Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
  
སྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ།
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousསྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ།next

སྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ།

སྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ་བཞུགས།

རྗེ་བཙུན་མི་ཕམ་མགོན་པོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གཉིས་པ་ལམ་ཤེས་ཚིག་དོན་ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པ་ལ། སྐབས་འདིར་ལམ་ཤེས་འཆད་པའི་རྒྱུ་མཚན་བཤད་པ་དང་། གཞུ་དོན་དངོས་བཤད་པ་དང་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐབས་དང་པོར་རྣམ་མཁྱེན་བཤད་ཟིན་པའི་འོག་ཏུ་ལམ་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་མཁྱེན་ཐོབ་པ་ལ་ལམ་ཤེས་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་འགྲེལ་བའི་མཚམས་སྦྱར་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་ལམ་ཤེས་པ་ཉིད། ཅེས་གསུངས་པའི་ཕྱིར། གཉིས་པ་ལ། ལམ་ཤེས་ཀྱི་ཡན་ལག་བཤད་པ་དང་། དེའི་རང་བཞིན་བཤད་པ་དང་གཉིས། རྩ་བ་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་སོགས་ཀྱི་རྐང་བ་བཞི་གསུངས་། འདི་ལ་ཚིག་དོན་དང་། ཁྱབ་པའི་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྦྱོར་ངག་ཏུ་བསྒྲིལ་ན། ཤེས་བྱ་ཆོས་ཅན། ཡུམ་གྱི་མདོ་ལས་ལམ་ཤེས་འཆད་པའི་སྐབས་སུ་བབ་པ་ན་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་འདོད་གཟུགས་ཀྱི་ལྷའི་འོད་མོག་མོག་པོར་མཛད་ནས་ཟིལ་གྱིས་མནན་པ་ལ་དགོས་པ་ཡོད་དེ། ལྷ་དེ་རྣམས་ཀྱི་ང་རྒྱལ་བཅོམ་ནས་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་དང་ལམ་ཤེས་སྐྱེ་རུང་བར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར། ལམ་ཤེས་སྐྱེ་བའི་རྟེན་གྱི་ཡུལ་ངེས་པ་ཡིན་ཏེ། ལམ་གསུམ་རྫོགས་པར་བསྒོམ་པའི་ལམ་ལ་མཁས་པ་ལ་ནི། དེའི་སྔོན་དུ་རིགས་ཅན་གསུམ་ཀའི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་རྟེན་ངེས་པར་དགོས་པའི་ཕྱིར། བྱང་ཆུབ་སེམས་དཔར་མ་ཟད། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་བ་ཡིན་ཏེ། དེ་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་འཇིག་རྟེན་རང་བཞིན་གནས་རིགས་ཀྱིས་ཁྱབ་པའི་ཕྱིར། ལམ་ཤེས་ཆོས་ཅན། ཉན་རང་གི་ལམ་ལས་རང་བཞིན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་རང་ལྟར་ཉོན་མོངས་གཙོ་བོར་མི་སྤོང་བར་ཉོན་མོངས་འགའ་ཞིག་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བར་བྱེད་ནུས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉན་རང་གི་ལམ་ལས་ལམ་ཤེས་དེའི་བྱེད་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། དུས་མ་ཡིན་པར་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང་། སེམས་ཅན་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་ནུས་པའི་བྱེད་ལས་ཅན་ཡིན་པའི་ཕྱིར། བསྡུ་ན་འདིར་བསྟན་པའི་ལམ་ཤེས་ཀྱི་ཡན་ལག་དེ་ལ་ལྔ་ཡོད་དེ། དེར་གྱུར་པའི་གེགས་མངོན་པའི་ང་རྒྱལ་མངོན་འགྱུར་བ་དང་བྲལ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། རྟེན་རང་བཞིན་གནས་རིགས་ཀྱིས་ཁྱབ་པ། ཉོན་མོངས་གཙོ་བོར་མི་སྤོང་པའི་རང་བཞིན། སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་ནུས་པའི་བྱེད་ལས་དང་ལྔ་ཡོད་པའི་ཕྱིར། གཉིས་པ་ལ། ཁྱབ་པའི་དོན་བཤད་པ་དང་། རང་བཞིན་བཤད་པ་དང་གཉིས། དང་པོ་ནི། འདིར་ཁྱབ་པའི་དོན་ཡོད་དེ། འགྲེལ་པ་ལས། ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི། མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་ལུགས་ལས་འབྱུང་བས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ། ཞེས་པ་ནས། ལམ་ཤེས་པ་ཉིད་བསྒོམ་པར་བྱ་བས་ཁྱབ་པ་ཡིན་ནོ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པས། ལམ་ཤེས་བསྒོམ་པར་བྱར་རུང་བས་ཁྱབ་པ། དེ་ལ་བརྟེན་ནས་ཀྱང་མཐར་འཚང་རྒྱ་བས་ཀྱང་ཁྱབ་པ་ནི་ཁྱབ་པའི་དོན་ཡིན་པས་ཁྱབ་པ་རྣམ་པ་གསུམ་ག་ཡང་འདིར་བསྟན་པའི་ཕྱིར། དེ་ལྟར་ནའང་མཐར་ཐུག་ཐེག་པ་གསུམ་བསྟན་པའི་མདོ་དང་མི་འགལ་ཏེ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་འགྲེལ་བའི་ཕྱིར། དགོངས་གཞི་ཡོད་དེ། གནས་སྐབས་རིགས་གསུམ་སོ་སོར་ངེས་པ་ཡོད་པ་ལ་དགོངས་པའི་ཕྱིར། དགོས་པ་ཡོད་དེ། དང་པོ་ནས་ཐེག་ཆེན་དུ་འཇུག་པ་འདོད་པ་འགའ་ཞིག་རིམ་གྱིས་དཀྲི་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ཡོད་དེ། ལུང་དུ་མ་དང་། རིག་པ་དུ་མས་གནོད་པའི་ཕྱིར། དང་པོ་གྲུབ་སྟེ། དམ་ཆོས་པད་དཀར་དང་། དཔལ་འཕྲེང་གི་མདོ་ལ་སོགས་པའི་ལུང་དུ་མས་གནོད་པའི་ཕྱིར། རིགས་པས་གནོད་པའི་ཚུལ་མཐར་ཐུག་པ་ཡང་། སེམས་ཅན་ཐམས་ཅད་ཀྱི་སེམས་དོན་དམ་པར་རང་བཞིན་གྱིས་མེད་ཅིང་། དྲི་མ་རྣམས་གློ་བུར་པ་སེམས་རྒྱུད་ལ་འབྲལ་རུང་དུ་གནས་པ་ལ་ངེས་པ་ཐོབ་དགོས་པ་ཡིན་ཏེ། དེའི་ཚུལ་རྒྱས་པར་ནི་རྒྱུད་བླ་མ་རྩ་འགྲེལ་ལས་བཤད་པ་ལྟར་ཤེས་དགོས་ཤིང་། བསྡུ་ན་ཀུན་བྱང་གི་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་ཀྱང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་ཅིང་བཙལ་ན་བཏགས་དོན་མི་རྙེད་པས། ཆགས་སོགས་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བ་བདེན་འཛིན་དེ་ཉིད་ཞེན་ཡུལ་ལ་འཁྲུལ་བར་རྟོགས་པས་སྤོང་ནུས་སུ་འགྲུབ་པའི་ཕྱིར། དེ་ཡང་ཡིན་ཏེ། ཉོན་མོངས་ཀྱི་རྩ་བ་བདེན་འཛིན་དེ། ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་ལྟར་འཁྲུལ་བར་ངེས་སྟོབས་ཀྱིས། དེས་བསྐྱེད་པའི་ཉོན་མོངས་གཞན་ཐམས་ཅད་ཀྱང་གློ་བུར་བ་ཡིན་པར་ངེས་ནུས་ལ། དེ་ལ་བརྟེན་ནས་གཉེན་པོ་བསྒོམས་ན་ཆགས་སོགས་ཀྱི་ཉོན་མོངས་ཐམས་ཅད་ཀྱང་སྤོང་ནུས་སུ་གོ་བས། མཐར་སྒྲིབ་པ་ཐམས་ཅད་སྤངས་བའི་སངས་རྒྱས་ཐོབ་ནུས་སུ་ཤེས་པར་འགྱུར་བའི་ཕྱིར། དེར་མ་ཟད་། རིགས་པ་དེས་འཁོར་བ་ལ་ཐོག་མ་མེད་ཀྱང་ཕྱི་མཐའ་ཡོད་པར་ཡང་ངེས་ནུས་ཏེ། རྒྱུད་བླ་མའི་འགྲེལ་བ་ལས། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ཕྱིར། །ཐོག་མེད་སྦུབས་ཀྱིས་ཕྱིས་སྒྲིབ་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་དང་། བཞི་བརྒྱ་པ་ལས། ཇི་ལྟ་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །ཞེས་སོགས་དང་། དེ་བཞིན་དུ་རྒྱན་སྣང་། རྣམ་འགྲེལ་སོགས་ལས་འབྱུང་བའི་ཕྱིར། དེ་རྣམས་འདིར་མཚོན་ཙམ་ཞིག་བསྟན་གྱི། རྒྱས་པར་ནི་གཞུང་གཞན་དང་ཁོ་བོས་ཀྱང་ཕར་ཕྱིན་གྱི་སྐབས་གཉིས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔས་ཉོན་མོངས་གཙོ་བོར་མི་སྤོང་བའི་སྒོ་ནས་ཉན་རང་གི་ལམ་ལས་རང་བཞིན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པར་བཤད་པའི་རྒྱུ་མཚན་དུ། ཉོན་མོངས་འགའ་ཞིག་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བ་བྱེད་པར་འགོད་ན། ཉོན་མོངས་དེ་གང་ཡིན་ཞེ་ན། ཡོད་དེ། འདོད་པའི་འདོད་ཆགས། གཟུགས་ཀྱི་སས་བསྡུས་ཀྱི་ཉོན་མོངས་འགའ་ཞིག་བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བར་བྱེད་དགོས་པས་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་པའི་ཕྱིར། དེར་ཐལ། བྱང་འཕགས་འཁོར་ལོ་སྒྱུར་རྒྱལ་ལྟ་བུར་སྐྱེ་བ་བླངས་ནས་སྲས་བསྐྲུན་ཏེ་གཞན་དོན་བྱེད་པའི་ཡན་ལག་ཏུ་འདོད་པའི་འདོད་ཆགས་ངེས་བར་དགོས་ཤིང་། གཟུགས་ཁམས་སུ་སྐྱེ་བ་བླངས་ནས་དེ་རྣམས་ཀྱི་དོན་བྱེད་པ་ལ་གཟུགས་ཀྱི་འདོད་ཆགས་ཡན་ལག་ཏུ་སྒྱུར་བར་མཛད་པའི་ཕྱིར། དེ་དག་ཀྱང་ཐུན་མོང་དུ་གྲགས་ཚུལ་ཀྱི་དབང་དུ་བྱས་པ་ཡིན་གྱི། བྱང་འཕགས་སྐྱེ་བ་བླངས་ནས་སྲས་བསྐྲུན་ཏེ་གཞན་དོན་བྱེད་པའི་ཡན་ལག་ཏུ་འདོད་ཆགས་ངེས་པར་དགོས་པ་མིན་ཏེ། སྐྱེ་བ་ལ་དབང་ཐོབ་པའི་བྱང་འཕགས་ཉོན་མོངས་སྤངས་པ་འགའ་ཞིག་འཁོར་ལོ་བསྒྱུར་རྒྱལ་ལྟ་བུར་སྐྱེ་བ་བླངས་ནས་ཡུམ་སྲས་ཀྱི་འབྲེལ་བ་སྟོན་པའི་ཕྱིར། དཔེར་ན། རྒྱལ་པོ་གཞོན་ནུ་དོན་གྲུབ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་བཞིན། གཞན་ཡང་དེ་ལྟར་ཡོད་དེ། རྗེའི་རིམ་ལྔ་གསལ་སྒྲོན་ལས་དེ་མེད་པར་འདོད་པ་ལ་དགག་པ་མཛད་ནས་ཡོད་པར་ལུང་རིགས་གཉིས་ཀྱིས་བསྒྲུབས་པའི་ཕྱིར་རོ། །གཉིས་པ་ལམ་ཤེས་ཀྱི་རང་བཞིན་བཤད་པ་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། དང་པོ་ལ། ངོ་བོ་བཤད་པ་དང་། རང་བཞིན་བཤད་པ་དང་གཉིས། དང་པོ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་རྐང་པ་བཞི་གསུངས། ངག་དོན་ནི། ལམ་ཤེས་རྫོགས་པར་སྒོམ་པ་ཉིད་ཀྱི་ཚུལ་ལ་ནི་ཉན་ཐོས་ཀྱི་ལམ་འདི་ཆོས་ཅན། ཁྱོད་ཇི་ལྟར་སྒོམ་པའི་ཚུལ་ཤེས་པར་བྱ་བ་ཡོད་དེ། སྡུག་བདེན་ལ་སོགས་པའི་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་པོ་བདེན་པར་མི་དམིགས་པར་རྟོགས་པའི་ཤེས་རབ་དང་། སེམས་བསྐྱེད་དང་། རྫོགས་བྱང་དུ་བསྔོ་བའི་བསྔོ་བ་གསུམ་གྱིས་ཟིན་པའི་སྒོ་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། དེའི་དོན་བསྡུ་ན་འདི་ལྟར་ཡིན་ཏེ། ཉན་ཐོས་རྣམས་ཀྱིས་མི་རྟག་ལ་སོགས་བཅུ་དྲུག་བསྒོམས་ནས་ཐར་བ་ཐོབ་པར་མཛད་ལ། བྱང་འཕགས་ཀྱིས་ཀྱང་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་འཛིན་པ་དང་། རང་རྒྱུད་ཀྱི་ཉོན་མོངས་སྦྱོང་བའི་ཆེད་དུ་སེམས་བསྐྱེད་བསྔོ་བ་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་ཉན་ཐོས་ཀྱི་སྒོམ་ཚུལ་དེ་དང་ཚུལ་མཐུན་པར་མི་རྟག་ལ་སོགས་བཅུ་དྲུག་སྒོམ་པར་མཛད་པའི་མཁྱེན་པ་དེ་ལ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཞེས་པའི་ཐ་སྙད་མཛད་པའི་ཕྱིར། མངོན་རྟོགས་རྒྱན་འདིར་བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་ཉམས་སུ་ལེན་པའི་ཚུལ་ཡན་མང་དུ་གསུངས་པས་བཅུ་དྲུག་གི་ངེས་འཛིན་ཙམ་ཞིག་ཀྱང་ཤེས་པ་གལ་ཆེ་སྟེ། དེ་ཡང་སྡུག་བདེན་ཉེར་ལེན་གྱི་ཕུང་པོ་ལ་ནི་སྐྱེ་འཇིག་གི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་བཞི་དང་། ཀུན་འབྱུང་ལས་ཉོན་གཉིས་ལ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། ཀུན་ནས་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པ་བཞི་དང་། འགོག་པ་ཉོན་མོངས་སྤངས་པའི་བྲལ་བ་ལ་ནི་སྡུག་བསྔལ་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་པའི་རྣམ་པ་བཞི་དང་། ས་ལམ་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་ནི་ཐར་ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་འབྱིན་གྱི་བཞི་རྣམ་པ་བཞི་སྟེ་བཅུ་དྲུག་ཏུ་འབྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པ་ནས། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པའི་བར་གསུངས་། ངག་དོན་ནི། ཤེས་བྱ་ཆོས་ཅན། འཕགས་པ་ཉན་ཐོས་ཀྱི་ལམ་མངོན་སུམ་དུ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ལ་ནི་སྦྱོར་ལམ་དྲོད་ལ་སོགས་པའི་ངེས་འབྱེད་ཆ་མཐུན་བཞི་ཡོད་དེ། དེ་ཡང་ཡུམ་ཀྱི་མདོ་ལས་གཟུགས་ལ་སོགས་པ་དོན་དམ་པར་རང་གི་ངོ་བོས་སྟོང་བའི་ཕྱིར་ན་དེ་དག་གི་སྟོང་བ་ཉིད་རྣམས་ངོ་བོ་དབྱེར་མེད་པར་བསྟན་པའི་གཞུང་གིས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོ་བ་དང་། གཟུགས་སོགས་དེ་དག་དོན་དམ་པར་མི་དམིགས་ཤིང་མི་གནས་པར་བསྟན་པས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོར་གྱུར་པ་དག་ཏུ་འདོད་པ་དང་། གཟུགས་སོགས་དེ་དག་ལ་དོན་དམ་པར་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་གནས་བཀག་ཅིང་མི་གནས་པར་བསྟན་པས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་རྣམས་དང་། ས་དང་པོ་སོགས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་སོགས་ཀྱི་མདོ་ལས་ས་བཅུ་པོ་དག་ལས་བརྩམས་ནས་དོན་དམ་པར་མི་གནས་པའི་ཚུལ་རྒྱས་པར་བསྟན་པ་ཡིས་མདོ་ལས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཀྱི་མཆོག་ཏུ་གྱུར་པ་དང་བཞི་བཤད་པའི་ཕྱིར། དེ་ལྟར་བཤད་པ་ཅི་ཕྱིར་ཞེ་ན་ཡོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཉིད་མངོན་སུམ་དུ་མཁྱེན་ནས་ཆོས་རྣམས་དོན་དམ་པར་གནས་པར་མ་གཟིགས་པའི་ཕྱིར་རོ། །མདོ་ཚིག་འདིར་ལམ་ཤེས་དེའི་རྒྱུད་ངེས་འབྱེད་ཆ་འཐུན་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་དགོས་པར་བསྟན་གྱི་སྟོང་ཉིད་རྟོགས་པས་མ་ཁྱབ་སྟེ། དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་འདྲ་བར་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ་ཞིག་དགོས་པའི་ཕྱིར་རོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། ལམ་བགྲོད་པའི་ཁྱད་པར། ཆོས་སྟོན་ཚུལ། ལམ་ཇི་ལྟར་ཤེས་ཚུལ། དེའི་རྒྱུ་ངེས་འབྱེད་ཆ་འཐུན་བཤད་པ་དང་བཞི། དང་པོ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་པ་ནས། ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་པའི་བར་གསུངས། ངག་དོན་ནི། རང་བྱུང་སྟེ་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་སྲིད་པ་ཐ་མའི་ཚེ་རང་གི་བྱང་ཆུབ་མངོན་དུ་བྱེད་པར་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་བལྟོས་མི་དགོས་ཏེ། དེའི་ཚེ་དེ་ལ་མི་བལྟོས་པར་བདག་ཉིད་ཀྱིས་བྱང་ཆུབ་རྟོགས་པ་སྟེ་མངོན་དུ་བྱེད་ནུས་པའི་ཕྱིར། ཡང་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེའི་ཚེ་ངག་གིས་གཞན་ལ་ཆོས་མི་སྟོན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། བསེ་རུ་ལྟ་བུའི་ཡེ་ཤེས་དེ་ནི་ཆོས་ཅན། ཉན་ཐོས་ལས་རྟོགས་པ་ཟབ་པ་ཉིད་དུ་མངོན་པར་བརྗོད་པ་ཡིན་ཏེ། ཉན་ཐོས་ལྟར་ཆོས་སྟོན་པའི་ངག་གི་འབྲས་རྟགས་ལས་རྟོགས་མི་དགོས་ཤིང་། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པའི་རྟོགས་པ་ཟབ་མོ་དང་ལྡན་པའི་ཕྱིར། འདིར་བསེ་རུ་ལྟ་བུ་ཞེས་སྨྲོས་པ་ནི་ཕྱོགས་གཅིག་གི་སྒྲས་བསྟན་པ་ཡིན་གྱི། རང་རྒྱལ་ཡིན་ན། བསེ་རུ་ལྟ་བུའི་རང་རྒྱལ་ཡིན་པས་མ་ཁྱབ་སྟེ། རང་རྒྱལ་ལ་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཆེ་ཆུང་གི་རང་རྒྱལ་གསུམ་ཡོད་པའི་ཕྱིར། རང་རྒྱལ་སློབ་པ་ཡིན་ན། རང་གི་བྱང་ཆུབ་མངོན་དུ་བྱེད་ངེས་ཡིན་པས་མ་ཁྱབ་སྟེ། ཚོགས་སྤྱོད་ཆེ་ཆུང་གི་རང་རྒྱལ་རིགས་མ་ངེས་པ་བར་སྐབས་སུ་ཐེག་ཆེན་ལམ་དུ་འཇུག་པ་ཡོད་པའི་ཕྱིར། རང་རྒྱལ་གྱིས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པ་མང་ཡང་། སྒྲ་མེད་དུ་ཆོས་སྟོན་པས་མ་ཁྱབ་སྟེ། ཚོགས་སྤྱོད་ཀྱི་རང་རྒྱལ་ལ་སྒྲ་བཅས་སུ་ཆོས་སྟོན་པ་ཡོད་པའི་ཕྱིར། གཉིས་པ་ཆོས་སྟོན་ཚུལ་ནི། གང་གང་དོན་ནི་གང་གང་ལ། །ཞེས་སོགས་རྐང་པ་བཞི་གསུངས་། དོན་ནི། ཤེས་བྱ་ཆོས་ཅན། རང་རྒྱལ་གྱིས་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། ལུས་ཀྱི་རྣམ་འགྱུར་བསྟན་པའི་སྒོ་ནས་གདུལ་བྱ་གང་དང་གང་ཡིན་པ་དེས་རྟོགས་བྱའི་དོན་ནི་གང་དང་གང་ལ་རྣམ་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་པ་དེ་དང་དེ་ལ་དོན་དེ་དང་དེ་བཤད་པ་དེ་ལྟར་སྣང་བར་བྱེད་ནུས་པའི་ཕྱིར། གསུམ་པ་ལམ་ཇི་ལྟར་ཤེས་ཚུལ་ནི། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། བསེ་རུ་ལྟ་བུའི་ལམ་དེ་ནི་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་པས་ཡང་དག་པར་བསྡུས་པར་ཤེས་པར་བྱ་སྟེ། གཟུང་བ་གཟུགས་སོགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་བ་གཙོ་བོར་སྤོང་བའི་ཕྱིར་དང་། གཟུགས་འཛིན་ཤེས་པ་སོགས་ནང་འཛིན་པ་ལ་བདེན་པར་ཞེན་པ་གཙོ་བོར་མི་སྤོང་བའི་ཕྱིར་དང་ནི། རང་རྒྱལ་གྱི་རིགས་ལ་བརྟེན་པའི་རྟེན་གྱི་ཁྱད་པར་གྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཞུང་འདིས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱང་བསྟན་པ་ཡིན་ཏེ། རང་རྒྱལ་གྱི་རྟོགས་པ་བརྗོད་པའི་ཚུལ་གྱིས་ཚིག་གི་ཟུར་ལ་བསྟན་པའི་ཕྱིར་ཏེ། བྱང་འཕགས་ཀྱིས་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་དུ་དོན་འཛིན་གྱི་རྟོག་པ་སྤོང་བར་བྱེད་པའི་རང་གི་ཡེ་ཤེས་རང་རྒྱལ་གྱི་ལམ་ཤེས་སུ་བསྟན་པའི་ཕྱིར། འོན་ཀྱང་རང་རྒྱལ་གྱིས་ནང་ཤེས་པ་བདེན་པར་འཛིན་པའི་བདེན་འཛིན་གཙོ་བོར་མི་སྤོང་བ་ལྟར་བྱང་འཕགས་ཀྱིས་མ་ཡིན་ཏེ། བྱང་སེམས་ཀྱིས་བདེན་འཛིན་ལྷན་སྐྱེས་ཐམས་ཅད་གཙོ་བོར་སྤོང་དགོས་པའི་ཕྱིར་རོ། །བཞི་པ་ནི། བཏགས་པའི་ཆོས་ཉིད་མི་འགལ་བར། ཞེས་པ་ནས། རྣམ་པ་ཅན་ནི་ཆོས་ཀྱི་མཆོག ། ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་འཐུན་ལ་བཞི་ཡོད་དེ། ཕྱི་དོན་མེད་པར་རྟོགས་ཀྱང་བརྡར་བཏགས་པའི་ཆོས་ཉིད་དང་མི་འགལ་བར་ཆོས་སྟོན་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སྦྱོར་ལམ་དྲོ་བར་གྱུར་པ་དང་། གཟུགས་ལ་སོགས་པ་ཕྱི་རོལ་དོན་དུ་འགྲིབ་པ་མེད་པར་རྟོགས་པ་ལས་སོགས་པས་ཕྱེ་བའི་སྦྱོར་ལམ་རྩེ་མོར་གྱུར་པ་དང་། ནང་སྟོང་པ་ཉིད་ལ་སོགས་པ་རྟོགས་པའི་མཐུ་ཡིས་གཟུགས་སོགས་ཕྱི་རོལ་དོན་གྱི་ཆེད་དུ་མི་འཛིན་པའི་ཕྱིར་དུ་ཞུགས་པའི་སྦྱོར་ལམ་བཟོད་པ་དང་། གཟུགས་སོགས་ཕྱི་རོལ་དོན་དུ་སྐྱེ་བ་མེད་པ་ལ་སོགས་པའི་རྣམ་པ་ཅན་དུ་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཀྱི་མཆོག་ཅེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཞུང་འདིས་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་སྦྱོར་ལམ་བཞི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུར་བསྟན་པ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཕྱི་དོན་མེད་པར་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ལམ་ཤེས་དེའི་རྒྱུ་ངེས་འབྱེད་ཆ་འཐུན་དུ་བསྟན་པར་འདོད་དགོས་པའི་ཕྱིར། རྣམ་བཤད་ལྟར་ན་དེ་ལྟར་ཡིན་ཡང་། འགྲེལ་བའི་ཚིག་རིས་ལ་ཟིན་བྱེད་ཀྱི་སྦྱོར་ལམ་བཞི་དངོས་སུ་བསྟན་པར་བཤད་དོ། །གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་འཆད་པ་ལ། མཐོང་ལམ་དང་། སྒོམ་ལམ་བཤད་པ་དང་གཉིས། དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི བདེན་དང་བདེན་ལ་བཟོད་པ་དང་། །ཞེས་པ་ནས། ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཉིད་ཀྱི་སྐབས་ལ་མཐོང་བའི་ལམ་ཕན་ཡོན་དང་བཅས་པ་འདི་བཤད་པར་བྱ་སྟེ། སྡུག་ཀུན་གྱི་བདེན་པ་དང་འགོག་ལམ་གྱི་བདེན་པ་བཞི་ལ་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཞི་བཞི་ཡི་སྒོ་ནས་བཤད་པར་བྱ་བའི་ཕྱིར། གཉིས་པ་ནི། དེ་བཞིན་ཉིད་དང་སངས་རྒྱས་དག ། ཞེས་པ་ནས། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པའི་བར་གསུངས ། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་དེ། དོན་དམ་བར་སྡུག་བདེན་གྱི་དེ་བཞིན་ཉིད་དང་སངས་རྒྱས་ཏེ་དེ་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་གྱི་ཡེ་ཤེས་དག་ཕན་ཚུན་རྟེན་དང་བརྟེན་པ་མེད་པའི་ཕྱིར་དོན་དམ་པར་རྟེན་བརྟེན་པའི་རྣམ་གྲངས་ཁས་མི་ལེན་ཞིང་ལེན་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྡུག་བསྔལ་ཆོས་བཟོད་དང་། གཟུགས་སོགས་ཀྱི་ཆོས་དབྱིངས་རྒྱ་ཆེན་པོར་རྒྱུར་པ་དོན་དམ་པར་མེད་པར་རྟོགས་པའི་ཡེ་ཤེས་སྡུག་བསྔལ་ཆོས་ཤེས་དང་། སྡུག་བསྔལ་དོན་དམ་པར་འཇལ་པའི་ཚད་མ་དང་བཅས་པ་མེད་པར་རྟོགས་པའི་སྡུག་བསྔལ་རྗེས་བཟོད་དང་། སྡུག་བསྔལ་གྱི་ཚད་དོན་དམ་པར་མེད་བར་རྟོགས་པའི་སྡུག་བསྔལ་རྗེས་ཤེས་དང་། ཀུན་འབྱུང་དོན་དམ་པར་མཐའ་མེད་པར་རྟོགས་པའི་ཀུན་འབྱུང་ཆོས་བཟོད་དང་། ཆོས་བཟོད་དེར་གནས་ནས་གཟུགས་ལ་སོགས་པ་ལ་སངས་རྒྱས་ཀྱི་རང་བཞིན་བདེན་སྟོང་ཉིད་དུ་ངེས་པར་འཛིན་པའི་ཀུན་འབྱུང་ཆོས་ཤེས་དང་། དོན་དམ་པར་བླང་བར་བྱ་བ་མེད་ཅིང་དོར་མེད་པ་སོགས་སུ་རྟོགས་པའི་ཀུན་འབྱུང་རྗེས་བཟོད་དང་། བྱམས་པ་ལ་སོགས་ཚད་མེད་བཞི་བསྒོམ་པའི་ཡོན་ཏན་དང་ལྡན་པའི་ཀུན་འབྱུང་རྗེས་ཤེས་དང་། འགོག་པའི་རང་བཞིན་སྟོང་བ་ཉིད་མངོན་སུམ་དུ་རྟོགས་པའི་འགོག་པ་ཆོས་བཟོད་དང་། འབྲས་བུ་སངས་རྒྱས་ཉིད་ནི་འཐོབ་པར་བྱེད་པའི་འགོག་པ་ཆོས་ཤེས་དང་། རྣམ་པར་བྱང་པའི་རིགས་ཀུན་ཡོངས་སུ་བསྡུས་པའི་འགོག་པ་རྗེས་བཟོད་དང་། ཕྱིའི་འཚེ་བ་ཉམ་ང་བ་དང་ནང་གི་ཀུན་སེལ་བར་བྱེད་པའི་འགོག་པ་རྗེས་ཤེས་དང་། ལམ་བདེན་གྱི་ཐོབ་བྱ་མཐར་ཐུག་གི་མྱ་ངན་ལས་འདས་པ་ནི་བདེན་འཛིན་གྱི་སྤྲོས་པ་ཞི་བའི་བདེན་སྟོང་ཉིད་དུ་རྟོགས་པའི་ལམ་རྗེས་བཟོད་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རང་ཉིད་ལ་གནས་པའི་རྣལ་འབྱོར་པ་སྲུང་བ་ལ་སོགས་པར་བྱེད་པའི་ལམ་ཆོས་ཤེས་དང་། སྲོག་མི་གཅོད་པ་ལ་སོགས་པའི་དགེ་བཅུ་རྣམ་པ་ཀུན་མཁྱེན་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ཚུལ་ལ་ནི་བདག་ཉིད་ཀྱང་གནས་ཏེ། སེམས་ཅན་གཞན་དག་འགོད་པར་བྱེད་པའི་ལམ་རྗེས་བཟོད་དང་། སྦྱིན་པ་ལ་སོགས་པ་ཕྱིན་དྲུག་གི་དགེ་རྩ་རྣམས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་ལམ་རྗེས་ཤེས་དང་བཅས་པ་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཡོད་པའི་ཕྱིར། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ནི་ལྡོག་པ་ཕྱེ་བ་ཡིན་གྱི། བསྡུ་ན་བཟོད་ཤེས་གཉིས་སུ་འདུ་སྟེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལ་བཟོད་པ་བརྒྱད་དང་། རྣམ་གྲོལ་ལམ་ལ་ཤེས་པ་བརྒྱད་དུ་ཕྱེ་བས་དེ་གཉིས་སུ་འདུ་བའི་ཕྱིར། བཟོད་ཤེས་གཉིས་ལས་བཟོད་པ་བརྒྱད་སྔོན་དུ་སྐྱེ་ཞིང་། ཤེས་པ་བརྒྱད་རྗེས་སུ་སྐྱེ་བ་ཡིན་ཏེ། མཐོང་ལམ་བར་ཆད་མེད་ལམ་སྔོན་དུ་སྐྱེས་ནས་རྣམ་གྲོལ་ལམ་རྗེས་སུ་སྐྱེ་བའི་ཕྱིར། དེས་ན་བཟོད་པ་བརྒྱད་ཅིག་ཅར་དང་། ཤེས་པ་བརྒྱད་ཅིག་ཅར་དུ་སྐྱེ་ཡང་བརྒྱད་ཀྱི་ཐ་སྙད་བྱེད་པའི་རྒྱུ་མཚན་ཡོད་དེ། བདེན་བཞིའི་ཆོས་ཉིད་དང་དེ་རྟོགས་པའི་ཡེ་ཤེས་ཀྱི་ཆོས་ཉིད་གཟིགས་ཚུལ་གྱི་སྒོ་ནས་འཇོག་པའི་ཕྱིར་ཏེ། སྡུག་བསྔལ་ཆོས་བཟོད་དང་རྗེས་བཟོད། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ་ལའང་སྦྱར་ཏེ། བཟོད་པ་བརྒྱད་དང་། སྡུག་བསྔལ་ཆོས་ཤེས་དང་རྗེས་ཤེས་དང་དེ་བཞིན་དུ་གཞན་གསུམ་ལ་སྦྱར་བས་ཤེས་པ་བརྒྱད་དུ་འཇོག་པའི་ཕྱིར་ཏེ། ཡུལ་བདེན་བཞིའི་ཆོས་ཉིད་གསར་དུ་མངོན་སུམ་དུ་རྟོགས་པའི་ཆ་ནས་ཆོས་བཟོད་དང་། ཡུལ་ཅན་ཆོས་བཟོད་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་བཟོད་དུ་འཇོག་ལ། བདེན་འཛིན་ཀུན་བཏགས་སྤངས་པའི་སྒོ་ནས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པས་ཆོས་ཤེས་དང་། ཆོས་ཤེས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རྗེས་ཤེས་སུ་འཇོག་པ་ཡིན་པའི་ཕྱི། བཟོད་པ་དང་ཤེས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ན་བྱ་བྱེད་ཀྱི་རྣམ་གཞག་འཇིག་པ་ལྟར་འགྱུར་བས་སྐྲག་རིགས་པ་ལས་མི་སྐྲག་པས་སྐྱེ་མེད་ལ་བཟོད་པ་དང་། བདེན་འཛིན་ཀུན་བཏགས་སྤངས་པའི་འགོག་པ་མངོན་དུ་བྱས་པའི་ཆ་ནས་ཆོས་ཉིད་མངོན་སུམ་དུ་ཤེས་པས་ཤེས་པ་ཞེས་བརྗོད་པ་ཡིན་པའི་ཕྱིར། སྐབས་འདིར་མཐོང་ལམ་མཉམ་གཞག་ཡེ་ཤེས་དངོས་སུ་བསྟན་ནས་མཐོང་ལམ་རྗེས་ཐོབ་ཡེ་ཤེས་དོན་གྱིས་འཕངས་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་ཐམས་ཅད་སྟོན་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་སྒོམ་ལམ་བཤད་པ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་བཤད་པ་དང་གཉིས། དང་པོ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་པ་ནས། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་པའི་བར་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་དེ་ལ་དྲུག་ཡོད་དེ། བྱང་སེམས་སྒོམ་ལམ་པ་ཐུགས་ཁེངས་པའི་ང་རྒྱལ་སོགས་ཀུན་ནས་ཞི་བ་དང་། དེའི་མཐུས་དགེ་བའི་བཤེས་གཉེན་ཐམས་ཅད་ལ་འདུད་པ་དང་། ཉོན་མོངས་ཅི་རིགས་པའི་གཡུལ་ལས་རྒྱལ་བ་དང་། ཕ་རོལ་གྱི་གནོད་པས་བརྫི་བ་མེད་པ་ཉིད་དང་བཅས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་བཞི་དང་། རྫོགས་པའི་བྱང་ཆུབ་ཐོབ་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་རྒྱུ་མཐུན་གྱི་འབྲས་བུ་གཅིག་དང་། རྟེན་སྒོམ་ལམ་པ་རང་ཉིད་གང་དུ་གནས་པའི་ས་ཕྱོགས་དེ་གཞན་གྱིས་མཆོད་པའི་གནས་ཉིད་དུ་འགྱུར་པའི་བདག་པོའི་འབྲས་བུ་གཅིག་དང་དྲུག་ཡོད་པའི་ཕྱིར། འདིར་བྱེད་པའི་དོན་ནི་ཐེག་ཆེན་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པ་དང་ཐོབ་འགྱུར་གྱི་ཕན་ཡོད་ལ་བྱེད་པ་ཡིན་ཞིང་། དེ་ཡང་འདིའི་དངོས་བསྟན་ནི་ཐེག་ཆེན་གྱི་སྒོམ་ལམ་རང་རྒྱུད་ལ་སྐྱེས་བ་ཞིག་གིས་དེ་བསྒོམས་པའི་ཕན་ཡོན་ཡིན་ལ། ཐེག་ཆེན་སྒོམ་ལམ་མོས་པ་ཡིད་བྱེད་ཀྱིས་སྒོམ་པ་དང་དེ་བསྒོམས་པའི་ཕན་ཡོན་ཙམ་ལ་ནི་སྒོམ་ལམ་ཐོབ་པས་མ་ཁྱབ་སྟེ། ལམ་མ་ཞུགས་ན་དེ་སྒོམ་པ་ཡོད་པའི་ཕྱིར་ཏེ། དེ་ན་རྣམ་མཁྱེན་སྒོམ་པ་ཡོད་པའི་ཕྱིར་ཏེ། དེ་ན་སངས་རྒྱས་ཀྱི་སྐུ་སྒོམ་པར་བྱེད་པ་ཡོད་པའི་ཕྱིར་རོ། །གཉིས་པ་ལ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ། ཟག་མེད་སྒོམ་ལམ་བཤད་པ་དང་གཉིས ། དང་པོ་ལ། མོས་པ་སྒོམ་ལམ། བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་བཤད་པ་དང་གསུམ། དང་པོ་ལ། དངོས་དང་། ཕན་ཡོན་ནོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མོས་པ་སྒོམ་ལམ་ཆོས་ཅན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། རང་གི་དོན་གྱི་མོས་པ་སྒོམ་ལམ་དང་། དེ་བཞིན་རང་གཞན་གཉིས་ཀའི་དོན་དང་། གཞན་དོན་མོས་པ་སྒོམ་ལམ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པོ་དེ་ཡང་ནི་ཆོས་ཅན། ཁྱོད་ལ་དབྱེ་ན་སོ་སོར་རྣམ་པ་གསུམ་དུ་ཡོད་དེ། ཁྱོད་རེ་རེ་ལ་དེར་གྱུར་པའི་ཆུང་ངུ་དང་འབྲིང་དང་ཆེན་པོ་མོས་པ་སྒོམ་ལམ་རྣམས་སུ་ཡོད་པའི་ཕྱིར། མོས་པ་སྒོམ་ལམ་ཆུང་འབྲིང་ཆེན་པོ་དེ་ཡང་ཆོས་ཅན། རེ་རེ་ལའང་རྣམ་པ་གསུམ་གསུམ་དུ་འདོད་པ་ཡིན་ཏེ། ཆུང་ངུའི་ཆུང་ངུ་སོགས་ཏེ་ཆུང་ངུའི་འབྲིང་དང་དེའི་ཆེན་པོ་སོགས་ཀྱི་དབྱེ་བ་ཡིས་དེ་ལྟར་དུ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྡུ་ན་མོས་པ་སྒོམ་ལམ་དེ་དེ་ལ་རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་པ་ཡིན་ཏེ། སྔར་བཤད་པ་ལྟར་དགུ་གསུམ་ཉི་ཤུ་རྩ་བདུན་དུ་འགྱུར་བ་དེ་ལྟར་ནའི་ཕྱིར། གཉིས་པ་ཕན་ཡོན་ནི། གཞུང་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་དོན་གཞན་དོན་གཉིས་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་གནས་སྐབས་རྣམས་ལ་ནི་ཆོས་ཅན། དེ་ལྟར་མོས་པའི་བྱང་སེམས་སྒོམ་ལམ་པ་ལ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྟོད་པ་དང་བཀུར་བ་དང་ནི་བསྔགས་པར་འདོད་དེ། སྔར་ལྟར་དགུ་ཚན་གསུམ་གྱིས་བསྟོད་བཀུར་བསྔགས་པར་བཞེད་པའི་ཕྱིར། མོས་པ་སྒོམ་ལམ་ལ་མོས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་པོ་རེ་རེའང་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་ཤིང་མོས་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། སྒོམ་ལམ་འདི་གཙོ་བོའི་དབང་དུ་བྱས་ན་རྗེས་ཐོབ་ཡེ་ཤེས་ཀྱིས་བསྡུས་ཏེ། སྔར་ལྟར་མོས་ཤིང་སྒོམ་པ་ནི་རྗེས་ཐོབ་ནས་འབྱུང་བའི་ཕྱིར། མཉམ་གཞག་ཡིན་པ་ཡོད་ཀྱང་རྟོག་བཅས་ཡིན་ཏེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པས་བསྡུས་པ་ཞིག་དགོས་པའི་ཕྱིར་ཏེ། འདིར་རྟོག་པ་དང་བཅས་པའི་སྒོམ་ལམ་ལ་ནི་ཟག་བཅས་སྒོམ་ལམ་ཞེས་པའི་ཐ་སྙད་མཛད་པ་ཡིན་པའི་ཕྱིར། གཉིས་པ་བསྔོ་བ་སྒོམ་ལམ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་པ་ནས། བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། བྱང་སེམས་སྒོམ་ལམ་པའི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་དེ་ཡི་བྱེད་པ་ནི་བསྔོ་བ་གཞན་ལས་མཆོག་ཡིན་ཏེ། རང་གཞན་གྱི་དགེ་བ་རྫོགས་བྱང་དུ་སྒྱུར་བར་བྱེད་པའི་ཁྱད་པར་ཏུ་བྱས་པ་ཡིན་པའི་ཕྱིར། བསྔོ་བ་སྒོམ་ལམ་དེ་ཆོས་ཅན། རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། ཇི་སྐད་བཤད་པའི་བྱེད་པ་མཆོག་དང་ལྡན་པའི་བསྔོ་བ་དང་། བསྔོ་བྱའི་རྫས་ལ་བདེན་ཞེན་འགོག་པའི་དམིགས་མེད་ཀྱི་རྣམ་པ་ཅན་གྱི་བསྔོ་བ་དང་། གང་གིས་བསྔོ་བར་བྱེད་པའི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་གྱི་བསྔོ་བ་དང་། བསྔོ་བ་པོ་དོན་དམ་པར་དབེན་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བསྔོ་བ་དང་། རང་དང་སངས་རྒྱས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་དོན་དམ་པར་མི་དམིགས་པར་དྲན་པའི་སྤྱོད་ཡུལ་ཅན་གྱིས་བསྔོ་བ་དང་། ཕྱིན་དྲུག་གི་དགེ་རྩ་དོན་དམ་པར་མི་དམིགས་པར་བསྔོ་བའི་ཐབས་མཁས་དང་བཅས་པའི་བསྔོ་བ་དང་། གང་གིས་གང་དུ་གང་བསྔོ་བའི་འཁོར་གསུམ་གྱི་བདེན་ཞེན་འགོག་པ་མཚན་མ་མེད་པའི་བསྔོ་བ་དང་། དོན་དམ་པར་མེད་ཀྱང་སྒྱུ་མ་ལྟ་བུར་ཤེས་ནས་སངས་རྒྱས་ཀྱི་སར་བསྔོ་བའི་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བའི་བསྔོ་བ་དང་། འཁོར་བའི་རྒྱུར་མི་བསྔོ་བས་འདོད་པའི་ཁམས་ལ་སོགས་པའི་ཁམས་དང་བཅས་པའི་བསྔོ་བ་དང་། སྟོང་གསུམ་གྱི་སེམས་ཅན་རྣམས་དགེ་བ་བཅུ་ལ་བཀོད་པའི་བསོད་ནམས་དང་མཉམ་པའི་བསྔོ་བ་ཆུང་ངུ་དང་། རྒྱུན་ཞུགས་ལ་དཀོད་པའི་བསོད་ནམས་འབྲིང་དང་། སངས་རྒྱས་ཀྱི་ལམ་ལ་བཀོད་པའི་བསོད་ནམས་ཆེན་པོ་འབྱུང་བ་ཡི་བསྔོ་བ་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ལས་གང་བསོད་ནམས་ལྷག་པར་ཆེ་བ་ཡོད་དེ། ཕྱི་མ་གཞན་ནི་རྣམ་པ་གསུམ་པོ་དེ་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། བསྔོ་བ་སྒོམ་ལམ་འདི་ནི་དགེ་རྩ་བསྔོ་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ཏེ། དགེ་རྩ་རྣམས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་སྒོ་ནས་བཞག་པའི་ཕྱིར། འདི་ཡང་རྗེས་ཐོབ་ཏུ་འབྱུང་བ་ཡིན་ཏེ། བསྔོ་སྨོན་གྱི་བྱ་བ་རྗེས་ཐོབ་ཏུ་མཛད་དགོས་པའི་ཕྱིར། བྱང་སེམས་སྒོཾ་ལཾ་པས་རང་རྒྱུད་ཀྱི་དགེ་རྩ་རྫོགས་བྱང་དུ་བསྔོ་བར་ངེས་ཀྱང་དེ་ཁོ་ནར་བསྔོ་བ་མིན་ཏེ། སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་འགོད་པའི་ཆེད་དུ་བསྔོ་བ་ཡིན་པའི་ཕྱིར། དེས་གཞན་གྱི་དགེ་རྩ་རྣམས་རྫོགས་བྱང་དུ་བསྔོ་ཡང་། དེ་ཙམ་གྱིས་དགེ་རྩ་དེ་རྫོགས་བྱང་དུ་བསྔོས་པའི་གོ་ཆོད་པར་བཞག་དཀའ་སྟེ། གཞན་དུ་ན་ཉན་རང་ལ་སོགས་པའི་དགེ་རྩ་ཐམས་ཅད་ཀྱང་རྫོགས་བྱང་དུ་བསྔོས་པའི་དགེ་རྩ་ཐལ་བར་འགྱུར་བའི་ཕྱིར་རོ། །དགེ་རྩ་རྣམས་རྫོགས་བྱང་དུ་བསྔོས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། མི་མཛད་ཅིང་བསོད་ནམས་རྒྱ་ཆེན་པོ་འབྱུང་བའི་ཆེད་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིག་ལྷུང་། །ཞེས་པ་ནས། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཞེས་གསུངས་པའི་ཕྱིར། གསུམ་པ་རྗེས་སུ་ཡི་རང་སྒོམ་ལམ་ནི། ཐབས་དང་མི་དམིགས་པ་དག་གིས། །ཞེས་པ་ནས། སྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་པའི་བར་གསུངས། དོན་ནི། བྱང་སེམས་སྒོམ་ལམ་པའི་རྒྱུད་གྱི་རང་གཞན་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་མཛད་པའི་སྒོམ་ལམ་ཆོས་ཅན། ཁྱོད་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་པའི་ལམ་ཡིན་པར་སྐབས་འདིར་བརྗོད་པ་ཡིན་ཏེ། དགེ་རྩ་རྣམས་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་ཐབས་དང་དེ་རྣམས་དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་དག་གིས་རང་གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་མཛད་པའི་སྒོམ་ལམ་ཆོས་ཅན། ཁྱོད་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། རྗེས་སུ་ཡི་རང་སྒོམ་ལམ་འདི་ཡང་རྗེས་ཐོབ་ཏུ་འབྱུང་བ་ཡིན་ཏེ། རང་གཞན་གྱིས་དགེ་བ་སྒྲུབས་པའི་ཚུལ་ཤེས་ནས་རྗེས་སུ་ཡི་རང་མཛད་པ་ནི་རྗེས་ཐོབ་ནས་འབྱུང་བའི་ཕྱིར། རང་གཞན་གྱི་དགེ་བ་སོགས་བྱ་བ་བཟང་པོ་གང་ལ་ཡང་རྗེས་སུ་ཡི་རང་བར་བྱས་ན་ཕན་ཡོན་ཆེན་པོ་འབྱུང་བ་ཡིན་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལས་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ཟག་མེད་སྒོམ་ལམ་བཤད་པ་ལ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་བཤད་པ་དང་གཉ ིས། དང་པོ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཞེས་པ་ནས། གཏོད་པར་བྱེད་པར་དོན་ཆེན་ཉིད། །ཅེས་པའི་བར་གསུངས། དོན་ནི། སྒྲུབ་པ་སྒོམ་ལམ་ཆོས་ཅན། ཁྱོད་ལ་ལྡོག་པའི་སྒོ་ནས་རྣམ་པ་ལྔ་ཡོད་དེ། གཟུགས་སོགས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་རྟོགས་པའི་སྒྲུབ་པ་སྒོམ་ལམ་དེ་ཡི་ངོ་བོ་ཉིད་དང་། ཐབས་ཁྱད་པར་ཅན་གྱིས་མ་ཟིན་པའི་སྦྱིན་སོགས་ཀྱི་སངས་རྒྱས་མི་འཐོབ་ཅིང་ཐབས་ལ་མཁས་པས་དེ་འཐོབ་པའི་ཐབས་ཀྱི་མཆོག་ཉ ིད་དང་། ཆོས་ཐམས་ཅད་བདེན་མེད་རྟོགས་པས་ཀུན་ལ་བདེན་པར་མངོན་པར་འདུ་མི་བྱེད་པ་དང་། གནས་སྐབས་ཀྱི་བྱང་ཆུབ་ཁྱད་པར་ཅན་ཆོས་རྣམས་དམིགས་སུ་མེད་པར་ནི་གཏོད་པར་བྱེད་པ་དང་། མཐར་སངས་ཐོབ་པར་འགྱུར་བས་དོན་ཆེན་པོ་ཉིད་དུ་བྱེད་པ་རྣམས་སུ་ཡོད་པའི་ཕྱིར། སྒྲུབ་པ་སྒོམ་ལམ་འདི་དང་། འཆད་པར་འགྱུར་པའི་རྣམ་དག་སྒོམ་ལམ་གཉིས་ཀ་མཉམ་གཞག་གི་གནས་སྐབས་སུ་འབྱུང་བ་ཡིན་ལ། འདིའི་དངོས་བསྟན་ནི་གཙོ་བོར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དབང་དུ་མཛད་ཅིང་། སྤྱིར་སྒོམ་ལམ་དེ་གཉིས་ཀས་སྟོང་ཉིད་རྟོགས་པས་མ་ཁྱབ་སྟེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། སྒྲུབ་པ་སྒོམ་ལམ་ཡིན་ཏེ། གཙོ་བོར་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཡིན་པའི་ཕྱིར་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་སྒྲུབ་བྱེད་ཀྱི་བྱང་སེམས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རྣམ་དག་སྒོམ་ལམ་ཡིན་ཏེ། གཙོ་བོར་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཡིན་པའི་ཕྱིར་ཏེ། བདག་འཛིན་གཉིས་སྤངས་པའི་སྤངས་པ་མཐར་ཐུག་སྒྲུབ་བྱེད་པའི་ཡེ་ཤེས་ཁྱད་པར་ཅན་ཡིན་པའི་ཕྱིར། འོན་ཀྱང་། དེ་གཉིས་སྒྲུབ་བྱེད་དང་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པ་ནི་མིན་ཏེ། དེ་རྟོགས་པ་ཉི་ཚེ་བ་དང་སྤངས་པ་ཉི་ཚེ་བའི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པའི་ཕྱིར་ཏེ། དེ་རྟོགས་རིགས་གཉིས་ལས་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཕྱིར་རོ། །གཉིས་པ་ལ། རྒྱུའི་ཁྱད་པར། ཡུལ་གྱི་ཁྱད་པར། འབྲས་བུའི་ཁྱད་པར། ངོ་བོའི་ཁྱད་པར་དང་བཞི། དང་པོ། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། །ཞེས་པ་ནས། སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་པའི་བར་གསུངས། དོན་ནི། ཕྱིིའི་རྐྱེན་སངས་རྒྱས་ཀྱིས་མཚོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་། ནང་རྐྱེན་སྦྱིན་སོགས་དང་བཞི་ལྷག་ཟུང་འབྲེལ་གྱི་ཐབས་ལ་མཁས་པ་གང་ཡིན་པ་དེ་ཆོས་ཅན། ཁྱོད་རྣམ་དག་སྒོམ་ལམ་འདི་ལ་མོས་པའི་རྒྱུ་དག་ཡིན་ཏེ། དེ་སྐྱེ་པའི་མཐུན་རྐྱེན་ཁྱད་པར་ཅན་ཡིན་པའི་ཕྱིར། བདུད་གྱིས་ཐིབས་ཀྱིས་ནོན་པའི་གནོད་པར་བྱས་པ་དང་། ཟབ་མོའི་ཆོས་སྟོང་པ་ཉིད་ལ་མ་མོས་པ་དང་། ཕུང་པོ་ལ་སོགས་པའི་ཆོས་ལ་བདེན་པར་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་རྣམས་ཆོས་ཅན། ཁྱོད་རྣམ་དག་སྒོམ་ལམ་སོགས་ཆོས་ཀྱིས་ཕོངས་པའི་རྒྱུ་དག་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་འགལ་རྐྱེན་ཡིན་པའི་ཕྱིར། གཉིས་པ་ཡུལ་གྱི་ཁྱད་པར་ནི། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་པ་ནས། གཅད་དུ་མེད་པར་དག་པར་བརྗོད། །ཅེས་པའི་བར་གསུངས། །དོན་ནི། ཤེས་བྱ་ཆོས་ཅན། དགེ་སྦྱོང་ཚུལ་གྱིས་འབྲས་བུའི་མིང་གིས་བཏགས་པའི་ཐེག་ཆེན་སྒོམ་ལམ་རྣམ་གྲོལ་ལམ་དེ་རང་འདྲེན་བྱེད་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན། དེའི་དམིགས་ཡུལ་གཟུགས་ལ་སོགས་པ་ཡང་བར་ཆད་མེད་ལམ་དེའི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ཉིད་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དག་པ་དེ་གཉིས་དག་བྱ་གཅིག་གིས་དབེན་པའི་སྒོ་ནས་ངོ་བོ་ཐ་དད་མ་ཡིན་ཞིང་། ལྡོག་པ་ཡང་རིགས་ཐ་དད་པར་གཅད་དུ་མེད་པས་ཏེ་དེའི་ཕྱིར། དེ་གཉིས་ཆོས་ཅན། རིགས་ཐ་དད་མ་ཡིན་ཏེ། རིགས་གཅིག་པར་བརྗོད་པའི་ཕྱིར། དེ་ཡང་ཅུང་ཟད་ཕྱེ་ན། ས་གཉིས་པའི་སྒོམ་ལམ་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་ཚེ། ཁྱོད་ཀྱི་དམིགས་ཡུལ་གཟུགས་སོགས་ཀྱང་ཁྱོད་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་ཀྱི་དྲི་མས་རྣམ་པར་དག་པ་ཡིན་ཏེ། དེའི་ཚེ་ཁྱོད་རང་ཉིད་འདྲེན་བྱེད་གྱིི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་དག་པ་དེ་དང་། ཁྱོད་ཀྱི་དམིགས་ཡུལ་གཟུགས་སོགས་ཁྱོད་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་དུ་གྱུར་པའི་དྲི་མས་རྣམ་པར་དག་པའི་དག་པ་དེ་གཉིས་དག་བྱ་གཅིག་གིས་དབེན་པའི་དག་པ་རིགས་གཅིག་ཡིན་པའི་ཕྱིར། དེའི་དོན་ཡང་ཡོད་དེ། ས་གཉིས་པའི་སྒོམ་ལམ་རྣམ་གྲོལ་ལམ་ལྟ་བུས་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མ་སྤངས་ནས། རྗེས་ཐོབ་ཏུ་གཟུགས་སོགས་ཀྱི་ཆོས་གང་ལ་དམིགས་ཀྱང་སྔར་སྤངས་པའི་དྲི་མ་རྣམས་སླར་སྐྱེ་མི་རུང་དུ་སོང་བས་དེའི་སྒོ་ནས་རང་དང་དམིགས་ཡུལ་གཉིས་དག་པར་མཚུངས་པའི་དོན་ཡིན་པའི་ཕྱིར། གསུམ་པ་འབྲས་བུའི་ཁྱད་པར་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཞེས་པ་ནས། སངས་རྒྱས་རྣམ་དག་ཤིན་དུ་བ། །ཞེས་པའི་བར་གསུངས། དོན་ནི། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། སློབ་མ་ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། ཉོན་མོངས་སྤངས་པའི་ཉན་ཐོས་ཀྱི་བྲལ་བ་ཡིན་པའི་ཕྱིར། རང་རྒྱལ་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། བསེ་རུ་རང་སངས་རྒྱས་ཀྱི་རྣམ་དག་ཡིན་ཏེ། གཟུགས་སོགས་ཕྱི་རོལ་དོན་འཛིན་གྱི་རྟོག་པའི་ཤེས་བྱའི་སྒྲིབ་པ་སྤངས་པའི་རང་རྒྱལ་གྱི་བྲལ་བ་ཡིན་པའི་ཕྱིར། བྱང་འཕགས་ཀྱི་འགོག་བདེན་ཆོས་ཅན། རྒྱལ་སྲས་རྣམས་ཀྱི་རྣམ་པར་དག་པ་ཡིན་ཏེ། ཉན་རང་བྱང་སེམས་ཀྱི་ལམ་གསུམ་ཀྱི་སྒྲིབ་པ་ཅི་རིགས་ཉམས་ཤིང་སྤངས་པའི་བྱང་སེམས་ཀྱི་བྲལ་བ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་འགོག་བདེན་ཆོས་ཅན། རྣམ་ཀུན་ཤིན་དུ་བའི་དག་པ་ཡིན་ཏེ། སྒྲིབ་གཉིས་མ་ལུས་པར་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། རྣམ་དག་གི་ཐ་སྙད་དེ་དག་ཡུམ་གྱི་མདོ་ལས་གསུངས་པའི་དབང་དུ་མཛད་པ་ཡིན་ཏེ། སྔ་མ་ནི་མདོ་ལས། རབ་འབྱོར་གཟུགས་རྣམ་པ་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཞེས་པ་ནས་དེ་ལྟར་ན་ཐམས་ཅད་མཁྱེན་ཉིད་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པའི་བར་དང་། ཕྱི་མ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་དང་། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཡོངས་སུ་དག་པ་གང་ཡིན་པ་འདི་ལ་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །ཞེས་པའི་བར་གསུངས་པ་ལྟར་མཛད་པ་ཡིན་པའི་ཕྱིར་རོ། །བཞི་པ་ངོ་བོའི་ཁྱད་པར་ལ། རྣམ་དག་ཤིན་ཏུ་ཡིན་མིན་གྱི་ཁྱད་པར་དང་། སངས་རྒྱས་ཀྱི་རྣམ་དག་ཤིན་དུ་བར་བསྒྲུབ་པའོ། །དང་པོ་ནི། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པ་ནས། སོགས་པའི་ལམ་ནི་དག་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། རྣམ་དག་ལ་ཤིན་དུ་བ་ཡིན་མིན་གྱི་ཁྱད་པར་འཐད་དེ། སངས་རྒྱས་གྱི་རྣམ་དག་རེ་ནི་འདོད་པ་དང་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་ས་དགུ་ལ་ནི་གཏོགས་པའི་སྒོམ་སྤངས་འདེན་འཛིན་ལྷན་སྐྱེས་ཆེན་པོ་ཡི་ཆེན་པོ་ནས་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དྲི་མ་རྣམས་རིམ་གྱིིས་འཇོམས་བྱེད་གཉེན་པོ་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་ལ་སོགས་པའི་ལམ་ནི་རིམ་ཀྱིས་སྦྱངས་སྟོབས་ཀྱིས་དྲི་མ་དེ་དག་དག་པར་བྱེད་པའི་རྒྱུ་བྱས་པའི་སྒོ་ནས་མཐར་ཐོབ་པའི་རྣམ་དག་ཤིན་ཏུ་ཡིན་ལ། ཉན་རང་གི་རྣམ་དག་ནི་ཚུལ་དེ་ལྟར་ཐོབ་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ ལ་ཀླན་ཀ་སྤངས་པ་ཡིས། ཞེས་པ་ནས། གཉེན་པོ་ཉིད་དུ་འདོད་པ་ཡིན། ཞེས་པའི་བར་གསུངས། ངག་དོན་ནི། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་རྣམས་ནི་ཆོས་ཅན། ཁམས་གསུམ་ས་དགུས་བསྡུས་པའི་སྒྲིབ་པའི་གཉེན་པོ་ཁྱད་པར་ཅན་ཉིད་དུ་འདོད་པ་ཡིན་ཏེ། སྤང་བྱ་ཆེ་རིམ་ནས་འགག་ཅིང་གཉེན་པོ་ཆུང་རིམ་ནས་སྐྱེ་བའི་སྤང་གཉེན་གྱི་རིམ་པ་དེ་ལ་གཞན་གྱིས་རྩོད་པའི་ཀླན་ཀ་སྤངས་པ་ཡི་སྒོ་ནས་བྱ་དེ་རྣམས་ཀྱི་གཉེན་པོར་གྲུབ་པའི་ཕྱིར། དེ་ལྟར་གྲུབ་སྟེ། དཔེར་ན། སྣང་བ་སྐྱེ་སྟོབས་ཀྱིས་མུན་པ་རིམ་གྱིས་སེལ་བ་ལྟར། འཇལ་བྱེད་ཤེས་པ་དང་། གཞལ་བྱ་དག་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་ཉིད་ཀྱི་སྒོ་ནས་ཡེ་ཤེས་དེ་རྣམས་ཀྱིས་སྤང་བྱ་དེ་དག་རིམ་གྱིས་འཇོམས་པར་བྱེད་པའི་ཕྱིར། ཀླན་ཀ་ནི། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་རིམ་ནས་བདེན་འཛིན་ཆེ་རིམ་གྱིས་སྤོང་བ་མི་འཐད་པར་ཐལ། སྒོམ་ལམ་ཆེ་རིམ་གྱིས་བདེན་འཛིན་ཆེ་རིམ་ནས་སྤོང་པ་འཐད་པའི་ཕྱིར། དཔེར་ན། དགྲ་སྟོབས་ལྡན་འདུལ་བ་ལ་གཉེན་པོ་ཡང་སྟོབས་དང་ལྡན་དགོས་པ་བཞིན་ནོ་ཞེ་ན། ལན་ནི་སྐབས་འདིར་སྐྱོན་དེ་མི་འཇུག་པར་ཐལ། འདིར་སྤང་གཉེན་གྱི་རིམ་པ་དེ་ནི་གོས་ལ་ཆགས་པའི་དྲི་མ་ཆེ་རིམ་ནས་སེལ་བ་དང་མཚུངས་ཀྱི། སྔ་མ་དང་དཔེ་མཚུངས་པ་མ་ཡིན་པའོ། །གཙོ་བོའི་དབང་དུ་བྱས་ན་ཐེག་ཆེན་གྱིས་སྒོམ་ལམ་ས་གཉིས་པ་ནས་བཅུ་བའི་བར་ལ་འཇོག་ཀྱང་། ས་དང་པོར་ཡང་སྒོམ་ལམ་ཡོད་དེ། ཐེག་ཆེན་སྒོ་འབྱེད་ལས། ས་དང་པོ་ནི་བསྐལ་པ་ལ་སོགས་པའི་ཡུན་གྱིས་རྫོགས་དགོས་པས་དེའི་ངོ་བོར་གྱུར་པའི་སྒོམ་ལམ་ཡོད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ས་དང་པོ་ན་སྒོམ་ལམ་མཉམ་གཞག་ཡེ་ཤེས་ཡོད་པར་མ་ཟད། རྗེས་ཐོབ་ཡེ་ཤེས་ཀྱང་ཡོད་དེ། རྣམ་བཤད་ལས། མོས་པ་སྒོམ་ལམ་དེ་མ་དག་ས་བདུན་ན་ཡོད་པར་བཤད་པའི་རིགས་པས་འགྲུབ་པའི་ཕྱིར། གཞན་ཡང་། ས་དང་པོའི་ངོ་བོར་གྱུར་པའི་སྒོམ་ལམ་ཡོད་དེ། འགྲེལ་ཆེན་ལས། ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །སྐད་ཅིག་མ་གཉིས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་བྱེད་པའི་བར་འདི་དག་ཐམས་ཅད་ནི་སྒོམ་པའི་ལམ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།། །།སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསུམ་པ་གཞི་ཤེས་ཀྱི་ལུས་རྒྱས་པར་བཤད་པ་ལ། སྐབས་འདིར་གཞི་ཤེས་འཆད་པའི་རྒྱུ་མཚན་དང་། གཞུང་དོན་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་པ་བཤད་ཟིན་པའི་འོག་ཏུ་གཞི་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། ལམ་ཤེས་རྒྱུད་ལ་སྐྱེ་བ་མི་རྟག་སོགས་བཅུ་དྲུག་ཡོངས་སུ་ཤེས་པའི་སྒོ་ནས་གཞི་ཤེས་ཀྱི་རྣམ་པ་ཉམས་སུ་ལེན་དགོས་ཤིང་མེད་ན་མི་འབྱུང་བའི་ཕྱིར་ཏེ། འགྲེལ་པ་ལས། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད། ཅེས་གསུངས་པའི་ཕྱིར། གཉིས་པ་གཞུང་དོན་བཤད་པ་ལ། དངོས་དང་། མཁྱེན་གསུམ་གྱི་མཇུག་བསྡུ་བ་བཤད་པ་གཉིས། དང་པོ་ལ། འབྲས་ཡུམ་ལ་ཉེ་རིང་གི་ལམ་བཤད་པ། གཞི་ཤེས་སྦྱོར་བ་བཤད་པ། སྦྱོར་བ་བསྒོམས་པའི་འབྲས་སུ་བཤད་པ་དང་གསུམ། དང་པོ་ལ། ཉེ་རིང་གི་རྒྱུ་མཚན། རྒྱུ་མཚན་དེ་ཉིད་སྒྲུབ་པ། མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་བཤད་པ་དང་གསུམ། དང་པོ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པ་ནས། ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པའི་བར་གསུངས། ངག་དོན་ནི། འདིར་བསྟན་གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཅན། ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱུད་པ་ཉེ་བར་འདོད་པ་ཡིན་ཏེ། དུས་གསུམ་གྱི་ཆོས་རྣམས་བདེན་པའི་རང་བཞིན་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཚུ་རོལ་འཁོར་བའི་མཐའ་དང་ཕ་རོལ་ཞི་བའི་མཐའ་གཉིས་ལ་གནས་པ་མ་ཡིན་ཏེ། མཐར་གཉིས་འགོག་བྱེད་ཀྱི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། མཐའ་དེ་དག་གི་བར་ན་ཡང་དོན་དམ་པར་གནས་པ་མ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་ཡིན་པའི་ཕྱིར། འདིར་བསྟན་སྲིད་ཞི་གཉིས་ཀྱི་མཐའི་ཁྱད་པར་ཡོད་དེ། སྲིད་མཐའ་ནི་གཞི་ཀུན་རྫོབ་ལ་བལྟོས་པའི་སྲིད་མཐའ་ཏེ་འཁོར་བ་ཡིན་ལ། ཞི་མཐའ་ནི་དེ་ལ་བལྟོས་པའི་ཞི་མཐའ་ཏེ་ཆད་པའི་མྱང་འདས་ལ་བྱེད་པའི་ཕྱིར། བྱང་འཕགས་ཆོས་ཅན། འདིར་བསྟན་སྲིད་མཐའ་ལ་མི་གནས་ཏེ། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པའི་ཕྱིར། དེ་ཆོས་ཅན། འཁོར་བའི་གནས་སུ་སྐྱེ་བ་ལེན་པ་ཡིན་ཏེ། དེར་སྐྱེ་བ་ལེན་པའི་རྒྱུ་བརྩེ་བ་སྙིང་རྗེ་སོགས་ཐབས་ཤེས་རབ་ཁྱད་པར་ཅན་གཉིས་དང་ལྡན་པའི་ཕྱིར། དེ་ཆོས་ཅན། འདིར་བསྟན་ཞི་མཐའ་ལ་ཡང་མི་གནས་ཏེ། ལས་ཉོན་ཆད་ཙམ་གྱི་མྱང་འདས་ཐོབ་བྱར་དོན་དུ་མི་གཉེར་བའི་ཕྱིར། དེ་ཆོས་ཅན། དེ་ལྟ་བུའི་མྱང་འདས་དོན་དུ་མི་གཉེར་ཏེ། སེམས་ཅན་གྱི་དོན་དུ་འཁོར་བའི་གནས་སུ་སྐྱེ་བ་བཞེས་ནས་དོན་མཛད་ཅིང་སངས་རྒྱས་དོན་དུ་གཉེར་བ་ཡིན་པའི་ཕྱིར། གཉིས་པ་ཉེ་རིང་གི་རྒྱུ་མཚན་སྒྲུབ་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་པ་ནས། ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་པའི་བར་གསུངས། དོན་ནི། ཉན་རང་འཕགས་པ་ཆོས་ཅན། གཞི་ཤེས་པའི་ཤེར་ཕྱིན་དེ་ནི་ཁྱོད་ལ་རིང་བ་ཡིན་ཏེ། ཁྱོད་གཞི་བདེན་པའི་མཚན་མར་དམིགས་པ་སྟེ་བཟུང་བའི་སྒོ་ནས་འབྲས་ཡུམ་བསྐྱེད་པའི་ཐབས་མ་ཡིན་པས་ཟིན་པའི་ཕྱིར། བྱང་འཕགས་ཆོས་ཅན། ཤེས་ཕྱིན་དེ་ནི་ཁྱོད་ལ་ཡང་དག་པར་ཉེ་བ་ཉིད་དུ་བཤད་དེ། འབྲས་ཡུམ་བསྐྱེད་པའི་ཐབས་ལ་མཁས་པ་སྟོང་ཉིད་རྟོགས་པ་ཡིས་ཟིན་པའི་ཕྱིར། དེ་ནི་བདེན་འཛིན་ཡོད་པ་ཙམ་མིན་གྱི། བདེན་འཛིན་གྱིས་བཅིངས་མ་བཅིངས་ཀྱི་དབང་གིས་ཡིན་ཏེ། སྐབས་གསུམ་པའི་ལུགས་འདིར་ཉན་རང་ལ་སྟོང་ཉིད་རྟོགས་པ་མེད་པས་བདེན་འཛིན་གྱིས་བཅིངས་པར་འདོད་ཅིང་། །བྱང་འཕགས་རྣམས་ཀྱིས་སྟོང་ཉིད་རྟོགས་མྱོང་བས་དེས་མ་བཅིངས་པའི་ཕྱིར། བདེན་འཛིན་གྱིས་བཅིངས་པའི་དོན་ཡང་ཡོད་དེ། སྟོང་ཉིད་རྟོགས་མ་མྱོང་ཞིང་བདེན་ཞེན་ལས་རེ་ཞིག་འདའ་མི་ནུས་པའི་དོན་ཡིན་པའི་ཕྱིར། གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་བཤད་པ་ལ། གཞི་ལམ་ལ་མཚན་འཛིན་སྤང་གཉེན་དང་། འབྲས་བུ་ལ་མཚན་འཛིན་སྤང་གཉེན་དང་། མཇུག་བསྡུ་བ་བཤད་པ་དང་གསུམ། དང་པོ་ལ། མི་མཐུན་ཕྱོགས་དང་། གཉེན་པོའི་ཕྱོགས་གཉིས་ལས། དང་པོ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པ་ནས། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པའི་བར་གསུངས། དོན་ནི། གཞི་ཤེས་བྱ་ཇི་ལྟ་བས་བསྡུས་པའི་གཟུགས་ལ་སོགས་པའི་ཕུང་པོ་བདེན་པས་སྟོང་པའི་སྟོང་ཉིད་དང་། ཇི་སྙེད་པས་བསྡུས་པ་འདས་པ་ལ་སོགས་པའི་དུས་གསུམ་དུ་གཏོགས་པའི་ཆོས་རྣམས་དང་། ལམ་སྦྱིན་པ་དང་ཚུལ་ཁྲིམས་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བདེན་ཞེན་གྱིས་སྤྱོད་པའི་འདུ་ཤེས་ཀྱིས་བཅིངས་པའི་ལམ་ཆོས་ཅན། བྱང་ཆུབ་སེམས་དཔའ་རིགས་ངེས་པ་དེའི་ལམ་གྱི་གོལ་སའི་མི་མཐུན་ཕྱོགས་ཡིན་ཏེ། འབྲས་བུར་ཤེར་ཕྱིན་སྒྲུབ་པའི་རིང་ལ མ་ཡིན་པའི་ཕྱིར། གཉིས་པ་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་པ་ནས། དེ་ནི་ཆགས་པའི་མཐའ་འགོགས་པས། །ཞེས་པའི་བར་གསུངས། དོན་ནི། ལམ་སྦྱིན་པ་ལ་སོགས་པ་ལ་བདེན་ཞེན་གྱི་ངར་འཛིན་མེད་པ་ལ་རང་ཉིད་གནས་ཤིང་། གཞན་དག་དེ་ལ་སྦྱོར་བར་བྱེད་པའི་བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གཞི་བདེན་མེད་དུ་མངོན་གསུམ་དུ་རྟོགས་པའི་ཡེ་ཤེས་དེ་ནི་ཆོས་ཅན། གཞི་ལམ་ལ་བདེན་པར་ཆགས་པའི་མཐའ་འགོག་པ་ཡིན་ཏེ། ཆགས་པ་དེའི་གཉེན་པོ་ཁྱད་པར་ཅན་ཡིན་པའི་ཕྱིར། ཐེག་དམན་གྱི་གཞི་ཤེས་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་ཐ་སྙད་མཛད་པ་ནི་བདེན་འཛིན་གྱིས་མ་བཅིངས་པའི་བྱང་སེམས་ཀྱི་ལམ་ལ་བལྟོས་ནས་ཡིན་གྱི། ཐེག་དམན་གྱི་གཞི་ཤེས་དེ་མི་མཐུན་ཕྱོགས་དངོས་མ་ཡིན་ཏེ། མཐུན་ཕྱོགས་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། འཕགས་ལམ་མིན་པའི་ཕྱིར་རོ། །སྐབས་གསུམ་པ་འདིར་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་བདེན་འཛིན་གྱིས་བཅིངས་པས་ཁྱད་པར་བསྟན་པ་ནི་དགོས་པའི་དབང་གིས་ཡིན་གྱི། དེ་ཁོ་ན་ལྟར་འདོད་དགོས་པའི་ངེས་པ་ནི་མེད་དེ། སྐབས་གཞན་དང་ཁྱད་པར་དུ་རིགས་ཀྱི་སྐབས་སུ་ཐེག་དམན་འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་ཡོད་པར་བསྟན་པའི་ཕྱིར་རོ། །གཉིས་པ། འབྲས་བུ་ལ་མཚན་འཛིན་སྤང་གཉེན་བཤད་པ་ལ། ཆགས་པའི་ངོ་བོ། དེའི་རྒྱུ་མཚན། དེའི་གཉེན་པོ་འཕྲོས་དོན་བཤད་པ་དང་བཞི། དང་པོ་ནི། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་གསུངས། དོན་ནི། རྒྱལ་བ་ལ་སོགས་པའི་འབྲས་བུ་ལ་བདེན་པར་ཆགས་པ་ཕྲ་མོས་བཅིངས་བཞིན་དུ་དེ་ལ་ཕྱག་འཚལ་བ་ལ་སོགས་པ་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། དེའི་གོལ་ས་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་གསུངས། དོན་ནི། ཆོས་རྣམས་ཀྱི་ལམ་གནས་ལུགས་མཐར་ཐུག་དེ་ནི་ཆོས་ཅན། ཟབ་པ་ཉིད་ཡིན་ཏེ། །བདེན་པར་གྲུབ་པའི་རང་བཞིན་གྱིས་དབེན་པའི་ཆོས་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་གསུངས། དོན་ནི། ཆོས་རྣམས་ཀྱི་རང་བཞིན་བདེན་སྟོང་དུ་གཅིག་པར་ནི་མངོན་སུམ་དུ་ཤེས་པའི་བྱང་འཕགས་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་ལ་བདེན་པར་ཆགས་པ་སྤོང་བ་ཡིན་ཏེ། དེ་འཇོམས་བྱེད་ཀྱི་གཉེན་པོ་ཁྱད་པར་ཅན་ཡིན་པའི་ཕྱིར། །བཞི་པ་ལ། ཟབ་པའི་རྒྱུ་མཚན་དང་། རྟོགས་དཀའ་བའི་རྒྱུ་མཚན་དང་གཉིས། དང་པོ་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་གསུངས། དོན་དམ་པའི་བདེན་པ་དེ་ནི་ཆོས་ཅན། ཟབ་མོ་རྟོགས་པར་དཀའ་བར་བཤད་དེ། དོན་དམ་དཔྱོད་བྱེད་ཅི་རིགས་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི་གཟུགས་སྒྲ་མཐོང་བ་ལ་སོགས་པའི་ཐ་སྙད་པའི་ཚད་མས་ཁྱོད་མཐོང་བ་བཀབ་པ་ཡིས་ཏེ་དེའི་ཕྱིར། གཉིས་པ་ནི་གཟུགས་ལ་སོགས་པ་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་གསུངས། དོན་ནི། དོན་དམ་བདེན་པ་དེ་ནི་ཆོས་ཅན། ཐ་སྙད་པའི་བློས་རྟོགས་པར་དཀའ་བ་ཡིན་ཏེ། བློ་དེ་བསམ་གྱིས་མི་ཁྱབ་པར་འདོད་པ་དེའི་ཕྱིར། དེར་ཐལ། ཁྱོད་གཟུགས་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་མི་ཤེས་པའི་ཕྱིར་རམ། གཟུགས་སོགས་ལྟར་མི་ཤེས་པའི་ཕྱིར་རོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་པ་ནས། །ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཀུན་ཤེས་བཞི་ཤེས་ཉིད་ཀྱི་ལུགས་ལ་ཏེ་སྐབས་སུ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དག་གི་རྣམ་པར་དབྱེ་བ་མ་ལུས་པ་ཡུམ་གྱི་མདོ་ལས་ཇི་སྐད་བཤད་པ་དེ་རྣམས་འདིར་ཡང་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བཤད་པར་ཤེས་པར་བྱ་སྟེ། སྔར་བཤད་པ་དེ་ལྟར་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་གཞི་ཤེས་སྦྱོར་བ་འཆད་པ་ལ། དབྱེ་བ་དང་། རང་བཞིན་བཤད་པ་གཉིས། དང་པོ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། ཞེས་པ་ནས། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་གཞི་ཤེས་སྦྱོར་བ་དེ་ལ་བཅུ་ཡོད་དེ། ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་ལས་ཀྱི་སྒོ་ནས་ཆ་གཉིས། དཔེའི་སྒོ་ནས་གཅིག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡུལ་གྱི་སྒོ་ནས་བཞི་ཡོད་དེ། ཁྱད་གཞི་གཟུགས་སོགས་ལ་བདེན་པར་ཞེན་པ་དང་། ཁྱད་ཆོས་དེ་མི་རྟག་སྡུག་བསྔལ་སོགས་དང་། དེ་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པ་དང་རབ་རྫོགས་པ་དང་། དེ་ལ་བདེན་པར་ཆགས་པ་མེད་ཉིད་ལ་བདེན་པར་སྤྱོད་པ་བཀག་པའི་སྦྱོར་བ་དང་བཞི་ཡོད་པའི་ཕྱིར། གཉིས་པ་ངོ་བོའི་སྒོ་ནས་གསུམ་ཡོད་དེ། བྱ་བ་ལ་བདེན་ཞེན་འགོག་པ་མི་འགྱུར་བ་དང་། བྱེད་པ་པོ་ལ་བདེན་ཞེན་འགོག་པ་བྱེད་པོ་མེད་པ་ཉིད་དང་། འབྲས་བུ་ལ་བདེན་ཞེན་འགོག་པ་བྱ་དཀའ་བ་རྣམ་པ་གསུམ་གྱི་སྦྱོར་བ་དང་གསུམ་ཡོད་པའི་ཕྱིར། བྱ་དཀའ་བ་གསུམ་ཡོད་དེ། ཆེད་དུ་བྱ་དཀའ་བ། སྦྱོར་བ་བྱ་དཀའ་བ། ལས་བྱ་དཀའ་བ་དང་གསུམ་ཡོད་པའི་ཕྱིར། གསུམ་པ་བྱེད་ལས་ཀྱི་སྒོ་ནས་གཉིས་ཡོད་དེ། རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་འབྲས་བུ་ཐོབ་པས་འབྲས་བུ་ཡོད་པར་འདོད་པའི་སྦྱོར་བ་དེ་དང་ནི། ཕན་ཡོན་དང་ལྡན་པའི་སྒོ་ནས་གཞན་ལ་རག་ལས་པ་མེད་པ་གང་ཡིན་པའི་སྤྱོད་པ་དང་གཉིས་ཡོད་པའི་ཕྱིར། བཞི་བ་ཤེས་བྱེད་དཔེའི་སྒོ་ནས་གཅིག་ཡོད་དེ། སྣང་བ་རྣམ་པ་བདུན་དུ་ཤེས་པར་བྱེད་པའི་བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ་གཅིག་ཡོད་པའི་ཕྱིར། སྣང་བ་རྣམ་བདུན་ཡོད་དེ། རྨི་ལམ་སྒྱུ་མ་སྨིག་སྒྱུ་སྒྲ་བརྙན་གཟུགས་བསྙན་དྲི་ཟའི་གྲོང་ཁྱེར་སྤྲུལ་པའི་དཔེ་བདུན་གྱིས། ཕྱི་ནང་གི་ཆོས་རྣམས་བདེན་པར་མེད་ཀྱང་རྟེན་འབྲེལ་གྱི་སྣང་བ་ཙམ་དུ་སྒྲུབ་ཚུལ་རྣམ་པ་བདུན་ཡོད་པའི་ཕྱིར། དེ་མ་རྫོགས་དང་རབ་རྫོགས་དང་། ཞེས་པའི་དངོས་བསྟན་གྱི་ཡོན་ཏན་གྱི་རྟེན་དུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དེ། གང་ལ་དམིགས་ན་ཉོན་མོངས་སྐྱེ་བར་འགྱུར་བའི་ཕྱོགས་གཟུགས་སྒྲ་སོགས་ཡོན་ཏན་གྱི་རྟེན་དུ་མ་རྫོགས་ལ། གང་ལ་དམིགས་ནས་བསྒོམས་པས་རྟོགས་པ་གོང་འཕེལ་དུ་འགྱུར་བ་གཟུགས་སོགས་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང་བདག་མེད་པ་ལྟ་བུ་ཡོན་ཏན་གྱི་རྟེན་དུ་རྫོགས་པར་འཇོག་པ་ཡིན་པའི་ཕྱིར། གཉིས་པ་རང་བཞིན་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གསུངས། དོན་ནི། །ཤེས་བྱ་ཆོས་ཅན། འདིར་སེམས་དཔའི་གཞི་ཤེས་སྦྱོར་བ་དེ་ཡི་མཉམ་ཉིད་དེ་ལ་རྣམ་པ་བཞི་ཡོད་དེ། ཡུལ་གཟུགས་ལ་སོགས་པའི་ངོ་བོ་དང་མཚན་མ་དང་དབྱེ་བ་དང་ཡུལ་ཅན་ལ་བདེན་པར་རློམ་པ་མེད་པའི་སྦྱོར་བ་བཞི་རྣམས་སུ་ཡོད་པའི་ཕྱིར། སེམས་དཔའི་གཞི་ཤེས་སྦྱོར་བ་དང་། དེའི་མཉམ་ཉིད་ཀྱི་ཁྱད་པར་ཡོད་དེ། སྤྱིར་ཐེག་དམན་ཀྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་རྣམས་དང་པོ་ཡིན་ཞིང་། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་རྣམས་ཕྱི་མ་ཡིན་ལ། གཞུང་གཉིས་ཀའི་དངོས་བསྟན་གྱི་དབང་དུ་བྱས་ན་དེ་འདྲ་བའི་ཐེག་ཆེན་གྱི་སྦྱོར་ལམ་ལ་བྱེད་པའི་ཕྱིར། གསུམ་པ་སྦྱོར་བ་བསྒོམས་པའི་འབྲས་བུ་བཤད་པ་ལ། སྐད་ཅིག་མ་མདོར་བསྟན་པ་དང་། རྣམ་པ་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པ་ནས། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་པའི་བར་གསུངས། དོན་ནི། བྱང་སེམས་མཐོང་ལམ་བའི་རྒྱུད་ཀྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་སོ་སོ་ལ་དམིགས་ནས་ཆོས་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། ཆོས་དང་རྗེས་སུ་ཤེས་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་འདི་ཆོས་ཅན། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ་ཡིན་ཏེ། འདའ་བྱེད་ཀྱི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། འདིས་འདའ་བྱ་འདའ་བྱེད་གཉིས་ཀྱི་ནང་ནས་འདའ་བྱེད་ཀྱི་མཐོང་ལམ་བསྟན་པ་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་གནས་ནས་འདའ་བྱེད་དང་། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ཤེས་མཐོང་གིས་བལྟས་ནས་འདའ་བྱའི་ལམ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པའི་དོན་དུ་སྟོང་ཉིད་གཙོ་བོར་བསྒོམ་དགོས་ཤིང་། ཉན་རང་གི་རིགས་ཅན་རྗེས་སུ་འཛིན་པའི་ཆེད་དུ་གང་ཟག་གི་བདག་མེད་ཞར་བྱུང་ངམ་ཕལ་པའི་ཚུལ་གྱིས་སྒོམ་པར་བྱེད་པའི་དོན་ཡིན་པའི་ཕྱིར། གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ། སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་པ་ནས། ཤེས་པ་སྐྱེ་བ་མེད་པ་ནི། །ཞེས་པའི་བར་གསུངས། དོན་ནི། སྡུག་བསྔལ་གྱི་བདེན་པས་བསྡུས་པའི་གཟུགས་ཚོར་སོགས་མི་རྟག་པ་ཆོས་ཅན། དོན་དམ་པར་རྟག་པ་ཡང་མིན་མི་རྟག་པ་ཡང་མ་ཡིན་ཏེ། དོན་དམ་པར་རྟག་མི་རྟག་གཉིས་ཀ་དང་བྲལ་བའི་ཕྱིར་ཏེ། དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར། རྟགས་འདི་འོག་མ་རྣམས་ལའང་སྦྱར་དགོས་ཏེ། བདེན་བཞི་དོན་དམ་པར་མེད་པར་མཚུངས་པའི་ཕྱིར་རོ། །སྡུག་བདེན་གྱི་རྣམ་པ་ཕྱི་མ་གསུམ་ཆོས་ཅན། དོན་དམ་པར་རྟག་ཆད་ཀྱི་མཐའ་ལས་འདས་པ་དང་། དོན་གཞན་གྱིས་སྟོང་པ་རྣམ་པར་དག་པ་དང་། རང་དབང་བའི་བདག་གི་ངོ་བོ་མ་གྲུབ་དོན་དམ་པར་མ་སྐྱེས་པ་དང་མ་འགག་པ་ལ་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མིན་ཏེ། རིམ་པ་བཞིན་དོན་དམ་པར་སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པ་དང་བྲལ་བའི་ཕྱིར་དང་། སྟོང་མི་སྟོང་དང་། བདག་དང་བདག་མེད་པ་དང་ཡང་བྲལ་བའི་ཕྱིར་ཏེ། མཐོང་ལམ་སྡུག་བསྔལ་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་རྟོགས་པའི་ཕྱིར། ལས་སྲེད་ཀྱིས་བསྡུས་པའི་ཀུན་འབྱུང་གི་རྣམ་པ་འདི་ཆོས་ཅན། དོན་དམ་པར་མ་གྲུབ་པ་ནམ་མཁའ་དང་འདྲ་བ་དང་། ཆགས་སོགས་ཀྱི་སྲེད་པ་དོན་དམ་པར་གྲུབ་པ་སྤངས་པ་དང་། དོན་དམ་པར་ཡོངས་སུ་འཛིན་པ་ལས་གྲོལ་བ་དང་། དོན་དམ་པར་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་ཡིན་ཏེ། རིམ་པ་བཞིན་སྡུག་བསྔལ་གྱི་རྒྱུ་དང་རྒྱུ་མ་ཡིན་པ་དང་། ཀུན་འབྱུང་ཡིན་མིན་དང་། རབ་སྐྱེ་ཡིན་མིན་དང་། རྐྱེན་དང་རྐྱེན་མིན་རྣམས་སུ་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། ཀུན་འབྱུང་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་མངོན་སུམ་དུ་རྟོགས་པའི་ཕྱིར། འགོག་བདེན་འདིའི་དོན་སྡུག་བསྔལ་སྤངས་པའི་བྲལ་པ་ཆོས་ཅན་དོན་དམ་པར་མ་གྲུབ་པའི་རྒྱུ་མཚན་གང་གི་ཕྱིར་ན་ཚིག་ཏུ་བརྗོད་པ་ཡི་སྒོ་ནས་གཞན་རྒྱུད་ལ་དོན་དམ་པར་སྦྱིན་དུ་མེད་པ་དང་། དམིགས་པ་དོན་དམ་པར་མེད་པར་བྱེད་པ་དང་། རྟག་ཆད་ལས་འདས་ཤིང་རང་བཞིན་གྱིས་ཤིན་ཏུ་རྣམ་པ་དག་པ་དང་། གནོད་པའི་ནད་ཐམས་ཅད་མི་འབྱུང་པའི་ཡོན་ཏན་ལྡན་པ་ཡིན་ཏེ། རིམ་པ་བཞིན་འགོག་པ་ཡིན་མིན་དང་། ཞི་བ་ཡིན་མིན་དང་། གྱ་ནོམ་ཡིན་མིན་དང་། ངེས་འབྱུང་ཡིན་མིན་རྣམས་སུ་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། འགོག་པ་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་མངོན་སུམ་དུ་རྟོགས་པའི་ཕྱིར། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ལམ་བདེན་ཆོས་ཅན། ངན་སོང་གསུམ་ཆད་པ་དང་། རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ནི་མངོན་དུ་བྱ་བ་ལ་རྣམ་པར་མི་རྟོག་པ་ཉིད་དང་། དོན་དམ་པར་གྲུབ་པའི་མཚན་མ་དག་དང་མ་འབྲེལ་བ་དང་བརྗོད་བྱའི་དངོས་པོ་དང་བརྗོད་བྱེད་ཀྱི་མིང་སོ་སོ་བ་དང་གཉིས་པོ་ལ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་ཤེས་པ་སྐྱེ་བ་མེད་པ་ནི་ཡིན་ཏེ། རིམ་པ་བཞིན་ལམ་དང་ལམ་མ་ཡིན་པ་དང་། རིག་པ་དང་རིག་པ་མ་ཡིན་པ་དང་། སྒྲུབ་པ་དང་སྒྲུབ་པ་མ་ཡིན་པ་དང་། ངེས་འབྱིན་དང་ངེས་འབྱིན་མ་ཡིན་པར་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་གཉིས་སྣང་ནུབ་པའི་ཚུལ་ཀྱིས་རྟོགས་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་ཚུལ་ནི། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས། དོན་ནི། སྔར་བཤད་པའི་ཀུན་ཤེས་ཉིད་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། བྱང་སེམས་ཀྱི་མཐོང་ལམ་ཡིན་ཏེ། དེའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཞི་ཤེས་འཆད་པའི་སྐབས་སུ་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་འཆད་རིགས་པ་ལས། དེ་མི་སྟོན་པར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྟོན་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འདིར་ཟིན་བྱེད་འདའ་བྱེད་ཀྱི་མཐོང་ལམ་དངོས་སུ་བསྟན་པའི་ཤུགས་ལ། ཐེག་པ་ཆེ་ཆུང་གཉིས་ཀའི་དེ་འདྲ་བའི་འདའ་བྱའི་མཐོང་ལམ་བསྡུས་ནས་བསྟན་པའི་ཕྱིར་ཏེ། རྣམ་བཤད་ལས། འདིས་ཉན་ཐོས་རང་རྒྱུད་ཀྱི་མཐོང་ལམ་དང་། བྱང་ཆུབ་སེམས་དཔའི་རྒྱུད་ལ་བསྒོམ་པར་བྱ་བ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་མཐོང་ལམ་གཉིས་ཀ་བསྡུས་ནས་བསྟན་པའི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་མཐོང་ལམ་བསྟན་པའི་མཇུག་དེ་མ་ཐག་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་སྟོན་པའི་གཞུང་ཞིག་འབྱུང་རིགས་པ་ལས་མི་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་བྱང་ཆུབ་སེམས་དཔས་གནས་ནས་འདའ་བའི་ལམ་དུ་སྟོན་མི་རིགས་པས་མ་བསྟན་ལ། ཤེས་མཐོང་གིས་བལྟས་ནས་འདའ་བའི་ལམ་དུ་སྟོན་མི་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། སྔར་དེ་འདྲ་བའི་མཐོང་ལམ་དེ་ཤེས་མཐོང་གིས་བལྟས་ནས་འདའ་བའི་ལམ་བསྟན་པ་ལ་བརྟེན་ནས། དེའི་རིགས་རྒྱུན་དུ་གྱུར་པའི་སྒོམ་ལམ་ཡང་དེ་འདྲ་བའི་ལམ་དུ་གནས་པས་མ་བསྟན་པའི་ཕྱིར་རོ། །གཉིས་པ་མཁྱེན་གསུམ་གྱི་མཇུག་བསྡུ་ནི། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་པ་ནས། རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་པའི་བར་གསུངས་། དོན་ནི། རྩ་བ་ལྟར་ན་དེ་ལྟར་མཁྱེན་གསུམ་རྒྱས་པར་བསྟན་ནས། ཡུམ་བར་མ་ལས། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། ཞེས་སོགས་གཞི་ཤེས་ཀྱི་མཇུག་བསྡུར་སྟོན་པའི་ཚིག་བཅུ་དགུ་པོ་འདི་དང་། ཡང་རབ་འབྱོར་དེ་ལྟར་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན་ཞེས་སོགས་ལམ་ཤེས་ཀྱི་མཇུག་བསྡུ་པའི་ཚིག་འདི་དང་། ཡང་རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པའམ་འཕྲོག་པར་བྱེད་པ་མ་ཡིན་ཞེས་སོགས་རྣམ་མཁྱེན་གྱི་མཇུག་བསྡུ་བའི་ཚིག་འདི་ཡིན་ཏེ་མདོ་ཚིག་རྣམ་པ་གསུམ་པོ་འདི་ནི་ཆོས་ཅན། སྔར་མཁྱེན་གསུམ་བརྗོད་བྱར་བྱས་པའི་གནས་སྐབས་གསུམ་པོ་དག་གི་མཇུག་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ཏེ། དེ་རྣམས་ཀྱི་མཇུག་སྡུད་རྫོགས་པར་སྟོན་པའི་ཚིག་ཡིན་པའི་ཕྱིར། འོན་ཀྱང་འགྲེལ་བ་ལས་རྣམ་མཁྱེན་གྱི་མཇུག་སྡུད་ཐོག་མར་བྱས་ནས་འཆད་དེ། ཐམས་ཅད་མཁྱེན་པ་ཉིད་འདི་དང་། །ལམ་ཤེས་པ་ཉིད་འདི་དང་། །ཐམས་ཅད་ཤེས་པ་ཉིད་འདི་སྟེ། །ཞེས་གསུངས་པའི་ཕྱིར། དེ་གཉིས་ཀྱི་དགོངས་པ་མི་འགལ་ཏེ། རྩ་བ་ལྟར་བཤད་པ་ནི་ཡུམ་བར་མའི་དབང་དུ་བྱས་ལ། འགྲེལ་པར་བཤད་པ་དེ་ཉིད་བརྒྱད་སྟོང་པའི་མཇུག་སྡུད་སྟོན་ཚུལ་ཡིན་པའི་ཕྱིར། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་པོ་ལ་ཚིག་རྒྱས་བསྡུས་ཡོད་ཀྱང་དོན་འདྲ་སྟེ། བརྒྱད་སྟོང་པར་ཡང་གཞན་གཉིས་ཀྱི་དོན་ཐམས་ཅད་ཚང་བར་སྟོན་པའི་ཕྱིར་ཏེ། བརྒྱད་སྟོང་དོན་བསྡུས་ལས། དེ་ལྟར་ཇི་སྐད་བཤད་རྣམས་ཀྱི། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་འདོད་དེ། །དོན་ནི་ཇི་སྐད་གསུངས་དེ་ཉིད། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སྐབས་གཉིས་པ་དང་གསུམ་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་འདི་ཉིད་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་བ་ལས། དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་བློ་བཟང་བསྟན་འཛིན། དཀའ་བཅུའི་མཚན་བཞེས་པའི་ཚེ་གཞན་ལ་ཕན་པའི་འདུན་པས་པར་དུ་བསྒྲུབས་པའོ། །བཀྲ་ཤིས་བར་གྱུར་ཅིག །


previousསྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ།next