣམ་འགྲེལ་ལས། རྟག་ཏུ་བདག་ལ་ནང་མངོན་ཕྱོགས། རིག་བྱ་རིག་བྱེད་རྣམ་པ་མེད། །ཅེས་གསུངས་པ་ལྟར། སྔོན་འཛིན་ཉམས་སུ་མྱོང་བའི་ཁ་ནང་ཁོ་ན་ལ་ཕྱོགས་པའི་འཛིན་རྣམ་ལྟ་བུའོ། །རྣལ་འབྱོར་མངོན་སུམ་ནི་རྟགས་ལ་མ་བརྟེན་པར་རྣལ་འབྱོར་གྱི་སྟོབས་ཀྱིས་རང་ཡུལ་བདེན་པ་ཕྲ་རགས་ཅི་རིགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྣམས་ཏེ། འཕགས་པའི་རྒྱུད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཐམས་ཅད་དོ། །སྒྲ་དོན་ནི། གཟུགས་འཛིན་མིག་ཤེས་སོགས་ལྔ་པོ་དེ་ཆོས་ཅན། ཁྱོད་ལ་དབང་མངོན་ཞེས་བྱ་སྟེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་གི་དབང་བོ་སོགས་དབང་བོ་གཟུགས་ཅན་ལྔ་པོ་གང་རུང་སྐྱེས་བའི་མངོན་སུམ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། སོ་སྐྱེའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། ཁྱོད་ལ་ཡིད་མངོན་ཞེས་བྱ་སྟེ། ཡིད་དབང་ཙམ་གྱི་བདག་རྐྱེན་ལས་སྐྱེས་པའི་མངོན་སུམ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། མིག་གི་རྣམ་ཤེས་ཉམས་སུ་མྱོང་བའི་འཛིན་རྣམ་ཡིན་འགར་བ་དེ་ཆོས་ཅན། ཁྱོད་ལ་རང་རིག་མངོན་སུམ་ཞེས་བྱ་སྟེ། རང་གི་བདག་ཉིད་དུ་གྱུར་པའི་ཡུལ་ཁ་ནང་བལྟས་ཀྱི་ཚུལ་དུ་རིག་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། བདག་མེད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་ལ་རྣལ་འབྱོར་མངོན་སུམ་ཞེས་བྱ་སྟེ། རྟགས་ལ་མ་ལྟོས་པར་རྣལ་འབྱོར་གྱི་སྟོབས་ཀྱིས་བདེན་པ་ཕྲ་རགས་གང་རུང་རྟོགས་པའི་མངོན་སུམ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། ། གཉིས་པ་ལ་གཉིས་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་པ་ལ་ག སར་དུ་མི་བསླུ་བའི་རིག་པ་དེ། རྗེས་དཔག་ཚད་མའི་མཚན་ཉིད། གཉིས་པ་དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས། དང་པོ་དང་རྗེས་དཔག་དོན་གཅིག་ཅིང་། མཚན་གཞི་ནི་ཕ་གི་ན་དུ་བ་འདུག་པས་མེ་ཡང་ཡོད་ངེས་སྙམ་པ་དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་ལྟ་བུའོ། ། གཉིས་པ་ནི། གང་བྱས་ན། མི་རྟག་པས་ཁྱབ། དཔེར་ན། བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་བརྗོད་པའི་སྒྲུབ་ངག་ལྟ་བུ་སྟེ་རྗེས་དཔག་ཏུ་བཏགས་པ་ཙམ་མོ། །གཞན་ཡང་རྗེས་དཔག་ལ་རྣམ་གྲངས་ཀྱིས་དབྱེ་ན། དངོས་སྟོབས་རྗེས་དཔག །ཡིད་ཆེས་རྗེས་དཔག །དཔེ་ཉེར་འཇལ་ཀྱི་རྗེས་དཔག །གྲགས་པའི་རྗེས་དཔག་དང་བཞི་ཡོད་དེ། དང་པོ་ནི། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ། གཉིས་པ་ནི། སྦྱིན་པ་བཏང་བ་དག་ལས་ལོངས་སྤྱོད་དང་ཚུལ་ཁྲིམས་བསྲུངས་པ་ལས་མངོན་མཐོ་འགྲུབ་པར་གསུངས་པ་སོགས་དཔྱད་གསུམ་གྱིས་དག་པའི་ལུང་རྣམས་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་རྟོགས་པའི་རྗེས་དཔག་ལྟ་བུ། གསུམ་པ་ནི། རྭ་དང་མིག་པ་དང་ནོག་དང་ལྐོག་ཤལ་སོགས་ཀྱི་རྟགས་ལས་བ་མིན་བ་ལང་དང་འདྲ་བར་རྟོགས་པའི་རྗེས་དཔག་ལྟ་བུ། བཞི་བ་ནི་རི་བོང་ཅན་ལ་ཟླ་བའི་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ལྟ་བུ་རྣམས་སོ། །རྗེས་དཔག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཕྱོགས་ཆོས་དང་ཁྱབ་འབྲེལ་ངེས་པའི་རྗེས་སུ་བསྒྲུབ་བྱ་དཔོག་ཅིང་ངེས་པར་བྱེད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །མངོན་སུམ་ཡིན་ན། རྟོག་པ་དང་བྲལ་དགོས་ཤིང་། །རྗེས་དཔག་ཡིན་ན། རྟོག་པ་ཡིན་དགོས་ལ། བྲལ་བྱའི་རྟོག་པ་ནི། །སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་ཉིད་ཡིན་ཏེ། ཐར་ལམ་གསལ་བྱེད་དང་རིག་རྒྱན་ཆེན་མོ་ལས། ཆོས་དེའི་སྒྲ་སྤྱི་དང་དོན་སྤྱི་གཉིས་ཡུལ་དུ་བྱེད་པའི་ཚེ་སྒྲ་དོན་འདྲེས་རུང་དུ་འཛིན་པ་ཡིན་ལ། འདྲེས་རུང་ཞེས་སྨོས་པ་ནི་བརྡ་ལ་མ་བྱང་བའི་བྱིས་པའི་རྟོག་པས་སྒྲ་དོན་གང་རུང་ཞིག་ཡུལ་དུ་བྱེད་ཀྱི། སྒྲ་དོན་གཉིས་ཀ་ཚོགས་ནས་ཡུལ་དུ་བྱེད་མི་ནུས་པས་དེ་སྡུད་པའི་ཆེད་ཡིན་པར་བཤད་ལ། འོན་ཀྱང་སྡེ་བདུན་མུན་སེལ་ལས་ནི། སྒྲ་དོན་ཞེས་པ་ནི་དོན་སྤྱི་ཉིད་ལ་བྱེད་ཀྱི་སྒྲ་སྤྱི་དང་དོན་སྤྱི་ཞེས་སོ་སོར་ནི་གཅོད་པར་བཤད་བརྟག །གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་བས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཞལ་བྱ་རང་མཚན་དངོས་ཡུལ་དུ་བྱེད་པའི་སྒོ་ནས་མངོན་སུམ་ཚད་མ་དང་། སྤྱི་མཚན་དངོས་ཡུལ་དུ་བྱེད་པའི་ཆ་ནས་རྗེས་དཔག་ཚད་མ་བཞག་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར། འཁྲུལ་ཤེས་ཡིན་ན། ཚད་མ་མ་ཡིན་པས་མ་ཁྱབ་སྟེ། རྗེས་དཔག་ཚད་མ་དེ་སྣང་ཡུལ་ལ་འཁྲུལ་ཡང་ཚད་མར་མི་འགལ་བའི་ཕྱིར་ཏེ། རྣམ་འགྲེལ་ལས། འཁྲུལ་བ་ཡིན་ཡང་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར། ཚད་མ་ནི་འདིར་ཡུལ་འཇལ་བའི་ཤེས་པ་ཞིག་ལ་འཇོག་ཀྱང་། སྤྱིར་སྐྱེས་བུ་ཚད་མ་དང་ཚད་དང་གྲངས་འཇལ་བའི་ཚད་མ་སོགས་ཡོད་དེ། དོན་ཇི་ལྟ་བ་བཞིན་གཟིགས་ནས་ངག་གིས་སྟོན་པ་ལ་མི་སླུ་བའི་སྟོན་པ་སངས་རྒྱས་ལྟ་བུ་སྐྱེས་བུ་ཚད་མ་དང་ཚད་མའི་སྐྱེས་བུ་ཞེས་ཀྱང་བྱ་ལ། བྲི་སྲང་ཚད་ལྡན་ལྟ་བུ་ཚད་དང་གྲངས་འཇལ་བ་ལ་ཚད་མར་འཇོག་པ་སོགས་ཡོད་པའི་ཕྱིར་རོ། ། གཉིས་པ་ཚད་མིན་གྱི་ཤེལ་པ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། གསར་དུ་མི་སླུ་བའི་ཤེས་པ་མ་ཡིན་པའི་རིག་པ་དེ། ཚད་མིན་གྱི་ཤེས་པའི་མཚན་ཉིད་གཉིས་པ་དེ་ལ་དབྱེ་ན་སྤྱིར་དུ་མ་ཡོད་ཀྱང་འདིར་ལོག་རྟོག་སེལ་བའི་དབང་དུ་མཛད་ནས་ལྔར་བཤད་དེ། ལོག་ཤེས། ཐེ་ཚོམ། བཅད་ཤེས། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ་དང་ལྔའོ། །དང་པོ་ནི། རང་གི་ཞེན་ཡུལ་ལ་འཁྲུལ་བའི་རིག་པ། རང་ཉིད་ལོག་ཤེས་ཡིན་པའི་མཚན་ཉིད། དེ་ལ་རྟོག་པ་ལོག་ཤེས་པ་དང་། རྟོག་མེད་ལོག་ཤེས་གཉིས་ཡོད་པ་ལས། རི་བོང་རྭ་དང་གང་ཟག་གི་བདག་ཡོད་པར་འཛིན་པའི་རྟོག་པ་དང་། སྒྲ་རྟག་པར་འཛིན་པའི་རྟོག་པ་དང་། ལས་འབྲས་སོགས་ཡོད་པའི་དོན་རྣམས་མེད་པར་འཛིན་པའི་རྟོག་པ་ལྟ་བུ་ནི་རྟོག་ལ་ལོག་ཤེས་ཏེ་ཡིད་ཤེས་ཡིན་ལ། དུང་དཀར་སེར་འཛིན་དང་། གངས་རི་སྔོར་སྣང་དང་། སྨིན་རྒྱུ་ཆུར་སྣང་དང་། ལྗོན་ཞིང་འགྲོར་སྣང་གི་དབང་ཤེས་སོགས་ནི་རྟོག་མེད་ལོག་ཤེས་ཡིན་ནོ། ། གཉིས་པ་ནི་རང་ཡུལ་ལ་དོགས་པའི་སེམས་བྱུང་དེ། ཐེ་ཚོམ་གྱི་མཚན་ཉིད། དེ་ལ་གསུམ་སྟེ་དོན་འགྱུར་ཐེ་ཚོམ་དང་། དོན་མི་འགྱུར་དང་། ཆ་མཉམ་དུ་དོགས་པའི་ཐེ་ཚོམ་མོ། །སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་སྙམ་པ་དང་། ལས་འབྲས་བདེན་ནམ་མི་བདེན་ཕལ་ཆེར་བདེན་སྙམ་པའི་ཐེ་ཚོམ་ལྟ་བུ་ནི་དོན་འགྱུར་ཐེ་ཚོམ་དང་། སྒྲ་ལྟ་བུ་ཕལ་ཆེར་རྟག་སྙམ་པ་དང་། ལས་འབྲས་ཕལ་ཆེར་མི་བདེན་སྙམ་པའི་ཐེ་ཚོམ་ལྟ་བུ་ནི་དོན་མི་འགྱུར་དང་། དེ་དག་ལ་ཁྱད་མེད་མཉམ་དུ་དོགས་པ་ནི་ཆ་མཉམ་པའི་ཐེ་ཚོམ་མོ། ། གསུམ་པ་ནི་རྟོགས་ཟིན་རྟོགས་པའི་རིགས་པ་བཅད་ཞེས་ཀྱི་མཚན་ཉིད། དེ་ལ་གཉིས་ཏེ། མངོན་སུམ་བཅད་ཤེས་དང་། རྟོག་པ་བཅད་ཤེས་གཉིས་ལས། དང་པོ་ནི། སོ་སྐྱེའི་མངོན་སུམ་སྐད་ཅིག་གཉིས་པ་ལྟ་བུ་དང་། གཉིས་པ་ནི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུ་སྟེ། ཚད་མ་སྐད་ཅིག་སྔ་མས་གསར་ཏུ་རྟོགས་ཟིན་པའི་དོན་ལ་སླར་བྱེད་པ་བསྣན་ནས་འཇུག་པ་ཙམ་ཡིན་གྱི་གསར་དུ་རྟོགས་པ་མིན་པའོ། ། བཞི་པ་ནི་མྱོང་བ་དང་རྟགས་ཡང་དག་གང་རུང་ལ་མ་བརྟེན་པར་རང་ཡུལ་མཐའ་གཅིག་ཏུ་ངེས་པའི་ཞེན་རེག །ཡིད་དཔྱོད་ཀྱི་མཚན་ཉིད། དེ་ལ་ལྔ་སྟེ། རྒྱུ་མཚན་འགལ་བའི་ཡིད་དཔྱོད། རྒྱུ་མཚན་མེད་པའི་དེ། རྒྱུ་མཚན་མ་ངེས་པའི་དེ། རྒྱུ་མཚན་མ་གྲུབ་པའི་དེ། རྒྱུ་མཚན་གཏན་ལ་མ་ཕབ་པའི་དེ་རྣམས་ལས། མཉན་བྱ་ཡིན་པའི་རྒྱུ་མཚན་གྱིས་སྒྲ་མི་རྟག་པར་འཛིན་པ་ལྟ་བུ་ནི་དང་པོ། རྒྱུ་མཚན་མེད་པར་སྒྲ་མི་རྟག་པར་འཛིན་པ་ལྟ་བུ་གཉིས་པ། ཡོད་པ་ཡིན་པའི་རྒྱུ་མཚན་གྱིས་སྒྲ་མི་རྟག་པར་འཛིན་པ་ལྟ་བུ་གསུམ་པ། མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་རྒྱུ་མཚན་གྱིས་སྒྲ་མི་རྟག་པར་འཛིན་པ་ལྟ་བུ་བཞི་པ། སྒྲ་བྱས་པ་ཡིན་པ་ཙམ་རྒྱུ་མཚན་དུ་བྱེད་ཀྱང་བྱས་བར་མ་ངེས་པར་སྒྲ་མི་རྟག་པའོ་སྙམ་དུ་འཛིན་པའི་ཡིད་དཔྱོད་ལྟ་བུ་ལྔ་པ་སྟེ། མདོར་ན་དོན་དེ་དང་དེ་ཡིན་པའི་རྒྱུ་མཚན་མི་ཤེས་བཞིན་དུ་དེ་དང་དེའི་མཉམ་དུ་དོན་མཐུན་དུ་འཛིན་པ་རྣམས་ཡིད་དཔྱོད་དོ། ། ལྔ་པ་ནི། རང་གི་འཇུག་ཡུལ་གྱི་དོན་རང་མཚན་གསལ་བར་སྣང་ཡང་དེ་ལ་ངེས་པ་འདྲེན་མི་ནུས་པའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚན་ཉིད། དེ་ལ་གསུམ་སྟེ། དེར་གྱུར་པའི་དབང་མངོན་དང་། ཡིད་མངོན། རང་རིག་མངོན་སུམ་རྣམས་ལས་ཚུར་མཐོང་གི་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་ལྟ་བུ་ནི་དང་པོ། དེའི་གཟུགས་འཛིན་ཡིད་མངོན་ལྟ་བུ། གཉིས་པ། དེའི་རྒྱུད་ཀྱི་རྟོག་པ་སྐད་ཅིག་ཐ་མ་ཉམས་སུ་མྱོང་བའི་རང་རིག་ལྟ་བུ་གསུམ་པའོ། །མདོར་ན་རང་གི་རྟོགས་བྱའི་དངོས་པོ་དེ་རང་ལ་གསལ་བར་སྣང་ཡང་དེ་ཡིན་པའི་ངེས་པ་འདྲེན་མི་ནུས་པའི་ཤེས་པ་ཞིག་སྟེ། སྐྱེས་མ་ཐག་པའི་བྱིས་པའི་ཤེས་པ་ཕལ་ཆེར་རོ། ། གཉིས་པ་དཔྱོད་པའི་སྒོ་བསྟན་པ་ལ། རྣམ་འགྲེལ་ལས། མངོན་སུམ་ལྟར་སྣང་རྣམ་པ་བཞི། །ཞེས་གསུངས་པ་ལྟར། མངོན་སུམ་ལྟར་སྣང་དེ་ལ་དུ་མ་ཡོད་དེ། འཁྲུལ་རྒྱུ་ཡུལ་ལ་ཡོད་པ་དང་། རྟེན་པ་ཡོད་པ་དང་། གནས་ལ་ཡོད་པ་དང་། དེ་མ་ཐག་རྐྱེན་ལ་ཡོད་པ་དང་བཞི་ཡོད་པའི་ཕྱིར་ཏེ། མགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་ལོར་སྣང་བའི་དབང་ཤེས་སྐྱེ་བ་ལྟ་བུ་ནི་འཁྲུལ་རྒྱུ་ཡུལ་ཡོད་པ་ཡིན། རབ་རིབ་ཀྱིས་མིག་བསླད་བས་ཟླ་བ་གཉིས་སུ་སྣང་བའི་དབང་ཤེས་སྐྱེ་བ་ནི་འཁྲུལ་རྒྱུ་རྟེན་ལ་ཡོད་པ་དང་། གྲུར་ཞུགས་ནས་འགྲོ་བ་ན་ཕ་རོལ་ཚུ་རོལ་གྱི་རི་ལྗོན་འགྲོ་སྣང་གི་དབང་ཤེས་སྐྱེ་བ་ནི་འཁྲུལ་རྒྱུ་གནས་ལ་དང་། ཡིད་ཞེ་སྡང་གིས་དཀྲུགས་པ་ལས་ས་གཞིར་དམར་སྣང་གི་དབང་ཤེས་སྐྱེ་བ་ལྟ་བུ་ནི་འཁྲུལ་རྒྱུ་དེ་མ་ཐག་རྐྱེན་ལ་ཡོད་པའི་དབང་གིས་ཡིན་པའི་ཕྱིར་ཏེ། རྒྱུ་དེ་དག་གི་དབང་གིས་དང་པོ་དེ་འགལ་མེའི་དབྱིབས་སམ་རྣམ་པ་ལ་འཁྲུལ། གཉིས་པ་ནི་ཟླ་བའི་གྲངས་ལ་འཁྲུལ། གསུམ་པ་ནི་རི་ལྗོན་གྱི་བྱ་བ་ལ་འཁྲུལ། བཞི་བ་ནི་ས་གཞིའི་ཁ་དོག་ལ་འཁྲུལ་བའི་ཕྱིར་རོ། །རྟོག་མེད་དབང་ཤེས་རྣམས་ནི་རྣམ་པར་དང་གྲངས་དང་དུས་སོགས་ངོ་བོ་དང་ཁྱད་པར་གང་ལ་འཁྲུལ་ནའང་འཁྲུལ་བར་འཇོག་པ་ཡིན་ཏེ། རིགས་རྒྱན་ལས། དེས་ན་རྟོག་མེད་ཀྱི་ཤེས་པ་རྣམས་རང་ཡུལ་ཆ་གཅིག་ལ་འཁྲུལ་ནའང་བདག་ཉིད་ཐམས་ཅད་ལ་འཁྲུལ་བ་དང་། ཞེས་གསུངས་པའི་ཕྱིར། འཕགས་བོད་ཀྱི་པཎ་ཆེན་ཁ་ཅིག་སྔར་བཤད་པའི་ཤེས་པ་དེ་དག་རང་གི་དམིགས་པ་ལ་མ་འཁྲུལ་ཏེ། དང་པོ་མེ་དང་གཉིས་པ་ཟླ་བ་དང་གསུམ་པ་རི་ལྗོན་དང་བཞི་པ་ས་གཞི་ལ་མ་འཁྲུལ་བའི་ཕྱིར་ན། དེ་དག་ལའང་ཚད་མ་སྲིད་ཅེས་བཞེད་མོད་རང་ལུགས་ནི་དེ་དག་འཁྲུལ་ཤེས་དང་ལོག་ཤེས་ཀྱང་ཡིན་ནོ། །འོ་ན་བར་སྣང་གི་ཉི་ཟླ་རྒྱུ་སྐར་སོགས་ཀྱི་དཀྱིལ་འཁོར་དང་རྒྱང་རིང་པོའི་གཟུགས་ལ་བལྟས་པའི་ཚེ་དེ་དག་རང་གི་ཚད་ལས་ཆུང་ངུར་སྣང་བའི་དབང་ཤེས་དེ་འཁྲུལ་ཤེས་སུ་འཇོག་གམ་མི་འཇོག །འཇོག་ན་མི་འཐད་དེ། དེ་ལྟ་ན་ཚུལ་མཐོང་གི་མིག་ཤེས་ཚང་མས་རྒྱང་རིང་བོའི་རི་དང་ལྗོན་ཤིང་སོགས་གང་ཡང་མི་མཐོང་བར་ཐལ་བའི་ཕྱིར། མི་འཇོག་ནའང་མི་འཐད་དེ། དེའི་ཚེ་དེ་དག་རང་རང་གི་ཚད་ལས་ཆུང་བར་སྣང་བས་ཚད་ལ་འཁྲུལ་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེའི་ཚེ་རྒྱང་རིང་བོ་ན་ཡོད་པའི་གཟུགས་དེ་དག་མཐོང་བའི་མིག་ཤེས་ཚད་མ་དེ་འཁྲུལ་ཤེས་མ་ཡིན་ཡང་། དེ་དག་རང་རང་གི་ཚད་ལས་ཆུང་བར་སྣང་བའི་དབང་ཤེས་དང་དེ་ལྟར་འཛིན་པའི་ཡིད་རྟོག་རྣམས་ནི་འཁྲུལ་ཤེས་སུ་འཇོག་རིགས་པའི་ཕྱིར་ཏེ། དང་པོ་གྲུབ་སྟེ། དབང་མངོན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མཁས་གྲུབ་རྗེས་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། མྱ་ངམ་གྱི་ཐང་དུ་རྒྱང་རིང་བོ་ནས་བལྟས་པའི་ཚེ་གོང་བུ་ཆུང་དུ་ཡང་ཆེན་པོར་སྣང་བའི་མིག་ཤེས་ལྟ་བུ་ཚད་ལ་འཁྲུལ་བའི་ཤེས་པ། ཞེས་གསུངས་པའི་ཕྱིར། འོ་ན། ཉི་ཟླ་འཆར་ནུབ་ཀྱི་དུས་སུ་རི་རྩེ་ལ་འབྱར་བ་ལྟར་སྣང་བའི་མིག་ཤེས་དེ་འཁྲུལ་ཤེས་ཡིན་ནམ་མ་ཡིན་ཞེ་ན། སྔ་མ་དང་འདྲ་སྟེ་རི་རྩེ་ལ་འབྱར་བ་ལྟར་སྣང་བའི་ཉི་ཟླ་སོགས་ཀྱི་དཀྱིལ་འཁོར་གྱི་གཟུགས་མཐོང་བའི་མིག་ཤེས་ཚད་མ་དེ་དབང་མངོན་ཡིན་བས་མ་འཁྲུལ་ཡང་། རི་རྩེར་འབྱར་བ་ལྟར་འཛིན་པའི་མིག་ཤེས་དང་དེ་ལྟར་འཛིན་པའི་རྟོག་པ་དེ་འཁྲུལ་ཤེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྡེ་བདུན་མུན་སེལ་ལས། ཉི་མ་རི་རྩེ་ལ་འབྱར་བ་ལྟ་བུ་ཡང་འཁྲུལ་བར་བཞེད་པ་འཐད་པར་མ་མཐོང་སྟེ། ཞེས་པ་ནས། ཉི་མའི་དཀྱིལ་འཁོར་དང་རིའི་བར་གྱི་ནམ་མཁའ་མ་མཐོང་བ་ཡིན་གྱི་ཞེས་གསུངས་པའི་ཕྱིར། དེའི་དོན་ནི་བར་སྣང་གི་སྐབས་ཡོད་གཟུགས་མ་མཐོང་པའོ། །ཕྱི་མ་གྲུབ་སྟེ། དེའི་ཚེ་དོན་ལ་ཉི་ཟླ་རི་རྩེ་ལ་འབྱར་བ་ལྟར་མེད་པའི་ཕྱིར་རོ། །ཡང་སོས་ཁའི་དུས་སུ་བྱེ་མ་སྐྱ་བོའི་ཡུལ་དང་ཉེ་བའི་ཚེ་ཆུ་མེད་བཞིན་དུ་སྔོ་འཁྲེགས་འཁྲེགས་རྒྱུགས་པའི་སྨིག་རྒྱུའི་ཆུ་མཐོང་བའི་མིག་ཤེས་དེ་ཚད་མ་ཡིན་ནམ་ཡིན་ཞེ་ན། སྔ་མ་དང་འདྲ་སྟེ། དེའི་ཚེ་སྨིག་རྒྱུའི་ཆུ་མཐོང་བའི་མིག་ཤེས་དེ་ཚད་མ་ཡིན་ཡང་། སྨིག་རྒྱུ་ལ་ཆུར་འཛིན་པའི་དབང་ཤེས་དང་རྟོག་པ་རྣམས་ནི་འཁྲུལ་ཤེས་སུ་འཇོག་རིགས་པའི་ཕྱིར། དང་པོ་གྲུབ་སྟེ། སྡེ་བདུན་མུན་སེལ་ལས། སྨིག་རྒྱུའི་ཁ་དོག་མཐོང་བའི་མངོན་སུམ་ཡང་སྔོ་ཞིང་འཁྱུགས་པའི་ཆ་ལ་ཚད་མ་ཡིན་ཞིང་། དེ་ལ་ངེས་པ་དྲངས་པ་ཡིན་ཏེ། དེའི་ཚེ་སྔོ་འཁྱུག་པ་ཙམ་ཡང་མ་མཐོང་ན་ཆུར་སྒྲོ་འདོགས་ག་ལ་འགྱུར། ཞེས་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། སྨིག་རྒྱུ་ཆུ་མ་ཡིན་པའི་ཕྱིར་ཡང་། ལས་ཀྱི་དབང་གིས་ཡི་དྭགས་འགའ་ཞིག་གི་མིག་ཤེས་ལ་བལྟ་བྱའི་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་ཚེ་མིག་ཤེས་དེ་དག་ཚད་མ་ཡིན་ནམ་མ་ཡིན། ཡིན་ན། མི་འཐད་དེ། གངས་རི་སྔོར་སྣང་གི་དབང་ཤེས་ལ་ཚད་མ་མི་སྲིད་པ་ལྟར་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བ་ལའང་མཚུངས་པའི་ཕྱིར། མ་ཡིན་ན་མི་འཐད་དེ། དེའི་ཚེ་ལས་ཀྱི་དབང་གིས་རྣག་ཁྲག་ཚད་གྲུབ་པ་འབྱུང་བའི་སྲིད་པའི་ཕྱིར། དེར་ཐལ། ཚངས་ཅོད་མ་ལས། ཆུ་ཡང་རྣག་ཁྲག་ཉིད་དུ་མཐོང་། །ཞེས་པ་དང་། ལས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་གྱིས་བརླན་ཞིང་གཤེར་བ་ཕོར་བ་གང་ལ་ཅིག་ཆར་དུ་བལྟས་པའི་ཚེ་དངོས་པོ་ཚད་གྲུབ་པ་གསུམ་འབྱུང་སྲིད་པར་བཤད་པའི་ཕྱིར་ཏེ། ཉི་ཤུ་བ་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་གསུངས་པའི་ཕྱིར། ཞེ་ན། རྒྱུ་མཚན་དེ་ཉིད་ཀྱིས་ན་དེའི་ཚེ། བ ལྟ་བྱའི་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་དབང་ཤེས་ལ་ཚད་མ་ཡིན་མིན་གཉིས་ཡོད་པས་གངས་རི་སྔོར་སྣང་གི་དབང་ཤེས་དང་མི་མཚུངས་སོ། །ཡང་། མར་མེའི་རྩེར་མོ་ཁྲ་སྒོར་སྣང་བའི་མིག་ཤེས་དེ་ཚད་མ་ཡིན་ནམ་མ་ཡིན། ཡིན་ན་མི་འཐད་དེ། མར་མེའི་རྩེ་མོ་ན་དེ་ལྟ་བུའི་ཁྲ་སྒོར་མེད་པའི་ཕྱིར། མ་ཡིན་ནའང་མི་འཐད་དེ། མར་མེའི་རྩེ་མོར་ཁྲ་སྒོར་སྣང་བའི་མིག་ཤེས་ཀྱིས་མར་མེའི་རྩེ་མོ་མངོན་སུམ་དུ་མ་མཐོང་བའི་ཕྱིར་ཏེ། སྡེ་བདུན་མུན་སེལ་ལས། མར་མེའི་རྩེ་མོ་ཁྲ་སྒོར་སྣང་བའི་དབང་ཤེས་ཀྱིས་ཀྱང་མར་མེའི་རྩེ་མོ་མངོན་སུམ་དུ་མཐོང་བར་འདོད་དགོས་ཤིང་། འདི་དག་མངོན་སུམ་དུ་མ་མཐོང་བར་མྱོང་བས་གྲུབ་བོ། །ཞེས་གསུངས་པའི་ཕྱིར་ན། སྐྱོན་མེད་དེ། དེའི་ཚེ་མར་མེའི་རྩེ་ན་ཁྲ་སྒོར་ཡོད་པར་འཛིན་པའི་ཤེས་པ་རྣམས་འཁྲུལ་ཤེས་སུ་འཇོག་ཀྱང་། མར་མེའི་རྩེ་མོ་ཁྲ་སྒོར་དང་བཅས་པ་སྣང་བ་ཙམ་གྱིས་འཁྲུལ་ཤེས་སུ་མི་འཇོག་པའི་དོན་ཡིན་པ་འདྲ་སྟེ་དཔྱད་པར་བྱའོ། །ཡང་། ཁྲ་འཛིན་དབང་མངོན་གྱིས་ཟ་འོག་ལྟ་བུའི་ཁྲ་བོ་ལ་བལྟས་པའི་ཚེ་ཁྲ་འཛིན་མིག་ཤེས་གཅིག་སྐྱེས་པ་ཡིན་ནམ། ཆ་ཤས་ཀྱི་གྲངས་དང་མཉམ་པའི་མིག་ཤེས་རེ་རེ་སྐྱེས་པ་གང་ཡིན། དང་པོ་ཡིན་ན། དེའི་ཚེ་སེར་བོ་ལྟ་བུ་གཅིག་མཐོང་བའི་ཆ་དེས་དམར་པོ་སོགས་མཐོང་ངམ་མི་མཐོང་མཐོང་ན་ཤེས་པའི་ཆ་གཅིག་གིས་ཡུལ་གྱི་ཆ་ཐམས་ཅད་མཐོང་བར་ཐལ་ཞིང་། མི་མཐོང་ན་ནི་ཆ་རེ་རེ་ལ་བལྟོས་པའི་ཤེས་པ་ཡང་རེ་རེ་སྐྱེ་དགོས་པར་འགྱུར་རོ། །གཉིས་པ་ལྟར་ནའང་མི་འཐད་དེ། དེ་ལྟར་འདོད་པ་དེའི་ཚེ་ཆ་གྲངས་མེད་པ་ལ་བལྟས་པའི་མིག་ཤེས་ཀྱང་གྲངས་མེད་པ་ཞིག་སྐྱེ་བར་ཁས་ལེན་དགོས་ན་མི་འཐད་དེ། ཧ་ཅང་ཐལ་བའི་ཕྱིར་རོ། །ཞེ་ན། སྐྱོན་མེད་དེ། དེའི་ཚུལ་ནི་སྡེ་བདུན་མུན་སེལ་ལས། དེའི་ཚེ་རྣམ་པ་སོ་སོ་བ་དེ་དག་མིག་ཤེས་ཀྱི་ཆ་ཤས་ཡིན་ལ། དེ་དག་ཚོགས་པའི་ཆ་ཅན་དུ་གྱུར་པའི་རྣམ་པ་ཁྲ་འཛིན་མིག་ཤེས་ཡིན་ཅིང་། ཆ་ཤས་དེ་དག་ཆ་ཅན་དང་རྫས་གཅིག་ཡིན་ལ། ཆ་ཤས་ནང་ཕན་ཚུན་རྫས་ཐ་དད་དོ་ཞེས་ཤེས་པར་བྱ་ཞིང་། ཞེས་གསུངས་པ་ལྟར་འདོད་པར་བྱའོ། །འོན་ཀྱང་ཚུལ་འདི་དཀའ་སྟེ། འདིའི་དབང་གིས་འཕགས་ཡུལ་གྱི་མཁས་པ་ལའང་གཟུང་འཛིན་གྲངས་མཉམ་དང་སྣ་ཚོགས་གཉིས་མེད་དང་སྒོ་ང་ཕྱེད་ཚལ་སོགས་ཀྱི་ལུགས་མི་འདྲ་བ་བྱུང་ངོ་། །ཡང་དེ་ཤེས་པ་རྣམས་ལ་ཡུལ་གྱི་རྣམ་པ་ཤར་ནས་འཛིན་ནམ་མ་ཤར་བར་ཐུགས་ཕྲད་དུ་འཛིན། དང་པོ་ལྟར་ན། རྣམ་པ་དེ་དག་ཤེས་པ་ཡིན་ནམ་མིན། ཤེས་པ་ཡིན་ན་མི་འཐད་དེ། དེའི་ཡུལ་གྱི་དོན་རྣམས་ཀྱང་ཤེས་པ་ཉིད་དུ་ཐལ་ལོ། །མ་ཡིན་ན་མི་འཐད་དེ། སྡེ་བདུན་མུན་སེལ་ལས། མིག་ཤེས་ཀྱི་གཟུང་རྣམ་མིག་ཤེས་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན་བཤད་པར་བྱ་སྟེ། འདི་ལྟར་མིག་ཤེས་ཀྱི་གཟུང་རྣམ་མིག་ཤེས་མ་ཡིན་ན། འོས་གཞན་མེད་པས་མི་ཤེས་ཀྱི་ཡུལ་ཡིན་པར་འདོད་དགོས་ན་དེ་མི་འཐད་དེ། ཞེས་གསུངས་པའི་ཕྱིར་ན། སྐྱོན་མེད་དེ། དེ་ནི་མིག་ཤེས་སོགས་ཀྱི་ཤེས་རྣམ་ནི་ཤེས་པ་དེ་དང་དེའི་གཟུང་རྣམ་ཡིན་པར་འདོད་དགོས་པའི་དོན་ཏེ། དེའི་ཚེ་ཡུལ་གྱི་རྣམ་པ་ཤར་ནས་འཛིན་པས་ཡུལ་གྱི་དོན་རྣམ་ཡོད་ཀྱང་མིག་ཤེས་སོགས་ཀྱི་དོན་རྣམ་ནི་མིག་ཤེས་སོགས་ཀྱི་རྣམ་པ་མ་ཡིན་ནོ་ཞེས་བྱ་སྟེ་ཚུལ་གཉིས་སོ། །བྱེ་བྲག་སྨྲ་བ་མ་གཏོགས་པའི་རང་སྡེ་རྣམས་ཀྱིས་ཤེས་པ་གང་ཡིན་ཀྱང་རང་གི་ཡུལ་འཛིན་པ་ན་ཡུལ་གྱི་རྣམ་པ་ཤར་ནས་འཛིན་པར་འདོད་དོ། །བྱེ་བྲག་སྨྲ་བས་ཤེས་པ་ལ་གཟུང་རྣམ་མི་འདོད་ཅིང་། དེ་ལ་མྱོང་བ་གསལ་རིག་གི་ཆ་ཁས་ལེན་ཀྱང་། རང་རིགས་ཁས་མི་ལེན་ཏེ། སྡེ་བདུན་མུན་སེལ་ལས། བྱེ་བྲག་སྨྲ་བའང་ཤེས་པ་རྣམས་ཀྱི་མྱོང་བ་གསལ་རིག་གི་ཆ་དེ་ལྟ་བུ་ཁས་ལེན་མོད་ཀྱི། འོན་ཀྱང་དེ་རང་རིག་ཏུ་ཁས་མི་ལེན་པ་ཡིན་ལ། དེའི་རྒྱུ་མཚན་ཡང་ཤེས་པ་རྣམ་མེད་དུ་ཁས་ལེན་པས་གཟུང་རྣམ་ཞེས་བྱ་བ་ཅུང་ཟད་ཀྱང་ཁས་མི་ལེན་ལ། ཞེས་གསུངས་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བས་ཤེས་པ་རྣམ་མེད་དུ་ཁས་བླངས་པ་ལ། མདོ་སྡེ་བ་སོགས་ཀྱིས་སྐྱོན་འདི་ལྟར་དུ་བརྗོད་དེ། འོ་ན་དགྲ་གཉེན་གཉིས་ཀྱིས་སྐྱེས་བུ་ཅིག་གི་གཟུགས་ལ་ཅིག་ཆར་དུ་བལྟས་པའི་ཚེ། །སྐྱེས་བུ་གཅིག་པོ་དེའི་གཟུག་དེ་འདོད་མི་འདོད་གཉིས་ཀའི་བདག་ཉིད་ཐལ་ཏེ། དེའི་ཚེ་དགྲ་གཉེན་དེ་གཉིས་ཀྱི་ཤེས་པ་ལ་འདོད་མི་འདོད་གཉིས་སུ་སྣང་བ་གང་ཞིག །རྣམ་པ་མ་ཤར་འཛིན་ཆེར་དུ་མཐོང་བའི་ཕྱིར་རྟག་ཁས་ཞེས་སྨྲས་ཏེ། རྣམ་འགྲེལ་ལས། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། དེ་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །ཡང་དབང་ཤེས་ལ་ཟླ་བ་གཉིས་སྣང་བ་དང་སྐྲ་ཤད་འཛག་སྣང་དང་སྨིག་རྒྱུ་ཆུར་སྣང་དང་གཟུགས་བརྙན་བྱད་བཞིན་དུ་སྣང་བའི་སྣང་བ་དེ་རྣམས་ནི་དངོས་པོ་ཡིན་ནམ་མ་ཡིན། །ཡིན་ན་རྟོག་པ་ལ་བུམ་པར་སྣང་བ་སོགས་ཀྱང་དངོས་པོར་འགྱུར་ལ། མ་ཡིན་ན། མི་འཐད་དེ། སྟོད་མཐུན་ཆེན་མོ་ལས། དབང་ཤེས་ལ་སྐྲ་ཤད་དུ་སྣང་བའི་སྣང་བ་དང་སྨིག་རྒྱུ་ཆུར་སྣང་བའི་སྣང་བ་དང་གཟུགས་བརྙན་བྱད་བཞིན་དུ་སྣང་བའི་སྣང་བ་རྣམས་གཟུགས་ཀྱི་སྐྱེ་མཆེད་ཡིན་ཏེ། དབང་ཤེས་ཀྱི་སྣང་ཡུལ་དུ་གྱུར་པའི་གཟུགས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཞེ་ན། བརྟག་པ་ཕྱི་མ་ཁས་ལེན་ཅིང་། དང་པོ་ཁས་ལེན་པ་མ་ཡིན་ཏེ། རྟོག་པའི་སྣང་ཡུལ་དང་དབང་ཤེས་ཀྱི་སྣང་ཡུལ་མི་འདྲ་བའི་ཕྱིར་ཏེ། རྟོག་པའི་སྣང་ཡུལ་རྣམས་ནི་འདུས་མ་བྱས་ཡིན་པའི་ཕྱིར་དང་། ཁྱད་པར་རྨི་ལམ་གྱི་མི་དང་རྟ་གླང་སོགས་དང་མི་སྡུག་པ་བསྒོམ་པའི་ཡིད་ཤེས་ཀྱི་སྣང་བ་སོགས་ནི་ཀུན་བཏགས་པའི་གཟུགས་སམ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཞེས་གྲགས་པ་དེ་ཡིན་པའི་ཕྱིར་ཏེ། སྟོང་མཐུན་ལས། དེ་ཡང་ཡིད་ཤེས་ཁོ་ན་ནི་ཡུལ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་ཞིང་། དེའི་ནང་ནས་ཀུན་བཏགས་པའི་གཟུགས་ཡིན་ལ། མི་སྡུག་པ། བསྒོམས་པའི་ཡིད་ལ་ས་གཞི་ཀེང་རུས་ཀྱིས་གང་བར་སྣང་བའང་དེ་དང་འདྲའོ། །ཞེས་གསུངས་པའི་ཕྱིར། ཡང་བུམ་འཛིན་མིག་ཤེས་དེས་བུམ་པའི་གཟུགས་ཀྱི་རྡུལ་ཕྲན་རྣམས་མཐོང་ངམ་མི་མཐོང་། མཐོང་ན་བུམ་ནང་གི་རྡུལ་ཡང་མཐོང་བར་ཐལ་ལོ། །མི་མཐོང་ན་མི་འཐད་དེ། དབང་ཤེས་ཡུལ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར་དང་། རྣམ་འགྲེལ་ལས། གང་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་པའི་ཕྱིར་ན། སྐྱོན་མེད་དེ། བུམ་འཛིན་དབང་མངོན་ཀྱིས་བུམ་པའི་རྡུལ་ཕྲན་ཡན་འགར་བ་མི་མཐོང་ཡང་། ཆ་ཅན་བུམ་པ་དང་འགྲེལ་བའི་རྡུལ་ཕྲན་མཐོང་བའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། དེ་ཕྱིར་དབང་ཡུལ་རྡུལ་ཕྲན་མིན། །ཞེས་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྣམ་འགྲེལ་ཊིཀ་ཆེན་ཐར་ལམ་གསལ་བྱེད་ལས། དབང་ཤེས་ཀྱི་གཟུང་དོན་ཀྱི་རྡུལ་ཕྲན་དེ་དག་ལ་བསགས་པ་ཞེས་སྒྲས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཞེས་གསུངས་པའི་ཕྱིར། བུམ་འཛིན་རྟོག་པ་དེས་བུམ་པའི་མཆུ་ཞབས་དང་རྡུལ་ཕྲན་སོགས་དངོས་སུ་མི་འཛིན་ཏེ། དེ་བུམ་པ་ལ་སེལ་འཇུག་ཡིན་པའི་ཕྱིར་ཏེ། སྒྲ་རྟོག་ཡུལ་ལ་སེལ་འཇུག་ཏུ་མཚུངས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། སྤྱི་བརྗོད་དང་ཚུལ་ཅན་སྒྲ་དང་། རྟོག་པའང་དེ་དང་དོན་གཅིག་ན། །ཞེས་གསུངས་པའི་ཕྱིར། ཡང་དབང་ཤེས་དང་རྟོག་པ་གཉིས་ལ་ཡུལ་གསལ་བར་སྣང་བ་འདྲའམ་མི་འདྲ་ཞེ་ན། མི་འདྲ་སྟེ། ཡུལ་གསལ་བར་སྣང་ན་རྟོག་བྲལ་དུ་འགྱུར་བའི་ཕྱིར་ཏེ། རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད་ཤེས་པར་འདོད། །ཞེས་གསུངས་པའི་ཕྱིར། རྟོག་པ་ལ་ཡུལ་གསལ་བར་མི་སྣང་སྟེ། རྣམ་འགྲེལ་ལས། རྣམ་པར་རྟོག་དང་རྗེས་འབྲེལ་བ། །དོན་གསལ་ལ་སྣང་བ་ཅན་མ་ཡིན། །ཞེས་གསུངས་པའི་ཕྱིར། སད་པ་དང་གཉིས་དུས་གཉིས་ཀར་ཡང་ཡུལ་གསལ་བར་སྣང་མི་སྣང་གཉིས་ཀ་ཡོད་པར་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་ཀ་འབྱུང་བ་ཡོད་དེ། རྣམ་འགྲེལ་ལས་གཉིད་ལོག་པའམ་སད་པ་ན། གསལ་བ་སྣང་བ་ཅན་བློ་གང་། དེ་ནི་རྟོག་མེད་གཉིས་ཀ་ཡང་། ཞེས་གསུངས་པའི་ཕྱིར། ཕྱིན་ཅི་ལོག་མ་ལོག་གི་དོན་གང་ཡིན་ཀྱང་ཡིད་ལ་ཡང་ཡང་གོམས་པས་གསལ་སྣང་བྱུང་ན་རྟོག་བྲལ་དུ་འགྱུར་བ་ཡིན་ཏེ། རྣམ་འགྲེལ་ལས། མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མ་ཡིན་བསྒོམས་པ་ཡི། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང་། །གསལ་བར་སྣང་བ་ཅན་དུ་མཐོང་། །དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པའི་ཕྱིར་རོ།། །། གཉིས་པ་ལུང་གི་མངོན་པ་ནས་བཤད་ཚུལ་ལ་གཉིས། མངོན་པ་ཀུན་བཏུས་ནས་བཤད་ཚུལ་དང་། མངོན་པ་མཛོད་ནས་བཤད་ཚུལ་ལོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ལ་གཉིས། །གཙོ་སེམས་དང་སེམས་བྱུང་ངོ་། །དང་པོ་ལ། རང་ཡུལ་གྱི་ངོ་བོ་འཛིན་པའི་སྒོ་ནས་བཞག་པའི་གཙོ་བོའི་རྣམ་རིག་དེ། གཙོ་སེམས་ཀྱི་མཚན་ཉིད། གཙོ་སེམས་དང་སེམས་དང་ཡིད་དང་། རྣམ་ཤེས་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །ངོ་བོའི་སྒོ་ནས་དབྱེ་ན་མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་སྟེ། བསྡུ་ན་དབང་པོའི་རྣམ་ཤེས་དང་། ཡིད་ཀྱི་རྣམ་ཤེས་གཉིས་སུ་འདུའོ། །རང་ཡུལ་གྱི་ཁྱད་པར་ཅི་རིགས་འཛིན་ཅིང་གཙོ་སེམས་གང་རུང་གི་འཁོར་དུ་བྱུང་བའི་རིགས་པ། སེམས་བྱུང་གི་མཚན་ཉིད། དབྱེ་བ་ནི་འཆད་པར་འགྱུར་ཞིང་། མཚན་ཉིད་དེ་ལྟར་འཐད་དེ། བྱམས་མགོན་གྱིས་དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་པའི་ཕྱིར། གཙོ་སེམས་དང་དེའི་འཁོར་དུ་གྱུར་པའི་སེམས་བྱུང་རྣམས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། ཐོགས་མེད་ཀྱིས་བསྡུ་བ་ལས། གཅིག་ཚེ་གསལ་བར་བསྒྲིབས་ན་ཡང་། །སེམས་ཀྱི་ཁྱད་པར་རྒྱུན་དག་ལས། ཐ་དད་པར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། རྒྱལ་ཚབ་རྗེས། རྣམ་བཤད་སྙིང་བོའི་རྒྱན་ལས། སེམས་སེམས་བྱུང་རྫས་ཐ་དད་དུ་བསྟན་ནོ་ཞེས་ཟེར་བ་ནི་འགལ་ན་རྫས་ཐ་དད་ཀྱིས་ཁྱབ་པ་ཚངས་པས་ཀྱང་བསྒྲུབ་མི་ནུས་སོ། །ཞེས་དང་། མཁས་གྲུབ་རྗེའི་སྡེ་བདུན་མུན་སེལ་ལས། དེས་ན་འཕགས་པ་ཐོགས་མེད་སྐུ་མཆེད་དང་རིགས་པའི་དབང་ཕྱུག་རྣམ་གཉིས་སོགས་ཕལ་ཆེ་བ་གཙོ་སེམས་དང་དེའི་འཁོར་སེམས་བྱུང་རྣམས་རྫས་གཅིག་ཏུ་བཞེད་པ་ཡིན་ལ། ཞེས་དང་། རྗེ་དགེ་འདུན་གྲུབ་ཀྱི་སྤྱི་དོན་རིགས་རྒྱན་ལས། སྐྱེས་བུ་གཅིག་གི་རྒྱུད་ལ་ཡོད་པའི་གཙོ་བོའི་རྣམ་པར་རྟོག་པ་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ལ། ཞེས་གསུངས་པའི་ཕྱིར། སེམས་དང་དེའི་འཁོར་དུ་གྱུར་པའི་སེམས་བྱུང་རྣམས་ཕན་ཚུན་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་ཏེ། རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་རྣམས་མཚུངས་པའི་ཕྱིར་ཏེ། གཙོ་སེམས་རྟེན་དབང་བོ་གང་ལ་བརྟེན་པ་དེ་ལ་འཁོར་སེམས་བྱུང་བརྟེན། གཙོ་སེམས་དམིགས་པ་གང་ལ་བརྟེན་ནས་སྐྱེ་བ་དེ་ལ་འཁོར་སེམས་བྱུང་སྐྱེ། གཙོ་སེམས་ཡུལ་གང་གི་རྣམ་པ་ཤར་བ་ལྟར་འཁོར་སེམས་བྱུང་དེ་ལ་དེའི་རྣམ་པ་ཤར། གཙོ་སེམས་དུས་གང་གི་ཚེ་སྐྱེས་པ་དང་མཉམ་དུ་འཁོར་སེམས་བྱུང་ཀྱང་སྐྱེས། གཙོ་སེམས་དང་འཁོར་སེམས་བྱུང་རྣམས་རྫས་རིགས་གཅིག་གིས་ཁྱད་པར་དུ་བྱས་ནས་སྐྱེའི། རྫས་རིགས་ཐ་དད་པར་མི་སྐྱེ་བའི་ཕྱིར་ཏེ། མཛོད་ལས། དོན་གཅིག་སེམས་དང་སེམས་བྱུང་རྣམས། །མཚུངས་པར་ལྡན་པ་རྣམ་པ་ལྔ། །ཞེས་གསུངས་པའི་ཕྱིར། སེམས་བྱུང་ལ་དབྱེ་ན་ང་གཅིག་ཡོད་དེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་རྣམས་སུ་ཡོད་པའི་ཕྱིར་དང་པོ་ལྔ་ཡོད་དེ། ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་ལ་བྱེད་པ། རིག་པ་དང་ལྔ་ནི་སེམས་ཀུན་གྱི་འཁོར་དུ་འགྲོ་བས་ཀུན་འགྲོ་ཞེས་བཤད་པའི་ཕྱིར་ཏེ། དེ་ལྔ་བོ་གང་རུང་གཅིག་མ་ཚང་ན་ཡུལ་གྱི་ལོངས་སྤྱོད་མི་རྫོགས་པའི་ཕྱིར་ཏེ། ཚོར་བ་མེད་ན་བདེ་སྡུག་སོགས་མྱོང་བ་མི་འབྱུང་། འདུ་ཤེས་མེད་ན་ཐ་སྙད་འདོགས་པ་སོགས་མེད། སེམས་པ་མེད་ན་ཡུལ་ལ་འཇུག་པ་མེད། ཡིད་བྱེད་མེད་ན་དམིགས་པ་ལ་སེམས་གཏོད་པ་མེད། རེག་པ་མེད་ན་ཚོར་བ་བདེ་སྡུག་སོགས་མི་སྐྱེ་བའི་ཕྱིར་རོ། །འོན་ཀྱང་དེ་དག་མངོན་གྱུར་དུ་ཡོད་དགོས་པའི་ངེས་པ་མེད་དེ། འཆི་སེམས་ཕྲ་མོའི་སྐབས་དང་ཉིང་མཚམས་སྦྱར་མ་ཐག་པའི་དུས་དང་འགོག་པ་ལ་སྐོམས་པར་ཞུགས་པ་སོགས་ཀྱི་ཚེ་ཚོར་བ་སོགས་འགའ་ཞིག་ནི་བག་ལ་ཞ་བའི་ཚུལ་གྱིས་འཇུག་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ཡུལ་དེས་ལྔ་ཡོད་དེ། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་དང་ལྔ་ནི་ཡུལ་སོ་སོར་ངེས་པས་ཡུལ་ངེས་ཞེས་བརྗོད་པའི་ཕྱིར་ཏེ། འདུན་པས་ཡུལ་ལ་འདུན་ཞིང་དོན་དུ་གཉེར། མོས་པས་དེ་ལ་དགའ་བར་འཇུག །དྲན་པས་དམིགས་རྣམ་འཛིན། ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་གནས། ཤེས་རབ་ཀྱིས་སོ་སོར་དཔྱོད་པར་བྱེད་པའི་ཕྱིར། གསུམ་པ་དགེ་བ་བཅུ་གཅིག་ཡོད་དེ། དད་པ་དང་། ངོ་ཚ་ཤེས་པ། ཁྲེལ་ཡོད། མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས། ཤིན་དུ་སྦྱངས་པ། བག་ཡོད། བཏང་སྙོམས། རྣམ་པར་མི་འཚེ་བ་རྣམས་ནི་རང་གི་ལྡོག་ཕྱོགས་མ་དད་པ་སོགས་ལས་ལྡོག་པའི་སྒོ་ནས་དགེ་བར་འགྱུར་བར་དགེ་བ་བཅུ་གཅིག་ཅེས་གྲངས་ངེས་ཀྱིས་བཞག་པའི་ཕྱིར། འོན་ཀྱང་བདུད་སོགས་དད་པའི་ཡུལ་མིན་པ་ལ་དད་པ་དང་། མི་དགེ་བའི་ཕྱོགས་ལ་བརྩོན་པ་ནི་དད་པ་དང་བརྩོན་འགྲུས་བཏགས་པ་ཡིན་གྱི་དེ་གཉིས་དངོས་མིན་པས་ཁྱད་པར་དབྱེ་དགོས་སོ། ། བཞི་བ་རྩ་ཉོན་དྲུག་ཡོད་དེ། དེ་ལྟར་གྱུར་པའི་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཉོན་མོངས་ཅན། ལྟ་བ་ཉོན་མོངས་ཅན་དང་དྲུག་ནི་ཉེ་ཉོན་རྣམས་དང་སྲིད་པའི་རྩ་བ་ཅི་རིགས་བྱེད་པས་ན་རྩ་ཉོན་ཞེས་བརྗོད་པའི་ཕྱིར། འདོད་ཆགས་དང་མ་རིག་པ་ཡིན་ན། རྩ་ཉོན་ཡིན་མི་དགོས་ཏེ། བྱང་འཕགས་ཀྱི་རྒྱུད་ཀྱི་དེ་དག་རྩ་ཉོན་མ་ཡིན་པའི་ཕྱིར་ཏེ། དེ་དག་ནི་སྨན་དང་སྔགས་ཀྱིས་བཅོམ་པའི་དུག་བཞིན་དུ་ནུས་པ་ཆུང་བའི་ཕྱིར་རོ། ། ལྔ་བ་ཉེ་ཉོན་ཉི་ཤུ་ཡོད། ཁྲོ་བ། འཁོན་འཛིན། འཆབ་པ། འཚིག་པ། ཕྲག་དོག །སེར་སྣ། སྒྱུ། གཡོ། རྒྱགས་པ། རྣམ་འཚེ། ངོ་ཚ་མེད། ཁྲེལ་མེད། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད། བརྗེད་ངེས། ཤེས་བཞིན་མིན་པ། རྣམ་གཡེང་དང་ཉི་ཤུ་ནི་རང་རྒྱུ་རྩ་ཉོན་ལས་བྱུང་ཞིང་དེ་དང་ཉེ་བས་ན་ཉེ་ཉོན་ཞེས་བརྗོད་པའི་ཕྱིར། དྲུག་པ་གཞན་འགྱུར་ཡོད་དེ། གཉིད་དང་། འགྱོད་པ། རྟོག་པ། དཔྱོད་པ་བཞི་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་འགྱུར་སྲིད་པས་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། གཉིད་དུས་སུ་དཀོན་མཆོག་ལ་དད་མ་དད་དང་དགེ་སྡིག་ལ་འགྱོད་མི་འགྱོད་སོགས་ཀྱིས་དེ་ལྟར་འགྱུར་སྲིད་པའི་ཕྱིར་རོ། ། གཉིས་པ་མངོན་པ་མཛོད་ནས་བཤད་ཚུལ་ལ་གཉིས་ཡོད་དེ། སྡེ་ཚན་དུ་ངེས་པ་དང་མ་ངེས་པ་གཉིས་ཡོད་པའི་ཕྱིར་དང་པོ་ལ་ལྔ་སྟེ། སེམས་ཀྱི་ས་མང་བོ་པ་དང་། དགེ་བའི་ས་མང་བོ་བ། ཉོན་མོངས་པའི་ས་མང་བོ་པ་དང་། མི་དགེ་བའི་ས་མང་བོ་དང་། ཉོན་མོངས་ཆུང་ངུའི་ས་མང་བོ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཅུ་ཡོད་དེ། མཛོད་ལས། ཚོར་དང་སེམས་འདུ་ཤེས་དང་། །འདུན་དང་རིག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་གསུངས་པ་ལྟར་ཡོད་པའི་ཕྱིར། བཅུ་བོ་དེ་ཆོས་ཅན། ཁྱོད་ལ་སེམས་ཀྱི་ས་མང་བོ་པ་ཞེས་བྱ་སྟེ། སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བའི་ཕྱིར། དེ་ནི་སྤྱིའི་རྣམ་གཞག་ཡིན་གྱི། སེམས་ཡིན་ན་དེའི་འཁོར་དུ་ཏིང་ངེ་འཛིན་ཡོད་པས་མ་ཁྱབ་སྟེ། གཡེང་བའི་སེམས་ཐམས་ཅད་ལ་དེ་ཡོད་དཀའ་བའི་ཕྱིར་ཏེ་ཡོད་ན་ཏིང་འཛིན་ཧ་ཅང་ཁྱབ་ཆེ་བའི་སྐྱོན་དུ་འགྱུར་སྙམ་མོ། ། གཉིས་པ་ལ་བཅུ་ཡོད་དེ་མཛོད་ལས། །དད་དང་བག་ཡོད་ཤིན་ཏུ་སྦྱངས། བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་རྣམ་གཉིས་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་གསུངས་པ་ལྟར་ཡོད་པའི་ཕྱིར། །བཅུ་པོ་དེ་ཆོས་ཅན། དགེ་བའི་ས་མང་བོ་པ་ཞེས་བྱ་སྟེ་དགེ་བའི་སེམས་ཀུན་གྱི་འཁོར་དུ་འབྱུང་བའི་ཕྱིར། དེ་ཡང་སྔར་ལྟར་ཏེ། རྩ་བ་རྣམས་གཉིས་ནི་ཆགས་མེད་དང་སྡང་མེད་དོ། ། གསུམ་པ་ལ་དྲུག་ཡོད་དེ། མཛོད་ལས། རྨོངས་དང་བག་མེད་ལེ་ལོ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཡོད་པའི་ཕྱིར། དྲུག་པོ་དེ་ཆོས་ཅན། ཉོན་མོངས་པའི་ས་མང་པོ་པ་ཞེས་བྱ་སྟེ། ཉོན་མོངས་པ་ཅན་གྱི་སེམས་ཀུན་གྱི་འཁོར་དུ་འབྱུང་བའི་ཕྱིར། བཞི་པ་ལ་གཉིས་ཡོད་དེ། མི་དགེ་བ་ལ་ཁྲེལ་མེད་དང་། །ངོ་ཚ་མེད་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པོ་དེ་ཆོས་ཅན། མི་དགེ་བའི་ས་མང་པོ་པ་ཞེས་བྱ་སྟེ། མི་དགེ་བའི་སེམས་ཀུན་གྱི་འཁོར་དུ་འབྱུང་བའི་ཕྱིར། ལྔ་བ་ལ་བཅུ་ཡོད་དེ། ཁྲོ་བོ་དང་། འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་རྣམས། །ཉོན་མོངས་ཆུང་དུའི་ས་པ་རྣམས། །ཞེས་གསུངས་བ་ལྟར་ཡོད་པའི་ཕྱིར། བཅུ་པོ་དེ་ཆོས་ཅན། ཉོན་མོངས་ཆུང་ངུའི་ས་བ་ཞེས་བྱ་སྟེ། མཚུངས་ལྡན་གྲོགས་ཀྱིས་ཆུང་། སྤང་བྱ་རིགས་ཀྱིས་ཆུང་། འབྱུང་བ་རྟེན་གྱིས་ཆུང་བའི་ཕྱིར། གཉིས་པ་མ་ངེས་པ་བརྒྱད་ཡོད་དེ། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁྲོ་བ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་འབྱུང་བ་ལྟར་ཡོད་པའི་ཕྱིར། བརྒྱད་པོ་དེ་ཆེས་ཅན། མ་ངེས་པ་ཞེས་བྱ་སྟེ། གོང་གི་སྡེ་མཚན་སྟེ་དེ་རྣམས་སུ་མ་ངེས་པར་འབྱུང་བའི་ཕྱིར། དེར་ཐལ། ཆོས་དང་ཆོས་མིན་གཉིས་ཀ་ལ་རྟོག་དཔྱོད་དང་འགྱོད་པ་འབྱུང་། གཉིད་དུས་སུ་དགེ་མི་དགེའི་སེམས་གཉིས་ཀ་ལ་ནས། ཆོས་དང་ཆོས་མིན་བྱེད་པ་གཉིས་ཀ་ལ་དམིགས་ནས་ཁྲོ་བ་འབྱུང་། དེ་གཉིས་ཀ་བྱེད་པ་ལ་ཆགས་ཤིང་ཞེན་པ་འབྱུང་། རིགས་གཟུགས་ལོངས་སྤྱོད་ཐོས་པའི་ཡོན་ཏན་གྱིས་ཀྱང་ང་རྒྱལ་བྱེད་པ་འབྱུང་། ཆོས་དང་ཆོས་མིན་གཉིས་ཀ་ལ་ཐེ་ཚོམ་འབྱུང་བ་ལྟ་བུ་ཡིན་པའི་ཕྱིར། དེ་དག་ནི་སྡེ་ཚན་དུ་མ་ངེས་པར་ཀུན་སློང་སོགས་ཀྱིས་དབང་གིས་སྡེ་ཚན་གཞན་དང་གཞན་དུ་འབྱུང་བ་ཡིན་ལ། རྟོག་དཔྱོད་འགྱོད་གཉིས་ཐེ་ཚོམ་རྣམས་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་མཐའ་གཅིག་ངེས་མ་པར་སྐབས་འགར་དགེ་བ་དང་ལ་ལར་མི་དགེ་བ་དང་གཞན་དུ་ལུང་མ་བསྟན་དུའང་འགྱུར་སྲིད་པའི་ཕྱིར་མ་ངེས་པའོ། །འདི་དག་གི་རྣམ་གཞག་རྒྱས་པར་ནི་བདག་གིས་མཛོད་ཀྱི་ཊཱིཀྐ་དང་ཕུང་བོ་ལྔའི་རྣམས་གཞག་སོགས་ལས་བཤད་ཟིན་པས་འདིར་མི་སྤྲོའོ། །གཉིས་པ་རྟགས་རིགས་ཀྱི་རྣམ་གཞག་རྒྱས་པར་ནི་གཞན་དུ་བཤད་ཟིན་ཅིང་འདིར་མདོར་བསྡུས་མཚོན་ཙམ་ཞིག་བཤད་པར་བྱ་སྟེ། དེ་ནི། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིག་ཞེས་པས་མདོར་བསྟན་ཏེ་འདི་ལ་གསུམ། རྟག་ཀྱི་མཚན་ཉིད། དབྱེ་བ། འཕྲོས་དོན་བཤད་པའོ། །དང་པོ་ནི། རྟགས་སུ་བཀོད་པ། རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ། དེ་སྒྲུབ་ཀྱི་རྟགས་ཀྱི་མཚན་ཉིད། ཡོད་མེད་གང་རུང་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཡིན་པས་ཁྱབ་སྟེ། དེ་ཡིན་ན། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པས་ཁྱབ་པའི་ཕྱིར་ཏེ། རི་བོང་རྭ་དེ་ཆོས་ཅན། མི་རྟག་སྟེ། རི་བོང་རྭ་ཡིན་པའི་ཕྱིར་ཞེས་པའི་རྟགས་སུ་བཀོད་པའི་ཕྱིར། སྒྲ་མི་རྟག་པར་གྲུབ་པར་བྱེད་པའི་རྟགས་སུ་བཀོད་པ། སྒྲ་མི་རྟག་པ་བསྒྲུབ་པར་བྱེད་པའི་རྟགས་ཀྱི་མཚན་ཉིད། དེ་བཞིན་དུ་གཞན་ལ་སྦྱོར་ཚུལ་འགྲེའོ། །བྱས་པའི་རྟགས་ཀྱིས་སྒྲ་མི་རྟགས་པར་སྒྲུབ་པར་བྱེད་པའི་རྟགས་སུ་བཀོད་པ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་མཚན་ཉིད་ཡིན་ཀྱང་དེ་ཡིན་བྱས་པ་དང་གཅིག་ཡིན་པས་ཁྱབ་པ་ཡིན་ནོ། ། གཉིས་པ་ལ་གཉིས། རྟགས་ཡང་དག་བཤད་པ་དང་། རྟགས་ལྟར་སྣང་བཤད་པའོ། །དང་པོ་ལ་གསུམ། དེའི་ལྟོས་གཞི་དང་། མཚན་ཉིད། དབྱེ་བའོ། །དང་པོ་ལ་གཉིས། ཕྱོགས་ཆོས་ཀྱི་ལྟོས་གཞི་དང་། ཁྱབ་པའི་ལྟོས་གཞིའོ། །དང་པོ་ལ་གསུམ། ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་དང་། མཚན་གཞི་དང་། སྒྲུབ་བྱེད་དེ། དང་པོ་ནི་མཚོན་ན། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་བ་ཡང་ཡིན་ཁྱོད་བྱས་པར་ཚད་མས་ངེས་ནས་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་གྱི་མཚན་ཉིད། །དེ་སྒྲུབ་ཀྱི་རྩོད་གཞི་ཡིན་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པས་མ་ཁྱབ་ཀྱང་། ཕྱི་མ་ཡིན་ན་སྔ་མ་ཡིན་པས་ཁྱབ་བོ། །འོན་ཀྱང་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དང་། དེ་སྒྲུབ་ཀྱི་རྩོད་གཞི་དང་། དེ་སྒྲུབ་ཀྱི་དཔག་གཞི་གསུམ་དོན་གཅིག་གོ ། གཉིས་པ་མཚན་གཞི་ནི་སྒྲ་དེའོ། །གསུམ་པ་སྒྲུབ་བྱེད་ནི། སྒྲ་ཆོས་ཅན་ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ཏེ། མཚན་ཉིད་བཤད་པ་ལྟར་ཡིན་པའི་ཕྱིར་ཞེས་བྱའོ། ། གཉིས་པ་ཁྱབ་པའི་ལྟོས་གཞི་ལ་གཉིས། བསྒྲུབ་བྱའི་ཆོས་དང་། མཐུན་ཕྱོགས་དང་མི་མཐུན་ཕྱོགས་སོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བ། སྒྲུབ་བྱེད་དོ། །བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་བ་དེ། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་བ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། བདག་མེད་ཡིན་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་སྟེ། རི་བོང་རྭ་དེ་རི་བོང་གི་རྭར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཏེ། དེ་ཆོས་ཅན། རི་བོང་རྭ་ཡིན་ཏེ། དེ་ཡིན་པའི་ཕྱིར་ཞེས་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། དེས་ན་བསྒྲུབ་བྱའི་ཆོས་ཡིན་ན། ཆོས་ཡིན་པས་མ་ཁྱབ་བོ། །སྒྲ་མི་རྟག་པར་སྒྲུབ་པ་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་བ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། མི་རྟག་པ་དེ་དེའི་མཚན་གཞིའོ། །སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་བཀོད་པའི་ཚེ་སྒྲ་རྩོད་གཞི། མི་རྟག་པ་བསྒྲུབ་བྱའི་ཆོས། །སྒྲ་མི་རྟག་པ་བསྒྲུབ་བྱ། བྱས་པ་རྟགས་ཡང་དག །རྟག་པ་དགག་བྱའི་ཆོས། སྒྲ་རྟག་པ་དགག་བྱར་འཇོག་སྟེ་གཞན་ལ་སྦྱོར་ཚུལ་ཤེས་པར་བྱའོ། ། གཉིས་པ་དེ་ལ་དབྱེ་ན། དེའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་། ཤུགས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཡོད་པའི་མི་རྟག་པ་དེ་དང་པོ་དང་སྐད་ཅིག་མ་ནི་ཕྱི་མའོ། །གསུམ་པ་སྒྲུབ་བྱེད་ནི། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་ཏེ། མཚན་ཉིད་དེའི་ཕྱིར། །གཉིས་པ་ཁྱབ་པའི་ལྟོས་གཞི་ལ་གཉིས་དངོས་པོ་དང་། དཔེ་གཉིས་བཤད་པའོ། །དང་པོ་ལ་བཞི། མཚན་ཉིད། དབྱེ་བ། སྒྲ་དོན། སྒྲུབ་བྱེད་དོ། །དང་པོ་ནི། དེ་སྒྲུབ་གྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་ཡོད་པ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་ལ་ཡིན་འགོད་དང་ཡོད་འགོད་གཉིས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་ཡོད་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མི་རྟག་པ་གཉིས་དོན་གཅིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མེད་པ་དེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། །དེ་བཞིན་དུ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་མི་མཐུན་ཕྱོགས་ཀྱི་མཚན་ཉིད་དང་སྦྱར་ན། དེ་དང་མི་རྟག་པ་མ་ཡིན་པ་གཉིས་དོན་གཅིག ། གཉིས་པ་དབྱེ་ན་གསུམ་སྟེ་དེ་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས། གཞན་པ་མི་མཐུན་ཕྱོགས། འགལ་ཟླ་མི་མཐུན་ཕྱོགས་སོ། །དང་པོ་ནི་རི་བོང་གི་རྭ་ལྟ་བུ། གཉིས་པ་ནི་ཤེས་བྱ་ལྟ་བུ། གསུམ་པ་ནི་རྟག་པ་ལྟ་བུའོ། ། གསུམ་པ་སྒྲ་དོན་ནི། །རི་བོང་རྭ་སོགས་གསུམ་པོ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མི་མཐུན་པའི་ཕྱིར་ཏེ། དངོས་མེད་ཡིན་པའི་ཕྱིར། བཞི་བ་སྒྲུབ་བྱེད་ནི། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་ཏེ། དེ་ལྟར་སྒྲུབ་པའི་འགོད་ཚུལ་དང་མཐུན་པའི་ཕྱིར་ཏེ། མི་རྟག་པ་ཡིན་པའི་ཕྱིར་རོ། །གཉིས་པ་དཔེ་གཉིས་ལས། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་མི་མཐུན་དཔེ་ནི། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ། །ཞེས་པའི་ངག་ལྟ་བུ་དང་། ཆོས་མི་ཐུན་སྦྱོར་གྱི་སྒྲུབ་ངག་གི་དཔེ་ནི་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ་སྟེ། སྤྱིར་མི་མཐུན་ཕྱོགས་ཀྱི་དཔེ་མེད་དེ། གཞི་གྲུབ་ན། སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པར་བྱེད་པའི་མཐུན་དཔེ་ཡིན་དགོས་པའི་ཕྱིར་རོ། ། གཉིས་པ་ལ་ལྔ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ལ། ཚུལ་གསུམ་ཡིན་པ། རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ནི། ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ་པོ། །ཚུལ་གསུམ་སོ་སོ་ལ་མཚན་ཉིད། སྒྲུབ་བྱེད་ཀྱི་ཚད་མ་དང་རྗེས་སུ་འགྲོ་ལྡོག་ངེས་བྱེད་སོགས་ལས། དང་པོ་ནི། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད། དེ་བཞིན་དུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་སོགས་ལ་སྦྱོར་ཚུལ་འགྲེའོ། །དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། དེ་བཞིན་དུ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད་དང་། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད་སོགས་ལ་སྦྱར་བར་བྱའོ། །དེ་སྒྲུབ་ཀྱི་དངོས་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད་དང་གཞི་ལ་སྦྱར་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོག་ཁྱབ་དང་། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱང་དེས་རིགས་འགྲེའོ། །བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཀའི་མཚན་གཞི་ཡིན་ནོ། །སྒྲུབ་བྱེད་ལ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་ཏེ། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། །དེར་ཐལ། དེ་འདྲའི་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་འགོད་ཚུལ་ཡིན་འགོད་དང་མཐུན་པར་ཡོད་པ་ཁོ་ན་ཡིན་ཅིང་སྐབས་ཀྱི་རྒོལ་བས་ཀྱང་རང་གི་ཚད་མས་ངེས་པའི་ཕྱིར་རོ། །བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་ཏེ། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་ཡིན། ཁྱོད་ཡིན་ན་མི་རྟག་ཡིན་པས་ཁྱབ་པའི་ཚུལ་གྱིས་ཁྱོད་མི་རྟག་པ་ཁོ་ན་ཡོད་པ་ཉིད་ཚད་མས་ངེས་པའི་ཕྱིར། བྱས་པ་ཆོས་ཅན། ཁྱེད་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་ཡིན། ཁྱོད་ཡིན་ན་མི་རྟག་ཡིན་པས་ཁྱབ། ཁྱོད་མི་རྟག་པ་དང་འབྲེལ་ཞིང་མི་རྟག་པ་མ་ཡིན་པ་ལ་མེད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར་རོ། ། གཉིས་པ་དབྱེ་བ་ལ་གསུམ། འབྲས་རྟགས། རང་བཞིན་གྱི་རྟགས། མ་དམིགས་པའི་རྟགས་སོ། །དང་པོ་ནི། རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཅེས་སོགས་དང་། མེ་ཡི་འབྲས་བུ་དུ་བ་སྟེ། །ཞེས་པས་བསྟན་ཅིང་། འདི་ལ་གསུམ། མཚན་ཉིད། དབྱེ་བ། སྒྲུབ་བྱེད་དེ། དང་པོ་ནི། འབྲས་བུའི་ཚུལ་གསུམ་ཡིན་པ། འབྲས་རྟགས་ཡང་དག་གི་མཚན་ཉིད། དེ་དང་འདུས་བྱས་གཉིས་དོན་གཅིག །དེ་སྒྲུབ་ཀྱི་འབྲས་བུའི་ཚུལ་གསུམ་ཡིན་པ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད། གོ་བ་དང་སྦྱར་ན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱའི་གཙོ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད། འབྲས་རྟགས་ལ་དབྱེ་ན་སྤྱིར་མང་ཡང་། བསྡུ་ན་རྒྱུ་དངོས་གྲུབ་དང་། རྒྱུ་སྔོན་སོང་དང་། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གསུམ་ཡོད་པ་ལས། དུ་བ་དེ། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྒྱུ་དངོས་གྲུབ་ཀྱི་འབྲས་རྟགས། བར་སྣང་གི་སྔོ་ལོང་པོ་དེ། རང་རྒྱུ་མེ་སྔ་མ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས། བུ་རོ་ད་ལྟ་བ་དེ། ཁ་ནང་བུ་རོ་གོང་བུའི་སྟེང་དུ་བུ་རོ་སྔ་མས་རོ་གཟུགས་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་སོ། །སྒྲུབ་བྱེད་ནི། དུ་བ་ཆོས་ཅན། ཁྱོད་དུ་བ་དང་ལྡན་པའི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་མེའི་འབྲས་བུ་ཡིན་པའི་ཕྱིར་ཞེས་པ་ནི་མཚོན་པ་ཙམ་མོ། །གཉིས་པ་ནི། རྣམ་འགྲེལ་ལས། རང་བཞིན་ཡོད་ཙམ་དང་། འབྲེལ་བ་ཅན་གྱི་ངོ་བོ་ཡང་། ཞེས་པས་བསྟན་ཏེ། འདི་ལ་མཚན་ཉིད་སོགས་གསུམ་གྱི་དང་པོ་རང་བཞིན་གྱི་ཚུལ་གསུམ་ཡིན་པ། རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་རང་བཞིན་གྱི་ཚུལ་གསུམ་ཡིན་པ། དེ་སྒྲུབ་ཀྱི་རང་བཞིན་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཡང་ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་གྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན་ཁྱོད་དང་བདག་ཉིད་གཅིག་ཡིན་དགོས་པའི་ཆ་ནས་བཞག་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟག་ཡང་དག་གི་མཚན་ཉིད། དབྱེ་ན། དེར་གྱུར་པའི་ཁྱད་པར་ལྟོས་པ་བའི་དེ་དང་། ཁྱད་པར་དག་པ་བའི་དེ་གཉིས་སོ། །དང་པོ་ལ་དེར་གྱུར་བའི་རང་གི་བྱེད་ཆོས་དངོས་སུ་འཕངས་བ་དང་། ཤུགས་ལ་འཕངས་པ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྐྱེས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་སྐྱེས་པ་ལྟ་བུ། གཉིས་པ་ནི། དེ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་ལྟ་བུ། དག་པ་བ་ནི། དེ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་རྟགས་ལྟ་བུ། སྐད་ཅིག་མ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་གྱི། དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་མིན་ལ་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་ནི་མི་རྟག་པ་ཉིད་འཇོག་ཅིང་། འོན་ཀྱང་དེའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ནི་མི་རྟག་པར་བཞག་ཏུ་མི་རུང་ངོ་། །སྒྲུབ་བྱེད་ནི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་གོ་བ་དང་སྦྱར་ནས་བཞག་པ་དེས་ཤེས་པར་བྱའོ། ། གསུམ་པ་མ་དམིགས་པའི་རྟགས་ཡང་དག་ལ་གཉིས། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གོ །དང་པོ་ནི། རྣམ་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ། ཞེས་སོགས་ཀྱིས་བསྟན་ཏེ་འདི་ལ་བཞི། མཚན་ཉིད། འཇུག་དུས། དབྱེ་བ། དགོས་པ་སོགས་ལས། མི་སྣང་བ་མ་དམིགས་པ འི་ཚུལ་གསུམ་ཡིན་པ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་ཚུལ་གསུམ་ཡིན་པ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟག་ཡང་དག་གི་མཚན་ཉིད། གོ་བ་དང་སྦྱར་བ་ནི་སྒྲ་བཤད་ཀྱིས་ཤེས་ལ། འཇུག་དུས་ནི། དགག་གཞི་སྣང་རུང་ཡིན་ཡང་དེ་སྒྲུབ་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་རྒོལ་བ་དེའི་ངོ་བོར་སྣང་དུ་མི་རུང་ན། མི་སྣང་བ་མ་དམིགས་པའི་རྟགས་འཇུག་ཅིང་། དེའི་སྒོ་ནས་སྒྲ་བཤད་ཀྱང་ཤེས་པར་བྱའོ། །དབྱེ་ན། དེར་གྱུར་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་དང་། འགལ་ཟླ་དམིགས་པའི་རྟགས་གཉིས་ལས། དང་པོ་ནི། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟག་ཡང་དག་གང་ཞིག །རང་གི་དངོས་མིང་གི་མཐར་མེད་མིན་སོགས་དགག་ཚིག་ཅི་རིགས་སྦྱར་བའི་ཆོས་དེ། དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་ལ་དབྱེ་ན། དེར་གྱུར་པའི་རྒྱུ་མ་དམིགས་དང་། ཁྱབ་བྱེད་མ་དམིགས་དང་། རང་བཞིན་མ་དམིགས་པའི་རྟགས་དང་གསུམ་སྟེ་ཁྱད་པར་རྒྱས་པར་ནི་གཞན་དུ་ཤེས་པར་བྱ་ཞིང་མཚོན་ཙམ་ནི། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་སྐལ་ལྡན་དུ་སོང་པའི་གང་ཟག་གིས་དེ་ཡོད་ཅེས་དམ་བཅའ་མི་རིགས་ཏེ། གང་ཟག་དེའི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །དགོས་པ་ནི། མདུན་གྱི་གཞི་འདིར་ལྷའི་བར་སྲིད་དང་། ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་སྒོ་ནས་བསྐལ་དོན་དུ་སོང་བའི་གང་ཟག་གིས་གཞི་འདིར་དེ་གཉིས་ཡོད་ཅེས་སམ་ཐག་གཅོད་དུ་མི་རུང་བ་དཔེར་མཛད་ནས། དོན་ལ་གང་ཟག་གང་དང་གང་གིས་སྐྱོན་ཡོན་རང་གི་ཚད་མས་མ་ངེས་བཞིན་དུ་སྒྲོ་བསྐུར་བྱར་མི་རུང་བར་ཤེས་པའི་ཆེད་དོ། །བློ་ལ་ལྟོས་པའི་བསྐལ་དོན་ལ་གསུམ་ཡོད་དེ། ཡུལ་དང་དུས་དང་ངོ་བོའི་བསྐལ་དོན་གསུམ་ཡོད་པའི་ཕྱིར། དང་པོ་ནི། རང་དང་ཕྱོགས་ཐག་ཤིན་ཏུ་རིང་བ་ན་ཡོད་པའི་སྣོད་བཅུད་ཀྱི་ཁྱད་པར་ལྟ་བུ། གཉིས་པ་ནི། བསྐལ་བ་འདས་ཟིན་པ་དང་འབྱུང་བའི་དུས་ན་ཇི་འདྲ་བྱུང་བ་དང་འབྱུང་བའི་ཁྱད་པར་ལྟ་བུ་སྟེ། དེ་རྣམས་ནི་སྤྱིར་བསྐལ་དོན་མིན་ཡང་རང་གི་བློ་ལ་བལྟོས་པའི་བསྐལ་དོན་ནོ། །གསུམ་པ་ནི། རང་དང་ཉེ་བ་ན་ཡོད་ཀྱང་ངོ་བོ་ཕྲ་བའི་དབང་གིས་བསྐལ་དོན་དུ་སོང་བ་མདུན་གྱི་ཤ་ཟ་ལྟ་བུ་དང་། ལྷ་མའི་བར་སྲིད་པ་རྣམས་དང་དེའི་བུམ་པ་ལྟ་བུའོ། ། གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ནི། རྣམ་འགྲེལ་ལས། གཏན་ཚིགས་བྱེ་བྲག་ལ་བལྟོས་ནས། །འགའ་ཞིག་མེད་ཞེས་འབྲས་བུ་ཅན། །ཞེས་སོགས་ཀྱིས་བསྟན་ཏེ་འདི་ལ་གསུམ། མཚན་ཉིད། དབྱེ་བ། ཞར་བྱུང་ངོ་། །དེའི་དང་པོ་ནི། སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་སྣ་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གོ་བ་དང་སྦྱར་ན། ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མ་ལ་སྣང་རུང་ཡིན་དགོས་པ། ཁྱོད་དེ་སྒྲུབ་ཀྱི་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གཉིས་པ་དེ་ལ། དབྱེ་ན་སྣང་རུང་གི་འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་རྟགས་གཉིས། དང་པོ་ལ། སྣང་རུང་གི་རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་དང་བཞི། དང་པོ་ནི། མེ་མེད་པའི་མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་བཀོད་པའི་ཚེ་མེ་མེད་པ་ལྟ་བུ། གཉིས་པ་ནི། ཤིང་མེད་པའི་བྲག་རྫོང་ན་ཆོས་ཅན། ཤ་བ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། གསུམ་པ་ནི། བུམ་པས་དབེན་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། བཞི་པ་ནི། དུ་བས་དབེན་པའི་ས་ཕྱོགས་ཆོས་ཅན། དུ་བའི་དངོས་རྒྱུ་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། གཉིས་པ་འགལ་ཟླ་དམིགས་པའི་རྟགས་ལ་དབྱེ་ན། ལྷན་ཅིག་མི་གནས་འགལ་གྱི་དེ་དང་། ཕན་ཚུན་སྤངས་འགལ་གྱི་དེ་གཉིས། དང་པོ་ལ་འགལ་བའི་རང་བཞིན་དམིགས་པ་བཞི། འབྲས་བུ་དམིགས་པ་བཞི། ཁྱབ་བྱ་དམིགས་པ་བཞི་སྟེ་བཅུ་གཉིས་སོ། །དེ་དག་གི་དབྱེ་བ་རྒྱས་པར་ནི་གཞན་དུ་བལྟ་ལ། མཚན་གཞི་ཙམ་ནི། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་ཤར་གྱི་དངོས་པོ་ཆོས་ཅན། གྲང་རེག་རྒྱུན་ཆགས་སུ་གནས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་གནོད་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུའོ། ། གཉིས་ཕན་ཚུན་སྤངས་འགལ་ནི། སྒྲ་ཆོས་ཅན། རྟག་པས་སྟོང་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུའོ། །གསུམ་པ་ཞར་བྱུང་ནི། རྟག་དེ་ལ་དངོས་སྟོབས་ཀྱི་རྟགས། ཡིད་ཆེས་ཀྱི་རྟགས། གྲགས་པའི་རྟགས། དོན་སྒྲུབ་ཀྱི་རྟགས་ཐ་སྙད་སྒྲུབ་ཀྱི་རྟགས། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་ཁྱབ་བྱེད་དུ་འཇུག་པའི་རྟགས་ལྔ་ལས། བྱས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་སྟོབས་ཀྱི་རྟགས། དཔྱད་གསུམ་གྱིས་དག་པའི་ལུང་དེ། རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པར་བྱེད་པའི་ཡིད་ཆེས་ཀྱི་རྟགས། རྟོགས་ཡུལ་ན་ཡོད་པ་དེ། རི་བོང་ཅན་ཟླས་སྒྲས་རུང་དུ་སྒྲུབ་པར་བྱེད་པའི་གྲགས་པའི་རྟགས། བྱས་པ་དེ་སྒྲ་སྐད་ཅིག་མར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་རྟགས། སྐད་ཅིག་མ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས། རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས། བྱས་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་ཡིན་ནོ། །ཡང་སྐྱེ་བ་སྔ་ཕྱ ི་ཡོད་པར་སྒྲུབ་པའི་རྟགས་སྦྱོར་ནི། སོ་སྐྱེ་འཆི་ཁ་མའི་སེམས་ཐ་མ་ཆོས་ཅན། ཁྱོད་ཀྱི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་ཡོད་དེ། ཁྱོད་གང་ཟག་བཅས་ཀྱི་རིག་པ་ཡིན་པའི་ཕྱིར། །དཔེར་ན། ད་ལྟའི་བློ་བཞིན། བྱིས་པ་བཙས་མ་ཐག་པའི་བློ་ཆོས་ཅན། རང་གི་རིགས་འདྲའི་བློ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན། རྒན་པོའི་བློ་བཞིན་ཞེས་ལྟ་བུའོ། ། གཉིས་པ་རྟགས་ལྟར་སྣང་ནི། རྣམ་འགྲེལ་ལས། ལྟར་སྣང་དེ་ལས་གཞན་སོགས་ཀྱིས་བསྟན་ཏེ། དེ་ལ་སྤྱིར་རྟགས་ལྟར་སྣང་མེད་དེ། གཞི་གྲུབ་ན་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། དེ་སྒྲུབ་ཀྱི་རྟགས་ལྟར་སྣང་ཡོད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པ། དེ་སྒྲུབ་ཀྱི་རྟགས་ལྟར་སྣང་གི་མཚན་ཉིད། དབྱེ་ན་གསུམ་སྟེ། དེ་སྒྲུབ་ཀྱི་འགལ་བའི་རྟགས། མ་ངེས་པའི་རྟགས། མ་གྲུབ་པའི་རྟགས་སོ། །དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པའི་ཚུལ་གཉིས་ཕྱིན་ཅི་ལོག་ཏུ་ངེས་པ། དེ་སྒྲུབ་ཀྱི་འགལ་རྟགས་ཀྱི་མཚན་ཉིད། མཚན་གཞི་ནི་སྒྲ་ཆོས་ཅན། རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་ཏེ་ལྟ་བུ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པའི་ཚུལ་གཉིས་རྣམ་པར་མ་ངེས་པ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། མཚན་གཞི་ནི། སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། དབྱེ་ན་མང་ཡང་བསྡུ་ན་དགུ་སྟེ། དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ། དེ་བཞིན་དུ་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པ། རྩོད་གཞིའི་སྟེང་དུ་མེད་ནས་མ་གྲུབ་པ་གསུམ་དང་། ཤེས་འདོད་མེད་ནས་མ་གྲུབ་པ། ཆོས་ཅན་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ། འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་གསུམ་དང་། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ། གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པ། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་དང་གསུམ་སྟེ་དགུའོ། །མཚན་གཞི་ནི་རིམ་པ་བཞིན་དུ་དང་པོ་ནི། སྒྲ་ཆོས་ཅན། སྐྱེས་པ་ཡིན་ཏེ། རྒྱུ་རྟག་པ་ལས་བྱུང་བའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུའོ། །གཉིས་པ་ནི་རི་བོང་གི་རྭ་ཆོས་ཅན། ཡོད་དེ། རྭ་ཡིན་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། གསུམ་པ་ནི། སྒྲ་ཆོས་ཅན། དངོས་པོ་ཡིན་ཏེ། མིག་གིས་མཐོང་བའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ་དང་། བཞི་པ་ནི། དེ་ཆོས་ཅན། མཉན་བྱ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་ལྟ་བུ། ལྔ་པ་ནི། དྲི་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོ་བོར་དྲི་ཟའི་གླུ་དབྱངས་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། དྲུག་པ་ནི། དེ་ཆོས་ཅན། ཡོད་དེ། དྲི་ཟའི་ཚད་མས་གྲུབ་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ་དང་། བདུད་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། བརྒྱད་པ་ནི། སྒྲ་ཆོས་ཅན། སྒྲ་ཡིན་ཏེ། མིག་རྟག་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུ། དགུ་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་རྟགས་དེ་ལྟ་བུའོ། ། གསུམ་པ་འཕྲོས་དོན་ལ་གཉིས། སྒྲུབ་ངག་བཤད་པ་དང་འཕྲོས་དོན་གཞན་བཤད་པའོ། །དང་པོ་ལ་གཉིས། ཡང་དག་དང་། ལྟར་སྣང་ངོ་། །དང་པོ་ལ་དབྱེ་ན། འབྲས་རང་མ་དམིགས་པའི་སྒྲུབ་ངག་གསུམ། དང་པོ་ལ་ཆོས་མཐུན་སྦྱོར་དང་། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ལས། དང་པོ་ནི། སྦྱོར་བ་བཀོད་རྗེས་སུ། དུ་བ་ཡོད་ན། མེ་ཡོད་པས་ཁྱབ། དཔེར་ན། ཚངས་མང་བཞིན། དུ་ལྡན་གྱི་ལ་ལ་ཡང་དུ་བ་ཡོད་དོ། །ཞེས་པ་ལྟ་བུ། གཉིས་པ་ནི། མེ་མེད་ན། དུ་བ་མེད་པས་ཁྱབ། དཔེར་ན། ཆུ་ཀླུང་བཞིན། དུ་ལྡན་གྱི་ལ་ལ་དུ་བ་ཡོད་དོ་ཞེས་པ་ལྟ་བུའོ། །གཉིས་པ་རང་བཞིན་གྱི་སྒྲུབ་ངག་ལ་ཆོས་མཐུན་མི་མཐུན་གཉིས་ཡོད་པ་ལས་དང་པོ་ནི། བྱས་ན། མི་རྟག་པས་ཁྱབ། དཔེར་ན། བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ། གཉིས་པ་ནི། རྟག་ན། མ་བྱས་པས་ཁྱབ། དཔེར་ན། འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་པ་ལྟ་བུའོ། །གསུམ་པ་མ་དམིགས་པའི་སྒྲུབ་ངག་ལ་གཉིས་ལས་དང་པོ་ནི། ཤིང་མེད་ན། ཤུགས་པ་མེད་པས་ཁྱབ། དཔེར་ན། ཤིང་མེད་པའི་ཐང་བཞིན་ཤིང་མ་དམིགས་པའི་བྲག་ངོས་ན་ནི་ཤིང་མེད་དོ་ཞེས་པ་ལྟ་བུ། གཉིས་པ་ནི། ཤུགས་པ་ཡོད་ན། ཤིང་ཡོད་པས་ཁྱབ། དཔེར་ན། ནགས་ཚལ་བཞིན། ཤིང་མ་དམིགས་པའི་བྲག་ངོས་ན་ནི་ཤིང་མེད་དོ་ཞེས་པ་ལྟ་བུའོ། །སྤྱིར་སྒྲུབ་ངག་ཡང་དག་ལ། ཚུལ་གསུམ་དཔེ་དང་བཅས་པ་ལྷག་ཆད་མེད་པར་སྟོན་པ་ཞིག་དགོས་ཏེ། མཚོན་ཙམ་བརྗོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་ནས། བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་ངག་འདིའི་བྱས་ནས་མི་རྟག་ཁྱབ་ཅེས་པས་རྗེས་ཁྱབ་དངོས་སུ་བརྗོད་ནས་ལྡོག་ཁྱབ་ཤུགས་ལ་འཕེན་ཅིང་། སྒྲ་ཡང་བྱས་ཞེས་པས་ཆོས་ཅན་དང་འབྲེལ་བའི་ཕྱོགས་ཆོས་དངོས་སུ་བརྗོད་དེ། དཔེར་ན་བུམ་པ་བཞིན་ཞེས་པས་མཐུན་དཔེ་དངོས་སུ་བརྗོད་པ་ལྟ་བུ་ཡིན་པའི་ཕྱིར། ཕྱོགས་ཆོས་དང་ལྡོག་ཁྱབ་དངོས་སུ་བརྗོད་ནས་རྗེས་ཁྱབ་ཤུགས་ལ་འཕེན་པ་ནི། རྟག་ན་མ་བྱས་པས་ཁྱབ། དཔེར་ན། ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་པ་ལྟ་བུའོ། འོན་ཀྱང་། བྱས་ན་མི་རྟག་པས་ཁྱབ་པ་དང་། རྟག་ན་མ་བྱས་པས་ཁྱབ་པ་གཉིས་ནི། སྦྱོར་བ་དེའི་རྗེས་ཁྱབ་དང་ལྡོག་ཁྱབ་མ་ཡིན་གྱི། བྱས་པ་ཉིད་དེའི་རྗེས་ཁྱབ་དང་ལྡོག་ཁྱབ་ཡིན་ཞིང་། ཕྱོགས་ཆོས་ཀྱང་ཡིན་ཏེ། དེའི་ཚུལ་གསུམ་ཡིན་པའི་ཕྱིར་རོ། ། གཉིས་པ་འཕྲོས་དོན་གཞན་ལ། འོ་ན། གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་ཡོད་དམ་མེད། ཡོད་ན་དེའི་ཕྱོགས་ཆོས་ཇི་ལྟར་གྲུབ། མེད་ན་ནི། རི་བོང་རྭ་ཆོས་ཅན། བདག་མེད་ཡིན་ཏེ། ཡོད་མེད་གང་རུང་ཡིན་པའི་ཕྱིར་ཞེས་པ་འདི་རྟགས་སྦྱོར་ཡང་དག་ཇི་ལྟར་ཡིན་ཞེ་ན་འདི་ལ་བཞེད་པ་མི་མཐུན་པ་ཡོད་ཀྱང་རྒྱལ་ཚབ་རིན་པོ་ཆེས་ནི་སྒྲུབ་རྟགས་ལ་གཞི་མ་གྲུབ་པ་རྩོད་གཞིར་བཟུང་བའི་རྟགས་ཡང་དག་མེད་ཀྱང་། དགག་རྟགས་དེ་ཡོད་པར་བཤད་པས་དཔྱད་རྒྱུ་མང་ཡང་བཞག་གོ །ཡང་། དབུ་མའི་ལུགས་ཀྱི་རྟེན་འབྲེལ་གྱི་རྟགས་དང་། ཆ་ཅན་གྱི་རྟགས། གཅིག་དུ་བྲལ་གྱི་རྟགས། མུ་བཞི་སྐྱེ་འགོག་གི་རྟགས་རྣམས་སྔར་བཤད་པའི་རྟགས་གསུམ་གང་རུང་དུ་འདུས་སམ་མ་འདུས་ཞེ་ན། སྤྱིར་རྟགས་ཡང་དག་ཐམས་ཅད་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་འདུས་ལ། འབྲས་རང་གི་རྟགས་གཉིས་ནི་གཙོ་བོར་སྒྲུབ་རྟགས་ཡིན་ཞིང་། མ་དམིགས་པའི་རྟགས་ལ་དགག་རྟགས་གཙོ་བོ་ཆེ་ཡང་། དེ་སྒྲུབ་ཀྱི་དགག་རྟགས་ཡིན་ན། དགག་པ་ཡིན་མི་དགོས་ཏེ། བྱས་པ་དེ་སྒྲུབ་པའི་ཡིན་ཀྱང་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་ཡང་དག་དང་། སྒྲ་རྟགས་སྟོང་དུ་སྒྲུབ་པར་བྱེད་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། སྒྲ་ཆོས་ཅན། ཁྱོད་རྟག་པས་སྟོང་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ལྟར་ཡིན་པའི་ཕྱིར། །དབུ་མའི་ལུས་ཀྱི་རྟེན་འབྲེལ་གྱི་རྟགས་ནི། དེའི་ལུགས་ལ་དངོས་པོ་བདེན་མེད་དུ་སྒྲུབ་པའི་འགལ་ཟླ་དམིགས་པའི་རྟགས་ཡིན་པར་རྗེ་ཉིད་ཀྱིས་བཤད་ཅིང་། ཆ་བཅས་ཀྱི་རྟགས་ཀྱང་དེ་དང་འདྲའོ། །གཅིག་ཏུ་བྲལ་གྱི་རྟགས་ནི་དབུ་མ་རྒྱན་ལས། བདེན་མེད་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་སུ་བཤད་ཅིང་། འདིའི་རིགས་པས་དེ་སྒྲུབ་ཀྱི་བདེན་མེད་སྒྲུབ་པའི་རྟགས་ཡང་དག་ཐམས་ཅད་ཀྱང་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་སུ་འགྱུར་ཏེ། དེ་ཡང་སྣང་རུང་མ་དམིགས་པའི་རྟགས་གཙོ་ཆེའོ། །མཚོན་ན། བུམ་པ་ཆོས་ཅན། བདེན་པར་མེད་དེ། བདེན་པར་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་རྟགས་འདི་ལྟ་བུ་རང་བཞིན་མ་དམིགས་པའི་རྟགས་དང་། བུམ་པས་དག་པའི་ས་ཕྱོགས་ན་ཆོས་ཅན། གསེར་བུམ་མེད་དེ། བུམ་པ་མེད་པའི་ཕྱིར་ཞེས་པའི་རྟགས་འདི་ལྟ་བུ་ཁྱབ་བྱེད་དེ་མ་དམིགས་པའི་རྟགས་དང་། མེས་དབེན་པའི་རྩིག་སྐོར་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པའི་རྟགས་འདི་ལྟ་བུ་རྒྱུ་མ་དམིགས་པའི་རྟགས་དང་། མྱུ་གུ་ཆོས་ཅན། བདེན་པས་སྟོང་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རྟགས་འདི་ལྟ་བུ་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པ་དེ་བཞིན་དུ་གཞན་ལ་སྦྱར་ནས་ཤེས་པར་བྱའོ། །གཞི་གཅིག་ལ་ལྟོས་པའི་རྟགས་གསུམ་འགལ་ཡང་བསྒྲུབ་གཞི་སོ་སོ་ལ་ལྟོས་ན ས་མི་འགལ་ཏེ། མཚོན་ན། སྐྱེ་བ་དེ། མྱུ་གུ་རང་གི་རྒྱུ་ལས་བྱུང་བར་སྒྲུབ་བར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་ཀྱང་། མྱུ་གུ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་དང་། དེ་གང་ཟག་གི་བདག་མེད་དུ་སྒྲུབ་པར་བྱེད་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་རོ། །བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་དོན་གསུམ་པོ་སྤྱི་མཚན་རྟོག་པས་བཏགས་ཙམ་ཡིན་ཡང་། དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་པོ་གང་རུང་ཡིན་ན། རང་མཚན་དགོས་ཏེ། དེ་ཡིན་ན། དངོས་པོ་ཡིན་དགོས་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་དོན་གཞི་ཡིན་ན་སྒྲ་ཡིན་དགོས་ཤིང་། དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མི་རྟག་པ་ཡིན་དགོས། རྟགས་ལ་བྱས་པ་ཉིད་དགོས་པའི་ཕྱིར། དེས་ན་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ནི་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་མིན་ཞེས་བྱ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་ནས་ཤེས་པར་བྱ་དགོས་སོ། ། སྨྲས་པ། རིགས་གཞུང་ཆུ་གཏེར་ཆེན་པོ་ལས་འཁྲུངས་པའི། །རིགས་ཚུལ་སྙིང་བོ་བསྡུས་པའི་ཆ་ཙམ་ཞིག །རིགས་པ་དོན་གཉེར་ཅན་ལ་ཕན་པའི་ཆེད། །རིགས་པའི་ལམ་ནས་དྲངས་ཏེ་བདག་གིས་བཀོད། །འོན་ཀྱང་སྦྱངས་མཁས་བློ་ཡི་མེ་ལོང་ངོས། །ཚུལ་འདིའི་ཟབ་དོན་གཟུགས་བརྙན་གསལ་འཆར་ཡང་། །མ་སྦྱངས་མི་མཁས་བློ་གྲོས་རྩིག་ངོས་སུ། །འཆར་དཀའ་ཆོས་ཉིད་ཡིན་ཕྱིར་བདག་ལྟས་ཅི། །ཞེས་པ་འདི་ཡང་ཡར་རིས་རབ་འབྱམས་པ་བློ་བཟང་རྒྱལ་མཚན་ཞེས་བྱ་བ་དགེ་བཤེས་སུ་གྲགས་པ་དེས་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའོ།། །།


previousམངོན་པ་གཉིས་ནས་བཤད་པའི་བློ་རིགས་དང་རྟགས་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་སྙིང་པོ་བསྡུས་པ།no next