Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
  
  
  
སྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད།
  
  
 
  
  
  
  
  
  
  
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousསྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད།next

སྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད།

སྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད་ཅེས་བྱ་བ་བཞུགས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉིས་པ་རྩེ་སྦྱོར་བཤད་པ་ལ། རྒྱུ་མཚན་དང་། གཞུང་དོན་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་རྫོགས་སྦྱོར་བ་བཤད་ཟིན་པའི་འོག་ཏུ་རྩེ་སྦྱོར་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་ལ་གོམས་པ་དབང་བསྒྱུར་མ་ཐོབ་པའི་རྣམ་རྫོགས་སྦྱོར་བ་བསྒོམས་པ་ལ་བརྟེན་ནས་དེ་ཐོབ་པའི་རྩེ་སྦྱོར་འབྱུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་འགྲེལ་པ་ལས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས། ཞེས་པ་ནས། རྩེ་མོའི་མངོན་པར་རྟོགས་པ་དང་། ཞེས་པའི་བར་གསུངས་པའི་ཕྱིར། གཉིས་པ་ལ། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར་དང་བཞི། དང་པོ་ལ། བཞི་ལས། དང་པོ་དྲོད་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་པ་ནས། རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཞེས་པའི་བར་གསུངས། གཉིས་པ་རྩེ་མོ་ནི། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །ཞེས་པ་ནས། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པའི་བར་གསུངས། གསུམ་པ་བཟོད་པ་ནི། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི་ནས། བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་པའི་བར་གསུངས། བཞི་པ་ཆོས་མཆོག་ནི། གླིང་བཞི་པ་དང་སྟོང་དག་དང་། །ནས། ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་པའི་བར་གསུངས། དང་པོའི་དོན་ནི། དྲོད་རྗེས་ཐོབ་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། དྲོད་རྩེ་སྦྱོར་ཐོབ་པ་ཡིན་ཏེ། བསྒོམས་སྟོབས་ཀྱིས་ཉིན་པར་མ་ཟད་རྨི་ལམ་ན་ཡང་ཆོས་རྣམས་ཀུན་བདེན་སྟོང་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པའི་རྩེ་མོར་བྱིན་པའི་སྦྱོར་བ་ཐོབ་པའི་རྟགས་རྣམ་པ་བཅུ་གཉིས་དག་ཏུ་མདོ་ལས་བཞེད་པ་སྟེ་བཤད་པ་དེ་དག་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་སྦྱོར་ལམ་རྩེ་མོ་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། རྩེ་མོའི་རྩེ་སྦྱོར་ཐོབ་པ་ཡིན་ཏེ། མདོ་ལས་འཛམ་བུའི་གླིང་གི་སྐྱེ་བོ་ལ་སོགས་པ་སྟོང་གསུམ་ཀྱི་སེམས་ཅན་གྱི་གྲངས་གྱི་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་དུ་ནི་དཔེར་མཛད་ནས་བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གི་བདག་ཉིད་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། གསུམ་པ་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཆོས་ཅན། ཁྱོད་ལ་བརྟན་པའི་རྩེ་སྦྱོར་ཞེས་པ་ནི་ཡུམ་གྱི་མདོ་ལས་མངོན་པར་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞི་ཤེས་ལ་སོགས་པའི་ཀུན་མཁྱེན་ཉིད་གསུམ་གྱི་ཆོས་རྣམས་ཀྱི་རྟོགས་རིགས་ཡོངས་སུ་རྫོགས་པ་བླ་ན་མེད་པ་ཐོབ་ཅིང་སེམས་ཅན་གྱི་དོན་བྱེད་པ་ཡོངས་སུ་མི་གཏོང་བ་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་འཐུན་གསུམ་པ་ཡིན་པའི་ཕྱིར། བཞི་པ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཆོས་ཅན། ཁྱོད་མདོ་ལས་ཏིང་ངེ་འཛིན་ཅེས་ཡོང་སུ་བསྒྲགས་པ་ཡིན་ཏེ། གླིང་བཞི་པ་དང་སྟོང་དང་པོ་དག་དང་སྟོང་གཉིས་པ་དང་སྟོང་གསུམ་གྱི་ས་དག་སྲང་གྲངས་གྱིས་གཞལ་པ་དང་ཆུ་སྐྲ་རྩེས་གཞལ་ནུས་པ་དཔེར་མཛད་ནས། དེ་བས་ཀྱང་སེམས་དང་པོ་བསྐྱེད་པ་སྤྱོད་པ་ལ་ཞུགས་པ་ཕྱིར་མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་མང་པོ་ཉིད་ཀྱིས་ནི་མཚོན་ཏེ་བསྟན་པའི་ཐེག་ཆེན་གྱི་ངེས་ཆ་བཞི་པ་ཡིན་པའི་ཕྱིར། དྲོད་རྩེ་སྦྱོར་གྱི་རྟགས་བཅུ་གཉིས་ཡོད་དེ། རྨི་ལམ་དུ་ཆོས་ཐམས་ཅད་བདེན་མེད་རྨི་ལམ་ཅི་འདྲ་དེ་ལྟ་བུར་ལྟ་བ་དང་། རྨི་ལམ་དུ་དམན་པའི་ལམ་ལ་དགའ་བ་མི་བསྐྱེད་པ་དང་། རྨི་ལམ་དུ་དེ་བཞིན་གཤེགས་པ་འཁོར་བཅས་མཐོང་བ་དང་། དེ་བཞིན་དུ་སངས་རྒྱས་ཀྱིས་རྫུ་འཕྲུལ་སྟོན་པ་མཐོང་བ་དང་། དེས་ཆོས་སྟོན་པ་མཐོང་བ་དང་། ངན་སོང་མཐོང་ནས་སྤོང་པའི་སྨོན་པ་བྱེད་པ་དང་། རྨི་སད་གང་རུང་ལ་གྲོང་ཁྱེར་སོགས་མེས་འཚིག་པ་མཐོང་ནས་བདེན་པའི་བྱིན་གྱིས་དེ་དག་ཞི་བར་བྱེད་ནུས་པ་དང་། རྨི་སད་གང་རུང་གི་ཚེ་སེམས་ཅན་གཞན་མི་མ་ཡིན་གྱིས་ཟིན་པ་བདེན་སྟོབས་བརྗོད་པས་ཞི་ནུས་པ་དང་། བདུད་ལས་ཤེས་ནས་དེ་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་། ཤེར་ཕྱིན་ལ་སློབ་པ་དང་། ཆོས་ཐམས་ཅད་ལ་བདེན་པར་མི་ཞེན་པ་དང་། སངས་རྒྱས་ཀྱི་སར་ཉེ་བར་གྱུར་པའི་ཡེ་ཤེས་ཐོབ་པ་དང་བཅུ་གཉིས་ཡོད་པའི་ཕྱིར། རྩེ་མོའི་རྟགས་བཅུ་དྲུག་ཡོད་དེ། སྟོང་གསུམ་གྱི་སེམས་ཅན་གྱི་གྲངས་དང་མཉ མ་པའི་སངས་རྒྱས་མཚོན་པའི་བསོད་ནམས་ལས་ལྷག་པ་ཐོབ་པ་དང་། དེ་གོང་དུ་འཕེལ་བས་ཤེར་ཕྱིན་ཡིད་ལ་བྱེད་པ་དང་མི་འབྲལ་བ་དང་། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དང་། བྱང་ཆུབ་ཐོབ་བྱེད་ཀྱི་ལམ་དོན་དམ་པར་མི་དམིགས་པ་དང་། དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་ལ་སྙོམ་པར་འཇུག་པ་དང་། འདོད་གཟུགས་ཀྱི་ལྷ་འོངས་ནས་སྲུང་བ་དང་། བདུད་ཟིལ་གྱིས་གནོན་ནུས་པ་དང་། བྱང་སེམས་དང་གྲོགས་གཅིག་པར་བསླབ་པ་སྟེ་ཕྱིའི་རྟགས་གཙོ་བོར་གྱུར་པ་བརྒྱད་དང་། ཉན་རང་ཡིད་བྱེད་དང་བྲལ་བའི་ཐབས་ལ་མཁས་པ་དང་། སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་དུ་གྱུར་པ་དང་། འབྲས་བུ་སངས་རྒྱས་འཐོབ་པའི་རྒྱུ་ནུས་ལྡན་འགྲུབ་པ་དང་། ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་ཆེར་མི་སྐྱེ་བ་དང་། ཆོས་རྣམས་ལ་བདེན་ཞེན་ཅི་རིགས་མི་སྐྱེ་བ་དང་། ཤེར་ཕྱིན་གྱིས་ཕྱིན་དྲུག་ལ་སློབ་ཚུལ་ཤེས་པ་དང་། ཐེག་པ་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཤེར་ཕྱིན་གྱི་མཐུས་རྫོགས་བྱང་ལ་ཉེ་བ་ཐོབ་པ་སྟེ་ནང་གི་རྟགས་བརྒྱད་དང་བཅུ་དྲུག་ཡོད་པའི་ཕྱིར། བཟོད་པའི་རྟགས་ཡོད་དེ། གཞན་དོན་ཁྱད་པར་ཅན་སྒྲུབ་ནུས་པའི་ཐབས་ཀྱིས་ཟིན་པའི་སྙིང་རྗེ་ཆེན་པོ་དང་། བསྒོམ་བྱུང་གི་ཤེས་རབ་ཀྱིས་སྟོང་ཉིད་རྟོགས་པའི་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་དེ་དེ་ཡིན་པའི་ཕྱིར། ཆོས་མཆོག་རྩེ་སྦྱོར་ཐོབ་པའི་རྟགས་ཡོད་དེ། མདོ་ལས་བསོད་ནམས་མང་པོ་འབྱུང་བས་མཚོན་ཏེ་བསྟན་པ་དེ་ལྟ་བུས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ་ལ། སྤང་བྱ་རྟོགས་པ་དང་། གཉེན་པོ་རྩེ་སྦྱོར་བཤད་པ་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ལ། གཟུང་རྟོག་དང་། འཛིན་རྟོག་གཉིས་ལས་དང་པོ་ནི། འཇུག་པ་དང་ནི་ལྡོག་པ་ལ། །ནས། མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་པའི་བར་གསུངས། དོན་ནི། ཐེག་ཆེན་མཐོང་ལམ་གྱི་སྤང་བྱ་འཇུག་པ་གཟུང་རྟོག་དང་ནི་ལྡོག་པ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་ཆོས་ཅན། སོ་སོར་དགུ་དགུའི་བདག་ཉིད་དུ་ཤེས་པར་བྱ་སྟེ། དམིགས་ཡུལ་གྱི་སྒོ་ནས་དེ་ལྟར་ཡོད་པའི་ཕྱིར། དེ་ཆོས་ཅན། ཇི་ལྟ་བ་བཞིན་དུ་ཡུལ་གྱི་རང་བཞིན་འཛིན་པ་མ་ཡིན་པའི་བདག་ཉིད་དག་ཏུ་ཤེས་པར་བྱ་སྟེ། རང་གི་ཞེན་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཁྲུལ་པའི་ཕྱིར། གཉིས་པ་ནི། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ནས། ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་པའི་བར་གསུངས། དོན་ནི། སོ་སོ་སྐྱེ་བོ་དང་འཕགས་པའི་རྟེན་དབྱེ་བས་སེམས་ཅན་རྫས་ཡོད་དང་སྐྱེས་བུ་བཏགས་པར་ཡོད་པར་བདེན་པར་འཛིན་པའི་རྣམ་པར་རྟོག་པ་འཛིན་པ་དག་ཏུ་འདོད་པ་དེ་དག་ཆོས་ཅན། སོ་སོར་དགུའི་བདག་ཉིད་དུ་འདོད་དེ། དམིགས་ཡུལ་གྱི་སྒོ་ནས་དེ་ལྟར་འབྱེད་པའི་ཕྱིར། རྟོག་པ་དེ་དག་ཆོས་ཅན། གནས་ཚོད་དང་མཐུན་པར་ཡུལ་གང་གིས་འཛིན་པར་འདོད་པ་མི་རིགས་ཏེ། རྒྱུ་མཚན་གལ་ཏེ་འམ་གང་གི་ཕྱིར་ན་གཟུང་བའི་དོན་དེ་བཞིན་མེད་པའི་ལོག་ཤེས་ཡིན་པའི་ཕྱིར་ཏེ། དེ་ལ་རྟོག་པ་དེ་དག་རང་གི་ཇི་ལྟར་འཛིན་པ་ཡི་ངོ་བོས་སྟོང་པའི་མཚན་ཉིན་ཅན་ཡིན་པའི་ཕྱིར། གཉིས་པ་རྒྱས་བར་བཤད་པ་ལ། གཟུང་རྟོག་དང་། འཛིན་རྟོག་བཤད་པ་གཉིས། དང་པོ་ལ། གཟུང་རྟོག་འཛིན་རྟོག་གཉིས་ལས། དང་པོ་ལ། ངོ་བོ་ཉིད་དང་རིགས་དང་ནི། །ནས། རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་པའི་བར་གསུངས་། དོན་ནི། བྱང་སེམས་ཀྱི་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྣམ་རྟོག་དེ་ནི་ཆོས་ཅན། རྣམ་པ་དགུར་འདོད་པ་ཡིན་ཏེ། བྱང་སེམས་ཀྱི་འཇུག་བྱ་སྤྱིའི་ངོ་བོ་ཉིད་ལ་དམིགས་ནས་འཇུག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་སྦྱར་ཏེ་བྱེ་བྲག་སངས་རྒྱས་ཀྱི་རིགས་ངེས་པ་དང་། བྱང་ཆེན་ཀྱི་ལམ་ནི་ཡང་དག་པར་འགྲུབ་པ་དང་། བློའི་ཤེས་པའི་དམིགས་པ་མ་འཁྲུལ་བ་དང་མི་མཐུན་ཕྱོགས་འཇོམས་ནུས་ཤིང་གཉེན་པོ་སྐྱེ་བ་དང་། རང་གི་རྟོགས་པ་མཐར་ཐུག་པ་དང་། གཞན་ཀྱི་དོན་བྱེད་ནུས་པ་དང་། གཞན་དོན་དེའི་ནི་ལས་སུ་བྱ་བ་དང་། དེའི་བྱ་བའི་འབྲས་བུ་ལ་དམིགས་ནས་འཇུག་བྱར་བདེན་པར་འཛིན་པའི་རྟོག་པ་དང་དགུ་ཡོད་པའི་ཕྱིར། གཉིས་པ་ནི། སྲིད་དང་ཞི་བར་ལྟུང་པའི་ཕྱིར། ནས། ཉན་ཐོས་ལ་སོགས་ཡིད་ལས་འབྱུང་། །ཞེས་པའི་བར་གསུངས། དོན་ནི། ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཞེས་པའི་ཕྱོགས་ཀྱི་རྟེན་ཅན་གྱི་ཏེ་ཉན་ཐོས་ལ་སོགས་པའི་ཡིད་ལ་འབྱུང་བ་དམན་པའི་ལམ་ལ་ལྟོས་པའི་ལྡོག་བྱར་བདེན་པར་འཛིན་པའི་རྣམ་རྟོག་འདི་ཆོས་ཅན། རྣམ་པ་དགུ་ཡི་བདག་ཉིད་དུ་ཡོད་དེ། སྲིད་པ་དང་ཞི་བར་ལྟུང་པའི་ཕྱིར་ན་ཐེག་ཆེན་ལས་རྟོག་པ་དམན་པ་ཉིད་ལ་དམིགས་ནས་ལྡོག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་ལམ་ཁྱད་པར་ཅན་གྱིས་ཡོངས་སུ་འཛིན་པ་མེད་པ་ལ་དམིགས་པ་དང་། གཞན་དོན་སྒྲུབ་པའི་ལམ་གྱི་རྣམ་པ་མ་ཚང་བ་ལ་དམིགས་པ་དང་། ཐར་པར་གཞན་གྱི་རྐྱེན་གྱིས་འགྲོ་བ་ལ་དམིགས་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་ལས་ལོག་པ་ལ་དམིགས་པ་དང་། སྤང་པ་ཉི་ཚེ་བའི་ལམ་ལ་དམིགས་པ་དང་རྟོགས་པ་མཐོ་དམན་སྣ་ཚོགས་པ་ཉིད་དང་། ཞི་མཐའ་མངོན་དུ་མ་བྱས་པར་ཐེག་ཆེན་གྱི་ལམ་ལ་གནས་པ་དང་དེར་འཇུག་པ་ལ་རྨོངས་པའི་ལམ་ལ་དམིགས་པ་དང་། ཞི་མཐའ་མངོན་དུ་བྱས་པའི་རྗེས་ལ་རྣམ་མཁྱེན་དུ་འགྲོ་བ་ཞེས་བྱ་བ་ལ་དམིགས་ནས་ལྡོག་བྱར་བདེན་པར་འཛིན་པའི་རྣམ་པར་རྟོག་པ་དང་དགུ་ཡོད་པའི་ཕྱིར། འདིར་དངོས་སུ་བསྟན་པའི་གཟུང་རྟོག་གཉིས་ཀྱི་འཇོག་ཚུལ་ཡོད་དེ། བྱང་སེམས་ལམ་གྱི་འཇུག་བྱའི་ཆོས་ལ་དམིགས་ནས་དེའི་འཇུག་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ་ལ་འཇུག་པ་གཟུང་རྟོག་དང་། དེ་ལ་ལྟོས་པའི་ལྡོག་བྱའི་ཆོས་ལ་དམིགས་ནས་དེའི་ལྡོག་བྱར་བདེན་པར་འཛིན་དེ་ལ་ལྡོག་པ་གཟུང་རྟོག་ཏུ་བཞག་པ་ཡིན་པའི་ཕྱིར། དེ་ལྟར་བསྟན་པའི་དགོས་པ་ཡོད་དེ། བྱང་སེམས་ཀྱིས་འཇུག་པར་བྱ་བ་བླང་བྱ་དང་། ལྡོག་པར་བྱ་བ་སྤང་བྱའི་ཆོས་གང་ལའང་བདེན་པར་མི་འཛིན་ཅིང་། བདེན་མེད་དུ་རྟོགས་ནས་བསྒོམ་པར་བྱ་དགོས་སོ་ཞེས་གོ་བའི་ཆེད་དུ་ཡིན་པའི་ཕྱིར། གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ལ། །རྫས་འཛིན་རྟོག་པ་དང་། རྟག་འཛིན་རྟོག་པའི་དབྱེ་བ་བཤད་པ་གཉིས། དང་པོ་ནི། འཛིན་པ་དང་ནི་འདོར་བ་དང་། །ནས། འཛིན་པ་དང་པོར་ཤེས་པར་བྱ། །ཞེས་པའི་བར་གསུངས། དོན་ནི། འཛིན་པ་དང་པོ་རྗས་འཛིན་རྟོག་པ་ཆོས་ཅན། ཁྱོད་ལ་རྣམ་པ་དགུ་ཡོད་པར་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་ཡོན་ཏན་འཛིན་པ་དང་སྐྱོན་འདོར་བའི་གང་ཟག་ལ་དམིགས་ནས་བདེན་པར་འཛིན་པ་དང་། དེ་བཞིན་དུ་གང་ཟག་ལ་ཞེས་སྦྱར་ཏེ་གནས་ལུགས་ཀྱི་དོན་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པ་ལ་དམིགས་པ་དང་། བདེན་འཛིན་གྱི་ཁམས་ནི་འདོད་ཁམས་སོགས་གསུམ་པོ་དག་དང་ཉེ་བར་འབྲེལ་བ་ལ་དང་། ཆོས་རྣམས་བདེན་པར་བཟུང་ནས་གནས་པ་ལ་དང་། དེ་ལ་བདེན་མེད་དུ་བདེན་པར་མངོན་པར་ཞེན་པ་དང་། ཆོས་ཐམས་ཅད་ཐ་སྙད་དུ་ཆོས་ཀྱི་དངོས་པོ་ཙམ་དུ་བཏགས་པ་ལ་དང་། མི་མཐུན་ཕྱོགས་ལ་བདེན་པར་ཆགས་པ་དང་། བདེན་འཛིན་གྱི་གཉེན་པོ་སྒོམ་པ་ལ་དང་། རྣམ་མཁྱེན་དུ་ཇི་ལྟར་འདོད་པ་བཞིན་མྱུར་དུ་འགྲོ་བ་ལས་ཉམས་པའི་གང་ཟག་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་རྣམ་རྟོག་དང་དགུ་ཡོད་པའི་ཕྱིར། གཉིས་པ་ནི། ཆེད་བཞིན་ངེས་པར་མི་འབྱུང་དང་། །ནས། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་པའི་བར་གསུངས། འཛིན་པའི་རྣམ་རྟོག་གཞན་བཏགས་འཛིན་རྟོག་པ་ཆོས་ཅན། རྣམ་པ་དགུ་ཡོད་པ་ཡིན་ཏེ། ཆེད་དུ་བྱ་བར་ཇི་ལྟ་བ་བཞིན་ངེས་པར་མི་འབྱུང་བའི་སྐྱེས་བུ་བཏགས་ཡོད་ལ་དམིགས་ནས་བདེན་པར་ཞེན་པ་དང་། དེ་བཞིན་དུ་ལམ་མིན་དྲུག་ལ་ལམ་མ་ཡིན་པར་ངེས་པར་འཛིན་པའི་སྐྱེས་བུ་ལ་དམིགས་པ་དང་། རྒྱུ་འགག་པ་དང་བཅས་པའི་འབྲས་བུ་སྐྱེ་བར་ཞེན་པའི་སྐྱེས་བུ་ལ་དང་། བདེན་འཛིན་གྱིས་མ་བཅིངས་པའི་ལམ་གྱི་དངོས་པོ་ལྡན་པ་དང་། བཅིངས་པའི་ལམ་གྱི་དངོས་པོ་མི་ལྡན་པར་འཛིན་པའི་སྐྱེས་བུ་ལ་དང་། གཟུང་རྟོག་ལ་བདེན་པར་ཞེན་ཏེ་གནས་པའི་སྐྱེས་བུ་ལ་དང་། ཐེག་དམན་གྱི་རིགས་ནི་འཇིག་ཅིང་ཉམས་པར་བྱེད་པའི་སྐྱེས་བུ་ལ་དང་། རྫོགས་བྱང་དོན་དུ་གཉེར་བ་མེད་པའི་སྐྱེས་བུ་ལ་དང་། རྒྱུ་ཤེར་ཕྱིན་སྒོམ་པ་མེད་པའི་སྐྱེས་བུ་ལ་དང་། བདུད་སོགས་ཕྱིར་རྒོལ་བ་ནི་དམིགས་པའི་སྐྱེས་བུ་བཏགས་ཡོད་ལ་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རྣམ་རྟོག་དང་དགུ་ཡོད་པའི་ཕྱིར། འཛིན་རྟོག་འདི་གཉིས་ཀྱི་འཇོག་ཚུལ་ཡོད་དེ། རྫས་ཡོད་རྫས་འཛིན་གྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ལ་རྫས་འཛིན་རྟོག་པ་དང་། བཏགས་ཡོད་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ལ་བཏགས་འཛིན་རྟོག་པར་བཞག་པ་ཡིན་པའི་ཕྱིར། སྐབས་འདིའི་དངོས་བསྟན་ནི་ཀུན་བཏགས་ཀྱི་དབང་དུ་བྱས་པ་ཡིན་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་འཆད་པའི་སྐབས་ཡིན་པའི་ཕྱིར། འདིར་གཟུང་རྟེན་འཛིན་རྟོག་གཉིས་ནི་བདེན་འཛིན་ལ་འཇོག་པར་མཚུངས་ཀྱང་ཁྱད་པར་ཡོད་དེ། གཟུང་རྟོག་གཉིས་ཡུལ་ལ་ཞེན་པ་དང་། འཛིན་རྟོག་གཉིས་ཡུལ་ཅན་ལ་ཞེན་པ་གཙོ་བའི་དབང་དུ་མཛད་པ་ཡིན་པའི་ཕྱིར་ཏེ། སྔ་མ་གཉིས་ཡུལ་ལ་ལོངས་སྤྱད་བྱ་དང་ཕྱི་མ་གཉིས་ཡུལ་ཅན་ལ་ལོངས་སྤྱོད་པ་པོར་ཞེན་པའི་ཁྱད་པར་གྱིས་ཡིན་པའི་ཕྱིར་རོ། །གཉིས་པ་གཉེན་པོ་རྩེ་སྦྱོར་བཤད་པ་ལ། མཐོང་ལམ་རྩེ་སྦྱོར་གྱི་རྒྱུ། དེའི་འབྲས་བུ་བྱང་ཆེན། རྩེ་སྦྱོར་གྱི་ངོ་བོ་བཤད་པ་གསུམ། དང་པོ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང་། ནས། བསོད་ནམས་མང་པོའི་མཚན་ཉིན་དོ། །ཞེས་པའི་བར་གསུངས། དོན་ནི། ཐེག་ཆེན་གྱི་རིགས་ཅན་གཞན་བྱང་ཆུབ་ལ་སྟོན་པ་སྟེ། འགོད་པ་དང་། བྱང་ཆུབ་དེ་ཡི་རྒྱུ་ཤེར་ཕྱིན་གྱི་ཚིག་དོན་ནི་ཡོངས་སུ་གཏོད་པ་སྟེ་འཆད་པ་དང་། བྱང་ཆེན་དེ་ཐོབ་བྱེད་བསོད་ནམས་མང་པོའི་མཚན་ཉིད་ཅན་གྱི་ཐེག་ཆེན་གྱི་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཆོས་ཅན། ཁྱོད་མཐོང་ལམ་རྩེ་སྦྱོར་གྱིི་བར་ཆད་མེད་པའི་རྒྱུ་ཡིན་ཏེ། དེ་བར་ཆད་མེད་པར་སྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ལ། བྱང་ཆེན་ངོས་བཟུང་བ། དངོས་པོ་བདེན་གྲུབ་དུ་ཁས་ལེན་པའི་མི་འཐད་པ། དབུ་མ་པས་ཆོས་ཐམས་ཅད་བདེན་སྟོང་དུ་ཁས་ལེན་དགོས་པར་བསྟན་པ་དང་གསུམ། དང་པོ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ནས། གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་པའི་བར་གསུངས། དོན་ནི། རྣམ་མཁྱེན་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་ཅེས་བརྗོད་དེ། དྲི་མ་དོན་དམ་པར་ཟད་པ་མེད་པ་དང་མི་སྐྱེ་བར་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར་ཏེ། དེ་ལྟར་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་དེ་དག་གོ་རིམ་བཞིན་དུ་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཆེན་པོར་ཤེས་པར་བྱ་བ་ཡིན་པའི་ཕྱིར། དྲི་མ་དེ་ཡང་ཆོས་ཅན། དོན་དམ་པར་ཟད་མེད་སྐྱེ་མེད་ཡིན་ཏེ། དོན་དམ་པར་གྲུབ་པ་མེད་པའི་ཕྱིར། གཉིས་པ་ལ། རིགས་པ་དང་འགལ་བ་དང་། ལུང་དང་འགལ་བ་གཉིས། དང་པོ་ནི། འགོག་པ་མེད་པའི་རང་བཞིན་ལ། །ནས། སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་པའི་བར་གསུངས། དོན་ནི། ཐེག་ཆེན་གྱི་མཐོང་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན། ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པའི་རིགས་བདེན་གྲུབ་སྔར་ཡོད་ཅི་ཞིག་ཟད་ཅིང་། དེ་བདེན་གྲུབ་སྐྱེ་འཕྲོ་ཆད་པའི་སྐྱེ་མེད་ཀྱི་རྣམ་པ་ཅི་ཞིག་ཀྱང་འཐོབ་སྟེ་འཐོབ་པ་མེད་པར་ཐལ། དྲི་མ་བདེན་གྲུབ་སྔར་ཡོད་གསར་དུ་འགགས་པའི་འགོག་པ་མེད་པ་སྟེ། སྤྲོས་པ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ནས། དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་པའི་བར་གསུངས། དོན་ནི། དངོས་སྨྲ་བ་གཞན་གྱི་ལུགས་ལ་ཕྱི་ནང་གི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་ལ། ཤེས་བྱ་ལ་ཡང་རྨོངས་པའི་སྒྲིབ་པ་མཐའ་དག་སྟོན་པ་ཡིས་ཟད་པར་བརྗོད་པ་གང་ཡིན་པའི་དངོས་སྨྲ་བའི་ལུགས་དེ་ལ་བྱམས་པ་ཁོ་བོས་ངོ་མཚར་དུ་བརྩིས་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། སྒྲིབ་པ་བདེན་པར་གྲུབ་ན་གཉེན་པོས་སྤང་དུ་མི་རུང་བས་དེ་ལྟར་འདོད་པ་དེ་གཞད་གད་ཀྱི་གནས་ཡིན་པར་རྟོགས་པའི་ཕྱིར། གསུམ་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ནས། ཡང་དག་མཐོང་ནས་རྣམ་པར་གྲོལ། ཤེས་པའི་བར་གསུངས། དོན་ནི། ཁམས་རང་བཞིན་གྱི་རྣམ་པར་དག་པ་འདི་ལ་ཆོས་ཅན། གང་ཟག་དང་ཆོས་ཀྱི་བདག་གཉིས་སྔར་ཡོད་གསར་དུ་བསལ་བར་བྱ་བ་དང་། བདག་འཛིན་གཉིས་དོན་དམ་པར་གྲུབ་པ་ཅི་ཡང་མེད་དེ། བདག་འཛིན་གཉིས་ཞེན་ཡུལ་དང་བཅས་པ་དོན་དམ་པར་གྲུབ་མ་མྱོང་པའི་ཕྱིར། ཡང་དེ་ཆོས་ཅན། བདག་མེད་གཉིས་སྔར་མེད་པར་གསར་དུ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། བདག་གཉིས་གདོད་ནས་མ་གྲུབ་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱུ་མཚན་དེས་ན། རྟེན་འབྲེལ་བདེན་པར་མེད་པའི་ཡང་དག་པའི་དོན་ཉིད་ལ་མཉམ་པར་བཞག་པའི་ཤེས་རབ་ཀྱིས་ཡང་དག་བར་ལྟ་བ་ཡིན་ཏེ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མཐོང་ནས་ཡང་ཡང་གོམས་པར་བྱས་པས་མཐོང་པ་པོ་སྒྲིབ་གཉིས་ལས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་རོ། །འདིའི་དོན་གོ་བདེ་བར་བཤད་ན་འདི་ལྟར་ཡིན་ཏེ། ཆོས་ཐམས་ཅད་གྲུབ་ཙམ་ཉིད་ནས་བདེན་པར་མེད་པ་ཡིན་གྱི་བདེན་གྲུབ་དེ་ཉིད་སྔར་ཡོད་ལུང་རིགས་སོགས་ཀྱིས་གསར་དུ་མེད་པར་བྱས་པ་མིན་ཅིང་། བདེན་སྟོང་དེ་ཡང་སྔར་མེད་གསར་དུ་ལུང་རིགས་སོགས་ཀྱིས་བཞག་པ་མ་ཡིན་པས། ཡང་དག་པའི་དོན་གྱི་གནས་ལུགས་སྔར་ཡོད་ལ་དེར་ངོ་ཤེས་པར་བྱས་ནས་གྲོལ་བར་འགྱུར་རོ་ཞེས་པའི་དོན་ཡིན་པའི་ཕྱིར། འདིས་དབུ་མའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་བསྟན་པ་ཡིན་ཏེ། གཟུགས་སོགས་བདེན་སྟོང་གཞི། དེ་རྟོགས་པའི་ཡེ་ཤེས་ལམ། ངོ་བོ་ཉིད་སྐུ་ལྟ་བུ་འབྲས་བུ་དབུ་མར་བཞག་པ་ཡིན་པའི་ཕྱིར། གསུམ་པ་ལ། དངོས་དང་། སྤངས་པ་ལ་དབང་བྱེད་པ་གཉིས་། དང་པོ་ནི། སྦྱིན་པ་ལ་སོགས་རེ་རེར་ནི། །ནས། བསྡུས་བ་དེ་འདིར་མཐོང་པའི་ལམ། །ཞེས་པའི་བར་གསུངས། དོན་ནི། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ངོ་བོ་རེ་རེར་ནི་སྦྱིན་སོགས་དེ་དག་ཕན་ཚུན་བསྔགས་པ་གང་ཡིན་པ་སྐད་ཅིག་གཅིག་པའི་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། སྐབས་འདིར་མཐོང་བའི་ལམ་གྱི་རྩེ་སྦྱོར་ཡིན་ཏེ། མཐོང་སྤང་ཤེས་སྒྲིབ་དངོས་སུ་འཇོམ་པར་བྱེད་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། དེ་ནས་སེདྒེ་རྣམ་བསྒྱིངས་པའི། །ནས། ལུགས་མི་མཐུན་ལ་རྟོགས་པར་བྱེད། །ཞེས་པའི་བར་གསུངས། དོན་ནི། བཤད་ཟིན་པ་དེ་ནས་མཐོང་ལམ་རྩེ་སྦྱོང་ལ་གནས་པའི་སེམས་དཔའ་ཆོས་ཅན། རང་གི་སྤངས་པ་ལ་དབང་བྱེད་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། མཉམ་བཞག་ཏུ་སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུས་ཕྱིས་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོགས་པར་བྱེད་པའི་སེམས་དཔའ་ཡིན་པའི་ཕྱིར། དེར་ཐལ། སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རྣམ་གྲོལ་ལམ་ལས་ལངས་རྗེས་སུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་འབྱུང་བའི་བར་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས་སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་། ཡང་རྒ་ཤི་སྐྱེ་བ་ལས་འབྱུང་བ་ནས་འདུ་བྱེད་མ་རིག་པ་ལས་འབྱུང་བའི་བར་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མི་མཐུན་དང་། རྒ་ཤི་འགགས་པས་མ་རིག་པ་འགགས་པའི་བར་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མི་མཐུན་དུ་རྟོག་པའི་ཕྱིར་རོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་བཤད་པ་ལ། གཉེན་པོ་སྒོམ་ལམ། སྤང་བྱ་རྟོག་པ། དེ་སྤངས་པའི་ཕན་ཡོན་གསུམ། དང་པོ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ནས། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པའི་བར་གསུངས། དོན་ནི། ས་བརྒྱད་པ་པའི་རྒྱུད་ཀྱི་སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་གྱི་སྙོམས་འཇུག་ཆོས་ཅན་ཐོད་རྒལ་གྱི་སྦྱོར་བ་ཡིན་ཏེ། ཐོད་རྒལ་གྱི་དངོས་གཞི་དངོས་འགྲོ་འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་པོའི་བར་དག་ཏུ། གང་ཡང་མ་བཅུག་པར་ལུགས་མཐུན་དང་ལུགས་མི་མཐུན་རྣམ་པ་གཉིས་སུ་ཡར་སོང་ཞིང་མར་འོངས་ནས་སྙོམས་པར་འཇུག་པའི་མངོན་རྟོགས་མདོར་བཤད་པ་དེ་ཡིན་པའི་ཕྱིར། ས་བརྒྱད་པ་པའི་རྒྱུད་ཀྱི་མཉམ་བཞག་མ་ཡིན་པའི་འདོད་པར་གཏོགས་པའི་ལས་བསྡུས་པའི་རྣམ་པར་ཤེས་པས་ས་མཚམས་གཟུང་སྟེ་བར་ལ་འདོད་སེམས་སྤེལ་བའི་སྙོམས་འཇུག་དེ་ཆོས་ཅན། ཐོད་རྒལ་དུ་ནི་སྙོམས་པར་འཇུག་པའི་དངོས་གཞི་ཡིན་ཏེ། སྦྱོར་བ་སེདྒེ་རྣམ་བསྒྱིངས་སྔོན་དུ་བཏང་ནས་དང་པོར་འགོག་པ་ལ་སྙོམས་པར་འཇུག །དེ་ལས་ལངས་ནས་འདོད་སེམས་མངོན་དུ་བྱེད། དེ་ནས་འགོག་པ་གཅིག་པུ་བརྒལ་ནས་སྲིད་རྩེ་དང་། དེ་ནས་འདོད་སེམས། དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བརྒལ་ནས་ཅི་ཡང་མེད་དང་། དེ་ནས་ཡང་འདོད་སེམས། དེ་ལྟར་དེ་གསུམ་བརྒལ་ནས་རྣམ་ཤེས་མཐའ་ཡས་དང་། དེ་ནས་འདོད་སེམས། དེ་ལྟར་བཞི་བརྒལ་ནས་ནམ་མཁའ་མཐའ་ཡས་དང་། ཡང་འདོད་སེམས། དེ་ལྟར་ལྔ་བརྒལ་ནས་བསམ་གཏན་བཞི་པ་དང་། ཡང་འདོད་སེམས། དེ་ལྟར་དྲུག་བརྒལ་ནས་བསམ་གཏན་གསུམ་པ་དང་། ཡང་འདོད་སེམས། དེ་ལྟར་བདུན་བརྒལ་ནས་བསམ་གཏན་གཉིས་པ་དང་། ཡང་འདོད་སེམས། དེ་ལྟར་བརྒྱད་བརྒལ་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ནས་འདོད་སེམས་མངོན་དུ་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཡིན་པའི་ཕྱིར། དེ་ལྟ་བུའི་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་རང་བཞིན་ཐོད་རྒལ་གྱི་སྙོམས་འཇུག་ཞེས་བྱ་སྟེ། འགོག་པ་དང་བཅས་པའི་སྙོམས་འཇུག་དགུའི་བར་དུ་འདོད་སེམས་སྤེལ་ཏེ། སྤེལ་གཞི་དང་སྤེལ་ཆོས་མི་འདྲ་བར་སྤེལ་ནས་འགྲོ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར་ཏེ། སྤེལ་གཞི་མཐར་གནས་སྙོམས་འཇུག་དགུ་ལ་སྤེལ་ཆོས་འདོད་སེམས་སྤེལ་ནས་སྙོམས་པར་འཇུག་པའི་སྙོམས་འཇུག་ཡིན་པའི་ཕྱིར། དེ་ནི་དངོས་བསྟན་ཡིན་ལ། དེའི་ཤུགས་ཀྱིས་གང་བསྟན་པ་ཡང་ཡོད་དེ། བར་དུ་གང་ཡང་མ་གྲུབ་པའི་ཡར་སོང་གཅིག་དང་། མར་འོངས་བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་བ་གཉིས་དོན་གྱིས་བསྟན་པའི་ཕྱིར། གཉིས་པ་སྦང་བྱ་རྟོག་པ་ལ། གཟུང་རྟོག་དང་འཛིན་རྟོག་བཤད་པ་གཉིས། དང་པོ་ལ། འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གཉིས། དང་པོ་ནི། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །ནས། སྦྱོར་པའི་རྣམ་པའི་སྤྱོད་ཡུམ་ཅན། །ཞེས་པའི་བར་གསུངས། དོན་ནི། གཉེན་པོ་སྦྱོང་བའི་རྣམ་པའི་སྤྱོད་ཡུལ་ཅན་སྤང་བྱ་ཤེས་སྒྲིབ་འཇུག་པ་གཟུང་བའི་རྣམ་པར་རྟོག་པ་འདི་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། མདོར་བསྡུས་པའི་གསུང་རབ་བརྗོད་བྱ་དང་བཅས་པ་ལ། དམིགས་ནས་འཇུག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་གསུང་རབ་རྒྱས་པའི་བརྗོད་བྱ་བ་དང་། སངས་རྒྱས་ཀྱི་བསྲུང་བས་ཏེ་གྲོགས་ཀྱིས་ཡོངས་སུ་མ་བཟུང་བའི་གཉེན་པོ་ཤེར་ཕྱིན་མ་དང་། འདས་པ་སྦྱོར་ལམ་དང་ད་ལྟ་བ་མཐོང་ལམ་དང་མ་འོངས་པ་སྒོམ་ལམ་སྟེ་དུས་གསུམ་ཀྱི་ཡོན་ཏན་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་ལ་དམིགས་པ་དུས་ལ་ལྟོས་པ་གསུམ་དང་། ལེགས་པའི་མྱ་ངན་ལས་འདས་པའི་ལམ་ནི་སྦྱོར་མཐོང་སྒོམ་པའི་ལམ་སྒོམ་པའི་ལམ་རྣམ་པ་གསུམ་གྱི་ངོ་བོ་ལ་དམིགས་ནས་འཇུག་བྱར་བདེན་པར་འཛིན་པའི་བདེན་འཛིན་གསུམ་དང་བཅས་པ་དགུ་ཡོད་པའི་ཕྱིར། གཉིས་པ་ནི། གཉིས་པ་སེམས་དང་སེམས་བྱུང་རྣམས། །ནས། སྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་པའི་བར་གསུངས། དོན་ནི། ཐེག་ཆེན་གྱི་སྒོམ་པའི་ལམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་འཇུག་པའི་ཡུལ་ཅན་བར་ཆད་མེད་ལམ་རྣམས་ཀྱིས་སྤོང་བར་ཡིན་པར་བཞེད་པའི་གཉིས་པ་ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཆོས་ཅན། ཁྱོད་ལ་དགུ་ཡོད་པར་ཤེས་པར་བྱ་སྟེ། རེ་ཞིག་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་ལ་དམིགས་ནས་ལྡོག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་པ་ལ་དང་། ཉན་རང་གི་ཐེག་པ་དམན་པ་ཡིད་ལ་བྱེད་པ་གཉིས་ལ་དང་། རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་ལ་དང་། ལམ་ཤེར་ཕྱིན་གྱི་གཟུགས་བརྙན་སྒོམ་པ་ལ་དང་། སྟོང་ཉིད་ཕྲ་མོ་སྒོམ་པ་མེད་པ་ལ་དང་། སྒོམ་དང་སྒོམ་པ་མེད་པ་དེ་དག་ལས་ནི་བཟློག་པ་སྒོམ་མིན་པ་ཉིད་ལ་དམིགས་པ་གཉིས་པ་དང་། གནས་ལུགས་ཇི་ལྟ་བ་བཞིན་གྱི་དོན་མ་ཡིན་པ་རྣམས་ལ་དམིགས་ནས་ལྡོག་བྱར་བདེན་པར་རྣམ་པར་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོགས་པ་གཉིས། དང་པོ་ནི། སེམས་ཅན་བཏགས་པའི་སྦྱོད་ཡུལ་ཅན། །ནས། ཤེས་བར་བྱ་བ་བསྒྲགས་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། སྤང་བྱ་རྫས་སུ་འཛིན་པར་བྱེད་པ་དང་པོར་གནས་པ་དེ་ལྟར་ཤེས་པར་བྱ་བ་མདོ་ལས་བསྒྲགས་པ་གང་ཡིན་པའི་སྒོམ་སྤང་རྫས་འཛིན་རྟོགས་པ་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། སེམས་ཅན་དུ་བཏགས་པའི་སྤྱོད་ཡུལ་སོ་སྐྱེ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པ་དང་། དེ་བཞིན་དུ་ཕུང་སོགས་ཀྱི་ཆོས་སུ་བཏགས་པ་ཙམ་གྱིས་གང་ཟག་ལ་དང་། ཐ་སྙད་དུ་ཡོད་པས་སྟོང་པ་མ་ཡིན་པ་ཉིད་ཀྱི་མཁྱེན་གསུམ་སྒོམ་པའི་གང་ཟག་ལ་དང་། དམིགས་པ་ལ་བདེན་པར་ཆགས་པའི་སྐྱེ་བོ་ལ་དང་། གནས་ལུགས་ཀྱི་དོན་རབ་ཏུ་འབྱེད་པའི་བདག་ཉིད་ཅན་གྱི་བྱང་སེམས་ལ་དང་། དམན་པའི་མྱ་འདས་ཀྱི་དངོས་པོ་ཐོབ་བྱར་བྱེད་པའི་ཉན་རང་འཕགས་པ་ལ་དང་། ཐེག་པ་གསུམ་གྱིས་ངེས་འབྱུང་བའི་བྱང་སེམས་ལ་དང་། སྦྱིན་བདག་གི་ཡོན་གྱི་དག་པ་མ་ཡིན་པའི་ཉན་ཐོས་ཚོགས་ལམ་པ་ལ་དང་། ཕྱིན་དྲུག་གི་སྤྱོད་པ་རྣམ་པར་འཁྲུག་པའི་ཉན་ཐོས་ཚོགས་ལམ་པ་ལ་དམིགས་ནས་ལོངས་སྤྱོད་དུ་བདེན་པར་འཛིན་པའི་བདེན་འཛིན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཞེས་སོགས་རྐང་པ་བཞིས་མདོར་བསྟན་ནས། བདག་ཉིད་ཇི་བཞིན་ཀུན་མཁྱེན་ཉིད། །ནས། རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པའི་བར་གྱིས་རྒྱས་པར་བཤད་ལ། དང་པོའི་དོན་ནི། སེམས་ཅན་དུ་ཐ་སྙད་དུ་བཏགས་པ་དང་ཐ་སྙད་དེ་འདོགས་པའི་རྒྱུ་ཡི་ཕུང་པོ་ལ་བདེན་པར་ཞེན་པའི་ཡུལ་ཅན་གཞན་སྒོམ་སྤང་བཏགས་འཛིན་རྟོག་བ་ཆོས་ཅན། ཐེག་ཆེན་གྱི་སྒོམ་པའི་དེ་ཡིས་རྣམ་པར་འཇོམས་པས་སྒོམ་པའི་ལམ་དེ་དང་འབྲེལ་བ་ཡི་མི་མཐུན་པའི་ཕྱོགས་རྣམ་པ་དགུ་ཡོད་དེ། དམིགས་ཡུལ་གྱི་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། གཉིས་པའི་དོན་ནི། རྟོག་པ་དེ་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། རང་གི་དམིགས་པའི་བདག་ཉིད་ཇི་བཞིན་དུ་གཞི་ཤེས་སོགས་ཀུན་མཁྱེན་ནི་རྣམ་པ་གསུམ་གྱི་སྒྲིམ་པ་རྣམ་པ་གསུམ་སྤོང་པའི་སྐྱེས་བུ་ལ་དམིགས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རྨོངས་པ་གསུམ་དང་། དེ་བཞིན་དུ་སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་རྨོངས་པ་དང་། ཆོས་ཉིད་ཀྱི་དེ་བཞིན་ཉིད་ལ་སོགས་པ་དང་ཆོས་ཅན་གཟུགས་སོགས་མཚུངས་པར་ལྡན་པ་ངོ་བོ་གཅིག་པ་དང་མི་ལྡན་པ་ངོ་བོ་ཐ་དད་པ་ལ་དང་། ཐེག་པ་ཆེ་ཆུང་གི་ལམ་མི་མཉམ་པ་ལ་དང་། སྡུག་བསྔལ་ལ་སོགས་པ་བདེན་བཞིའི་ཆོས་ཉིད་ལ་དང་། ཉོན་མོངས་རྣམས་གློ་བུར་བ་ཉིད་ཀྱི་རང་བཞིན་ལ་དང་། གཟུང་འཛིན་རྗས་ཐ་དད་པའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་ཀུན་ཏུ་རྨོངས་པའི་སྐྱེས་བུ་ལ་དམིགས་ནས་ལོངས་སྦྱོད་པ་པོར་བདེན་པར་རྣམ་བར་རྟོག་པ་ཐ་མར་བཞེད་པ་རྣམས་སུ་ཡོད་པའི་ཕྱིར། སྐབས་འདིར་དངོས་སུ་བསྟན་པ་ནི་རྟོག་པ་ལྷན་སྐྱེས་ཀྱི་དབང་དུ་མཛད་པ་ཡིན་ཏེ། སྒོམ་སྤངས་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར། གཟུང་རྟོག་དང་འཛིན་རྟོག་ཏུ་འཇོག་ཚུལ་གྱི་ཁྱད་པར་ནི་སྔར་བཤད་པ་དང་འདྲའོ། གསུམ་པ་ཕན་ཡོན་ནི། ཡམས་ནད་འདི་རྣམས་ཟད་ནས་ནི། །ནས། རྣམས་པ་ཀུན་ཏུ་བསྟེན་པར་བྱེད། །ཅེས་པའི་བར་གསུངས། དོན་ནི། ཐེག་པ་ཆེན་པོའི་སྤངས་རྟོགས་ཀྱི་འབྲས་བུ་མཆོག་གིས་སྤ་བ་སྟེ་མཛེས་པ་ཡི་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་སེམས་དཔའ་ཆེན་པོ་དེ་ཆོས་ཅན། ཁྱོད་ལ་ནི་ཐེག་པ་གསུམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཕུན་སུམ་ཚོགས་པ་རྣམ་པ་ཀུན་ཏུ་བསྟེན་པར་བྱེད་དེ། ནད་པ་ནད་ལས་གྲོལ་ནས་ཡུན་རིང་ལོན་ནས་དགའ་བས་དབུགས་ཕྱིན་པ་ལྟར་མི་བཟད་པའི་ཡམས་ནད་དང་འདྲ་བའི་སྒོམ་སྤངས་ཆུང་ངུའི་ཆུང་ངུ་སོགས་སྤང་བྱ་འདི་རྣམས་ཟད་ནས་ནི་རྣམ་པ་ཀུན་ཏུ་འགྲོ་བ་ཡི་སྒྲིབ་གཉིས་ཀྱི་ནད་སེལ་བར་བྱེད་པའི་སྤང་བའི་ཡོན་ཏན་དང་། རྒྱ་མཚོ་ཆེ་ལ་ཆུ་བོ་འདུ་བ་བཞིན་དུ་ཐེག་པ་གསུམ་གྱི་རྟོགས་རིགས་རྣམས་ངང་གིས་འདུ་བས་འགྲོ་བའི་བདེ་བ་མ་ལུས་པ་སྒྲུབ་པར་བྱེད་པའི་རྟོགས་པའི་ཡོན་ཏན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་བཤད་པ་ལ། དངོས་ཀྱི་དོན་དང་། ལོག་རྟོག་བསལ་བ་གཉིས། དང་པོ་ལ། བསོད་ནམས་མང་པོས་མཚོན་ཏེ་བསྟན་པ་དང་། དམིགས་རྣམ་བཤད་པ་གཉིས། དང་པོ་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། ནས། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པའི་བར་གསུངས། དོན་ནི། མདོ་ལས་སྟོང་གསུམ་ཀྱི་སྐྱེ་བོ་རྣམས་ཉན་ཐོས་དང་བསེ་རུ་ལྟ་བུའི་རང་རྒྱལ་གྱི་རྟོགས་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སྐྱོན་མེད་པའི་ས་དང་པོ་ལ་བཀོད་པའི་དགེ་བ་རྣམས་བསོད་ནམས་ཆེ་བ་དཔེར་མཛད་ནས་དེ་བས་ཀྱང་བསོད་ནམས་ཆེས་མང་པོ་ཉིད་ཀྱིས་ནི་མཚོན་ཏེ་བསྟན་པའི་རྒྱུན་མཐའི་བར་ཆད་མེད་ལམ་པའི་ཏིང་ངེ་འཛིན་དེ་ནི་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། སངས་རྒྱས་ཉིད་ཀྱི་ཡེ་ཤེས་རྣམ་པ་ཀུན་མཁྱེན་པ་ཉིད་བར་ཆད་མེད་ལམ་དུ་དངོས་སུ་སྐྱེད་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། །ནས། །རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །ཞེས་པའི་བར་གསུངས། དོན་ནི། བདེན་གྲུབ་ཀྱི་དངོས་པོ་མེད་པ་དེ་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་འདི་ཡི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་གཞི་ཡིན་པའི་ཕྱིར། རྒྱུན་མཐའི་སྦྱོར་བའི་དུས་ཀྱི་དྲན་པ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། རྩེ་སྦྱོར་དེའི་བདག་པོའི་རྐྱེན་ཡིན་པར་བཞེད་དེ། དེ་རང་དབང་དུ་དངོས་སུ་བསྐྱེད་པར་བྱེད་པའི་སེམས་པའི་ཡེ་ཤེས་ཡིན་པའི་ཕྱིར། བར་ཆད་མེད་པའི་རྩེ་སྦྱོར་ཆོས་ཅན། རྣམ་པ་ཞི་བ་ཉིད་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བའི་སེམས་དཔའི་རྣམ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་འདི་ཆོས་ཅན། ཤིན་ཏུ་ཟབ་པ་ཡིན་ཏེ། ཁྱོད་ལ་ནི་བདེན་གཉིས་ངོ་བོ་འགལ་བར་འཛིན་པའི་དབང་གིས་རྩོད་པ་རབ་ཏུ་སྨ་བ་རྣམས་ཀྱིས་རྒྱུད་མར་རྒོལ་བར་འབྱུང་ཡང་ཀླན་ཀའི་གནས་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལོག་རྟོག་བསལ་པ་ནི། དམིགས་པ་འཐད་དད་དེ་ཡི་ནི། །ནས། རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཞེས་པའི་བར་གསུངས། དོན་ནི། རྣམ་པ་ཀུན་མཁྱེན་པ་ཉིད་དང་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམས་ལ་བརྟེན་པ་ཅན་གྱི་བདེན་གཉིས་ངོ་བོ་གཅིག་ཏུ་འདུ་མི་རུང་བར་འགལ་བར་སྨྲ་བ་རྣམས་ཀྱིས་ལོག་པར་རྟོག་པ་ཆོས་ཅན། རྣམ་པ་བཅུ་དྲུག་དག་ཏུ་བཞེད་དེ། བར་ཆད་མེད་པའི་རྩེ་སྦྱོར་དེའི་དམིགས་པ་འཐད་པ་ལ་མི་འཐད་དོ་སྙམ་དུ་ལོག་པར་རྟོག་པ་དང་། དེ་བཞིན་དུ་དམིགས་པ་དེ་ཡི་ནི་ངོ་བོ་ཉིད་བདེན་སྟོང་དུ་ངེས་པར་བཟུང་བ་ལ་དང་། འབྲས་བུ་རྣམ་ཀུན་མཁྱེན་ཉིད་ཀྱི་ཡེ་ཤེས་ལ་དང་། དོན་དམ་པའི་བདེན་པའི་དོན་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ལ་དང་། སྤྱོད་པ་ཞི་ལྷག་ཟུང་འབྲེལ་ཀྱི་རྣལ་འབྱོར་བ་དང་། སྐྱབས་དཀོན་མཆོག་གསུམ་སོ་སོ་ལ་དང་། ཐབས་ལ་མཁས་དང་བཅས་པ་ལ་དང་། ཐུབ་པའི་མངོན་པར་རྟོགས་པ་ལ་དང་། རྟག་འཛིན་སོགས་ཕྱིན་ཅི་ལོག་བཞི་དང་ནི་དེ་དག་སྤོང་བར་བྱེད་པའི་ལམ་དང་བཅས་པ་གཉིས་པ་ལ་དང་། གཉེན་པོ་ཡེ་ཤེས་དང་སྤང་བྱ་མི་མཐུན་ཕྱོགས་དག་ལ་དང་། སྒོམ་བྱ་དང་སྤྱིའི་མཚན་ཉིད་དང་དེ་སྒོམ་པ་གཉིས་ལ་ལོག་པར་རྟོག་པ་གཉིས་རྣམས་སུ་ཡོད་པའི་ཕྱིར། ལོག་རྟོག་རྣམས་ཀྱི་ཀུན་ནས་བསླངས་པའི་སུན་འཕྱིན་དེ་ལ་གཉིས་ཡོད་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་དང་དོན་དམ་སྒོ་ཅན་གྱི་ཀླན་ཀ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། དབུ་མ་པའི་ཀུན་རྫོབ་ཀྱི་ཁས་ལེན་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པའི་སུན་འབྱིན་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་དང་། དབུ་མ་པའི་དོན་དམ་གྱི་ཁས་ལེན་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པའི་སུན་འབྱིན་དེ། དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་པའི་ཕྱིར། དང་པོ་ནི། དངོས་སྨྲ་བས་དབུ་མ་པ་ལ་ས་བོན་གྱིས་མྱུ་གུ་བསྐྱེད་པ་མི་འཐད་པར་ཐལ། ས་མྱུ ག་ཀུན་རྫོབ་ཏུ་གྲུབ་པའི་ཕྱིར་ཞེས་འཕངས་པའི་སུན་འབྱིན་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ནི། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་མི་འཐད་པར་ཐལ། ཆོས་ཐམས་ཅད་དོན་དམ་པར་གྲུབ་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་པའི་ཕྱིར་རོ། །གསུམ་པ་མཐར་གྱིས་སྦྱོར་བ་ནི། སྦྱིན་པ་ཤེས་རབ་བར་དག་དང་། ཞེས་པ་ནས། མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། མཐར་གྱིས་པ་ཡི་བྱ་བར་བཞེད་པ་བཅུ་གསུམ་ཡོད་དེ། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་མཐར་གྱིས་བར་དྲུག་དག་དང་། སངས་རྒྱས་ལ་སོགས་པ་སྟེ་ཆོས་དགེ་འདུན་ཚུལ་ཁྲིམས་གཏོང་བ་ལྷ་རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པ་ཉིད་ཀྱི་ནི་དབྱེ་བས་མཐར་གྱིས་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། མཐར་གྱིས་སྦྱོར་བའི་དོན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པར་བརྒྱ་བདུན་ཅུ་རྩ་གསུམ་བསྒོམ་པའི་ཚེ་ཆོས་བཅུ་གསུམ་པོ་དེས་ཟིན་པའི་སྒོ་ནས་གོ་རིམ་མ་འཆོལ་བར་སྒོམ་པར་བྱེད་པའི་དོན་ཡིན་པའི་ཕྱིར། །བཞི་པ་སྐད་ཅིག་སྦྱོར་བ་བཤད་པ་ལ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་བ། རྣམ་པར་སྨིན་པའི། མཚན་ཉིད་མེད་པའི། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་དང་བཞི། དང་པོ་ལ་དངོས་དང་། དཔེ་གཉིས་ལས། དང་པོ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་ཐུབ་པའི་རྒྱུད་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ལམ་གྱི་རིགས་རྣམས་མངོན་དུ་བྱེད་པའི་སྦྱོར་བ་འདི་ནི་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་གཅིག་པ་ཡི་རྟོགས་པ་ཡིན་པར་ཤེས་བྱ་སྟེ། སྦྱིན་པ་ལ་སོགས་པའི་ཕྱིན་དྲུག་རེ་རེས་ཀྱང་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་ཀྱི་རིགས་ཀུན་བསྡུས་ནས་མངོན་དུ་བྱེད་པའི་སེམས་དཔའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་དཔེ་ནི། ཇི་ལྟར་སྐྱེས་བུ་ཟོ་ཆུན་རྒྱུད། །ཞེས་སོགས་རྐང་བ་བཞི། དོན་ནི། རྒྱུད་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཟག་མེད་ཀྱི་ཡེ་ཤེས་ཐམས་ཅད་ཤེས་ནུས་པ་ཐོབ་པ་ཡིན་ཏེ། ཇི་ལྟར་ཏེ་དཔེར་ན་ཟོ་ཆུན་གྱི་རྒྱུད་གཅིག་སྐྱེས་བུས་རྡོག་ཐབས་གཅིག་གིས་བསྐྱོད་པ་ན་རྒྱུད་ཐམས་ཅད་ཅིག་ཆར་འགུལ་བ་ལྟར་དཔེ་ཚུལ་དེ་བཞིན་དུ་ཤེས་ནུས་པའི་ཕྱིར། གཉིས་པ་རྣམ་པར་སྨིན་པ་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །ཞེས་སོགས་རྐང་པ་བཞི། དོན་ནི། སྒྲིབ་གཉིས་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྒོམ་པ་གང་གི་ཚེ་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟག་མེད་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་རྒྱུན་མཐའི་ཡེ་ཤེས་སྐྱེས་པ་དེའི་ཚེ་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། ཟག་མེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་དུ་བྱེད་ནུས་པ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་མཚན་ཉིད་མེད་པ་ནི། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། ཀུན་བྱང་གི་ཆོས་རྣམས་དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་དུས་སྐད་ཅིག་མ་གཅིག་གིས་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་གི་སྤྱོད་པ་ཡིས་ཆོས་ཀུན་སྣང་ལ་རང་བཞིན་མེད་པ་རྨི་ལམ་དང་འདྲ་བར་རྟོགས་པ་ལ་གནས་ནས་གོམས་པའི་སེམས་དཔའི་རྣམ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། བཞི་པ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་པ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད་ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། རྒྱུན་མཐའི་བར་ཆད་མེད་ལཾ་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། གཟུང་འཛིན་གྱི་ཆོས་རྣམས་རྫས་ཐ་དད་ཀྱིས་སྟོང་པ་གཉིས་སུ་མེད་པ་ཡི་དེ་ཉིད་སྐད་ཅིག་མ་གཅིག་གིས་མངོན་སུམ་དུ་མཐོང་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། དཔེར་ན། རྨི་ལཾ་གྱི་རི་རབ་ཁང་ཁྱིམ་སོགས་དང་ནི་དེ་མཐོང་པའི་སད་པའི་ཤེས་པ་ཉིད་རྫས་ཐ་དད་པ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་རོ། སྐད་ཅིག་མའི་སྦྱོར་བ་བཞི་པོ་ནི་འགལ་བ་མ་ཡིན་ཏེ། གཞི་གཅིག་བྱེད་ལས་ཐ་དད་པའི་སྒོ་ནས་བཞག་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡིན་པའི་ཕྱིར་ཏེ། རྩ་བར་མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་གསུངས་པའི་ཕྱིར་རོ། །ཅེས་པ་འདི་ཉིད་ཀྱང་བཤད་སྒྲུབ་མིང་ཅན་གྱིས་བྲིས་པའོ། །བཀྲ་ཤིས། །


previousསྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད།next