Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
  
  
སྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ།
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousསྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ།next

སྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ།

སྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས།

རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཉིས་པ་སྦྱོར་བཞི་རྒྱས་པར་བཤད་པ་ལ་སྦྱོར་བཞིའི་དང་པོ་རྒྱུ་རྣམས་རྫོགས་སྦྱོར་བ་འཆད་པ་ལ། སྐབས་འདིར་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་དང་། གཞུང་དོན་དངོས་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། མཁྱེན་གསུམ་བཤད་ཟིན་པའི་འོག་ཏུ་སྦྱོར་བཞིའི་དང་པོ་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་ལ་གོམས་པ་དབང་དུ་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ཉིད་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་གཞག་དང་། ཐར་པ་ཆ་འཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་པའི་རིམ་པ་བཤད་པ་གཉིས། དང་པོ་ལ། སྦྱོར་བའི་ངོ་བོ། སྦྱོར་བའི་སྐྱོན་ཡོན། སྦྱོར་བའི་མཚན་ཉིད་བཤད་པ་དང་གསུམ། དང་པོ་ལ། མི་མཐུན་ཕྱོགས་ཀྱི་གཉེན་པོ་རྣམ་པའི་བྱེ་བྲག་བཤད་པ་དང་། བདེན་འཛིན་དངོས་སུ་འཇོམས་པར་བྱེད་པའི་སྦྱོར་པ་ཁྱད་པར་ཅན་ངོས་བཟུང་བ་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་པ་ནས། རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་པའི་བར་གསུངས། ངག་དོན་ནི། གཞི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ཤེས་པ་ཡི་ཡེ་ཤེས་ཀྱི་བྱེ་བྲག་གམ་ཁྱད་བར་རྣམས་ནི་རང་གི་མི་མཐུན་ཕྱོགས་དེ་དང་དེའི་ཡུལ་གྱི་ཟློག་ཕྱོགས་ཀྱི་རྣམ་པ་ཤར་པའི་སྒོ་ནས་དེ་དག་འཇོམས་པར་བྱེད་པའི་སེམས་དཔའི་ཡེ་ཤེས་ཞེས་བྱ་བ་ཆོས་ཅན། སྐབས་འདིར་གཙོ་བོར་བསྟན་པའི་གཉེན་པོའི་མཚན་ཉིད་ཅེས་བྱ་བར་བརྗོད་དེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། གཉེན་པོའི་ཡེ་ཤེས་ཀྱི་རྣམ་པ་དེ་ཆོས་ཅན། རིགས་བསྡུ་ན་རྣམ་པ་གསུམ་དུ་འདོད་པ་ཡིན་ཏེ། བསྒོམ་བྱ་ཀུན་མཁྱེན་ཉིད་ཀྱི་ནི་རྣམ་པ་གསུམ་དུ་ངེས་པའི་ཕྱིར། དོན་ནི་ཡིད་ལྟར་དུ་འགྱུར་བ་ཡིན་ཏེ། ཕུང་པོ་མི་རྟག་པར་རྟོགས་པ་ལ་སོགས་པའི་སེམས་དཔའི་ཡེ་ཤེས་ཆོས་ཅན། ཕུང་པོ་རྟག་འཛིན་ལ་སོགས་པའི་གཉེན་པོ་ཡིན་ཏེ། དེ་རྣམས་ཀྱི་ཞེན་ཡུལ་གྱི་ཟློག་ཕྱོགས་མི་རྟག་པ་ལ་སོགས་པའི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་དེ་དག་དངོས་སུ་གནོད་བྱེད་ཀྱི་སེམས་དཔའི་ཡེ་ཤེས་ཡིན་པས་སོ་ཞེས་པའི་དོན་ཡིན་པའི་ཕྱིར། སྐབས་འདིར་རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་དོན་རྣམ་དང་ཤེས་རྣམ་གཉིས་བསྟན་པ་ཡིན་ཏེ། བདེན་གཞི་མི་རྟག་ལ་སོགས་བཅུ་དྲུག་པོ་དེ་དོན་རྣམ་དང་། དེ་རྟོགས་པའི་ཡེ་ཤེས་རྣམས་ཤེས་རྣམ་དུ་བསྟན་པའི་ཕྱིར་དོན་རྣམ་དང་ཤེས་རྣམ་གཉིས་ཀ་བསྒོམ་བྱ་ཡིན་ཀྱང་བསྒོམ་བྱ་བསྒོམ་བྱེད་སྒོམ་པ་པོ་གསུམ་དུ་ཕྱེ་བའི་ཚེ་གཟུང་རྣམ་བསྒོམ་བྱེད་དང་། དོན་རྣམ་བསྒོམ་བྱ་དང་། རྟེན་གྱི་གང་ཟག་སྒོམ་པ་པོར་འགྱུར་པ་ཡིན་ཏེ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་འཐད་པའི་ཕྱིར། ཤེས་རྣམ་ཡིན་ན་བསྒོམ་བྱ་ཡིན་པས་མ་ཁྱབ་སྟེ། ཉོན་མོངས་ཕྱོགས་ཀྱི་ཤེས་རྣམ་རྣམས་བསྒོམ་བྱ་མ་ཡིན་པའི་ཕྱིར་ཏེ། དུག་གསུམ་སྒོམ་པ་ལ་དགོས་པ་མེད་པའི་ཕྱིར། དེ་བཞིན་དུ་དོན་རྣམ་ལ་ཡང་བསྒོམ་བྱས་མ་ཁྱབ་སྟེ། ཤེས་རྣམ་ཐམས་ཅད་ཀྱང་དོན་རྣམ་ཡིན་པའི་ཕྱིར་ཏེ་རྟོགས་བྱ་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། གཞི་ཤེས་ཀྱི། ལམ་ཤེས་ཀྱི། རྣམ་མཁྱེན་གྱི་རྣམ་པ་བཤད་པ་དང་གསུམ། དང་པོ་ནི། མེད་པའི་རྣམ་པ་ནས་བཟུང་སྟེ། ཞེས་པ་ནས། ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་པའི་བར་གསུངས། དོན་ནི། ཡུམ་བར་མ་ལས་ཤེས་ཕྱིན་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སྡུག་བསྔལ་རྟག་པར་མེད་པའི་རྣམ་པ་སྟོན་པ་ནས་བཟུང་སྟེ། ཤེར་ཕྱིན་འདི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ལམ་བདེན་གྱི་མི་གཡོ་བ་ཡི་རྣམ་པའི་བར་སྟོན་པའི་མདོ་ཚིག་འདི་ཆོས་ཅན། ཁྱོད་ཀྱིས་གཞི་ཤེས་གྱི་རྣམ་པ་ཉེར་བདུན་བསྟན་པ་ཡིན་ཏེ། བདེན་པ་དང་པོ་གསུམ་སོ་སོ་ལ་དམིགས་པའི་གཞི་ཤེས་ཀྱི་རྣམ་པ་བཞི་བཞི་དང་། ལམ་བདེན་ལ་དམིགས་པའི་གཞི་ཤེས་ཀྱི་རྣམ་པ་དེ་ནི་བཅོ་ལྔར་བཤད་པའི་ཕྱིར། སྡུག་བདེན་ལ་དམིགས་པ་བཞི་ཡོད་དེ། སྡུག་བསྔལ་རྟག་པར་མེད་པ་དང་། དོན་དམ་པར་མི་སྐྱེ་བ་དང་། དོན་གཞན་གྱིས་སྟོང་པ་དང་། རང་གི་ངོ་བོར་གྱུར་པའི་བདག་གིས་མི་བརྫི་བ་དང་བཞི་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བྱང་སེམས་ཀྱི་གཞི་ཤེས་ཀྱི་རྣམ་པ་བཞི་ཡོད་པའི་ཕྱིར། ཀུན་འབྱུང་ལ་དམིགས་པ་བ ཞི་ཡོད་དེ། སྲེད་པ་དོན་དམ་པར་གནས་མེད་པ་དང་། ཀུན་འབྱུང་དོན་དམ་པར་ནམ་མཁའ་དང་འདྲ་བ་དང་། རྟོག་དཔྱོད་དོན་དམ་པར་བརྗོད་དུ་མེད་པ་དང་། སྲེད་ཚོར་དོན་དམ་པར་མིང་མེད་པ་དང་བཞི་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བཞི་ཡོད་པའི་ཕྱིར། འགོག་བདེན་ལ་དམིགས་པ་བཞི་ཡོད་དེ། འགོག་པ་དོན་དམ་པར་འགྲོ་བ་མེད་པ་དང་། ཞི་བ་རྐྱེན་གྱིས་མི་འཕྲོག་པ་དང་། གྱ་ནོམ་པའི་ཐར་པ་མི་ཟད་པ་དང་། ངེས་འབྱུང་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བཞི་ཡོད་པའི་ཕྱིར། ལམ་བདེན་ལ་རྣམ་པ་བཅོ་ལྔ་ཡོད་དེ། བྱེད་པ་པོ་དང་། ཤེས་པ་པོ་དང་། གནས་ནས་འཕོ་བ་པོ་དང་། ཉོན་མོངས་འདུལ་བ་པོའི་གང་ཟག་གི་བདག་མེད་པ་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་བཞི་དང་། ཕྱི་དོན་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་དང་། མ་འགག་པ་དང་། བཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་ལྔ་དང་། ཕྱི་རོལ་དོན་གྱི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། བག་ཆགས་ཀྱིས་མ་གོས་པ་དང་། དབྱེ་བའི་སྤྲོས་པ་མེད་པ་དང་། རློམ་པའི་ཞེན་པ་མེད་པ་དང་། མི་གཡོ་བའི་གཟུང་བྱ་དོན་གཞན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དྲུག་ཡོད་པའི་ཕྱིར། ཕྱི་མ་བསྡོམས་ན་བཅྭོ་ལྔ་ཡིན་ཏེ། ཉོན་སྒྲིབ་ཀྱི་གཉེན་པོ་མཐོང་ལམ་ཟག་མེད་བཞི། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་སྒོམ་ལམ་ཟག་བཅས་ལྔ། དེའི་གཉེན་པོ་མཐོང་ལམ་ཟག་མེད་དྲུག་ཡིན་པའི་ཕྱིར་རོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་པ་ནས། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཀྱི་རྣམ་པ་དེ་ལ་སུམ་ཅུ་རྩ་དྲུག་ཡོད་དེ། རྒྱུ་ཀུན་འབྱུང་དང་ལམ་བདེན་དང་འབྲས་བུ་སྡུག་བསྔལ་དང་འགོག་པའི་བདེན་པ་ལ་ནི་གོ་རིམ་བཞིན་དུ་སྦྱར་ན། ཀུན་འབྱུང་བདེན་པ་ལ་རྣམ་པ་དེ་དག་བརྒྱད་དང་། ལམ་བདེན་ལ་བདུན་དང་། སྡུག་བསྔལ་བདེན་པ་ལ་ལྔ་དང་། འགོག་བདེན་ལ་དམིགས་པ་བཅུ་དྲུག་ཡོད་ཅེས་ཡུམ་གྱི་མདོ་ལས་བཤད་ཅིང་བསྒྲགས་པ་ཡིན་པའི་ཕྱིར། ཀུན་འབྱུང་ལ་དམིགས་པ་བརྒྱད་ཡོད་དེ། རྒྱུའི་རྣམ་པ་ཡུལ་ལ་འདུན་པའི་སྲེད་པ་དང་། འདོད་ཆགས་ཀྱི་སྲེད་པ་དང་། ཡང་སྲིད་ལ་དགའ་བ་གསུམ་གྱི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གསུམ། ཀུན་འབྱུང་གི་རྣམ་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གསུམ། རབ་སྐྱེའི་རྣམ་པ་གཙང་བདེ་རྟག་བདག་ཏུ་འཛིན་པའི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གཅིག །རྐྱེན་གྱི་རྣམ་པ་རང་དབང་བའི་སེམས་ཅན་དུ་ཞེན་པའི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གཅིག་སྟེ་བརྒྱད་ཡོད་པའི་ཕྱིར། ལམ་བདེན་ལ་བདུན་ཡོད་དེ། ལམ་གྱི་རྣམ་པ་ལ་སེམས་ཅན་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པ་དང་། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་པར་བྱེད་པའི་མཐོང་ལམ་གཉིས། རིགས་པའི་རྣམ་པ་ལ་ཆོས་ཐམས་ཅད་བདེན་སྟོང་དུ་ཐ་མི་དད་པར་རྟོགས་པ་དང་། ཉན་རང་གི་ལམ་མཆོག་ཏུ་མི་འཛིན་པའི་མཐོང་ལམ་གཉིས། སྒྲུབ་པའི་རྣམ་པ་ལ་ཆོས་ཐམས་ཅད་དོན་དམ་པར་རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པར་རྟོགས་པའི་མཐོང་ལམ་གཉིས། ངེས་འབྱིན་གྱི་རྣམ་པ་ལ་ཆོས་ཐམས་ཅད་དོན་དམ་པར་ཆགས་པ་མེད་པའི་རྣམ་པ་ཅན་གྱི་མཐོང་ལམ་གཅིག་རྣམས་སུ་ཡོད་པའི་ཕྱིར། སྡུག་བདེན་ལ་ལྔ་ཡོད་དེ། ཕུང་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་བ་དང་། བདག་མེད་པ་དང་། དོན་དམ་པར་མཚན་ཉིད་མེད་པར་རྟོགས་པའི་བྱང་སེམས་ཀྱི་ལམ་ཤེས་ཀྱི་རྣམ་པ་དང་ལྔ་ཡོད་པའི་ཕྱིར། འགོག་བདེན་ལ་དམིགས་པ་བཅུ་དྲུག་ཡོད་དེ། འགོག་པའི་རྣམ་པ་ལ་ནང་དང་ཕྱི་དང་གཉིས་ཀའི་ཆོས་ལ་བདེན་ཞེན་ཅི་རིགས་སྤངས་པའི་ནང་དང་ཕྱི་དང་ཕྱི་ནང་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་རྟོགས་པའི་བྱང་སེམས་ཀྱི་ལམ་ཤེས་གསུམ་དང་། དེ་བཞིན་དུ་ཞི་བའི་རྣམ་པ་ལ་སྟོང་པ་ཉིད་དང་། ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་བརྒྱད་རྟོགས་པའི་ལམ་ཤེས་བརྒྱད། གྱ་ནོམ་པའི་རྣམ་པ་ལ་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་རྟོགས་པའི་ལམ་ཤེས་གཅིག །ངེས་འབྱུང་གི་རྣམ་པ་ལ་ཆོས་ཐམས་ཅད་དང་། རང་གི་མཚན་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་རྟོགས་པའི་ལམ་ཤེས་གསུམ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཀྱི་རྣམ་པ་རྟོགས་པའི་ལམ་ཤེས་ཀྱི་རྣམ་པ་གཅིག་རྣམས་སུ་ཡོད་པའི་ཕྱིར་རོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ནི། དྲན་པ་ཉེར་གཞག་ནས་བཟུང་སྟེ། ཞེས་པ་ནས། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཞེས་པའི་བར་གསུངས། དོན་ནི། ཤེར་ཕྱིན་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོགས་ཀྱིས་དངོས་སུ་བསྟན་པའི་དྲན་པ་ཉེར་བཞག་ནས་བཟུང་སྟེ། ཤེར་ཕྱིན་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱི་མདོ་ལས་བསྟན་པའི་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པའི་ཤེས་རྣམ་རྣམས་ནི་ཆོས་ཅན། རྣམ་མཁྱེན་གྱི་རྣམ་པ་ཡིན་ཏེ། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་མཁྱེན་གྱི་རྣམ་པ་དེ་ལ་སུམ་ཅུ་རྩ་བདུན་དང་། སུམ་ཅུ་རྩ་བཞི་དང་། སུམ་ཅུ་རྩ་དགུ་དག་ཏུ་དབྱེ་བར་མདོ་ལས་བཞེད་དེ། སྡེ་ཚན་དུ་ཕྱེ་ནས་སློབ་མ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ལ་རིམ་པ་བཞིན་དུ་དེ་ལྟར་བཞག་པའི་ཕྱིར། རྒྱུ་མཚན་ཡོད་དེ། རྣམ་མཁྱེན་ཉིད་ལ་རིགས་ཀྱི་སྒོ་ནས་ཀུན་མཁྱེན་གསུམ་དུ་ཕྱེ་བས་ན་དེའི་ཕྱིར་ཏེ། གང་ཟག་དེ་གསུམ་གྱི་རྒྱུད་ལ་ལམ་གྱི་བདེན་པ་མི་འདྲ་བ་གསུམ་ཡོད་པའི་རྗེས་སུ་མཐུན་པར་རྣམ་མཁྱེན་ཉིད་ལ་གསུམ་དུ་ཕྱེ་བ་ཡིན་པའི་ཕྱིར། མེད་པའི་རྣམ་པ་ནས་བཟུང་སྟེ་འདིའི་བར་གྱི་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་བསྡོམས་ན་བརྒྱ་བདུན་ཅུ་རྩ་གསུམ་དུ་འགྱུར་ཏེ། འགྲེལ་པ་ལས། རྣམ་པ་རྣམས་གཅིག་ཏུ་བསྡོམས་ན་བརྒྱ་བདུན་ཅུ་རྩ་གསུམ་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཉན་ཐོས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དེ་ལ་སོ་བདུན་ཡོད་དེ། དྲན་པ་ཉེར་གཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལུས་དྲན་པ་ཉེར་བཞག། ཚོར་བ་དྲན་པ་ཉེར་བཞག ཆོས་དྲན་པ་ཉེར་བཞག །སེམས་དྲན་པ་ཉེར་བཞག་དང་བཞི་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། མི་དགེ་བའི་ཆོས་སྐྱེ་འགྱུར་མི་སྐྱེ་བ། སྐྱེས་ཟིན་སྤོང་བ། དགེ་བའི་ཆོས་སྐྱེ་འགྱུར་སྐྱེད་པ། སྐྱེས་ཟིན་སྤེལ་བར་བྱེད་པའི་ཡང་དག་སྤོང་པ་དང་བཞི་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་བཞི་ཡོད་པའི་ཕྱིར། བཞི་པ་ཡོད་དེ། དད་པའི་དབང་པོ། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དང་ལྔ་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ཀྱི་སྟོབས་དང་ལྔ་ཡོད་པའི་ཕྱིར། དྲུག་པ་ཡོད་དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་བཞིན་དུ་སྦྱར་ཏེ། ཆོས་རབ་ཏུ་རྣམ་འབྱེད་ཡང་དག བརྩོན་འགྲུས་ཡང་དག །དགའ་བ་ཡང་དག ཤིན་ཏུ་སྦྱང་བ་ཡང་དག ཏིང་ངེ་འཛིན་ཡང་དག བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན་ཡོད་པའི་ཕྱིར། བདུན་པ་ཡོད་དེ། དེར་གྱུར་པའི་ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་པ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད་ཡོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དེ་ལ་སོ་བཞི་ཡོད་དེ། རྣམ་ཐར་སྒོ་གསུམ། རྣམ་ཐར་བརྒྱད། སྙོམས་འཇུག་དགུ སྤོང་བའི་ལམ་བཞི། ཕར་ཕྱིན་བཅུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་གསུམ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། གཟུགས་ཅན་གྱི་རྣམ་ཐར་གསུམ། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་གཅིག་སྟེ་བརྒྱད་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། བསམ་གཏན་བཞི། གཟུགས་མེད་བཞི། འགོག་པའི་སྙོམས་འཇུག་གཅིག་དང་དགུ་ཡོད་པའི་ཕྱིར། བཞི་པ་ཡོད་དེ། བདེན་བཞི་བདེན་མེད་དུ་རྟོགས་པའི་ལྡོག་ཆས་བར་ཆད་མེད་ལམ་གྱི་མིང་ཅན་བཞི་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་བཅུ་ཡོད་པའི་ཕྱིར། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དེ་ལ་སོ་དགུ་ཡོད་དེ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པའི་རིག་པ་བཞི། མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ་རྣམ་མཁྱེན་ཀྱི་རྣམ་པ་སོགས་གསུམ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གནས་དང་གནས་མིན་མཁྱེན་པའི་སྟོབས་ནས། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་བར་བཅུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། རང་དོན་དུ་སྤངས་རྟོགས་ཕུན་སུམ་ཚོགས་པར་དམ་བཅས་པ་ལ་མི་འཇིགས་པ་གཉིས་དང་། གཞན་དོན་དུ་བར་ཆད་དང་ངེས་འབྱུང་གི་ཆོས་དམ་བཅས་པ་ལ་མི་འཇིགས་པ་གཉིས་ཏེ་བཞི་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། ཆོས་སོ་སོ་ཡང་དག་རིག་པ། དོན་སོ་སོ་ཡང་དག་རིག་པ། ངེས་པའི་ཚིག་སོ་སོ་ཡང་དག་རིག་པ། སྤོབས་པ་སོ་སོ་ཡང་དག་རིག་པ་དང་བཞི་ཡོད་པའི་ཕྱིར། བཞི་པ་ཡོད་དེ། འཁྲུལ་པ་མི་མངའ་བའི་ཡེ་ཤེས་སོགས་རྟོགས་པ་མ་འདྲེས་པ་དྲུག །འདུན་པ་ལ་སོགས་པའི་ཡེ་ཤེས་མ་འདྲེས་པ་དྲུག སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མ་འདྲེས་པ་གསུམ། དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་མ་འདྲེས་པ་གསུམ་སྟེ་བཅོ་བརྒྱད་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། དེ་བཞིན་ཉིད་དང་རང་བྱུང་དང་སངས་རྒྱས་ཉིད་ཀྱི་རྣམ་མཁྱེན་ཀྱི་རྣམ་པ་གསུམ་ཡོད་པའི་ཕྱིར་རོ། །གཉིས་པ་བདེན་འཛིན་དངོས་སུ་འཇོམས་བྱེད་ཀྱི་སྦྱོར་བ་ཁྱད་པར་ཅན་བཤད་པ་ལ། རྟེན་གྱི་གང་ཟག་དང་། སྦྱོར་བ་བཤད་པ་གཉིས། དང་པོ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་པ་ནས། སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པའི་བར་གསུངས། དོན་ནི། རྒྱན་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་བྱང་སེམས་ཆོས་ཅན། ཤེར་ཕྱིན་འདི་ཉན་པ་ཡི་སྣོད་ཡིན་ཏེ། སྔོན་སངས་རྒྱས་རྣམས་ལ་བཀུར་བསྟི་ལྷག་པར་བྱས་པ་དང་། སངས་རྒྱས་དེ་ལ་བསོད་སྙོམས་འབུལ་བ་སོགས་དགེ་བའི་རྩ་བ་བསྐྲུན་པ་དང་། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པའི་ཕྱིར། དེ་ཆོས་ཅན། ཡུམ་གྱི་གཞུང་དོན་བློ་ལ་ལེན་པ་དང་འཛིན་པ་ལ་སོགས་པའི་སྣོད་དུ་རུང་བར་དམ་པ་རྣམས་བཞེད་དེ། དེའི་ཆེད་དུ་སངས་རྒྱས་གྲངས་མེད་པ་བསྟེན་པ་དང་དེ་ལ་དོན་ཀུན་འདྲི་བ་དང་། དྲིས་པའི་དོན་སྦྱིན་པ་དང་ཚུལ་ཁྲིམས་སོགས་ལ་ཚུལ་བཞིན་དུ་སྤྱོད་པས་ཉམས་སུ་ལེན་པར་མཛད་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པ་ནས། དེ་ནི་དག་པ་མཚམས་དང་བཅས། ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་ངོ་བོའི་སྦྱོར་བ་དེ་ལ་ལྔ་ཡོད་དེ། ཡུལ་གཟུགས་ལ་སོགས་པ་ལ་དོན་དམ་པར་མི་གནས་པའི་སྦྱོར་བ་དང་། ཡུལ་ཅན་དེ་ལ་བདེན་ཞེན་གྱིས་སྦྱོར་བ་བཀག་པའི་སྦྱོར་བ་དང་། གཞི་དེ་ཡི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་སྦྱོར་བ་དང་། ལམ་དེ་རྣམས་ཀྱི་དེ་བཞིན་ཉིད་གཏིང་དཔག་དཀའ་བར་རྟོགས་པའི་སྦྱོར་བ་དང་། རྣམ་པའི་ཆོས་དེ་དག་གི་ཆོས་ཉིད་ཚད་ནི་མེད་པར་རྟོགས་པའི་སྦྱོར་བ་དང་བཅས་པ་ལྔ་ཡོད་པའི་ཕྱིར། ཕྱིར་ཞེས་པའི་རྒྱུ་མཚན་འདི་ལྔ་ཀ་ལ་ལྔ་སྦྱོར་དགོས་ཏེ། ཁྱད་པར་དེ་དང་དེའི་སྒོ་ནས་སྦྱོར་བ་ཁྱད་པར་ཅན་དུ་བཞག་པར་མཚུངས་པའི་ཕྱིར། རྟེན་གྱི་སྒོ་ནས་བརྒྱད་ཡོད་དེ། ཚོགས་ལམ་པའི་རྒྱུད་ཀྱི་ཚོགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ། དྲོད་སོགས་བཞི་ལ་རིམ་བཞིན་དུ་ལུང་བསྟན་པ་དང་། ཕྱིར་མི་ལྡོག་པ་ཉིད་དང་། ངེས་པར་འབྱུང་བ་དང་། བར་ཆད་མེད་བཅས་དང་། མཐོང་ལམ་ལ་བྱང་ཆུབ་ཉེ་བ་དང་། ས་གཉིས་པ་ནས་བདུན་པའི་བར་ལ་མྱུར་དུ་འཚང་རྒྱ་བ་དང་། ས་བརྒྱད་པ་ལ་གཞན་དོན་གྱི་སྦྱོར་བ་འཇོག་པའི་ཕྱིར། ཐབས་ཀྱི་སྒོ་ནས་ས་བཞི་ཡོད་དེ། ས་བརྒྱད་པ་ལ་འཕེལ་མེད་འགྲིབ་མེད་དང་། དོན་དམ་པར་ཆོས་དང་ཆོས་མིན་སོགས་མི་མཐོང་བ་དང་། གཟུགས་སོགས་བསམ་མི་ཁྱབ་ཏུ་མི་མཐོང་བ་དང་། གཟུགས་དང་གཟུགས་རུང་སོགས་དེའི་མཚན་མ་དང་གསུམ། དེ་ཡི་མཚོན་བྱའི་ངོ་བོ་དོན་དམ་པ་རྣམ་པར་མི་རྟོགས་པའི་ཡེ་ཤེས་རྣམས་སུ་ཡོད་པའི་ཕྱིར། འབྲས་བུ་དང་དུས་ཀྱི་སྦྱོར་བ་ཡོད་དེ། ས་དགུ་པའི་ཡེ་ཤེས་འབྲས་བུ་རིན་ཆེན་སྦྱིན་བྱེད་དང་། ས་བཅུ་པའི་ཡེ་ཤེས་དེ་ནི་རྣམ་པར་དག་པ་དུས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ས་མཚམས་ཀྱི་སྦྱོར་བ་ཡོད་དེ། ཡུམ་མྱུར་དུ་སྒོམ་པའི་སེམས་དཔའི་ཡེ་ཤེས་དེ་ས་མཚམས་དང་བཅས་པའི་སྦྱོར་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འདིར་བསྟན་སྦྱོར་བ་ཉི་ཤུ་ཡོད་དེ། རང་བཞིན་གྱི་སྦྱོར་བ་ལྔ་དང་། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ཡོད་པའི་ཕྱིར། གཉིས་པ་སྦྱོར་བའི་སྐྱོན་ཡོན་བཤད་པ་ལ། ཡོན་ཏན་བཤད་པ་དང་། སྐྱོན་བཤད་པ་གཉིས། དང་པོ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཡོན་ཏན་རྣམ་པ་བཅུ་བཞིའོ། ཞེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། རྣམ་རྫོགས་སྦྱོར་བ་བསྒོམ་པའི་ཕན་ཡོན་ནི་ཡོན་ཏན་རྣམ་པ་བཅུ་བཞི་ཡོད་དེ། སྦྱོར་བ་བསྒོམས་སྟོབས་ཀྱིས་བདུད་ཀྱི་མཐུ་བཅོམ་པ་དང་ལ་སོགས་པ་སྟེ་སངས་རྒྱས་དགོངས་ཤིང་གཟིགས་པ་དང་། དེས་མངོན་སུམ་དུ་མཛད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བ་དང་། དོན་ཆེ་བ་དང་། ལུང་བསྟན་པའི་ཡུལ་ལ་དཔྱད་པ་དང་། ཟག་མེད་ཀྱི་ཡོན་ཏན་རྫོགས་པར་བྱེད་པ་དང་། སྨྲ་བའི་སྐྱེས་བུ་ཆེན་པོར་འགྱུར་པ་དང་། བདུད་ཀྱིས་མི་ཕྱེད་པ་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་དགེ་རྩ་བསྐྱེད་པ་དང་། གཞན་དོན་ཆེན་པོ་སྒྲུབ་པའི་དོན་འགྲུབ་པ་དང་། འབྲས་བུ་རྒྱ་ཆེན་པོ་འཛིན་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་དང་། ཡུམ་ངེས་པར་འཐོབ་པར་འགྱུར་བའི་ཡོན་ཏན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སྦྱོར་བ་སྐྱེ་བ་དང་གནས་པའི་སྐྱོན་ཞེ་དྲུག་ཡོད་དེ། དེ་འདྲའི་སྐྱོན་ནི་བཅུ་ཚན་བཞི་དང་བཅས་པའི་དྲུག་ཏུ་ངེས་པར་རྟོགས་པར་བྱ་བའི་ཕྱིར། དེ་ཡང་ཡིན་ཏེ། དེར་གྱུར་པའི་སྦྱོར་པའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པ་ཉེར་གསུམ། གཞན་ལ་བརྟེན་པ་གསུམ་དང་བཅས་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཡུམ་གྱི་ཚིག་དོན་ཚོགས་ཆེན་པོས་འཐོབ་པ་ནས། བདུད་ཀྱི་ལས་ལ་འཇུག་པའི་བར་ཉི་ཤུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉན་པ་པོ་ཡུམ་ལ་འདུན་ཀྱང་འཆད་པ་པོ་སྙོམས་ལས་ཀྱིས་ཉམས་པ་ནས། འཆད་པ་པོ་བསོད་སྙོམས་སྟེར་བའི་ཁྱིམ་དུ་འགྲོ་འདོད་ཀྱང་ཉན་པ་པོ་འགྲོ་མི་འདོད་པའི་བར་ཉེར་གསུམ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། བདུད་ཀྱིས་ཆོས་དང་གང་ཟག་གཉིས་སོ་སོར་འབྱེད་པ་སོགས་གསུམ་ཡོད་པའི་ཕྱིར། གཉིས་པ་སྦྱོར་བའི་མཚན་ཉིད་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། གང་གི་མཚོན་དེ་མཚོན་ཉིད་དུ། །ཞེས་པ་ནས། ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། འདིར་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། མཚོན་བྱེད་གང་གིས་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དུ་མཚོན་ནུས་པ་དེ་དེའི་མཚོན་ཉིད་དུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། མཚན་ཉིད་དེ་ཆོས་ཅན། ཁྱོད་ལ་ཡང་རྣམ་པ་གསུམ་ཡོད་དེ། མཁྱེན་གསུམ་སྦྱོར་བ་མཚོན་བྱེད་ཤེས་པའི་མཚན་ཉིད་དང་། ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་ཁྱད་པར་གྱི་མཚན་ཉིད་དང་། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་བྱེད་པའི་མཚན་ཉིད་དང་གསུམ་ཡོད་པའི་ཕྱིར། ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྦྱོར་བའི་ངོ་བོ་ཉིད་གང་ཡིན་པ་མཚོན་བྱ་དང་། མཚན་གཞི་ཡང་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་སོགས་ཀྱི་སྐབས་འབྱུང་བ་ལྟར་ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། ལམ་ཤེས་ཕྱིན་གྱི་རྣལ་འབྱོར་ཡིན་པར་མཚོན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་དེ་མཚན་གཞི་དང་། མཚོན་བྱ་དང་། མཚན་ཉིད་གསུམ་གྱི་སྒོ་ནས་བསྟན་པ་ཡིན་ཏེ། མཚོན་པར་བྱ་བས་ན་མཚོན་བྱ་དང་མཚན་གཞི་གཉིས་ཀའི་མིང་གིས་བསྟན། མཚོན་པར་བྱེད་པས་ན་མཚན་ཉིད་ཀྱི་མིང་གིས་བསྟན་པའི་ཕྱིར་ཏེ། རྩ་བར་མཚོན་བྱ་ཡང་ཞེས་ཡང་གི་སྒྲ་སྨྲོས་པ་ལ་དགོས་པ་ཡོད་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། ཤེས་མཚན། ཁྱད་མཚན། བྱེད་མཚན། ངོ་བོ་ཉིད་མཚན་དང་བཞི་ཡོད་པའི་ཕྱིར། དང་པོ་ལ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་སྦྱོར་བའི་མཚན་ཉིད་དང་བཞི། དང་པོ་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་། །ཞེས་པ་ནས། ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། འདིར་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཤེས་པའི་མཚན་ཉིད་བཅུ་དྲུག་ཏུ་བསྡུས་ནས་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་ཞེས་པའི་སེམས་དཔའི་ཡེ་ཤེས་དང་དེ་བཞིན་དུ་འཇིག་རྟེན་དོན་དམ་པར་འཇིག་པ་མེད་པའི་བདག་ཉིད་དུ་རྟོགས་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་། གང་ཟག་གི་བདག་མེད་ལ་སེམས་དེ་བསྡུས་པ་དང་། དེ་ལས་སེམས་ཕྱིར་བལྟས་པ་དང་། སེམས་ཅན་ནམ་མཁའ་དང་འདྲ་བར་མི་ཟད་པ་ཡི་རྣམ་པ་དང་། སེམས་འདོད་ཆགས་དང་བཅས་པ་སོགས་ཏེ་ཞེ་སྡང་གཏི་མུག་དང་བཅས་པ་དང་། ཤུགས་བསྟན་སེམས་འདོད་ཆགས་སོགས་དང་བྲལ་བ་དང་། སེམས་ཀྱི་གནས་ལུགས་རྒྱ་ཆེན་པོ་དང་སེམས་སྒྱུ་མ་ལྟར་སྣང་བའི་ཆེན་པོར་གྱུར་པ་དང་། དོན་དམ་པར་སེམས་ཚད་མེད་པ་དང་། སེམས་རྣམ་ཤེས་དབང་ཤེས་ཀྱི་ངོ་བོར་བསྟན་དུ་མེད་པ་དང་། སེམས་སྤྱན་སྔ་མ་བལྟར་མེད་པ་དང་། ཤེས་པ་དེ་ལ་གཡོ་བ་དང་ལ་སོགས་པ་འདུ་བ་དང་བཀྲམ་པ་དང་བཅུམ་བ་བཞི་ཡོད་པར་ཤེས་པ་ཞེས་བྱ་བ་དང་། ཤེས་ཚུལ་དེ་ལས་གཞན་ཡང་གཡོ་བ་སོགས་དེ་དག་ནི་རང་བཞིན་བདེན་པས་སྟོང་བ་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང་། ཐུབ་པའི་དབང་པོས་དེ་བཞིན་ཉིད་རྟོགས་པ་དེ་གཞན་ལ་བསྟན་པ་ཤེས་པ་ཞེས་བྱ་བའི་སེམས་དཔའི་ཡེ་ཤེས་འདི་དང་བཅུ་དྲུག་ཡོད་པར་བསྟན་པའི་ཕྱིར། བཅུ་དྲུག་པོ་དེའི་སྒོ་ནས་མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་གི་ནང་མཚན་གྱི་རྣལ་འབྱོར་དང་པོ་བཞི་མཚན་གཞི། འདིར་དངོས་སུ་བསྟན་པའི་སེམས་དཔའི་གཞི་ཤེས་སྦྱོར་བ་ཡིན་པར་མཚོན། དེ་བཞིན་གཤེགས་པ་འབྱུང་བ་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། དབྱེ་ན་བཅུ་དྲུག་ཡོད་དེ། ཟིན་བྱེད་ཀྱི་དབྱེ་བས་དེ་ལྟར་དུ་ཡོད་པའི་ཕྱིར། གཡོ་བ་ལ་སོགས་ཞེས་བྱ་དང་། ཞེས་སོགས་ཀྱིས་ལྟ་ངན་བཅུ་བཞི་བསྟན་པ་ཡིན་ལ། དེའི་ཁྱད་པར་ཡོད་དེ། གཞན་སྡེའི་རྒྱུད་ཀྱི་གང་ཟག་གི་བདག་དང་འཇིག་རྟེན་རྟག་པར་ལྟ་བ་སོགས་སྔོན་གྱི་མཐའ་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་ངན་བཞི། གང་ཟག་གི་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་སྐྱེ་བ་ཕྱི་མར་མི་འཇུག་པར་ལྟ་བ་སོགས་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་ངན་བཞི། གྲོལ་བ་པོའི་བདག་གྲོངས་ནས་དེ་ཕན་ཆད་དུ་འབྱུང་བར་ལྟ་བ་སོགས་མྱང་འདས་ཀྱི་མཐའ་ལ་བརྟེན་པའི་ལྟ་ངན་བཞི། གང་ཟག་གི་བདག་དང་ཕུང་པོ་རྫས་གཅིག་ཏུ་ལྟ་བ་དང་ཐ་དད་དུ་ལྟ་བའི་ལུང་མ་བསྟན་གཉིས་ཏེ་བཅུ་བཞི་ཡོད་པའི་ཕྱིར། འདིར་བསྟན་ལྟ་ངན་བཅུ་བཞི་པོ་དེ་ཀུན་བཏགས་ཡིན་ཏེ། གྲུབ་མཐའ་ངན་པས་བློ་བསྒྱུར་པའི་དབང་གིས་ཡིན་པའི་ཕྱིར། གཉིས་པ་ལམ་ཤེས་སྦྱོར་བ་ནི། །སྟོང་ཉིད་མཚན་མ་མེད་བཅས་དང་། །ཞེས་པ་ནས། ཤེས་པའི་མཚན་ཉིད་ཅེས་བཤད་དོ། ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་ལམ་ཤེས་སྦྱོར་བ་བཅུ་དྲུག་ཡོད་དེ། ལམ་ཤེས་པའི་ཤེར་ཕྱིན་ལ་བརྟེན་ནས་ངོ་བོ་བདེན་པར་གྲུབ་པའི་སྟོང་ཉིད་དང་། རྒྱུ་ལ་དོན་དམ་པར་མཚན་མ་མེད་པ་དང་བཅས་པ་དང་། འབྲས་བུ་ལ་དོན་དམ་པར་སྨོན་པ་རྣམ་པར་སྤངས་པར་རྟོགས་པའི་སེམས་དཔའི་ཡེ་ཤེས་གསུམ་དང་། དེ་བཞིན་དུ་འདུས་བྱས་ཀྱི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། སོགས་སྒྲས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་སྤངས་བྱའི་དངོས་པོ་དང་སྟོང་པའི་ངོ་བོ་ཉིད་དང་རྟེན་རྣམས་དོན་དམ་པར་མེད་པ་དང་ནམ་མཁའི་མཚན་ཉིད་དེ་དྲུག་དང་། ཆོས་ཉིད་གཞན་དུ་རྣམ་པར་འཁྲུག་པ་མེད་པ་དང་། བློ་སྔོན་དུ་བཏང་ནས་འདུ་མི་བྱེད་པ་དང་། མཚན་ཉིད་དང་གཞིའི་རབ་དབྱེ་ལ་རྣམ་པར་མི་རྟོག་པ་དང་། མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་དང་བཅུ་དྲུག་ཡོད་པའི་ཕྱིར། ཤེས་པའི་མཚན་ཉིད་དེ་རྣམས་ཆོས་ཅན། ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། བསྡུས་པ་ཡིན་པར་བཞེད་དེ། མཚོན་བྱའི་སྒོ་ནས་བསྡུས་པའི་ཕྱིར། མཚོན་ཚུལ་ཡོད་དེ། གཞན་དོན་བྱ་དཀའ་བ་སོགས་སྒྲུབ་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བར་བ་བཞི་པོ་མཚན་གཞི། འདིར་བསྟན་སེམས་དཔའི་ལམ་ཤེས་སྦྱོར་བ་ཡིན་པར་མཚོན། སྟོང་ཉིད་མཚན་མེད་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་ཀྱིས་མཚོན་པའི་ཕྱིར་རོ། །གསུམ་པ་རྣམ་མཁྱེན་གྱི་སྦྱོར་བ་ནི། དེ་ནི་ཉིད་ཀྱི་ཆོས་བསྟན་ནས། །ཞེས་པ་ནས། ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་རྣམ་མཁྱེན་སྦྱོར་བ་ཡོད་དེ། དེ་བཞིན་གཤེགས་པ་དེ་ནི། དེ་ཉིད་ཀྱི་ཆོས་ལ་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པར་རྟོགས་པའི་སེམས་དཔའི་ཡེ་ཤེས་དང་། དེ་བཞིན་དུ་དགེ་བའི་བཤེས་གཉེན་ལ་གུས་པར་བྱ་བ་དང་། བཀའ་ལས་མི་འདའ་བར་བླ་མ་ཉིད་དུ་བྱ་བ་དང་། རྙེད་བཀུར་གྱིས་མཉེས་པར་བྱ་བ་དང་། བླ་མ་དེ་ལ་མཆོད་པར་བྱེད་པ་དང་། དོན་དམ་པར་མཆོད་པར་བྱེད་དུ་མེད་པ་དང་། ཡེ་ཤེས་ཀྱིས་ཤེས་བྱ་ཀུན་ཏུ་འཇུག་པར་མཁྱེན་པ་གང་ཡིན་པ་དང་། དོན་དམ་པར་མ་མཐོང་བའི་དོན་སྟོན་པར་མཛད་པ་དང་། འཇིག་རྟེན་བདེན་པས་སྟོང་པའི་སྟོང་པ་ཉིད་རྣམ་པ་ཤེས་པ་དང་། འཇིག་རྟེན་བདེན་སྟོང་ཉིད་དུ་བརྗོད་པ་དང་། དེ་བདེན་སྟོང་ཉིད་དུ་ཤེས་པར་མཛད་པ་དང་། དེ་ལྟར་མངོན་སུམ་དུ་མཐོང་བར་མཛད་པ་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པ་དང་། དོན་དམ་པར་སྤྲོས་པ་ཞི་བ་ཉིད་དུ་སྟོན་པ་དང་། འཇིག་རྟེན་ལ་བདེན་པར་འདུ་ཤེས་པ་འགོག་པ་དང་། འདི་དང་ཕ་རོལ་ལ་དོན་དམ་པར་བླང་དོར་གྱི་འདུ་ཤེས་འགོག་པ་ཤེས་པའི་སེམས་དཔའི་ཡེ་ཤེས་དང་བཅུ་དྲུག་ཡོད་པའི་ཕྱིར། བཅུ་དྲུག་པོས་ཆོས་ཅན། རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་མི་ཤེས་པའི་མཚན་ཉིད་ཏུ་བཤད་པ་ཡིན་ཏེ། །སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། གཞི་ལམ་གྱི་ཁྱད་པར་ལ་དམིགས་པ་སོགས་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་ཐ་མ་བདུན་པོ་མཚན་གཞི། འདིར་བསྟན་པའི་སེམས་དཔའི་རྣམ་མཁྱེན་སྦྱོར་བ་ཡིན་པར་མཚོན། ཐུབ་པས་དེ་བཞིན་ཉིད་ཀྱི་ཆོས་རྟོགས་ནས་མཐོང་ཆོས་ལ་བདེ་བར་གནས་པ་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར་རོ། །གཉིས་པ་ཁྱད་མཚན་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས་ཞེས་པ་ནས། ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་པའི་བར་གསུངས། །འདི་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཁྱད་མཚན་བཅུ་དྲུག་ཡོད་དེ། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པར་ཐུགས་སུ་ཆུད་པ་དང་། མི་མཉམ་པ་ལ་སོགས་པའི་ཁྱད་པར་གྱིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་ཞུགས་པའི་བདེན་པའི་སྤྱོད་ཡུལ་ཅན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་དབང་གིས་མཚོན་བྱེད་ཁྱད་པར་ཀྱིས་མཚན་ཉིད་བཅུ་དྲུག་ཏུ་བཤད་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཁྱད་མཚན་ལ་རྒྱས་པར་དབྱེ་ན་བཅུ་དྲུག་ཡོད་དེ། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་། དཔེས་མི་མཉམ་པ་དང་། ཐ་སྙད་པའི་ཚད་མས་གཞལ་བ་ལས་འདས་པ་དང་། གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པ་རྟོགས་པའི་ཡེ་ཤེས་བཞི་དང་། འཕགས་པའི་གང་ཟག་གི་ཡོན་ཏན་ཅན་སྡུད་པ་དང་། ཆོས་ཐམས་ཅད་ཤེས་པའི་སྐྱེས་བུ་མཁས་པ་ཡིས་རིག་པར་བྱ་བ་ཉིད་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་དངོས་པོ་ཡོངས་སུ་ཤེས་པར་བྱ་བ་ཉིད་དང་། རང་གི་མངོན་པར་ཤེས་པ་ཤིན་ཏུ་མྱུར་བ་ཏེ་ཀུན་འབྱུང་གི་ཆོས་ཉིད་རྟོགས་པའི་ཡེ་ཤེས་བཞི་དང་། ཆོས་ཐམས་ཅད་དོན་དམ་པར་བྲི་བ་དང་གང་བ་མེད་པ་དང། ཕྱིན་དྲུག་ཤུགས་དྲག་ཏུ་སྒྲུབ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དང་། ཐབས་ཀྱིས་ཟིན་པའི་རྣམ་པར་མི་རྟོག་པ་ཆོས་ཐམས་ཅད་ལ་དམིགས་པ་སྟེ་འགོག་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་བཞི་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་རིགས་ལ་བརྟེན་པ་དང་བཅས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཚོགས་མཐའ་དག་པ་ལྡན་པ་དང་། ཐེག་ཆེན་གྱི་ལམ་རྫོགས་པར་སྟོན་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་དང་བཅས་པ་དང་། ཆོས་གང་ལའང་བདེན་ཞེན་གྱིས་རོ་མྱང་བ་མེད་པ་སྟེ་ལམ་བདེན་གྱི་ཆོས་ཉིད་རྟོགས་པའི་སེམས་དཔའི་ཡེ་ཤེས་བཞི་དང་བཅས་པ་ཁྱད་པར་གྱི་ནི་མཚན་ཉིད་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གང་གིས་ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བའི་ལམ་ནི་ཁྱད་པར་དུ་འཕགས་པའི་ལམ་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ལམ་གཞན་ཉན་རང་གི་ལམ་དག་ལས་ཁྱད་པར་དུ་འཕགས་པའི་སྒོ་ནས་བཞག་པའི་ཕྱིར། དེ་ལྟར་ཡིན་ཏེ། ལམ་དེ་སངས་རྒྱས་ལེགས་པར་སྒྲུབ་པའི་ཤེས་རབ་ཁྱད་པར་ཅན་སྔར་བཤད་པ་དེ་དག་གིས་ཟིན་པ་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། འདིར་བསྟན་དམན་པའི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སེམས་དཔའི་སྦྱོར་བ་ཡིན་པར་མཚོན། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། སེམས་དཔའི་གཞི་ཤེས་སྦྱོར་བ་དེ། དམན་པའི་སྦྱོར་བ་ལས་ཁྱད་པར་དུ་འཕགས་ཀྱང་སྐབས་འདིར་དངོས་སུ་དེ་ལས་འཕགས་པར་མི་སྟོན་པའི་རྒྱུ་མཚན་ཡོད་དེ། གཞི་ཤེས་སྦྱོར་བ་ཉན་རང་ལའང་ཡོད་པས་དེ་ལྟར་མ་བསྟན་པའི་ཕྱིར། གསུམ་པ་བྱེད་མཚན་ནི། ཕན་དང་བདེ་དང་སྐྱོབ་པ་དང་། །ཞེས་པ་ནས། འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་གྱི་སེམས་དཔའི་སྦྱོར་བ་བཅུ་གཅིག་ཡོད་དེ། གཞི་ཤེས་ཀྱི་སྦྱོར་བའི་བྱེད་པ་མ་འོངས་པའི་ཕན་པ་དང་ཚེ་འདིའི་བདེ་བ་དང་། སེམས་ཅན་སྡུག་བསྔལ་ལས་སྐྱོབས་པའི་སེམས་དཔའི་ཡེ་ཤེས་གསུམ་དང་། མི་རྣམས་ཀྱིས་ནི་སྐྱབས་སོགས་བྱེད་པ་དག་དང་། སྡུག་བསྔལ་གྱི་རྒྱུ་ཟློག་པས་གནས་དང་། འཁོར་འདས་དོན་དམ་པར་མཉ མ་པ་ཉིད་དུ་རྟོགས་པས་དཔུང་གཉེན་དང་། སྲིད་པའི་ཆུ་ཀླུང་ལས་སྒྲོལ་ཞིང་རང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོ་གླིང་དང་། རང་གཞན་གྱི་དོན་སྒྲུབ་པས་ཡོངས་སུ་འདྲེན་པ་ཞེས་བྱ་བ་དང་། དོན་དེ་ཡང་ལྷུན་གྱིས་གྲུབ་པར་བྱེད་པ་དང་། ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་དུས་མ་ཡིན་པར་མངོན་དུ་མི་བྱེད་པའི་བདག་ཉིད་ཅན་གྱི་སེམས་དཔའི་ཡེ་ཤེས་ཏེ་ལམ་ཤེས་ཀྱི་བྱེད་པ་བདུན་དང་བྱེད་པ་བཅུ་གཅིག་གི་ཐ་མ་རྣམ་མཁྱེན་གྱི་སྦྱོར་བ་ནི་སེམས་ཅན་གྱི་རྟེན་གྱི་མཛད་པ་གཅིག་སྟེ་བཅུ་གཅིག་པོ་འདི་ནི་བྱེད་པའི་མཚན་ཉིད་དམ་རང་བཞིན་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། འདིར་བསྟན་གཞན་དོན་རྒྱ་ཆེན་པོ་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་གྱི་སེམས་དཔའི་སྦྱོར་བ་ཡིན་པར་མཚོན། ཕན་བདེ་སྐྱོབ་པ་སོགས་བྱེད་ལས་བཅུ་གཅིག་པོ་ཅི་རིགས་དང་ལྡན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། བཞི་པ་ངོ་བོ་ཉིད་མཚན་ནི། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་པ་ནས། མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་ཡོད་དེ། འདོད་ཆགས་སོགས་ཉོན་མོངས་པ་སྤོང་པ་དང་། དེའི་རྟགས་ལུས་ཀྱི་གནས་ངན་ལེན་སྤོང་བ་དང་། དེའི་རྒྱུ་མཚན་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པ་དང་། ཆགས་སོགས་མི་མཐུན་ཕྱོགས་དང་དེའི་གཉེན་པོ་དག་དོན་དམ་པར་བདག་གིས་དབེན་པར་རྟོགས་པའི་སེམས་དཔའི་གཞི་ཤེས་སྦྱོར་པའི་ངོ་བོ་ཉིད་བཞི་དང་། དོན་དམ་བར་མེད་པའི་སེམས་ཅན་མཐའ་ཡས་པ་མྱ་ངན་ལས་བཟླ་བའི་གཞན་དོན་བྱ་དཀའ་བ་སྒྲུབ་པ་དང་། ཐེག་པ་གཞན་དུ་མི་ལྟུང་བར་འཚང་རྒྱ་བར་ངེས་པ་སྒྲུབ་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་སྒྲུབ་པ་དང་། བསྒོམ་བྱ་དང་བསྒོམ་པ་པོའི་ཆོས་དོན་དམ་པར་མི་དམིགས་པར་རྟོགས་པ་དང་། དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་བཀག་པའི་སེམས་དཔའི་ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔ་དང་། གཞི་ཤེས་དང་ལམ་ཤེས་ཀྱི་ཁྱད་པར་ལ་དམིགས་པ་ཞེས་བྱ་བ་གང་ཡིན་པ་དང་། བྱིས་པ་འཛིན་པ་མི་མཐུན་པ་དངོས་པོ་དང་དངོས་མེད་ལ་བདེན་ཞེན་མེད་པ་དང་། གཟུགས་སོགས་ཀྱི་ཆོས་རྣམས་ཐོགས་པ་མེད་པར་ཤེས་པ་དང་། ཤེས་བྱ་གཟུགས་སོགས་དེ་རྣམས་དོན་དམ་པར་མེད་པས་འཁྲུལ་གཞི་བདེན་པར་མེད་པར་ཤེས་པ་དང་། དོན་དམ་པར་གང་དུ་འགྲོ་བ་མེད་པ་དང་། དོན་དམ་པར་སྐྱེ་བ་མེད་པ་དང་། དངོས་པོ་དང་དངོས་མེད་དང་གཉིས་ཀའི་དེ་བཞིན་ཉིན་ནི་དོན་དམ་པར་དམིགས་པར་རྟོགས་པའི་སེམས་དཔའི་རྣམ་མཁྱེན་སྦྱོར་བ་བདུན་དང་བཅས་པ་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་གི་བདག་ཉིད་རྣམས་སུ་ཡོད་པའི་ཕྱིར། བཅུ་དྲུག་པོ་དེ་ཆོས་ཅན། མཚན་ཉིད་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པར་བཞེད་པ་ཡིན་ཏེ། ཁྱོད་ཀྱིས་མེ་དང་ཚ་བ་ལྟར་མཁྱེན་གསུམ་གྱི་སྦྱོར་བ་སྔར་བཤད་པ་དེ་དག་རང་གི་མཚན་ཉིད་དང་ལྡན་པའི་མཚོན་བྱ་ལྟ་བུར་མཚོན་པར་བྱེད་པའི་ཕྱིར་རོ། །སྦྱོར་བའི་མཚན་ཉིད་ཀྱི་གྲངས་བསྡོམས་ན་གོ་གཅིག་ཏུ་འགྱུར་རོ། །འདིར་མཚོན་བྱ་དང་མཚན་ཉིད་ཀྱི་ཐ་སྙད་ནི་བྱ་བྱེད་གཉིས་ཀ་དང་འདྲ་འབྲེལ་བའི་དབང་གིས་ཡིན་གྱིས། མཚོན་བྱ་དང་མཚན་ཉིད་དངོས་ཡིན་པའི་དབང་དུ་བྱས་པ་ནི་མིན་ཏེ། རྣལ་འབྱོར་ཐ་མ་བཅུ་དྲུག་པོ་ལ་མཚན་མཚོན་གཉིས་ཀའི་ཐ་སྙད་མཛད་ཀྱང་དེ་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར། གཉིས་པ་ཐར་པ་ཆ་འཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ། གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་ཐོག་མ་ངོས་བཟུང་པའི་སྒོ་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བ། རྒྱུད་སྨིན་བྱེད་ཀྱི་ལམ་གྱི་རིམ་པ། མངོན་རྟོགས་ཁྱད་པར་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་དང་གསུམ། དང་པོ་ལ། ལམ་སྤྱིའི་མཚན་ཉིད་དང་། ལམ་གྱི་ཆིངས་ལྔར་བསྡུས་ནས་དེ་ལ་མཁས་པར་བཤད་པ་དང་གཉིས། དང་པོ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་པ་ནས། ཐར་པའི་ཆ་དང་འཐུན་པར་འདོད། །ཅེས་པའི་བར་གསུངས། དོན་ནི། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་པའི་གདུལ་བྱའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་ཚོགས་ལམ་ནི་ཆོས་ཅན། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྐབས་འདིའང་ཐར་བའི་ཆ་དང་འཐུན་པ་ཡིན་པར་འདོད་དེ། དོན་དམ་པར་མཚན་མ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་རབ་ཏུ་སྦྱིན་པ་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་རང་རྒྱུད་ལ་ཡང་དག་པར་སྒྲུབ་བཅས་ལ་མཁས་པའི་ཐེག་ཆེན་གྱི་ཆོས་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་པ་ནས། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་བར་གསུངས། འདི་ལ་ལམ་གྱི་ཆིངས་དང་། དེ་ལ་མཁས་པའི་གདུལ་བྱ་ངོས་བཟུང་བ་གཉིས། དང་པོའི་དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་རིགས་ཅན་ཐེག་ཆེན་ལམ་དུ་ཞུགས་ནས་སྤྱོད་པ་གང་ལ་སློབ་ཚུལ་ཡོད་དེ། སངས་རྒྱས་སོགས་ལ་དམིགས་པའི་དད་པ་དང་། སྦྱིན་སོགས་ཕར་ཕྱིན་དྲུག་སྤྱོད་ཡུལ་དུ་བྱེད་པའི་བརྩོན་འགྲུས་དང་། ཐེག་ཆེན་ལམ་གྱི་འཇུག་སྒོ་བསམ་པ་ཕུན་ཚོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དེའི་གྲོགས་རྣམ་མཁྱེན་ཡང་ཡང་དྲན་པའི་དྲན་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དམིགས་ཡུལ་དུ་བྱས་པའི་རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་དང་། ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་རྣམ་པ་ལྔ་ལ་སློབ་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་ནང་སེས་ཀྱི་དབང་པོའི་རིམ་པ་གཉིས་སུ་ཡོད་དེ། རྫོགས་པའི་བྱང་ཆུབ་ནི་དབང་པོ་རྣོན་པོ་ཡིས་རྟོགས་པ་སྟེ་ཐོབ་སླ་ལ། དེ་ལ་ལྟོས་ནས་དབང་པོ་རྟུལ་པོས་རྟོགས་པ་སྟེ་ཐོབ་དཀའ་བར་བཤད་པའི་ཕྱིར་རོ། །ཐེག་ཆེན་གྱི་ཚོགས་ལམ་ཡིན་ན། དད་སོགས་ཡུལ་ལྔ་ལ་མཁས་པས་མ་ཁྱབ་སྟེ། བདེན་འཛིན་གྱིས་བཅིངས་པའི་ཐེག་ཆེན་གྱི་ཚོགས་ལམ་ཡོད་པའི་ཕྱིར། དེ་ཡིན་ན་བསྐལ་བ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་ཐོག་མ་ཡིན་པས་ཀྱང་མ་ཁྱབ་སྟེ། སེམས་བསྐྱེད་ནས་བསྐལ་བ་གྲངས་མེད་སོ་གསུམ་ནས་འཚང་རྒྱ་བ་ཡང་སྲིད་པའི་ཕྱིར་རོ། །རྟུལ་པོས་རྟོགས་དཀའ་བཞེད་ཅེས་པའི་དངོས་བསྟན་གྱི་དབང་རྟུལ་ལ་དབང་རྟུལ་གྱིས་མ་ཁྱབ་སྟེ། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྟུལ་དེ་དབང་རྟུལ་མ་ཡིན་པའི་ཕྱིར་ཏེ། དབང་རྣོན་ཡིན་པའི་ཕྱིར། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པའི་ཕྱིར། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་རྒྱན་ལ་བརྟེན་ནས་ལམ་བགྲོད་ཚུལ་ཡང་ཤེས་དགོས་ཏེ། བསྡུ་ན་ཐོག་མར་སྐབས་དང་པོ་ནས་བསྟན་པའི་རིགས་སད་པར་བྱས་ནས་སེམས་བསྐྱེད་འདིར་བསྟན་པའི་ཚོགས་ལམ་རང་རྒྱུད་ལ་བསྐྱེད་དགོས། དེ་ནས་དྲོ་བ་རྣམས་ཀྱི་ཞེས་སོགས་ཀྱི་སྐབས་དང་དེའི་གོང་ནས་བསྟན་པའི་སྦྱོར་ལམ་དང་། སྐབས་དང་པོ་གསུམ་དང་། ལྔ་པའི་སྐབས་ནས་བསྟན་པའི་སྦྱོར་ལམ་རང་རྒྱུད་ལ་བསྐྱེད་དགོས། དེ་ནས་སྐབས་གཉིས་པའི་བདེན་དང་བདེན་ལ་སོགས་དང་། སྐབས་གསུམ་པའི་གཟུགས་རྟག་མ་ཡིན་ཞེས་སོགས་དང་། རྩེ་སྦྱོར་དང་། རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་མཐོང་ལམ་རང་རྒྱུད་ལ་བསྐྱེད་དགོས། དེ་ནས་སྐབས་གཉིས་པ་དང་། བཞི་པ་དང་། ལྔ་པའི་སྐབས་ནས་བསྟན་པའི་སྒོ་ལམ་རང་རྒྱུད་ལ་བསྐྱེ་དགོས། དེ་དག་གི་ཚེ་སྐབས་འདི་ནས་བཤད་པའི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་བྱེད་པ་དང་། གོ་སྒྲུབ་ལ་སོགས་པའི་སྒྲུབ་པ་བཞིའི་སྒོ་ནས་ཉམས་སུ་ལེན་ཅིང་། དྲུག་པའི་མཐར་གྱིས་སྦྱོར་བས་གོ་རིམ་མ་འཆོལ་བར་སྒྲུབ་པ་དང་། བདུན་པའི་སྐད་ཅིག་སྦྱོར་བ་ལ་བརྟེན་ནས་བརྒྱད་པའི་འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་དགོས་པའི་ཕྱིར་རོ། །གཉིས་པ་རྒྱུད་སྨིན་བྱེད་ལམ་ངེས་འབྱེད་ཆ་འཐུན་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་པ་ནས། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ །ཞེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞིའི་དམིགས་པ་ཡོད་དེ། དང་པོ་སྦྱོར་ལམ་དྲོ་བ་རྣམས་ཀྱི་དམིགས་པ་སྐབས་འདིར་སེམས་ཅན་ཐམས་ཅད་ཡིན་པར་ཡུམ་གྱི་མདོ་ལས་བསྔགས་ཤིང་བརྗོད་པའི་ཕྱིར། ཚུལ་ཇི་ལྟར་ཞེ་ན་ཡོད་དེ། སེམས་ཅན་དེ་དག་ཉིད་ལ་དམིགས་ནས་སེམས་མཉམ་པར་ལྟ་བ་སོགས་རྣམ་པ་དག་ནི་བཅུར་བཤད་པའི་ཕྱིར། སྦྱོར་ལམ་རྩེ་མོར་གྱུར་པའི་དམིགས་པ་ཡོད་དེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་རྩེ་མོ་བ་བདག་ཉིད་སྡིག་པ་མི་དགེ་བ་བཅུ་ལས་ལྡོག་ཅིང་། སྦྱིན་སོགས་ལ་གནས་པའི་སྒོ་ནས་སེམས་ཅན་གཞན་དག་དེ་དག་ལ་ནི་འགོད་པ་དང་། དེ་དག་གི་བསྔགས་པ་བརྗོད་པ་དང་མཐུན་པས་དགའ་བར་བྱེད་པ་ཉིད་ཀྱིས་དམིགས་པའི་ཕྱིར། སྦྱོར་ལམ་བཟོད་པའི་དམིགས་པ་ཡོད་དེ། དེ་བཞིན་དུ་སེམས་ཅན་ལ་དམིགས་ནས་རང་བདེན་པ་བཞི་ཤེས་པ་ལ་གནས་ཤིང་སེམས་ཅན་གཞན་གྱི་རྟེན་ཅན་བདེན་པ་ཤེས་པ་དེ་ལ་འགོད་པའི་ཚུལ་གྱིས་དམིགས་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་གི་དམིགས་པ་ཡོད་དེ། དེ་བཞིན་དུ་སེམས་ཅན་རྣམས་ལ་དམིགས་ནས་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་སོགས་ཀྱིས་དམིགས་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །སྔོན་གྱི་དམ་པ་ཁ་ཅིག་སྐབས་འདིར་བསྟན་པའི་སྦྱོར་ལམ་སྦྱོར་ལམ་བཏགས་པ་བར་འདོད་པ་ནི་མི་འཐད་དེ། སྐབས་གང་དུ་ཡིན་ཡང་སྦྱོང་མཐོང་སྒོམ་གསུམ་བསྟན་པ་དེ་རྣམས་མཚན་ཉིད་པ་ཡིན་པའི་ཕྱིར་རོ། །གསུམ་པ་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ། ཕྱིར་མི་ལྡོག་པའི་རྟགས་བཤད་པ་དང་། སྐུ་གསུམ་སྒྲུབ་བྱེད་ཀྱི་ལམ་ཁྱད་པར་ཅན་བཤད་པ་དང་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་པ་ནས། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སྐབས་འདིར་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་རྣམས་པ་གསུམ་ཡོད་དེ། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་ལ་གནས་པའི་སེམས་དཔའ་དབང་རྣོན་ནས་བཟུང་སྟེ། ཐེག་ཆེན་གྱི་མཐོང་བའི་ལམ་དང་སྒོམ་པའི་ལམ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་རྣམས་སུ་ཡོད་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་དང་གསུམ། དང་པོ་ལ། མདོར་བསྟན་དང་། རྒྱས་པར་བཤད་པ་དང་གཉིས། དང་པོ་ནི། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་ངེས་འབྱེང་ཡན་ལག་ལ་གནས་པའི་དགེ་འདུན་གྱི་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རྟགས་ཡོད་དེ། འཆད་འགྱུར་ལྟར་གཟུགས་ལ་སོགས་པ་ལ་བདེན་ཞེན་མངོན་འགྱུར་བ་ལྡོག་པ་སོགས་རྟགས་རྣམ་པ་ཉི་ཤུར་བརྗོད་པ་ཡིས་ནི་ཤེས་པའི་ཕྱིར། གཉིས་པ་ནི། གཟུགས་ལ་སོགས་ལས་ལྡོག་པ་དང་། །ཞེས་པ་ནས། རྫོགས་པའི་བྱང་ཆུབ་ལས་མི་ལྡོག ། ཅེས་པའི་བར་གསུངས། དོན་ནི། དྲོད་སོགས་བཞི་ལས། དང་པོ་དྲོད་ཀྱི་རྟགས་བཅུ་གཅིག་ཡོད་དེ། གཟུགས་ལ་སོགས་པའི་ཆོས་ལ་བདེན་ཞེན་མངོན་འགྱུར་བ་ཅི་རིགས་ལས་ལྡོག་པ་དང་། སྐྱབས་གནས་ལ་དེ་ཡིན་མིན་གྱི་ཐེ་ཚོམ་མངོན་འགྱུར་བ་ཟད་པ་དང་། དལ་བ་ལྡན་པའི་མི་དལ་བ་ཡི་ཁོམ་པ་བརྒྱད་དུ་སྐྱེ་བ་བཟང་བ་དང་། བདག་ཉིད་སྦྱིིན་སོགས་དགེ་བ་ལ་གནས་ཤིང་གཞན་དག་དེ་ལ་འགོད་པའི་བྱེད་པའི་སྤྱོད་པ་དང་། སེམས་ཅན་གཞན་གྱི་རྟེན་ཅན་བདག་གི་སྦྱིན་སོགས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་གྱུར་ཅིག་པའི་བསྔོ་བ་དང་། སྟོང་ཉིད་ཟབ་མོའི་དོན་ལའང་སོམ་ཉི་མེད་པ་དང་། བྱམས་པའི་སེམས་ཀྱི་ལུས་སོགས་ཏེ་ངག་དང་ཡིད་ཀྱི་ལས་དང་ལྡན་པ་དང་། འདོད་པ་ལ་འདུན་པ་དང་གནོད་སེམས་དང་གཉིད་རྨུགས་གཉིས་དང་འགྱོད་རྒོད་གཉིས་དང་ཐེ་ཚོམ་ཉོན་མོངས་ཅན་གྱི་སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་པ་དང་། མ་རིག་པ་དང་ལྡན་པའི་ལྟ་བ་ངན་པའི་བག་ལ་ཉལ་ཀུན་འཇོམ་པར་བྱེད་ནུས་པའི་མཐུ་དང་ལྡན་པ་དང་། སྤྱོད་ལམ་ཐམས་ཅད་དུ་དྲན་པ་དང་ནི་ཤེས་བཞིན་དང་ལྡན་པ་དང་གོས་ལ་སོགས་པ་ཡོངས་སུ་སྤྱད་པ་གཙང་བ་ཞེས་བྱ་བ་དང་བཅུ་གཅིག་ཡོད་པའི་ཕྱིར་རོ། །གཉིས་པ་རྩེ་མོའི་རྟགས་དྲུག་ཡོད་དེ། གང་ཟག་དེའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་རྣམས་མི་འབྱུང་བ་དང་། རང་དོན་ཡིད་བྱེད་ཀྱི་སེམས་གྱ་གྱུ་མེད་པ་དང་། ཕྱག་དར་ཁྲོད་པ་ལ་སོགས་པའི་སྦྱངས་པའི་ཡོན་ཏན་ནི་ལེན་པ་དང་། སྦྱིན་སོགས་ལ་སྤྱོད་པའི་ཚེ་སེར་སྣ་མེད་པ་སོགས་དང་ལྡན་པ་དང་། སྟོང་ཉིད་གྱི་ཆོས་ཉིད་དང་འགལ་བར་མི་བྱེད་པའི་ཤེར་ཕྱིན་ཀྱི་རྣལ་འབྱོར་དང་ལྡན་པར་འགྲོ་བ་དང་། སེམས་ཅན་གཞན་གྱི་དོན་དུ་དམྱལ་བར་འགྲོ་བར་འཚོལ་བའི་འདོད་པ་དང་དྲུག་ཡོད་པའི་ཕྱིར་རོ། །གསུམ་པ་བཟོད་པའི་རྟགས་གཉིས་ཡོད་དེ། སྟོན་པ་གཞན་གྱིས་ལམ་ངན་པ་ལ་བཀྲི་བར་མི་བཏུད་པ་དང་། མེ་ལྔ་བརྟེན་པ་སོགས་ལམ་ལྟར་བཅོས་པ་གཞན་ཉེ་བར་སྟོན་པའི་བདུད་ཡིན་པ་ལ་བདུད་ཅེས་བྱ་བར་རྟོགས་པ་དང་གཉིས་ཡོད་པའི་ཕྱིར་རོ། །བཞི་པ་ཆོས་མཆོག་གི་རྟགས་ཡོད་དེ། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་སངས་རྒྱས་དགེས་པ་སྟེ་དགྱེས་པའི་སྤྱོད་པ་ཞེས་བྱ་བ་ཐོབ་པ་གཅིག་དང་ལྡན་པའི་ཕྱིར་རོ། །དོན་བསྡུ་བ་ནི། སྔར་བཤད་པའི་རྟགས་ནི་ཉི་ཤུ་པོ་དེ་དག་གིས་བྱང་སེམས་སྦྱོར་ལམ་པ་དབང་རྣོན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཤེས་པར་བྱ་སྟེ། དྲོད་དང་རྩེ་མོ་དང་བཟོད་པ་བཅས་པ་དང་ཆོས་མཆོག་རྣམས་ལ་གནས་པའི་རྟགས་ནི་སྔར་ལྟར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། བྱང་སེམས་མཐོང་ལམ་པ་དབང་འབྲིང་གི་རྒྱུད་ཀྱི་མཐོང་བའི་ལམ་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་ཆར་གཏོགས་པའི་ཐབས་ཤེས་ཁྱད་པར་ཅན་དང་བཅུ་དྲུག་པོ་དེས་དྲངས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་འཁྲུལ་མེད་བརྟན་པོ་གཉིས་ནི་ཆོས་ཅན། བྱང་ཆུབ་སེམས་དཔའ་འབྲིང་མཐོང་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རྟགས་ཡིན་པར་ཤེས་པར་བྱ་སྟེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། ཞེས་པ་ནས། ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག་ཡོད་དེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིི་མིང་ཅན་མཐོང་ལམ་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་གཟུགས་སོགས་ལ་བདེན་པར་འདུ་ཤེས་པ་ཀུན་བཏགས་ལྡོག་པ་དང་། ཀུན་རྫོགས་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཐེག་པ་དམན་པ་སེམས་དག་ལས་རྣམ་པར་ལྡོག་པ་དང་། བསམ་གཏན་དང་ལ་སོགས་ཏེ་གཟུགས་མེད་ཀྱི་སྙོམས་འཇུག་གི་དབང་གིས་དབང་མེད་དུ་སྐྱེ་བའི་རྒྱུའི་ནུས་པའི་ཡན་ལག་ཡོངས་སུ་ཟད་པ་དང་བཞི་ནི་སྡུག་བདེན་ལ་དམིགས་པའི་རྣམ་པ་ཅན་དང་། ལུས་སེམས་ཡང་བ་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་དང་ལྡན་པ་ཉིད་དང་། ཞེན་པ་མེད་པར་འདོད་པ་ལ་སྤྱོད་པ་ལ་ཐབས་མཁས་པ་དང་། རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། འཚོ་བའི་ཡོ་བྱད་རྣམ་པར་དག་པ་ཉིད་དང་བཞི་ནི་ཀུན་འབྱུང་བདེན་པ་ལ་བརྟེན་པའི་རྣམ་པ་ཅན་དང་ཕུང་པོ་ལ་སོགས་པ་སྟེ་ཁམས་དང་སྐྱེ་མཆེད་ལ་དང་པོ་དང་རྗེས་སུ་བདེན་པར་ཞེན་པའི་སྦྱོར་བ་བཀག་པ་དང་། བར་ཆད་བྱེད་པའི་མི་མཐུན་ཕྱོགས་རྣམས་ལ་སྔར་ལྟར་བདེན་པར་སྦྱོར་བ་བཀག་པ་དང་། སྦྱིན་སོགས་ཀྱི་ཚོགས་ལ་སྔར་ལྟར་སྦྱོར་བ་བཀག་པ་དང་། མདོ་ལས་གྲོང་ཁྱེར་གྱི་སྒྲས་བསྟན་པ་མིག་གི་དབང་པོ་སོགས་དབང་རྟེན་དང་གྲོང་རྡལ་གྱི་སྒྲས་བསྟན་པ་དབང་ཡུལ་རྣམས་དང་བཅས་པ་ཡི་ཡུལ་ཡུལ་ཅན་ལ་སྤང་གཉེན་གྱི་གཡུལ་འགྱེད་པ་ལ་སྔ་མ་བཞིན་སྦྱོར་བ་བཀག་པ་བཞིན་ནི་འགོག་པ་ལ་བརྟེན་པའི་རྣམ་པ་ཅན་དང་། སེར་སྣ་དང་ཚུལ་འཆལ་ལ་སོགས་པ་ལ་དང་པོར་བདེན་པར་སྦྱོར་བ་དང་རྗེས་སུ་བདེན་པར་སྦྱོར་བ་ཡི་གནས་པ་སོ་སོར་བཀག་པ་དང་། ལམ་དང་འབྲས་བུའི་ཆོས་ནི་དོན་དམ་པར་སྡུག་བསྔལ་ཙམ་ཡང་མི་དམིགས་པ་ཉིད་དང་ལྡན་པ་དང་། བྱང་སེམས་རང་གི་ས་ལ་ཐེ་ཚོམ་དང་བྲལ་བར་གནས་པ་ངེས་པ་ཉིད་ཀྱིས་མཁྱེན་གསུམ་གྱི་བདག་ཉིད་དང་རང་གིས་ཐོབ་པའི་ས་གསུམ་ལ་ནི་གནས་པ་དང་ལྡན་པ་དང་། རྣམ་མཁྱེན་སོགས་ཐོབ་བྱའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ལ་སེར་སྣ་དང་སྡུག་བསྔལ་མི་འབྱུང་བ་བཞི་ནི་ལམ་བདེན་ལ་དམིགས་པའི་རྣམ་པ་ཅན་རྣམས་སུ་ཡོད་པའི་ཕྱིར། དེ་འདྲའི་སྐད་ཅིག་མ་བཅུ་དྲུག་པོ་ནི་ཆོས་ཅན། བློ་ལྡན་བྱང་སེམས་མཐོང་ལམ་པའི་ལམ་ལ་གནས་པ་དེ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ཏེ། རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར། འདིར་ཕྱིར་མི་ལྡོག་པའི་དོན་ཡོད་དེ། ལམ་གཞན་གྱི་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཏུ་འགྱུར་ངེས་དེ་དེའི་དོན་ཡིན་པའི་ཕྱིར། དོན་དེ་ཚང་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་མ་ཁྱབ་སྟེ། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་དེ་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་ཏེ། བྱང་སེམས་མཐོང་ལམ་རྣམ་གྲོལ་ལམ་པ་བ་ཡིན་ན། དེ་ཐོབ་པས་ཁྱབ་པའི་ཕྱིར་དང་། རང་ལས་རྟོགས་པ་དམའ་བས་མངོན་སུམ་དུ་ངེས་མི་ནུས་པའི་ཕྱིར་རོ། །གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། སྒོམལམ་རྒྱས་པར་བཤད་པ་དང་། ཕྱིར་མི་ལྡོག་པའི་རྟགས་བཤད་པ་གཉིས། དང་པོ་ལ། སྒོམ་ལམ་གྱི་ཁྱད་གཞི། ཁྱད་ཆོས། དབྱེ་བ་བཤད་པ་དང་གསུམ་མོ། །དང་པོ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཐེག་ཆེན་སྒོམ་ལམ་བར་ཆད་མེད་ལམ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། རང་གི་གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་ཡིན་པའི་ཕྱིར། སྟོང་པ་ཉིད་དེ་ནི་ཆོས་ཅན། ཟབ་པ་ཡང་ཡིན་ཏེ། སྒྲོ་འདོགས་དང་སྐུར་པ་འདེབས་པའི་མཐའ་ལས་གྲོལ་པ་ཉིད་ཀྱི་ཡུལ་ཟབ་མོ་ཡིན་པའི་ཕྱིར། གཉིས་པ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། རྒྱུན་ཆགས་སུ་གནས་པ་ཡིན་ཏེ། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་ཉིད་ལ་རང་གི་མཐོང་བའི་དོན་མཁྱེན་གསུམ་གྱི་རྣམ་པ་ལ་ཐོས་སོགས་ཀྱིས་ཡང་དང་ཡང་དུ་སེམས་པ་དང་། ཚད་མས་འཇལ་བ་དང་། ཞིབ་ཏུ་ངེས་པར་རྟོགས་པའི་སྒོམ་པའི་ལམ་ཡིན་པའི་ཕྱིར། གསུམ་པ་ནི། ད་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་རྐང་པ་བཞི་གསུངས། འདི་ལ་དངོས་དང་། རྩོད་པ་སྤོང་པ་གཉིས། དང་པོའི་དོན་ནི། ཐེག་ཆེན་སྒོམ་ལམ་དེ་ནི་ཆོས་ཅན། རྣམ་པ་དགུར་བཞེད་དེ། ཁྱོད་ལ་དེར་གྱུར་བའི་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་ཡོད་ཅིང་དེ་རེ་རེ་འང་ཆུང་ངུའི་ཆུང་ངུ་སོགས་ཏེ་ཆུང་ངུའི་འབྲིང་དང་ཆུང་ངུའི་ཆེན་པོ་དང་། འབྲིང་དང་ཆེན་པོ་ལའང་དེ་ལྟར་དབྱེ་བ་ཡིས་རྣམ་པས་དེ་བཞིན་དུ་ཡོད་པའི་ཕྱིར། རྒྱུ་མཚན་ཡོད་དེ། ཁྱོད་རྒྱུན་ཆགས་སུ་འབྱུང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དབྱེ་བའི་རྩོད་སྤོང་དང་། གྲངས་ངེས་གྱི་རྩོད་སྤོང་དང་། བྱེད་ལས་ལ་རྩོད་པ་སྤོང་བ་གསུམ། དང་པོ་ལ། རྩོད་པ་དང་། ལན་བཤད་པ་གཉིས། དང་པོ་ནི། ཐེག་ཆེན་གྱི་སྒོམ་ལམ་ལ་རྣམ་པ་དགུར་གྲངས་ངེས་པ་མི་འཐད་པར་ཐལ། སྒོམ་ལམ་དང་དེའི་བསོད་ནམས་གྲངས་མེད་པར་མདོ་ལས་བཤད་པའི་ཕྱིར་ཞེ་ན། གཉིས་པ་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཡུམ་གྱི་མདོ་ལས་སྒོམ་ལམ་གྱི་འབྲས་བུ་བསོད་ནམས་གྲངས་མེད་ལ་སོགས་པ་བསྟན་པ་རྣམས་ནི་དམ་པའི་དོན་དུ་སྟེ་དོན་དམ་པར་དབྱེར་བཟོད་པ་མ་ཡིན་ཡང་། ཀུན་རྫོབ་ཏུ་འབྲས་བུ་དེ་ལྟར་འབྱུང་ནི་སངས་རྒྱས་ཉིད་ཀྱིས་ཐུགས་བརྩེ་བའི་རྒྱུ་མཐུན་གྱི་འབྲས་བུ་བསྟན་པ་དེ་དག་ཐུབ་པ་རང་ཉིད་བཞེད་པའི་ཕྱིར་རོ། །གཉིས་པ་ལ། དོན་དམ་ལ་ལྟོས་པའི་རྩོད་པ་དང་། ཐ་སྙད་ལ་ལྟོས་པའི་རྩོད་པ་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས་དང་པོ་ནི། དངོས་པོ་བརྗོད་དུ་མེད་པ་ལ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཐེག་ཆེན་གྱི་སྒོམ་ལམ་ཞེས་བྱའི་ལམ་ཀྱིས་ནི་ཆོས་ཅན། སྤང་བྱ་ཅི་ཞིག་ཉམས་ཤིང་གཉེན་པོ་ཅི་ཞིག་ཐོབ་པ་མི་འཐད་པར་ཐལ། དོན་དམ་པར་མ་གྲུབ་པའི་ཕྱིར་ཁྱབ་སྟེ། སྒོམ་ལམ་གྱི་དངོས་པོ་དོན་དམ་པར་བརྗོད་དུ་མེད་པ་ལ་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་པའི་རྣམ་གཞག་མི་རུང་བའི་ཕྱིར་ཞེ་ན། གཉིས་པ་ལན་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན་དོན་དམ་པར་སྤང་གཉེན་འཕེལ་འགྲིབ་མེད་ཀྱང་། སྤང་གཉེན་མི་འཐད་པའི་སྐྱོན་མེད་པར་ཐལ། བླ་མེད་བྱང་ཆུབ་ཀྱི་ཡེ་ཤེས་དེ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་གདུལ་བྱའི་དོན་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སྒོམ་ལམ་འདི་ནི་དོན་དམ་པར་མེད་ཀྱང་ཐ་སྙད་དུ་སྤང་བྱ་ལ་གནོད་པ་ལ་སོགས་པའི་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར། དཔེ་དོན་མི་མཚུངས་པའི་སྐྱོན་མེད་པར་ཐལ། དེ་གཉིས་ཐ་སྙད་དུ་བྱ་བ་བྱེད་ནུས་པར་མཚུངས་ཤིང་། བྱང་ཆུབ་དོན་དམ་པར་མེད་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཡིན་པ་དེ་ལྟར་སྒོམ་ལམ་དེ་ཡང་དེ་ཡི་མཚན་ཉིད་ཅན་དུ་བཞེད་པའི་ཕྱིར། གཉིས་པ་ལ། རྩོད་པ་དང་། ལན་ནོ། །དང་པོ་ནི། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་གསུངས། དོན་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཅན། རང་འབྲས་རྫོགས་པའི་བྱང་ཆུབ་བསྐྱེད་པར་མི་རིགས་པར་ཐལ། ཁྱོད་སྐད་ཅིག་སྔ་མ་ཁོ་ནས་རང་འབྲས་རྫོགས་པའི་བྱང་ཆུབ་བསྐྱེད་པ་ནི་རིགས་པ་མ་ཡིན་ལ། སྐད་ཅིག་ཕྱི་མ་ཁོ་ནས་ཀྱང་བསྐྱེད་ནུས་པ་རིགས་པ་མ་ཡིན་ཞིང་། ཅིག་ཅར་རིམ་ཅན་གྱིས་ཀྱང་དེ་ལྟར་རིགས་པ་མ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལན་ནི། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་གསུངས། དོན་ནི། སེམས་བསྐྱེད་པ་སྐད་ཅིག་སྔ་ཕྱི་མང་པོ་རིམ་གྱིས་འབྱུང་བས་རང་འབྲས་བྱང་ཆུབ་མི་བསྐྱེད་པའི་སྐྱོན་མེད་པར་ཐལ། མར་མེ་སྐད་ཅིག་སྔ་མ་ལས་ཕྱི་མ་ནུས་ལྡན་དུ་རིམ་གྱིས་འབྱུང་བས་སྡོང་བུ་སྣུན་ལྡན་རྫོགས་པར་སྲེག་པར་བྱེད་པའི་མར་མེའི་དཔེའི་ཚུལ་གྱིས་ནི། སེམས་བསྐྱེད་སྔ་ཕྱི་རིམ་གྱིས་འབྱུང་བས་རང་འབྲས་སྐུ་གསུམ་བསྐྱེད་པའི་ཕྱིར་དང་། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་པོ་འཆད་པ་འདི་རྣམས་ཀྱང་ཁོང་དུ་ཆུད་པར་འགྱུར་པའི་ཕྱིར་རོ་། །གཉིས་པ་རྟགས་ནི། སྐྱེ་བ་དང་འགག་པ་དང་། ཞེས་སོགས་རྐང་བ་བཞི་གསུངས། །དོན་ནི། ས་བརྒྱད་པ་ཆོས་ཅན། ཟབ་མོ་རྣམ་པ་བརྒྱད་ཐུགས་སུ་ཆུད་པ་དང་ལྡན་ཏེ། གཞིའི་གནས་ལུགས་སྐྱེ་བའི་རྟེན་འབྲེལ་ཟབ་པ་དང་། འགག་པ་ཟབ་པ་དང་། སྤྱོད་པ་ཉམས་ལེན་གྱི་དེ་བཞིན་ཉིད་ཟབ་པ་དང་། སྦྱིན་སོགས་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པའི་ཤེས་བྱ་ཟབ་པ་དང་། ཆོས་ཐམས་ཅད་སྤྲོས་བྲལ་དུ་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་གྱི་ཤེས་པ་ཟབ་པ་དང་། དོན་དམ་པར་མེད་ཀྱང་ཐ་སྙད་དུ་སྤྱོད་པ་ཟབ་པ་དང་། མཚན་མ་དང་དེ་མེད་པ་གཉིས་ཀ་དོན་དམ་པར་གཉིས་སུ་མེད་པར་རྟོགས་པའི་ཟབ་པ་དང་། འབྲས་བུ་མངོན་དུ་བྱེད་པའི་ཐབས་མཁས་པ་ལ་ཟབ་པ་ཉིད་དང་ལྡན་པའི་ཕྱིར། གསུམ་པ་སྐུ་གསུམ་འགྲུབ་བྱེད་ཀྱི་སྦྱོར་བ་ཁྱད་པར་ཅན་བཤད་པ་ལ། ཆོས་སྐུ་སྒྲུབ་བྱེད་སྲིད་ཞི་མཉམ་ཉིད་སྦྱོར་བ་དང་། ལོངས་སྐུ་སྒྲུབ་བྱེད་ཞིང་དག་སྦྱོར་བ་དང་། སྤྲུལ་སྐུ་སྒྲུབ་བྱེད་ཐབས་མཁས་སྦྱོར་བ་བཤད་པ་གསུམ། དང་པོ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་རྐང་པ་བཞི་གསུངས། འདི་ལ་དངོས་དང་། ཀླན་ཀ་སྤང་པ་གཉིས། དང་པོ་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སྲིད་ཞི་མཉམ་ཉིད་སྦྱོར་བ་ཡིན་ཏེ། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པར་དོན་དམ་པར་རྣམ་པར་མི་རྟོག་པར་འཁོར་འདས་བདེན་སྟོང་མཉ མ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། འཁོར་འདས་ཀྱིས་མཚོན་པའི་ཆོས་རྣམས་དོན་དམ་པར་མེད་ཀྱང་ཐ་སྙད་ཙམ་དུ་གྲུབ་པ་རྨི་ལམ་དང་འདྲ་བར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཀླན་ཀ་དང་། དེའི་ལན་ནོ། །དང་པོ་ནི། ཉིན་པར་དགེ་མི་དགེ་ལས་གསོག་པ་བྱེད་པ་མེད་པར་ཐལ། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པར་ཐ་སྙད་དུ་རྨི་ལམ་དང་འདྲ་བའི་ཕྱིར། ཞེ་ན། གཉིས་པ་ལན་ནི། ཤེས་བྱ་ཆོས་ཅན། ཇི་སྐད་བཤད་པའི་ཀླན་ཀ་དེ་མི་འཇུག་པར་ཐལ། ལས་མེད་དུ་ཐལ་བ་ལ་སོགས་པའི་ཀླན་ཀ་དེ་ཡི་ལན་ནི་ཡུམ་གྱི་མདོ་ལས་ཇི་སྐད་བཤད་ཟིན་པར་ཟད་པ་དེའི་ཕྱིར། མདོ་ལས་གསུངས་ཚུལ་ཡོད་དེ། ལས་གསོག་པ་མཛད་པར་ཐལ་བ་དང་། ལས་འབྲས་དོན་དམ་པར་མེད་པར་ཐལ་བ་དང་། ལུང་དང་འགལ་བར་ཐལ་བ་དང་། རྨི་ལམ་དུ་ལས་གསོག་པ་མི་འཐད་པའི་ཀླན་ཀ་བཞི་དང་ལན་བཞི་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། རབ་འབྱོར་བྱང་ཆེན་གྱིས་རྨི་ལམ་དུ་ལས་གང་གིས་བྱས་པའི་ལས་དེ་ལ་གསོག་པ་དང་བྲི་བར་འགྱུར་རམ། ཞེས་བཀོད་ནས། ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་ཞེས་སོགས་ཀྱིས་བསྟན་པའི་ཕྱིར། གཉིས་པ་གྲུབ་སྟེ། རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྲོག་བཅད་པ་དང་རྨི་ལམ་དུ་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསོད་ལེགས་པར་བསོད་དོ་ཤིན་ཏུ་བསད་དོ་ཞེས་སད་དེ་རྣམ་པར་རྟོག་ན་ཞེས་སོགས་བཀོད་ནས། ལན་ནི། རབ་འབྱོང་དམིགས་པ་མེད་པར་ལས་མི་སྐྱེ་སྟེ་ལས་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེའོ་ཞེས་སོགས་ཀྱིས་བསྟན་པའི་ཕྱིར། གསུམ་པ་གྲུབ་སྟེ། རབ་འབྱོར་ལས་ཐམས་ཅད་དང་སེམས་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས་ཇི་ལྟར་དམིགས་པ་དང་བཅས་པར་ལས་སྐྱེ་ཞེས་སོགས་བཀོད་ནས། ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ན་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ་ཞེས་སོགས་ཀྱིས་བསྟན་པའི་ཕྱིར། བཞི་པ་གྲུབ་སྟེ། རབ་འབྱོར་གལ་ཏེ་བྱང་ཆེན་གྱིས་རྨི་ལམ་དུ་སྦྱིིན་པ་བྱིན། ཞེས་པ་ནས། དགེ་བའི་རྩ་བ་དེ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་ཞེས་སོགས་བཀོད་ནས། ལན་ནི། ཤཱ་རིའི་བུ་བྱང་ཆེན་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་འདི་ལ་དྲིས་ཞིག་ཞེས་སོགས་ཀྱིས་བསྟན་པ་ལྟར་ཡིན་པའི་ཕྱིར། རྨི་ལམ་དུ་དགེ་མི་དགེའི་ལས་བྱེད་པར་རྨིས་ནས་སད་པའི་ཚེ་མངོན་ཞེན་གྱིས་དགའ་བ་སྒོམ་ན་ལས་དེ་ལས་འབྲས་བུ་བདེ་སྡུག་འབྱུང་བ་སྲིད་ཀྱང་། རྨི་ལམ་གྱི་མི་དེ་མི་མ་ཡིན་པས་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་མེད་དེ། དེ་བཞིན་དུ་རྨི་ལམ་དུ་སྦྱིན་པ་བཏང་བ་རྨོངས་པ་སོགས་ལ་ཡང་ལས་ལམ་གྱི་དངོས་གཞི་རྫོགས་པ་མེད་པའི་ཕྱིར། འོ་ན། གཉིད་དེ་དགེ་མི་དགེ་གང་ཡང་མིན་ནམ་ཞེ་ན། མིན་ཏེ་གཉིད་གཞན་འགྱུར་ཡིན་པས་དེ་དང་དགེ་བའི་གཞི་འཐུན་དང་། མི་དགེ་བའི་གཞི་འཐུན་དང་། ལུང་མ་བསྟན་ཡང་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྨི་ལམ་དུ་དཀོན་མཆོག་གསུམ་ལ་དད་གུས་བྱེད་པ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། རྨི་ལམ་དུ་སྲོག་གཅོད་བྱེད་པའི་རྨིས་པ་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། གཉིད་དུས་དྲན་མེད་དུ་འགྱུར་བ་ཡོད་པའི་ཕྱིར། སྲིད་ཞི་མཉམ་ཉིད་ཅེས་གསུངས་པ་ནི་དེ་གཉིས་བདེན་སྟོང་དུ་མཚུངས་པའི་དོན་ཡིན་གྱི། སྲིད་ཞི་གཉིས་མཉམ་པ་ཉིད་དུ་འདོད་མི་རུང་སྟེ། གཞན་དུ་ན་འཁོར་འདས་མཉམ་པ་ཉིད་དང་། བཟང་ངན་ཡང་མཉམ་པ་ཉིད་དུ་འགྱུར་བས་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ཞིང་དག་སྦྱོར་བ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སངས་རྒྱས་ཀྱི་ཞིང་ནི་དག་པ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། བཅུད་ཀྱི་སེམས་ཅན་འཇིག་རྟེན་མ་དག་པ་རྣམས་དག་པར་སྒྲུབ་པར་བྱེད་པ་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་ཡང་མ་དག་པ་དེ་ལ་དག་པར་སྒྲུབ་པ་ཡི་དགེ་རྩ་མཐུ་ཅན་དུ་གྱུར་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གསུམ་པ་ཐབས་མཁས་སྦྱོར་བ་ནི། ཡུལ་དང་སྦྱོར་བ་ཅན་འདི་ནི། ཞེས་པ་ནས། ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་པའི་བར་གསུངས། དོན་ནི་རྣམ་ཐར་སྒོ་གསུམ་སོགས་ཤེར་ཕྱིན་གྱི་ཡུལ་དང་ཡུལ་ཅན་དུ་དུས་དང་དུས་མ་ཡིན་པར་སྦྱོར་བ་ལ་མཁས་པ་ཅན་གྱི་དག་སའི་ཡེ་ཤེས་འདི་ནི་ཆོས་ཅན། ཁྱོད་ལ་ཐབས་ལ་མཁས་པའི་སྦྱོར་བ་རྣམ་པ་བཅུ་ཡོད་དེ། ཕུང་པོའི་བདུད་ལ་སོགས་པའི་བདུད་བཞིའི། དགྲ་ཅི་རིགས་ལས་རྣམས་ལས་ནི་འདས་པའི་ཐབས་མཁས་སྦྱོར་བ་དང་། ཆོས་ཐམས་ཅད་ལ་དོན་དམ་པར་མི་གནས་པར་ཐ་སྙད་དུ་སྤྱོད་པའི་སྦྱོར་བ་དང་། གཞན་གྱི་དོན་སྔོན་གྱི་སྨོན་ལམ་ཇི་བཞིན་ཤུགས་ཀྱིས་འཕངས་པའི་བྱེད་པ་ཅན་གྱི་སྦྱོར་བ་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཅན་གྱི་དཀའ་སྤྱད་གོམས་པ་དང་། ཆོས་ཐམས་ཅད་ལ་བདེན་ཞེན་གྱིས་མ་ཆགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གྱིས་འདུས་བྱས་ཐམས་ཅད་ཀྱི་ངོ་བོ་དོན་དམ་པར་མི་དམིགས་པར་རྟོགས་པ་དང་། མཚན་མེད་ཀྱི་རྒྱུའི་མཚན་མ་དོན་དམ་པར་མེད་པར་རྟོགས་པ་དང་། སྨོན་མེད་ཀྱིས་འབྲས་བུ་ལ་དོན་དམ་པར་སྨོན་ལམ་ཟད་པར་རྟོགས་པ་དང་། རང་ཉིད་ཕྱིར་མི་ལྡོག་པ་ཡིན་པ་དེ་ཡི་རྟགས་ཁྱད་པར་ཅན་དང་ལྡན་པ་དང་རིགས་པའི་གནས་ལྔ་ལ་མཁས་པའི་རྟོགས་པ་ཚད་མེད་པ་ཞེས་བྱ་བའི་ཐབས་མཁས་སྦྱོར་བ་དང་བཅུ་ཡོད་པའི་ཕྱིར། སྦྱོར་བ་དེ་གསུམ་ལྡོག་པའི་སྒོ་ནས་བཞག་པ་ཡིན་གྱི། འགལ་བ་ནི་མ་ཡིན་ཏེ། དག་སའི་ཡེ་ཤེས་ཡིན་ན། དེ་གསུམ་ཀ་ཡིན་དགོས་པའི་ཕྱིར་ཏེ། དེ་གསུམ་ལག་རྗེས་འཇོག་ཚུལ་ཐ་དད་པ་ཙམ་གྱི་སྒོ་ནས་བཞག་པའི་ཕྱིར་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྒྲུབ་བྱེད་ཀྱི་ལག་རྗེས་ཐ་དད་པ་ཙམ་གྱིས་བཞག་པའི་ཕྱིར་ཏེ། ས་བརྒྱད་པ་ནས་བདེན་འཛིན་མངོན་འགྱུར་བ་སྤངས་ཤིང་མི་རྟོགས་ཡེ་ཤེས་ལ་གོམས་པ་དབང་བསྒྱུར་ཐོབ་པས་དེ་གསུམ་གྱི་ལག་རྗེས་ཁྱད་པར་ཅན་འཇོག་ནུས་པར་མཚུངས་པའི་ཕྱིར། འདིར་བདུད་བཞིའི་ཁྱད་པར་ཡོད་དེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཕུང་པོའི་བདུད་རགས་པ་དང་། ཉོན་སྒྲིབ་ཐམས་ཅད་ཉོན་མོངས་པའི་བདུད་རགས་པ་དང་། ལྷའི་བུ་དགའ་རབ་དབང་ཕྱུག་ལྷའི་བུའི་བདུད་རགས་པ་དང། ལས་ཉོན་གྱི་དབང་གིས་སྲོག་དབང་འགག་པའི་ཆ་དེ་འཆི་བདག་གི་བདུད་རགས་པ་ཡིན་ལ། མ་རིག བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱི་དབང་གིས་སྐྱེ་བ་བླངས་པའི་ཕུང་པོའི་བདུད་ཕྲ་མོ་དང་། མ་རིག་པའི་བག་ཆགས་ཕྲ་མོ་དེ་ཉོན་མོངས་པའི་བདུད་ཕྲ་མོ་དང་ལྷའི་བུའི་བདུད་ཕྲ་མོ་གཉིས་ཀ་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བྱེད་པའི་ཆ་དེ་འཆི་བདག་གི་བདུད་ཕྲ་མོ་ཡིན་པའི་ཕྱིར། བདུད་བཞི་ལམ་གང་གི་གནས་སྐབས་སུ་བཅོམ་ཚུལ་ཡོད་དེ། ཐེག་པ་ཆེ་ཆུང་གི་དབང་དུ་བྱས་ན། ཐེག་དམན་དགྲ་བཅོམ་གྱི་གོ་འཕང་དང་ས་བརྒྱད་པ་ཐོབ་ནས་ཉོན་མོངས་པའི་བདུད་རགས་པ་ཅི་རིགས་བཅོམ། ཐེག་དམན་གྱི་མཐོང་ལམ་དང་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས་ལྷའི་བུའི་བདུད་རགས་པ་བཅོམ། ཐེག་དམན་གྱི་ལྷག་མེད་མྱང་འདས་དང་ཐེག་ཆེན་གྱི་མཐོང་ལམ་ཐོབ་ནས་ཕུང་པོའི་བདུད་རགས་པ་དང་འཆི་བདག་གི་བདུད་རགས་པ་གཉིས་ཀ་བཅོམ་པའི་ཕྱིར། བདུད་བཞི་མ་ལུས་པར་བཅོམ་པ་དང་སངས་རྒྱས་པ་གཉིས་དུས་མཉམ་པ་ཡིན་ཏེ། ཚིགས་གསལ་ལས། ཁྱོད་ཀྱིས་བྱང་ཆུབ་པ་དང་ཁོ་ནར་བདུད་བཞི་བཅོམ་པ་ལགས། ཞེས་པ་དང་། རྣམ་བཤད་ལས་ཀྱང་། བདུད་བཞི་མ་ལུས་པར་བཅོམ་པ་ནི་སངས་རྒྱས་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་བགྱིས་པ་སྟེ། ཕྱིས་གནས་བརྟན་བཀྲ་ཤིས་དར་རྒྱས་ཀྱིས་གྲྭ་ཚང་ནང་ཏུ་རབ་འབྱམས་པའི་མཚན་གདགས་མཛད་པའི་ཚེ་སྤར་ཏུ་བསྒྲུབ་པའོ།། །།མདྒ་ལམ། །


previousསྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ།next