Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
 
  
  
ལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ།
  
  
  
  
  
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ།next

ལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ།

ལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ་བཞུགས།

ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ། དཀར་ནག་ལས་ཀྱི་རྣམ་སྨིིན་མི་འཁྲུལ་བར། །སོ་སོར་འབྱིན་པའི་ལས་འབྲས་མི་སླུའི་ཚུལ། །ཇི་བཞིན་གཟིགས་ནས་སྟོན་མཛད་སྐྱབས་ཀྱི་ཕུལ། །ཟླ་མེད་སྟོན་པ་ཐུགས་རྗེ་ཅན་དེར་འདུད། །ཟག་མེད་ཡེ་ཤེས་མཆོག་ལ་དབང་བསྒྱུར་བའི། །འཕགས་ཀུན་ལས་ཀྱི་དབང་དུ་འགྱུར་མིན་ཡང་། །ཆོས་ཉིད་མ་རྟོགས་ཚུ་རོལ་མཐོང་བ་རྣམས། །ལས་ཀྱི་ཆུ་བོས་འཁོར་པའི་རྒྱ་མཚོར་འཁྱེར། །དེ་ཕྱིར་མདོ་སྡེ་དག་ལས་ལས་ཉོན་གྱི། །རྣམ་པར་བཞག་པ་མང་ཡང་ལས་ཀྱི་ཚུལ། །སྒེར་དུ་འཆད་པའི་མདོ་ཡི་དགོངས་འགྲེལ་བར། །དད་པས་འཇུག་པའི་བརྩོན་པ་ལྷུར་ལེན་བྱ། །དེ་ཡང་མངོན་པ་མཛོད་སོགས་ནས་འབྱུང་བ་ལྟར་གྱི་ལམ་དཀར་ནག་གི་རྣམ་གཞག་ཞིག་བདག་གིས་གཞན་དུ་བཤད་ཟིན་ལ། འདིར་ལས་རྣམ་པར་འབྱེད་པ་དང་རྣམ་པར་འགྱུར་པའི་མདོ་གཉིས་དང་མདོ་གཞན་ནས་འབྱུང་བའི་དོན་འགའ་ཞིག་ཅི་ལྟར་རིགས་པར་བསྡུས་ནས་གོ་རིམ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ཡང་ལས་ལ་དབྱེ་ན། ཚེ་ཐུང་བར་འགྱུར་པའི་ལས། ཚེ་རིང་བའི་ལས། ནད་མང་བའི་ལས། ནང་ཉུང་བའི་ལས། མི་སྡུག་པར་འགྱུར་པའི་ལས། མཛེས་པར་འགྱུར་པའི་ལས། དབང་ཆུང་ངུར་འགྱུར་བའི་ལས། དབང་ཆེ་བའི་ལས། མ་རབས་སུ་སྐྱེ་བའི་ལས། ཡ་རབས་སུ་འགྱུར་བའི་ལས། དབུལ་པོར་འགྱུར་པའི་ལས། ཕྱུག་པོར་འགྱུར་པའི་ལས། ཤེས་རབ་ཆུང་བར་འགྱུར་བའི་ལས། ཤེས་རབ་ཆེ་བའི་ལས། དམྱལ་བར་སྐྱེ་བའི་ལས། བྱོལ་སོང་དུ་སྐྱེ་བའི་ལས། ཡི་དྭགས་སུ་སྐྱེ་བའི་ལས། ལྷ་མིན་དུ་སྐྱེ་བའི་ལས། མིར་སྐྱེ་བའི་ལས། གཟུགས་ཁམས་ཀྱི་ལྷར་སྐྱེ་བའི་ལས། གཟུགས་མེད་ཀྱི་ལྷར་སྐྱེ་བའི་ལས། སྐྱེ་བར་ངེས་པའི་ལས། སྐྱེ་བར་མ་ངེས་པའི་ལས། ཡུལ་གཞན་དུ་སྨིན་པའི་ལས། བྱས་ལ་བསགས་པ་མ་ཡིན་པའི་ལས། བསགས་ལ་མ་བྱས་པའི་ལས། བྱས་ལ་བསགས་པའི་ལས། མ་བྱས་མ་བསགས་པའི་ལས། དམྱལ་བར་སྐྱེས་ནས་ཚེ་རྫོགས་དགོས་པའི་ལས། དེར་སྐྱེས་མ་ཐག་ཏུ་ཐར་པའི་ལས། སྔར་བདེ་ལས་ཕྱིས་མི་བདེ་པའི་ལས། སྔར་ཡང་བདེ་ལ་ཕྱིས་ཀྱང་བདེ་བའི་ལས། སེར་སྣ་ཅན་དུ་འགྱུར་བའི་ལས། ཕྱུག་ཅིང་གཏོང་ཕོད་པའི་ལས། ཕྱུག་ཀྱང་སེར་སྣ་ཅན་དུ་འགྱུར་བའི་ལས། དབུ་ཡང་གཏོང་ཕོད་པའི་ལས། དབུལ་པོ་སེར་སྣ་ཅན་དུ་འགྱུར་པའི་ལས། ལུས་བདེ་ཡང་སེམས་མི་བདེ་བ། ལུས་མི་བདེ་ལ་སེམས་བདེ་བ། ལུས་སེམས་གཉིས་ཀ་བདེ་བ། དེ་གཉིས་ཀ་མི་བདེ་བ། ཚེ་ཟད་ལ་ལས་མ་ཟད་པ། ལས་ཟད་ལ་ཚེ་མ་ཟད་པ། གཉིས་ཀ་ཟད་པ། གཉིས་ཀ་མ་ཟད་པ། ངན་པའི་སར་སྐྱེས་ཀྱང་གཟུགས་མཛེས་པ་དང་ཁ་དོག་བཟང་པོ་ཐོབ་པ། ངན་པའི་སར་ཡང་སྐྱེས་ལ་གཟུགས་དང་ཁ་དོག་སོགས་ཀྱང་ངན་པར་འགྱུར་བའི་ལས་རྣམས་སོ། དེ་ལྟར་དབྱེ་བ་བསྟན་ནས་དེ་རྣམས་ཀྱི་ངོས་འཛིན་ལ། དང་པོ་ཚེ་ཐུང་བར་འགྱུར་པའི་ལས་ནི། སེམས་ཅན་གྱི་སྲོག་བཅད་པ་དང་། གཅོད་དུ་འཇུག་པ། སྲོག་གཅོད་པ་ལ་བསྟོད་པ། དེ་ལ་སྨོན་པ། མངལ་ནས་འཆི་བར་བྱེད་པ། བྱེད་དུ་འཇུག་པ། དགྲ་བོ་གསོད་པར་སེམས་པ། མེ་མཛའ་བ་ཤི་ན་དགའ་བ། དུད་འགྲོའི་རིགས་གསོད་པའི་རྟེན་འཆའ་ཤིང་གསོད་པ། གཞན་འཐབ་མོ་བྱེད་པ་ལ་ལྟ་ཞིང་ལྟ་འདོད་པ་དང་བཅུ་སྟེ། འདི་བཅུས་ཚེ་ཐུང་བར་མ་ཟད་ནད་མང་བར་འགྱུར་རོ། །ཚེ་རིང་པའི་ལས་ནི། སྲོག་གཅོད་པ་སྤོང་སྤོང་པ་ལ་བསྟོད་ཅིག་དགའ་བ། གསད་བྱ་བའི་སེམས་ཅན་གཏོང་བར་བྱེད་པ། འཇིགས་ཤིག་སྐྲག་པའི་སེམས་ཅན་དང་མགོན་མེད་པའི་སེམས་ཅན་དང་ནད་པའི་སྐྱབས་བྱེད་ཅིང་སྙིང་རྗེ་བ་དང་བྱམས་པ་བསྒོམ་པ། དབུལ་ཕོངས་ལ་ཟས་གོས་སོགས་སྟེར་བ་སྟེ། འདི་དག་གིས་ནི་ཚེ་རིང་ཞིང་ནད་མེད་པར་འགྱུར་རོ། །ནད་མང་བའི་ལས་ནི། དབྱུག་པ་དང་ཐལ་མོ་སོགས་ཀྱིས་བརྡེག་པ་དང་། བརྡེག་ཏུ་འཇུག་པ་དང་། དེ་ལ་དགའ་བ་དང་། ཕ་མ་དང་དམ་པ་རྣམས་ཀྱི་སེམས་མི་དགའ་བར་བྱེད་པ་དང་། མི་མཛའ་བ་རྣམས་ན་བ་དང་ནད་མ་སོས་ན་དགའ་བ། སྨན་ལོག་དང་མི་འཇུ་པའི་ཟས་སྟེར་བ་རྣམས་སོ། །ནད་ཉུང་བའི་ལས་ནི། སྔ་མ་ལས་བཟློག་པ་སྟེང་དབྱུག་པ་སོགས་ཀྱིས་མི་བརྡེག་པ་ནས། འཇུ་བའི་ཟས་སྟེར་པའོ། ཁ་དོག་མི་སྡུག་པའི་ལས་ནི། གཞན་ལ་ཁྲོ་བ་མང་བ་དང་། འཁོན་དུ་འཛིན་པ་དང་། གཏུམ་པ་དང་། འཕགས་པ་དང་ཕ་མ་སོགས་ལ་ངན་དུ་བརྗོད་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་གིས་གཞི་མི་སྡུག་པར་བྱས་པ་དང་། རྟེན་གྱི་མར་མེ་བསད་པ་དང་། སེམས་ཅན་ཁ་དོག་ངན་པ་རྣམས་ལ་ཕྱས་འདོགས་པ་དང་། གཙང་སྦྲ་མེད་པ་རྣམས་སོ། མཛེས་ཤིང་སྡུག་པར་འགྱུར་པའི་ལས་ནི། བཟོད་ཅིང་ཁོང་མི་ཁྲོ་བ་དང་འཁོན་དུ་མི་འཛིན་པ་ནས་གཙང་སྦྲ་བྱེད་པའི་བར་ཏེ་སྔ་མ་ལས་བཟློག་པའོ། །དབང་ཆུང་བར་འགྱུར་པའི་ལས་ནི། གཞན་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང་། དེའི་རྙེད་པ་ལ་མི་དགའ་བ་དང་། དེས་མ་རྙེད་ན་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་སྙན་པ་སོགས་ལ་མི་དགའ་བ་དང་། དེའི་གྲགས་པ་མིན་པ་སོགས་ལ་དགའ་བ་དང་། ཕ་མ་དང་འཕགས་པ་རྣམས་ལ་བརྙས་པ་དང་། དགེ་རྩ་ཆེན་པོ་བྱེད་པ་ལ་བར་དུ་གཅོད་ཅིང་ཆུང་ངུ་བྱེད་དུ་འཇུག་པ་དང་། དབང་ཆུང་བའི་གང་ཟག་རྣམས་ལ་དབང་ཆེན་བྱེད་པའོ། དབང་ཆེ་བར་འགྱུར་པའི་ལས་ནི། གཞན་གྱི་རྙེད་པ་ལ་ཕྲག་དོག་མི་བྱེད་ཅིང་དགའ་ནས་གཞན་ལ་དགེ་རྩ་ཆེན་པོ་བྱེད་དུ་འཇུག་པ་སྟེ་སྔ་མ་ལས་བཟློག་པའོ། །མ་རབས་སམ་རིགས་དམའ་བར་འགྱུར་པའི་ལས་ནི། ཁེངས་པ་དང་ང་རྒྱལ་ཆེ་བ་དང་། ཕ་མར་མི་འཛིན་པ་དང་། དགེ་སྦྱོང་དང་བྲམ་ཟེར་མི་ཤེས་པ་དང་། ཁྱིམ་གྱི་གཙོ་བོ་སོགས་ལ་རིམ་གྲོ་མི་བྱེད་པ་དང་། ཕ་མ་དང་འཕགས་པ་ལ་མི་ལྡང་བ་སོགས་སོ། ཡ་རབས་སམ་རིགས་མཐོ་བར་འགྱུར་པའི་ལས་ནི། ཁེངས་པ་དང་ང་རྒྱལ་མེད་པ་ནས་འཕགས་པ་རྣམས་ལ་ལྡང་པ་སྟེ་སྔ་མ་ལས་བཟློག་པའོ། དབུལ་ཞིང་ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་ནི། མ་བྱིན་པར་ལེན་པ་དང་། ལེན་དུ་འཇུག་པ་དང་། ལེན་པའི་བསྔགས་པ་བརྗོད་པ་དང་། ལེན་པ་ལ་རྗེས་སུ་ཡི་རང་བ་དང་། ཕ་མ་དང་འཕགས་པའི་གང་ཟག་གི་འཚོ་བ་རྒྱུན་གཅོད་པ་དང་། ཕ་རོལ་གྱིས་རྙེད་ན་མི་དགའ་ཞིང་མ་རྙེད་ན་དགའ་པ་དང་། དེའི་རྙེད་པའི་བར་ཆད་བྱེད་པ་དང་། མུ་གེ་བྱུང་ན་དགའ་བའོ། །ཕྱུག་ཅིང་ལོངས་སྤྱོོད་ཆེ་བར་འགྱུར་པའི་ལས་ནི། མ་བྱིན་པར་ལེན་པ་སྤོང་པ་ནས་གཞན་གྱི་ལོ་ལེགས་ན་དགའ་བའི་བར་ཏེ་སྔ་མ་ལས་བཟློག་པའོ། ཤེས་རབ་ཆུང་བར་འགྱུར་པའི་ལས་ནི། མཁས་པའི་དྲུང་དུ་སོང་ཡང་མི་འདྲི་མི་བསྟེན་བསྙེན་བཀུར་མི་བྱེད་པ་དང་། འཆལ་བའི་ཤེས་རབ་ཅན་ལ་བསྟེན་ཅིང་བཀུར་བ་དང་། མཁས་པ་དང་དེ་དག་གི་ལེགས་བཤད་སྤོང་ཞིང་གཞན་གྱི་ཉེས་བཤད་འཛིན་པ་དང་། དམ་པའི་ཆོས་སྤོང་ཞིང་ཆོས་མིན་སྟོན་པ་དང་། ཆོས་སྨྲ་བ་ལ་ལེགས་སོ་མི་སྦྱིན་པ་དང་། ལོག་པར་ལྟ་བ་ལ་བསྟོད་ཅིང་ཡང་དག་པར་ལྟ་བ་ལ་སྨོད་པའོ། །ཤེས་རབ་ཆེ་བར་འགྱུར་བའི་ལས་ནི། མཁས་པའི་གྲངས་སུ་གཏོགས་པའི་དྲུང་དུ་འགྲོ་བ་དང་བསྟེན་ཅིང་འདྲི་བ་ནས་ཡང་དག་པའི་ལྟ་བ་ལ་བསྔགས་པའི་བར་ཏེ་སྔ་མ་ལས་བཟློག་པའོ། །དམྱལ་བར་སྐྱེ་བར་འགྱུར་བའི་ལས་ནི། ཞེས་སྡང་ཆེ་བ་སོས་སྒོ་གསུམ་གྱི་ཉེས་སྦྱོར་ཆེ་བ་དང་། རྟག་ཆད་དུ་ལྟ་བ་སོགས་དང་། བྱས་པ་མི་བཟོ་བ་དང་། མཚམས་མེད་པའི་ལས་བྱེད་པ་དང་། ལོག་ལྟ་ཆེན་པོ་འཛིན་ཅིང་གཞན་འཛིན་དུ་འཇུག་པའོ། །དུད་འགྲོར་སྐྱེ་བའི་ལས་ནི། སྒོ་གསུམ་གྱི་ཉེས་སྤྱོད་འབྲིང་དང་། དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་འབྲིང་པོ་སྣ་ཚོགས་དང་། བྱོལ་སོང་རྣམས་ལ་ཁྲོ་བོ་དང་། དུད་འགྲོའི་མིང་གིས་གཞན་ལ་གཤེ་བ་སོགས་སོ། ཡི་དྭགས་སུ་སྐྱེ་བའི་ལས་ནི། སྒོ་གསུམ་གྱི་ཉེས་སྤྱོད་ཅི་རིགས་དང་། འདོད་ཆགས་ཆེ་བ་དང་། ལོག་འཚོ་དང་དངོས་པོ་ལ་སེར་སྣ་ཆེ་བ་དང་། སྦྱིན་པ་འགོག་པ་དང་། བཀྲེས་སྐོམ་གྱིས་འཆི་བ་དང་འདོད་པ་ལ་ཆགས་བཞིན་དུ་འཆི་བ་རྣམས་སོ། །ལྷ་མིན་དུ་སྐྱེ་བའི་ལས་ནི། ལུས་ངག་གིས་ལས་ཆུང་འབྲིང་ཅི་བྱེད་པ་དང་། ངར་སེམས་དང་ང་རྒྱལ་སྣ་ཚོགས་བྱེད་པ་དང་། དགེ་རྩ་ལོག་པར་སྨོན་པའོ། །མིར་སྐྱེ་བའི་ལས་ནི། སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བ་སྤོང་པའི་བར་ཏེ་དགེ་བ་བཅུ་རྣམས་སོ། །འདོད་པའི་ལྷར་སྐྱེ་བའི་ལས་ནི། དགེ་བ་བཅུ་སྔ་མ་ལས་ལྷག་པར་བྱས་པའོ། གཟུགས་ཁམས་ཀྱི་ལྷར་སྐྱེ་བའི་ལས་ནི། བསམ་གཏན་བཞིའི་ཏིང་ངེ་འཛིན་དང་ལྡན་པའི་དགེ་བཅུ་སྔ་མ་ལས་ཀྱང་ཆེ་བའོ། །གཟུགས་མེད་ཁམས་སུ་སྐྱེ་བའི་ལས་ནི། གཟུགས་མེད་གྱི་སྙོམས་འཇུག་བཞི་སྒོམ་པའོ། སྐྱེ་བར་ངེས་པའི་ལས་ནི། དགེ་པའི་ལས་སྟོབས་ཆེན་བསགས་ནས་འདིར་སྐྱེ་བར་གྱུར་ཅིག་ཅེས་བསྔོ་ཞིང་སྨོན་པ་དང་། མཚམས་མེད་ཀྱི་ལས་རྣམས་སོ། སྐྱེ་བར་མ་ངེས་པ་ནི། དགེ་བའི་ལས་ཀྱང་དེར་མི་བསྔོ་བ་ལ་སོགས་པའོ། །ཡུལ་གཞན་དུ་སྨིན་པའི་ལས་ནི། ལས་དེའི་འབྲས་བུ་རང་ཡུལ་མིན་པའི་ཡུལ་གཞན་དུ་སྨིན་པར་འགྱུར་པའོ། །བྱས་ལ་བསགས་པ་མ་ཡིན་པའི་ལས་ནི། མི་དགེ་བའི་ལས་དེ་བྱས་ཀྱང་འགྱོད་ཅིང་ངོ་ཚ་བ་དང་སྨོད་པ་དང་འཆགས་པ་དང་མཐོལ་བ་སོགས་བྱེད་པའོ། །བསགས་ལ་མ་བྱས་པའི་ལས་ནི། ལུས་ངག་གི་བྱ་དགོས་པའི་ལས་དེ་སེམས་ཀྱིས་བྱ་བར་བསམས་ཀྱང་ལུས་ངག་གིས་མ་བྱས་པའོ། །བྱས་ལ་བསགས་པའི་ལས་ནི། མི་དགེ་བའི་ལས་དེ་བྱས་ནས་མི་འགྱོད་ཅིང་མི་སྨོད་པ་དང་མི་མཐོལ་བ་དང་དགའ་བར་བྱེད་པ་སོགས་སོ། མ་བྱས་མ་བསགས་པའི་ལས་ནི། ལས་དེ་ཆེད་དུ་མ་བྱས་ཤིང་མ་བསགས་པའོ། །དམྱལ་བར་སྐྱེས་ནས་ཚེ་རྫོགས་དགོས་པའི་ལས་ནི། དེར་སྐྱེ་བའི་ལས་བསགས་པ་ལ་མི་འགྱོད་པ་དང་མི་སྨོད་པ་དང་མི་མཐོལ་བ་སོགས་དང་བཅས་པ་དང་། དམྱལ་བར་སྐྱེ་བའི་ལས་ལ་འགྱོད་པ་སོགས་ཅུང་ཟད་དང་བཅས་ན་ཚེ་ཕྱེད་ནས་གཞན་དུ་འཕོ་བའོ། །དམྱལ་བར་སྐྱེས་མ་ཐག་ཏུ་ཐར་པའི་ལས་ནི། ལས་དེ་ལ་འགྱོད་པ་དྲག་པོ་དང་བཅས་པ་ཁ་ཅིག་དམྱལ་པར་སྐྱེས་ཀྱང་དེ་མ་ཐག་ཐར་བར་འགྱུར་བ་སྟེ། རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ། །ཕྱི་མའི་དུས་སུ་སྔར་བདེ་ལ་ཕྱིས་སྡུག་བསྔལ་བའི་ལས་ནི། དང་པོ་སྦྱིན་ནས་ཕྱིས་འགྱོད་པ་ལྟ་བུའོ། །སྔར་སྡུག་བསྔལ་ལ་ཕྱིས་བདེ་བར་འགྱུར་པའི་ལས་ནི། དང་པོ་སྦྱིན་པ་སྟེར་པའི་ཚེ་མི་འདོད་བཞིན་དུ་སྟེར་ཞིང་སྡུག་བསྔལ་བར་བྱས་ཀྱང་ཕྱིས་བྱིན་པ་ལ་མི་འགྱོད་ཅིང་དགའ་བར་བྱས་པའོ། །སྔ་ཕྱི་གཉིས་ཀར་བདེ་བའི་ལས་ནི། དགའ་བཞིན་དུ་སྦྱིན་པ་བྱིན་ནས་ཕྱིས་མི་འགྱོད་ཅིང་རྗེས་སུ་ཡི་རང་བའོ། །ཚེ་སྟོད་སྨད་གཉིས་ཀར་སྡུག་བསྔལ་བའི་ལས་ནི། འགའ་ཞིག་སྦྱིན་བ་ཅི་ཡང་མ་བྱིན་ཞིང་སྡིག་པའི་ལས་ཀྱང་ཆེན་པོ་མ་བསགས་པར་དབུལ་པོར་སྐྱེ་བའི་ལས་ལྟ་བུའོ། །སེར་སྣ་ཅན་དུ་འགྱུར་བའི་ལས་ནི། ཡོ་བྱད་ལ་འཛིན་ཆགས་གོམས་པ་ཆེ་བའོ། ཕྱུག་པོ་གཏོང་ཕོད་པའི་ལས་ནི། སྦྱིན་པ་ཡང་ཡང་སྟེར་བ་ལ་གོམས་པའི་ལས་ལྟ་བུའོ། །ཕྱུག་ཀྱང་སེར་སྣ་ཅན་དུ་འགྱུར་བའི་ལས་ནི། སྦྱིན་པ་གཏོང་ཡང་གོམས་པར་མི་བྱེད་པའོ། །དབུལ་ཡང་གཏོང་ཕོད་པའི་ལས་ནི། སྦྱིན་པའི་གནས་མ་ཡིན་པ་ལ་ཡོ་བྱད་སྟེར་བར་གོམས་པར་བྱས་པ་ཁ་ཅིག་སྔར་འབྱོར་པ་ཅུང་ཟད་ཐོབ་ཀྱང་རིམ་གྱིས་དབུལ་བར་འགྱུར་པའོ། །དབུལ་པོ་སེར་སྣ་ཅན་དུ་འགྱུར་པའི་ལས་ནི། སྦྱིན་པ་མ་བཏང་ཡང་མི་སྐྱེ་བའི་ལས་ཙམ་བསགས་པ་ལྟ་བུའོ། །ལུས་བདེ་ལ་སེམས་མི་བདེ་བ་ནི། ལུས་བདེ་བར་གནས་པ་ཐོབ་ཀྱང་སེམས་ལ་བྱ་བ་ཕལ་ཆེར་མི་འགྲུབ་པར་སྡུག་བསྔལ་མང་པོ་འབྱུང་བའི་རྒྱལ་པོ་ལྟ་བུའོ། །སེམས་བདེ་ལ་ལུས་མི་བདེ་བ་ནི། དགྲ་བཅོམ་ནད་པ་ལྟ་བུའོ། །ལུས་སེམས་གཉིས་ཀ་བདེ་བ་ནི། བསོད་ནམས་ཆེ་བའི་དགྲ་བཅོམ་པ་དང་ལྷ་ལྟ་བུའོ། །ལུས་སེམས་གཉིས་ཀ་མི་བདེ་བ་ནི། བསོད་ནམས་ཆུང་བའི་སོ་སྐྱེ་འགའ་ཞིག་དང་དམྱལ་བ་བལྟ་བུའོ། །ཚེ་ཟད་ལ་ལས་མ་ཟད་པ་ནི། ངན་སོང་གསུམ་ལ་སོགས་པར་སྐྱེས་ཀྱང་ཚེ་དེ་རྫོགས་ནས་ཤི་ཡང་སླར་དེ་རྣམས་སུ་སྐྱེ་པའོ། །ལས་ཟད་ལ་ཚེ་མ་ཟད་པ་ནི། ཚེ་སྟོད་བདེ་ལ་ཚེ་སྨད་སྡུག་བསྔལ་བ་དང་ཚེ་སླད་བདེ་ལ་ཚེ་སྟོད་སྡུག་བསྔལ་བ་ལྟ་བུའོ། །ལས་དང་ཚེ་གཉིས་ཀ་ཟད་པ་ནི། དམྱལ་བ་ནས་ཤི་འཕོས་ཏེ་དེར་མི་སྐྱེ་བར་ཡི་དྭགས་དང་དུད་འགྲོ་དང་མི་སོགས་སུ་སྐྱེ་བ་སྟེ་སྔར་སྐྱེས་པ་དེ་ཉིད་དུ་སླར་སྐྱེ་མི་དགོས་པའོ། །ལས་དང་ཚེ་གཉིས་ཀ་མ་ཟད་པ་ནི། འཕགས་པའི་གང་ཟག་དང་སོ་སྐྱེ་ཕལ་ཆེར་རོ། ངན་འགྲོར་སྐྱེས་ཀྱང་གཟུགས་མཛེས་པ་ནི། འདོད་ཆགས་གྱི་དབང་གིས་སྡིག་པའི་ལས་ཆུང་ངུ་བསགས་པ་ལས་བྱུང་བ་སྟེ་ནེ་ཙེ་དང་རྨ་བྱ་ལྟ་བུའོ། །ངན་འགྲོར་སྐྱེས་ནས་གཟུགས་མི་སྡུག་པ་ནི། ཞེ་སྡང་གིས་ཀུན་ནས་བསླངས་བའི་ལས་བསགས་པ་ལས་བྱུང་བ་སྟེ་སྡིག་སྦྲུལ་ལ་སོགས་པའོ། །ངན་འགྲོར་སྐྱེས་ལ་བློ་ཡང་མི་གསལ་པ་ནི། གཏི་མུག་གི་དབང་གིས་དེར་སྐྱེ་བའི་ལས་བྱས་པའོ། གཞན་ཡང་མི་དགེ་བ་བཅུའི་བདག་འབྲས་ལ། སྲོག་གཅོད་ཀྱིས་སའི་མཐུ་ཉམས། མ་བྱིན་ལེན་གྱིས་སེར་བ་དང་བྱེ་བར་དང་བྱི་བ་དང་མུ་གེ་འཕྱུང་། མི་ཚངས་སྤྱོད་ཀྱིས་བཙའ་དང་ས་འབབ་པ་དང་རྡུལ་དང་རླུང་ཆེན་དང་ཆར་དྲག་པོ་འོང་། བརྫུན་དུ་སྨྲ་བས་ཁའི་དྲི་མི་ཞིམ་པ་དང་མནམ་པ་འབྱུང་། ཕྲ་མས་ས་ཕྱོགས་མཐོ་དམན་ཅན་དང་ངམ་གྲོག་དང་འདམ་རྫབ་དང་གཡང་ས་དང་ལྗན་ལྗིན་སོགས་འབྱུང་། ཚིག་རྩུབ་ཀྱིས་འབྲས་བུ་དམན་པ་དང་རྩུབ་པ་དང་གསེག་མ་དང་གྱོ་མོ་དང་ཚང་ཚིང་རྣམས་འབྱུང་། ཚིག་ཀྱལ་པས་རྩྭ་ཚང་ཚིང་དང་ནགས་འཐིབ་པོ་དང་འཁྲི་ཤིང་དང་ཚེར་མ་ཚང་ཚིང་ཅན་རྣམས་འབྱུང་། བརྣབ་སེམས་ཀྱིས་ལོ་ཏོག་སོགས་ཀྱི་འབྲས་བུ་ཉུང་། གནོད་སེམས་ཀྱིས་ས་བོན་ཚ་བ་དང་ཁ་བ་སོགས་འབྱུང་། ལོག་ལྟས་འབྲས་བུ་མེད་པ་དང་ཉུང་བར་འགྱུར་རོ། །སྲོག་གཅོད་པ་སོགས་མི་དགེ་བ་བཅུ་སྤངས་པའི་བདག་འབྲས་ལ། སའི་མཐུ་བཅུད་མི་ཉམས་པ་ནས་འབྲས་བུ་མེད་པ་དང་ཉུང་བར་མི་འགྱུར་པ་སོགས་སྔ་མ་ལས་བཟློག་པ་རྣམས་ཏེ། འདི་རྣམས་རང་གནས་པའི་ཡུལ་ལམ་ཕྱི་རོལ་གྱི་དངོས་པོ་ལ་འབྱུང་བའོ། །ཡང་རྩ་བ་བཞི་ཆང་དང་ལྔ་ལས་སྲོག་གཅོད་པའི་རྣམ་སྨིན་ནི་ངན་འགྲོར་སྐྱེ་བ་སོགས་ཡིན་ལ། ཚེ་འདིར་ཡང་ཤ་གཉེར་བ་མང་བ་དང་ཡིད་དུ་མི་འོང་བ་དག་དེ་ལ་སེམས་ཅན་གཞན་འཇིགས་པ་དང་མི་བདེ་བཞིན་ཉལ་ཞིང་སད་པ་དང་སྡིག་པའི་རྨི་ལམ་མཐོང་བ་དང་། རྨུགས་ཏེ་འཆི་བ་དང་འགྱོད་པར་འགྱུར་བ་དང་ཚེ་ཐུང་བ་དང་ཤི་ནས་ཀྱང་ངན་འགྲོས་སྐྱེ་བ་རྣམས་སོ། མ་བྱིན་ལེན་གྱིས་ཁོན་གཅུགས་སུ་འགྱུར་བ་དང་རྒྱལ་པོའི་ཆད་པ་འབྱུང་བ་སོགས་དང་། ཤི་ནས་ཀྱང་ངན་འགྲོར་སྐྱེ་བའོ། འདོད་ལོག་གིས་ཆུང་མ་མ་སྲུང་བར་འགྱུར་བ་དང་མི་སྙན་པ་ཐོས་པ་དག་མི་དགེ་བ་འཕེལ་ཞིང་དགེ་བའི་ཕྱོགས་ཉམས་པ་དང་ཤི་ནས་ཀྱང་ངན་འགྲོར་སྐྱེ་བའོ། །རྫུན་དུ་སྨྲ་བས་གཞན་ཡིད་མི་ཆེས་པ་དང་སྐུར་བ་འདེབས་པ་ཐོབ་པ་དང་ཁའི་དྲི་མནམ་པ་སོགས་སྔར་བཞིན་འབྱུང་ངོ། །ཆང་འཐུང་བ་ལ་ཉེས་པ་སོ་དྲུག་གསུངས་ཏེ། ནོར་ཟད་པ་དང་ནད་མང་བ་དང་འཐབ་པ་དང་མཚང་འདྲུ་བ་དང་རྩོད་པ་འབྱུང་བ་དང་ཁྲེལ་ཡོད་ངོ་ཚ་བྲལ་བ་དང་ཤེས་རབ་དང་དྲན་པ་ཉམས་པ་དང་ལོངས་སྤྱོད་མི་ཐོབ་པ་དང་ཐོབ་པ་ཉམས་པ་དང་། གསང་རྡོལ་བ་དང་ལས་ཀྱི་མཐའ་ཉམས་པ་དང་མྱ་ངན་གྱི་རྩ་བར་འགྱུར་བ་དང་ཉམས་ཆུང་བ་དང་ཕ་མར་མི་ཤེས་པ་དང་དགེ་སྦྱོར་དང་བྲམ་ཟེར་མི་ཤེས་པ་དང་རིམ་གྲོ་མེད་པ་དང་། དཀོན་མཆོག་གསུམ་ལ་མི་གུས་པ་དང་སྡིག་གྲོགས་ཀྱིས་ཟིན་པ་དང་དགེ་བའི་བཤེས་གཉེན་གྱིས་སྤོང་པ་དང་འཛེམ་མི་ཤེས་པ་དང་དབང་པོ་མི་བསྡམས་པ་དང་བག་མེད་དུ་འགྱུར་བ་དང་། སྐྱེ་བ་མང་པོའི་ཡིད་དུ་མི་འོང་ཞིང་མི་མཐུན་པ་དང་ཉེ་དུ་རྣམས་ཀྱིས་སྨད་པའི་གནས་ཐོབ་པ་དང་། དམ་པའི་ཆོས་སྤོང་ཞིང་ཆོས་མིན་འཛིན་པ་དང་མཁས་པས་ཡིད་ཆེས་པའི་གནས་སུ་མི་འཇོག་པ་དང་གཡེལ་བ་དང་མྱང་འདས་ལས་རིང་བར་འགྱུར་བ་དང་། མྱོས་ཤིང་མྱོས་པར་འགྱུར་པའི་ལས་བྱེད་ཅིང་ལུས་དང་བྲལ་ནས་ངན་འགྲོར་སྐྱེ་བར་འགྱུར་པ་རྣམས་སོ།། །།ཡང་ཕན་ཡོན་ཀྱི་ཕྱོགས་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་སོགས་ཀྱི་རྟེན་ལ་ཐལ་མོ་སྦྱར་པའི་ཕན་ཡོད་ནི། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་དང་དེ་བཞིན་དུ་རྒྱ་ཆེ་བའི་གཟུགས་དང་འཁོར་གཡོག་དང་མཆོད་པ་དང་བཀུར་སྟི་དང་ནོར་དང་ཐོས་པ་དང་དད་པ་དང་དྲན་པ་དང་ཤེས་རབ་དང་རྒྱ་ཆེ་བའི་རྟོགས་པ་ཐོབ་པའོ། །དེ་ལ་ཕྱག་འཚལ་བའི་ཕན་ཡོན་ནི་བཅུ་སྟེ། གཟུགས་བཟང་བ་དང་གསེར་མདོག་ལྟ་བུར་འགྱུར་བ་དང་མིག་ཏུ་སྡུག་པ་དང་སྐད་སྙན་ཅིང་ཚིག་བཟུང་འོས་པ་དང་། འཁོར་དུ་བག་མི་ཚ་བ་དང་ལྷ་མི་རྣམས་དགའ་བ་དང་གཟི་བརྗིད་ཆེན་པོར་འགྱུར་ཞིང་སངས་རྒྱས་བྱང་སེམས་སོགས་དང་འགྲོགས་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བ་དག་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་མྱ་ངན་ལས་འདའ་བའི་གོ་འཕང་ཐོབ་པ་རྣམས་སོ། དེ་བཞིན་གཤེགས་པའི་མཆོད་རྟེན་སོགས་ཕྱགས་ཤིང་བྱི་དོར་བྱས་པའི་ཕན་ཡོན་ནི་བཅུ་སྟེ། གཟུགས་བཟང་བ་དང་ལྟ་ན་སྡུག་ཅིང་མཛེས་པ་དང་སྐད་སྙན་པ་དང་དུག་གསུམ་ཆུང་བ་དང་ལམ་བདེ་བ་དང་རིགས་བཙུན་པར་སྐྱེ་ཞིང་ལོངས་སྤྱོད་ཆེ་བར་འགྱུར་པ་དང་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་མྱང་འདས་ཐོབ་པ་རྣམས་སོ། །དེ་རྣམས་ལ་གདུགས་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང་ལུས་སེམས་ལ་གདུང་བ་མེད་པ་དང་འཇིག་རྟེན་གྱི་རྟེན་དང་བདག་པོ་དང་འཁོར་ལོས་བསྒྱུར་བར་འགྱུར་བ་དང་། དབང་ཆེ་ཞིང་ལོངས་སྤྱོད་ཆེ་བ་དང་མཐོ་རིས་སུ་སྐྱེ་བ་དག་མྱང་འདས་མྱུར་དུ་ཐོབ་པའོ། །དེ་དག་ལ་དྲིལ་བུ་སོགས་སྒྲ་སྙན་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། གཟུགས་བཟང་ཞིང་སྒྲ་སྙན་པ་དང་ཡིད་དུ་འོང་བ་སྨྲ་བ་དང་ཀ་ལ་པིང་ཀའི་སྐད་ལྟ་བུ་ཐོབ་པ་དང་། གཟུང་བའི་ཚིག་ཏུ་འགྱུར་བ་དང་རབ་ཏུ་དགའ་བ་དང་ཤུན་ཏུ་དགའ་བའི་སྒྲ་ཆེན་པོ་ཐོབ་པ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་འབྱུང་ངོ། །དེ་དག་ལ་རྒྱལ་མཚན་དང་བ་དན་ཕུལ་པའི་ཕན་ཡོན་བཅུ་སྟེ། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་མཛའ་བཤེས་སོགས་གྱིས་བསྟི་སྟང་དང་བཀུར་སྟི་དང་མཆོད་པར་བྱེད་པ་དང་གྲགས་པ་ཆེན་པོ་ཐོབ་པ་དང་། གཟུགས་མཛེས་པ་དང་ཚེ་རིང་བ་དང་དབང་ཆེ་བ་དང་རིགས་བཙུན་ཞིང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་མེ་ཏོག་ཕུལ་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་སྣའི་དབང་པོ་མི་ཉམས་པ་དང་ལུས་ཀྱི་དྲི་ངན་པ་དག་པར་འགྱུར་ཞིང་དྲི་ཞིམ་པོ་འབྱུང་བ་དང་། ཚུལ་ཁྲིམས་ཀྱི་དྲི་ཕྱོགས་རྣམས་སུ་ལྡང་བ་དང་འཇིག་རྟེན་གྱི་མངོན་དུ་འགྲོ་ཞིང་འདོད་པའི་དོན་ཐོབ་པ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ཕྲེང་བ་ལྟ་བུ་དང་ལུས་ཀྱི་དྲི་ང་བ་རྣམ་པར་དག་ཅིང་ཕྱོགས་མཚམས་སུ་ཚུལ་ཁྲིམས་ཀྱི་དྲི་ལྡང་བ་དང་། རྒྱན་དུ་འགྱུར་ཞིང་གཡོག་འཁོར་མི་ཕྱེད་པ་དང་ཀུན་གྱི་ཡིད་དུ་འོང་ཞིང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་མར་མེ་ཕུལ་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་མེ་ལྟ་བུ་དང་ལྷ་དང་ལྷ་བའི་རྣམ་པར་དག་པ་དང་དགེ་མི་དགེའི་ཆོས་ཤེས་པར་འགྱུར་པ་དང་། མ་རིག་པའི་མུན་པ་སེལ་ཅིང་ཤེས་རབ་ཀྱི་སྣང་བ་ཐོབ་པ་དང་མུན་ནག་ཏུ་མི་སྐྱེ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་སྤོས་ཕུལ་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་སྤོས་ལྟ་བུ་དང་སྣའི་དབང་པོ་དག་པ་དང་ལུས་ཀྱི་དྲི་ཞིམ་པ་དང་གཟུགས་བཟང་ཞིང་འཇིག་རྟེན་གྱི་མངོན་དུ་འགྲོ་བར་འགྱུར་བ་དང་སྡུག་པའི་ཆོས་རྣམས་ཐོབ་ཅིང་ལོངས་སྤྱོད་འབྱུང་བ་སོགས་སྔར་ལྟར་རོ། །དེ་དག་ལ་ན་བཟའ་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། མདོག་བཟང་ཞིང་འཇམ་པ་དང་རྡུལ་མི་འཆགས་པ་དང་ཁྲེལ་ཁྲམ་དང་ལྡན་པ་དང་མཐོང་ན་དགའ་བ་དང་། གོས་བཟང་པོ་ཐོབ་ཅིང་ལོངས་སྤྱོད་མང་བ་སོགས་སྔར་ལྟར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནི་བཅོ་བརྒྱད་དེ། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་དང་གཟུགས་བཟང་བ་དང་མཛེས་ཤིང་མིག་ཏུ་སྡུག་པ་སོགས་དང་། དབང་ཆེ་བ་དང་འཁོར་གཡོག་མང་ཞིང་མི་ཕྱེད་པ་དང་གཞན་གྱི་རྟེན་དང་མངོན་དུ་འགྲོ་བ་དང་། གྲགས་པ་ཆེ་ཞིང་ལྷ་མིས་མཆོད་པ་དང་ནོར་མང་བ་དང་རྒྱལ་སྲིད་ཐོབ་པ་དང་ཚེ་རིང་བ་དང་། ལུས་རྡོ་རྗེ་ལྟར་འགྱུར་ཞིང་མཚན་དཔེ་འགྲུབ་པ་དང་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་ཐར་པ་ཐོབ་པར་འགྱུར་པའོ། ཁྲི་སྟན་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་གྱི་བླ་མར་འགྱུར་བ་དང་བསྔགས་པ་ཐོབ་པ་དང་གྲགས་པ་རྒྱས་པ་དང་བདེ་བ་མང་བ་དང་། བཞོན་པ་དང་བསྟན་དང་ལྡན་པ་དང་རིམ་གྲོ་བྱེད་པ་ཐོབ་པ་དང་དབང་ཆེ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །ལྷམ་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། བཞོན་པ་ཐོབ་པ་དང་རྐང་པ་ལེགས་པར་གནས་པ་དང་འགྲོ་ན་སྟོབས་དང་ལྡན་པ་དང་ལུས་མི་ངལ་བ་དང་། རྐང་པ་སྣད་པར་མི་འགྱུར་བ་དང་རྫུ་འཕྲུལ་ཐོབ་པ་དང་རིམ་གྲོ་བྱེད་པ་དང་ལྡན་པ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །སྣོད་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། ཡོན་ཏན་གྱི་སྣོད་དུ་འགྱུར་བ་དང་མདོག་སྣུམ་པ་དང་སེམས་རྒྱུད་མཉེན་པ་དང་སྐོམ་རྙེད་སླ་བ་དང་། ཡི་དྭགས་སུ་མི་སྐྱེ་བ་དང་ལྷ་མི་རྣམས་དགའ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། ཁ་ཟས་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། ཚེ་རིང་ཞིང་ཁ་དོག་བཟང་བ་དང་སྟོབས་དང་ལྡན་པ་དང་དྲན་པ་དང་སྤོངས་པ་དང་ལྡན་ཞིང་བག་ཚ་བ་མེད་པ་དང་། ལྷ་མི་དང་འཁོར་འདུན་ཞིང་དགའ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །བཞོན་པ་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། རྐང་པ་འཇམ་པ་དང་ཤིན་ཏུ་གནས་པ་དང་འགྲོ་བའི་མཐུ་ཡོད་པ་དང་བདེ་བ་མང་བ་དང་། མི་མཛའ་བ་མི་མང་བ་དང་རྫུ་འཕྲུལ་གྱི་རྐང་པ་འགྲུབ་པ་དང་བཞོན་པས་མི་བྲེལ་པ་དང་། རིམ་གྲོ་རྙེད་པ་དང་མཐོ་རིས་སུ་སྐྱེ་བ་སོགས་སོ། གནས་སྦྱིན་པའི་ཕན་ཡོན་ནི་མང་སྟེ། འཇིགས་པ་མེད་པ་དང་སྟན་དང་གོས་རྙེད་པ་དང་འདོད་པའི་ཡོན་ཏན་ལྔ་རྙེད་པ་དང་རྒྱལ་རིགས་དང་བྲམ་ཟེའི་རིགས་བཟང་པོ་དང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང་། འདོད་ལྷ་རིགས་དྲུག་པོ་གང་རུང་དང་གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་གང་དུ་སྐྱེ་བར་འདོད་པ་དེར་སྨོན་ན་དེ་དང་དེ་དག་ཏུ་སྐྱེ་བ་དང་། གལ་ཏེ་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་རྣམས་དང་སངས་རྒྱས་ཀྱི་བར་མྱུར་དུ་ཐོབ་པར་འདོད་ནའང་སྨོན་ལམ་འགྲུབ་པར་འགྱུར་རོ། །སྐོམ་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། དབང་པོ་ཚང་བར་འགྱུར་བ་དང་དབྲལ་བ་ལེགས་པ་དང་སྨྲས་པ་ལ་གཞན་མགུ་བ་དང་སེམས་རྒྱུད་མཉེན་པ་དང་སྐོམ་རྙེད་པ་འཛུམ་པའི་བཞིན་དང་ལྡན་པ་དང་ཡི་དྭགས་སུ་མི་སྐྱེ་བ་དང་ལོངས་སྤྱོད་མང་བ་སོགས་སྔར་ལྟར་རོ། །རབ་ཏུ་བྱུང་པའི་ཕན་ཡིན་ནི་བཅུ་སྟེ། བུ་དང་ཆུང་མ་དང་ཁྱིམ་གྱི་ནོར་ལ་མི་སྲེད་པ་དང་འདོད་སྲེེད་མི་ཆེ་བ་དང་དགོན་པར་དགའ་བ་དང་དཀོན་མཆོག་ལ་གུས་པ་དང་། བདུད་ཀྱི་ལས་སྤོང་པ་དང་དགེ་བའི་ཆོས་འཚོལ་བ་དང་ངན་འགྲོའི་རྒྱུ་སྤོང་བ་དང་། ལྷ་མིས་སྨོན་པ་དང་རྟག་ཏུ་སངས་རྒྱས་ཀྱི་བསྟན་དང་མཇལ་བ་དང་མཐོ་རིས་སུ་འགྲོ་བ་དང་མྱུར་དུ་མྱ་ངན་ལས་འདའ་བ་རྣམས་སོ། །དགོན་པར་གནས་པའི་ཕན་ཡོན་ནི་བཅུ་སྟེ། འདུ་འཛི་སྤོང་པ་དང་དབེན་པ་ལ་དགའ་བ་དང་བསམ་གཏན་འགྲུབ་པ་དང་། སངས་རྒྱས་ལ་སྨོན་པ་དང་དགའ་བ་དང་ལུས་སེམས་བདེ་བ་དང་བར་ཆད་མི་འབྱུང་བ་དང་ཐོས་པའི་ཆོས་ཀྱི་དོན་ཤེས་པ་དང་ཞི་ལྷག་འཐོབ་པར་འགྱུར་བའོ། །དེའི་ཕྱིར་བསོད་སྙོམས་ལ་འགྲོ་བའི་ཕན་ཡོན་བཅུ་དང་དེའི་ཚེ་འཇིགས་པ་མེད་པར་གྲོང་དུ་འཇུག་པའི་ཕན་ཡོན་ཀྱང་བཅུ་འབྱུང་སྟེ་མ་བྲིས་སོ། །དེ་དག་ནི་ལས་རྣམ་པར་འབྱེད་པ་དང་འགྱུར་པའི་མདོ་ནས་བཤད་པ་བཞིན་ཏེ། འདི་གཉིས་ལ་འགྱུར་མི་འདྲ་བ་དང་ཚིག་དོན་འདྲ་མིནའང་ཅི་རིགས་སྣང་བས་གཉིས་ཀ་དང་བསྟུན་པའོ། །གཞན་ཡང་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞེངས་པའི་ཕན་ཡོན་བསྟན་པའི་མདོ་ལས་གཟུགས་བརྙན་བྱེད་པ་ལ་ཕན་ཡོན་ལྔ་ཚན་ཞིག་གསུངས་པའི་དོན་བསྡུས་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་གོང་སྟེང་བཟང་པོར་གྲགས་པ་དང་སྤྲོ་བ་མང་བ་དང་ཚེ་རིང་བ་དང་བདེ་བ་མང་བ་དང་། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང་མཛའ་བཤེས་མང་བ་དང་། གཟུགས་བཟང་ཞིང་མཛེས་པ་དང་ལྟ་ན་སྡུག་པ་དང་ཡན་ལག་དང་ཉིད་ལག་ཐམས་ཅད་རྫོགས་པ་དང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང་ཁམས་ཀྱི་རྒྱལ་པོར་འགྱུར་པ་དང་། ལྷའི་རྒྱལ་པོར་འགྱུར་བ་དང་སངས་རྒྱས་ཀྱང་ཐོབ་པར་འགྱུར་བའོ། ཡང་མཆོད་རྟེན་ལ་བསྐོར་བའི་ཚིགས་སུ་བཅད་པའི་མདོ་ལས། མཆོད་རྟེན་བསྐོར་བ་བྱས་པ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་ཕྱེ་ཆེན་པོས་མཆོད་པར་འགྱུར། །དལ་པ་རྙེད་དཀའ་ཐོབ་འགྱུར་པའོ། །སྐད་ཅིག་གཅིག་ཙམ་པར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་པར་འགྱུར། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། ཁ་དོག་ལྡན་ཞིང་འཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །ལྷ་དང་དེ་བཞིན་མི་རྣམས་ཀྱི། །ཚེ་རིང་པ་ཡང་དེ་ཡིས་འཐོབ། །གྲགས་པ་ཆེན་པོ་འཐོབ་པར་འགྱུར། །ཞེས་པ་ནས། མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་པའི་བར་དང་། ཡང་། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱི་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པ་ལས །ཇི་ལྟར་མཆོད་རྟེན་དག་ལ་མི་རྣམས་ཀྱིས། །མཆོད་པ་བྱས་པས་སྲིད་པ་གཞན་དག་ཏུ། །རྣམ་སྨིན་འདོད་པ་སྣ་ཚོགས་ཅི་འཐོབ་པ། །ཞུས་པའི་དོན་དེ་རྒྱལ་པོས་ཉན་པར་གྱིས། །བཅོམ་ལྡན་འདས་གྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །ཞེས་སོགས་མང་དུ་གསུངས་པ་དང་། སྦྱན་རས་གཟིགས་ཀྱི་མདོ་ལས། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་འགྱུར་སྐྱེ་བོ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །ཞེས་སོགས་དང་། དམ་ཆོས་པད་དཀར་ལས། ལ་ལས་འདི་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་མཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་སོགས་དང་། ཤ་ཉེ་དང་ནི་ལྕགས་མ་ས་ལའང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་ཅི་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གང་གིས་རྩིས་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱས་མཚན་ཡོངས་སུ་རྫོགས་པའི་སྐུ། །གང་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་དང་། སྐྱེས་བུ་གང་ཞིག་འོན་ཏེ་གཞོན་ཡང་རུང་། །གང་དག་ལ་ལས་དེ་ནི་སློབ་པའི་ཚེ། །རྩེ་མོ་དག་དང་ཟད་པར་བྱེད་པ་ཡི། །རྩིག་ངོས་སེན་མོའམ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་འགྱུར་ཏེ། །ཞེས་དང་། རྒྱལ་བའི་མཆོད་རྟེན་དག་ལ་སུས་མཆོད་ཅིང་། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །ཞེས་པ་ནས། གང་གིས་རྒྱལ་བ་དེ་ཡི་མཆོད་རྟེན་དག །ཕྱེ་མའི་ཕུང་པོ་ལས་ནི་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། ཁྱོད་ལ་མཆོད་པས་ལྷ་ཡི་བདེ་བ་ནི། །རྣམ་པ་མང་དང་མི་ཡི་བདེ་བ་འཐོབ། །མི་ཡི་བདག་པོ་འགྲོ་ལ་ཕན་བགྱིད་པ། །ཕྱུག་ཅིང་ནོར་ཆེན་འབྱོར་ཕ་འཐོབ་པར་འགྱུར། །ཞེས་གསུངས་སོ། ཡང་ལས་གྱི་རྣམ་པར་སྨིན་པའི་འབྲས་བུའི་མདོར་ལས། ལུས་ཡོངས་སྤྱོད་འདོད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་རྒྱན་བཀོད་པ་བྱའོ། །ཤེས་རབ་ཆེ་བར་འདོད་ན་ཆོས་ཀྱི་སྦྱིན་པ་བྱའོ། །གཟུགས་བཟང་བར་འདོད་ན་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་སམ་བཀོད་པ་བྱའོ། །ཚེ་རིང་བར་འདོད་ན་སྙིང་རྗེ་དང་ལྡན་ཞིང་སྲོག་མི་བཅད་པར་བྱའོ། །མི་ལུས་ཐོབ་པར་འདོད་ན་གསུང་རབ་སྒྲོགས་པ་དང་ཚུལ་ཁྲིམས་བསྲུང་བར་བྱའོ། །བསོད་ནམས་ཆེ་བར་འདོད་ན་མཆོད་རྫས་དབུལ་བར་བྱའོ། །ནོར་ཕྱུག་བར་འདོད་ན་དབུལ་པོ་ལ་ཕན་ཕར་བྱའོ། །ནད་མེད་པར་འདོད་ན་སྨན་སྦྱིན་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་བཀའ་སྩལ་པ། གང་ལ་ཚེ་སྔ་མ་ལ་སྡིག་པ་བྱས་ན་ཚེ་འདི་ལ་སྡུག་བསྔལ་བར་འགྱུར་རོ། །ལུས་རྟག་ཏུ་ན་བ་ནི་བདེ་བར་བཤེགས་པ་ལ་མ་གུས་པ་དང་དགེ་འདུན་ལ་དཔྱས་པ་ཡིན་ནོ། མིག་རྟག་ཏུ་ལོང་པ་ནི་ཚུལ་ཁྲིམས་སྲུང་བ་འཆལ་དུ་བཅུག་པ་ཡིན་ནོ། །རྐང་ལག་ཞ་བ་ནི་མེ་སྦར་པ་སྡིགས་པ་ཡིན་ནོ། །སྐད་ཀྱི་དོན་མི་གསལ་བ་ནི་སངས་རྒྱས་དང་ཆོས་ལ་སྨད་པ་ཡིན་ནོ། །རྣ་བ་འོན་པ་དང་ངག་ལྐུག་པ་ནི་གསུང་རབ་ལ་སྡང་བ་དང་དམ་པའི་ཆོས་ལ་སྨད་པ་ཡིན་ནོ། །སྣས་དྲི་མི་ཚོར་བ་ནི་དྲི་མི་ཞིམ་པའི་སྤོས་ངན་བསྲེགས་པ་ཡིན་ནོ། །མིག་དམར་བ་ནི་ཐེག་པ་ཆེན་པོ་ཆོས་ལ་སྨད་པ་ཡིན་ནོ། །གཟུགས་དཀར་ཞིང་དམར་བ་ནི་མཆོད་པ་རྒྱ་ཆེན་པོ་བྱས་པ་ཡིན་ནོ། །ལུས་ཁ་དོག་གནག་ཅིང་རིང་བ་ནི་དེ་བཞིན་གཤེགས་པའི་སྐུ་ལ་དུད་པ་བཏང་བ་ཡིན་ནོ། །མིག་མི་གསལ་བ་ནི་སེམས་ཅན་གྱི་མིག་ལ་གནོད་པ་བྱས་པ་ཡིན་ནོ། །ཚེ་འདི་ལ་བུ་མེད་པ་ནི་སེམས་ཅན་དུ་མ་བསད་པ་ཡིན་ནོ། །ལུས་ཡོན་པོ་དང་ཡན་ལག་ཞ་བ་ནི་སེམས་ཅན་དུ་མ་བཅིངས་པ་དང་དོལ་ལ་བཟུག་པ་ཡིན་ནོ། །འོད་གསལ་བ་ཡང་མི་མཐོང་བ་ནི་བྱའི་མིག་ལ་ཁབ་སྐུད་ཀྱིས་བཙེམས་པ་ཡིན་ནོ། །རྒས་ནས་རབས་ཆད་པ་ནི་སྒོ་ང་བཅག་པ་ཡིན་ནོ། །ཚེ་འདིར་ཕོ་རེང་དུ་གྱུར་པ་ནི་ཆུང་མ་ལ་སྡང་བ་ཡིན་ནོ། །བུད་མེད་ཁྱིམ་ཐབ་མེད་པ་ནི་ཁྱིམ་ཐབ་ལ་སེམས་སྡང་བ་ཡིན་ནོ། །ཕོ་མོ་རྟག་ཏུ་སོ་སོར་ངེས་པ་ནི་ཕ་མ་ལ་མ་གུས་པ་དང་སྤྱོད་པ་ངན་པ་བྱས་པ་ཡིན་ནོ། །ཚེ་འདིར་དབུལ་བ་ནི་ཟས་ནོར་གསོག་མི་མཁས་ཤིང་སྡང་བ་ཡིན་ནོ། །མིའི་ལུས་ལ་ཡན་ལག་ཚང་བ་དང་ལྡན་པ་ནི་དཀོད་མཆོག་གསུམ་ལ་དད་པ་ཐོབ་པ་ཡིན་ནོ། །ཞེས་དང་། རྒྱལ་བའི་བློ་གྲོས་ཀྱི་ཞུས་པའི་མདོ་ལས། ཤེས་རབ་འདོད་པས་ཐོས་པ་ལ་བརྩོན་པར་བྱའོ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱའོ། །གཟུགས་བཟང་བར་འདོད་པས་བཟོད་པ་བསྒོམ་པར་བྱའོ། །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་ལ་གནས་པར་བྱའོ། །ཐར་པ་འདོད་པས་སྡིག་པ་ཐམས་ཅད་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པར་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་རབ་ཏུ་དབེན་པ་ལ་གནས་པར་བྱའོ། །ཆོས་འདོད་པས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པར་བྱའོ། །ལྷག་མཐོང་འདོད་པས་ཆོས་སྟོང་པར་སོ་སོར་བརྟག་པ་མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ། །ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདོད་པས་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པར་འདོད་པས་སྟོང་པའི་ཆོས་ལ་མངོན་པར་དགའ་བར་བྱའོ། །ཡོན་ཏན་ཐམས་ཅད་འཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། འཇིག་རྟེན་དག་ནི་བདེ་ཞིང་སྐྱིད་པ། ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས། །དེས་ན་བདེ་ཞིང་སྐྱིད་པར་འདོད་པས། །དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་གསུངས་པ་ལྟར་བྱའོ། ན་མོ་ཤཱཀྱ་མུ་ན་ཡེ་། ཚེ་མཐའི་མདོ་ལས་བཤད་པ་བཞིན། །འགྲོ་བ་རྣམས་ཀྱི་ཚེ་ཡི་ཚད། །རིག་ཐུང་ཇི་ལྟར་ཡིན་པའི་ཚུལ་། །བསྡུས་ནས་གོ་བདེར་བསྟན་པར་བྱ། །དེ་ཡང་བསྐལ་བ་དང་པོའི་མི་རྣམས་ཀྱི་ཚེའི་ཚད་ནི་བར་བསྐལ་ཡང་མོ་ཐོབ་ལ། དེ་ནས་རིམ་གྱིས་ཚེ་བྲི་ནས་སྟོན་པ་ཤཱཀྱ་ཐུབ་པ་བྱོན་པའི་དུས་སུ་འཛམ་བུ་གླིང་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱ་སྟེ་ད་ལྟ་དྲུག་ཅུ་ཁ་རལ་དང་མཐར་ཚེ་ལོ་བཅུ་པར་འགྱུར་རོ། །ཤར་ལུས་འཕགས་གླིང་པའི་ཚེ་ལོ་ཉིས་བརྒྱ་ལྔ་བཅུ་དང་། ནུབ་པ་ལང་སྦྱོད་པའི་ཚེ་ལོ་ལྔ་བརྒྱ་སྟེ་དེ་དག་ལ་བར་མ་དོར་འཆི་བ་ནི་ཡོད་ཅིང་། བྱང་སྒྲ་མི་སྙན་པའི་ཚེ་ནི་ལོ་སྟོང་དུ་ངེས་སོ། དམྱལ་བའི་ཚེ་ཚད་ནི་འོག་ཏུ་འཆད་པར་འགྱུར་ཞིང་། དུད་འགྲོའི་ནང་ཚན་ཀླུ་ལྟ་བུ་ལ་ཚེ་བསྐལ་པར་ཐུབ་པའང་ཡོད་ཅིང་། འབུ་སྲིན་ལྟ་བུ་ཚེ་ཐུང་བ་ཉིད་ཞག་ཏུ་མི་ལོངས་པའང་ཡོད་དོ། །ཡི་དྭགས་ཀྱི་རྒྱལ་པོ་འགའ་ཞིག་གི་ཚེ་བསྐལ་པར་ཐུབ་པ་ཡོད་ཅིང་། གཞན་མིའི་ཉིན་ཞག་སུམ་ཅུ་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག །དེ་སུམ་ཅུར་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ཁོ་རང་གི་ལོ་ལྔ་བརྒྱ་ཐུབ་ལ། མིའི་ལོ་ལྟར་བརྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་ཅིང་། བར་མ་དོར་འཆི་བ་ཡོད་དེ་འོག་མ་རྣམས་ལའང་འདྲའོ། །མིའི་ལོ་ལྔ་བཅུ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ཉིན་ཞག་གཅིག ། དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་རང་གི་ལོ་ལྔ་བརྒྱ་སྟེ། མིའི་ལོ་ལྟར་བརྩེས་ནས་ལོ་དགུའོ། དེ་བསྡོམས་པ་ནི་དམྱལ་པ་ཡང་སོས་ཀྱི་ཉིན་གཅིག་གོ །ཟླ་བ་དང་ལོ་སྔར་ལྟར་བརྩིས་པས་ཡང་སོས་པའི་ཚེ་ཚད་ནི་རང་ལོ་ལྔ་བརྒྱ་སྟེ། མིའི་ལོ་ལྟ་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉི་སྟོང་ཡོད་དོ། །མིའི་ལོ་བརྒྱ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་ཚེ་ཚད་ནི་རང་ལོ་སྟོང་ཐུབ་ཅིང་མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་གསུམ་དང་ས་ཡ་དྲུག་གོ །དེ་དམྱལ་བ་ཐིག་ནག་གི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་བྱེ་བ་ས་ཡ་ཉིས་འབུམ་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་སོ། །མིའི་ལོ་ཉིས་བརྒྱ་ནི་འཐབ་བྲལ་གྱི་ལྷའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་ཉིས་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་བྱ་བ་བཅུ་བཞི་དང་ཁྲི་བཞི་སྟོང་ངོ། །དེ་ནི་དམྱལ་བ་བསྡུས་འཇོམས་པའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་ཉིས་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་གོ །མིའི་ལོ་བཞི་བརྒྱ་ནི་དགའ་ལྡན་གྱི་ལྷའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་པོ་སྔར་ལྟར་བྱས་པའི་རང་ལོ་བཞི་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་ལྔ་བཅུ་རྩ་བདུན་དང་ས་ཡ་དྲུག་གོ །དེ་ནི་དམྱལ་བ་ངུ་འབོད་ཀྱི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་བཞི་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་ས་ཡ་གཉིས་དང་བྱེ་བ་དགུ་འབུམ་བཞི་ཁྲི་བཞི་སྟོང་དང་བྱེ་བ་བརྒྱད་དོ། །མིའི་ལོ་བརྒྱད་བརྒྱ་ནི་འཕྲུལ་དགའི་ལྷའི་ཉིན་ཞིག་གཅིག་ལྟེ་ཟླ་བ་དང་ཡོ་སྔར་ལྟར་བྱས་པའི་རང་ལོ་བརྒྱད་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱ་བ་ཉིས་བརྒྱ་སུམ་ཅུ་དང་ས་ཡ་བཞིའོ། དེ་ནི་དམྱལ་བ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་བརྒྱད་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་ས་ཡ་གསུམ་དང་བྱེ་བ་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དྲུག་ཅུ་རྩ་དྲུག་གོ །མིའི་ལོ་སྟོང་དང་དྲུག་བརྒྱ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཉིན་ཞག་གཅིག་དང་དེ་སུམ་ཅུ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་ས་ཡ་དྲུག་དང་བྱེ་བ་དགུ་བརྒྱ་ཉི་ཤུ་རྩ་གཅིག་གོ །དེ་ནི་ཚ་དམྱལ་བའི་ཉིན་ཞག་གཅིག་དང་དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ས་ཡ་བརྒྱད་དང་བཞི་འབུམ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུའོ། དེ་དག་ནི་ཚ་དམྱལ་གྱི་ཚེ་ཚད་དོ། །མནར་མེད་ཀྱི་ཚེ་ཚད་ནི་བར་བསྐལ་གཅིག་ཐུབ་ཅིང་། །དེ་བརྒྱད་ནི་སྔ་མ་ལས་ཕྱི་མ་བརྒྱད་འགྱུར་རོ། །ཡང་། ཡུལ་གོ་ས་ལའི་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཏིལ་གྱི་བང་བ་ནས་ལོ་བརྒྱ་རེ་ནས་ཏིལ་རེ་རེ་ཙམ་བླངས་པས་ཏིལ་ཐམས་ཅད་ཟད་པར་གྱུར་པའི་ཡུན་ནི་ཆུ་བུར་ཅན་གྱི་དམྱལ་པའི་ཚེ་ཚད་ཡིན་ལ། དེ་བཞིན་དུ་ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་པ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤ་ལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་རྣམས་སྔ་མ་ལས་ཕྱི་མ་ཉི་ཤུས་འཕར་ཞིང་རིང་ངོ་། །ཡང་། གཟུགས་ཁམས་གྱི་དང་པོ་ཚངས་རིས་པའི་ལྷའི་ཚེ་ཚད་བསྐལ་ཆེན་ཕྱེད། ཚངས་པ་འདུན་ན་འདོན་པ་བསྐལ་པའི་བཞི་ཆ་གསུཾ་། ཚངས་ཆེན་པ་བསྐལ་ཆེན་གཅིག །དེ་ནས་ཉིས་འགྱུར་ཏེ་འོད་ཆུང་པ་བསྐལ་ཆེན་གཉིས། ཚད་མེད་འོད་བསྐལ་ཆེན་བཞི། འོད་གསལ་བ་བསྐལ་ཆེན་བརྒྱད། དགེ་ཆུང་བ་བསྐལ་ཆེན་བཅུ་དྲུག ཚད་མེད་དགེ་བསྐལ་ཆེན་སོ་གཉིས། དགེ་རྒྱས་པ་བསྐལ་ཆེན་དྲུག་ཅུ་རྩ་བཞི། སྤྲིན་མེད་པ་བསྐལ་ཆེན་བརྒྱ་ཉི་ཤུ་རྩ་ལྔ། བསོད་ནམས་སྐྱེས་བསྐལ་ཆེན་ཉིས་བརྒྱ་ལྔ་བཅུ། འབྲས་བུ་ཆེ་བ་བསྐལ་ཆེན་ལྔ་བརྒྱ། མི་ཆེ་བ་བསྐལ་ཆེན་སྟོང་། མི་གདུང་བ་བསྐལ་ཆེན་ཉིས་སྟོང་། ཤིན་ཏུ་མཐོ་བ་བསྐལ་ཆེན་བཞི་སྟོང་། གྱ་ནོམ་སྣང་བ་བསྐལ་ཆེན་བརྒྱད་སྟོང་། འོག་མིན་པའི་ལྷ་རྣམས་ནི་བསྐལ་ཆེན་ཁྲི་དྲུག་སྟོང་ཐུབ་བོ། གཟུགས་མེད་དང་པོ་ནམ་མཁའ་མཐའ་ཡས་པའི་ལྷ་རྣམས་ནི་བསྐལ་ཆེན་ཉི་ཁྲི། གཉིས་པ་རྣམ་ཤེས་མཐའ་ཡས་པ་ནི་བསྐལ་ཆེན་བཞི་ཁྲི། གསུམ་པ་ཅི་ཡང་མེད་པ་ནི་བསྐལ་ཆེན་དྲུག་ཁྲི། བཞི་པ་འདུ་ཤེས་མེད་མིན་ནམ་སྲིད་རྩེ་བ་ནི་བསྐལ་ཆེན་བརྒྱད་ཁྲི་ཐུབ་སྟེ། དེ་བཞི་ཡང་སྔ་མ་ལས་ཕྱི་མ་བསྐལ་ཆེན་ཉིས་ཁྲི་རེས་རིང་ངོ། །འདོད་གཟུགས་གཉིས་དང་གཟུགས་མེད་ཀྱི་ལྷ་དེ་རྣམས་ལ་བར་མ་དོར་འཆི་བ་ནི་ཡོད་ལ། སྒྲ་མི་སྙན་པ་ནི་མ་གཏོགས་སོ། །ཚངས་རིས་པའི་ལུས་དཔག་ཚད་ཕྱེད་ཡིན་པ་དེ་བཞིན་དུ་དེའི་ཚོ་ཚད་ཀྱང་བསྐལ་ཆེན་ཕྱེད་ཡིན་པ་ནས། འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་པ་ལྟར་དེའི་ཚེ་ཚད་ཀྱང་བསྐལ་ཆེན་ཁྲི་དྲུག་སྟོང་གི་བར་འདྲ་ལ། འོན་ཀྱང་སྤྲིན་མེད་པའི་ལུས་ཚད་ཀྱི་སྟེང་ནས་དཔག་ཚད་གསུམ་ཁྲི་ནས་དཔག་ཚད་བརྒྱ་ཉེར་ལྔ་སྟེ། ཚེ་ཚད་ཀྱང་བསྐལ་ཆེན་བརྒྱ་ཉེར་ལྔ་ཡོད་པ་ནི་དམིགས་བསལ་ལོ། །ཚེ་ཚད་དེ་དག་ནི་བདག་གིས་མཛོད་ཀྱི་ཊཱི་ཀྐར་མདོར་བསྡུས་ཞིག་བྲིས་ཟིན་ཀྱང་འདིར་མདོའི་དགོངས་པ་ལྟར་གོ་བདེར་བཀོད་པའོ། འདི་དག་ལ་མདོ་དང་བསྟན་བཅོས་འགའ་ཞིག་ནས་ཅུང་ཟད་མི་འདྲ་བ་རེ་ཡང་འབྱུང་སྟེ་བརྟག་དགོས་བར་སྣང་ངོ། །འཇིག་རྟེན་ཕྱི་མ་དོན་གཉེར་བའི། །བློ་ལྡན་འགའ་ལ་ཕན་གདགས་ཕྱིར། །དཀར་ནག་ལས་ཀྱི་རྣམ་གཞག་དང་། །ཚེ་མཐའི་མདོ་དོན་གོ་སླར་བཤད། །ཅེས་པ་འདི་དག་ཀྱང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་ཅོ་ནེ་དགོན་ནས་དད་པས་བསྒྲིགས་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ཕན་ཐོགས་པར་གྱུར་ཅིག །མདྒ་ལཾ།


previousལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ།next