Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
གཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ།
  


1 occurrence of མགོན་པོ་བེང་
[Clear Hits]

 
previousགཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ།next

གཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ།

གཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། རྒྱལ་བའི་ཡབ་གཅིག་བརྟན་པའི་འཁོར་ལོ་ཉིད། རྒྱས་སྲས་ངུར་སྨྲིག་འཛིན་པའི་ཟློས་གར་གྱིས། །རྒྱལ་བའི་མདོ་སྔགས་བསྟན་པ་འཛིན་མཛད་པ། །རྒྱལ་བ་གཉིས་པ་བཙོང་ཁ་པ་དེར་འདུད། །གང་དག་ཚེ་འདིའི་བྱ་བའི་སྤྲོས་སྤངས་ནས། །རི་སུལ་དགོན་པ་དག་ཏུ་གནས་བཅས་ཏེ། །ཐོས་བསམ་ཉམས་ལེན་དོན་དུ་གཉེར་འདོད་པའི། །དད་ལྡན་རྣམས་ཀྱི་འཇུག་བྱ་བཤད་པ་བྱ། །དེ་ཡང་རང་ཅག་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་འཇུག་པར་བྱ་བའི་གཞི་ནི་ཐོས་བསམ་སྒོམ་གསུམ་ཡིན་ལ། ཁྱད་པར་དུ་རི་ཁྲོད་མཛད་པ་རྣམས་ཀྱིས་ནི་གཞི་ལམ་འབྲས་གསུམ་དང་། ལྷ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལེགས་པར་ཤེས་དགོས་ཤིང་། ཤེས་ན་ཅི་ལྟར་རིགས་པ་བསྒྲུབ་དགོས་པས་འདིར་ནི་དེའི་རྣམ་གཞག་ཅུང་ཟད་བཤད་པ་བྱའོ། །འདི་ལ་གསུམ། གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་དང་། ཉམས་ལེན་ཀུན་གྱི་སྙིང་པོ་གཞན་བཤད་པའོ། །དང་པོ་ལ་གཉིས། མཁས་པའི་བཞེད་ཚུལ་དགོད་པ་དང་། དེ་དག་གི་དོན་བསྡུས་ནས་བཤད་པའོ། །དང་པོ་ནི། རྗེའི་གསུང་འབུམ་ཐོར་བུ་ལས། མཁས་པའི་གཞུང་དུ་གཞི་ལ་ཚུལ་གཉིས་ཏེ། །ལུང་དང་རིགས་པས་སྒྲོ་འདོགས་གཅོད་གཞི་དང་། །དྲི་མ་སྦྱོང་བའི་བྱེད་པ་འཇུག་པའི་གཞི། །དང་པོ་ལྟར་ན་བདེན་པ་གཉིས་ཡིན་ཏེ། །དོན་དམ་སྤྲོས་དང་བྲལ་ནས་ཡོད་མཐའ་དགག །ཀུན་རྫོབ་སྒྱུ་མས་མེད་པའི་མཐའ་སྤངས་ཏེ། །སྒྲོ་སྐུར་རྟག་ཆད་ལ་སོགས་མཐའ་གཉིས་ཀྱི། །ལྟ་བ་ངན་པའི་གདོན་ལས་གྲོལ་བར་བྱ། །ཕྱི་མ་ལྟར་ན་དྲི་བཅས་སེམས་ཀྱི་དབྱིངས། །རང་བཞིན་གདོད་ནས་རྣམ་པར་དག་པ་དང་། །དྲི་མ་འབྲལ་དུ་རུང་བའི་གློ་བུར་བར། །ཤེས་ནས་ཁམས་སྦྱངས་ཕྱིར་དུ་བརྩོན་པར་བྱ། །དྲི་མ་དག་བྱེད་དངོས་ནི་སྟོང་པའི་ལམ། །འོན་ཀྱང་ལམ་འདིས་དྲི་མ་བག་ཆགས་དང་། །བཅས་པ་མ་ལུས་དག་པར་བྱེད་པ་ནི། །མཐའ་ཡས་བསོད་ནམས་ཚོགས་ལ་རག་ལས་པས། །སེམས་མཆོག་གཉིས་སོགས་རྒྱ་ཆེན་སྤྱོད་པས་ནི། །ངོམས་མི་ཤེས་པར་ཆུ་བོའི་རྒྱུན་ལྟར་སྦྱད། །དེ་ནི་རྒྱལ་བ་སྲས་བཅས་དགྱེས་པའི་ལམ། །ཕྱོགས་རེར་འཆེལ་བ་བྱིས་པ་དགའ་སྐྱིད་ཙམ། །ཟབ་མོ་ཡེ་ཤེས་ཚོགས་ལས་ཆོས་སྐུ་དང་། །རྒྱ་ཆེན་བསོད་ནམས་ཚོགས་ལས་གཟུགས་སྐུ་གཉིས། །གྲུབ་པ་འདི་ནི་འབྲས་བུའི་མཐར་ཐུག་སྟེ། །རིམ་བཞིན་རང་གཞན་དོན་གཉིས་མཆོག་གི་གཞི། །ཞེས་དང་། ཡང་དེ་ཉིད་ལས། དྲི་བཅས་སེམས་ཀྱི་རང་བཞིན་གཞི། །ཐབས་ཤེས་ཟུང་དུ་འབྲེལ་བ་ལམ། །ཆོས་དང་གཟུགས་ཀྱི་སྐུ་གཉིས་འབྲས། །གཞི་ལམ་རྣམ་གསུམ་བསྡུས་པའོ། །ཞེས་གསུངས་ཤིང་། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ལས། གཞི་ཡི་ལྟ་བ་སྣང་སྟོང་ཟུང་འཇུག་སྟེ། །ལམ་གྱི་ཉམས་ལེན་ཚོགས་གཉིས་ཟུང་དུ་འབྲེལ། །འབྲས་བུ་སྐུ་གཉིས་ཟུང་འཇུག་ལྷུན་གྱིས་གྲུབ། །རྒྱལ་བ་དགྱེས་པའི་ལྟ་སྒོམ་སྤྱོད་འབྲས་ལགས། །ཞེས་དང་། སྣང་སྟོང་ཟུང་འཇུག་གི་ངང་ནས། །ཚོགས་གཉིས་ཟུང་འབྲེལ་དུ་གོམས་པས། སྐུ་གཉིས་ཟུང་འཇུག་ཏུ་ཐོབ་སྟེ། དོན་གཉིས་ལྷུན་གྲུབ་ཏུ་འབྱུང་ངོ་། །ཞེས་གསུངས་ལ། པཎ་ཆེན་རིན་པོ་ཆེའི་གསུང་འབུམ་ལས་ཀྱང་། གཞི་བདེན་གཉིས་རྣམ་དབྱེ་རྟོགས་པའི་བློ། །ཐབས་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ། །ལམ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །འདི་ཆོས་ཀུན་ཡང་སྙིང་མཐར་ཐུག་ལགས། །ལམ་དེ་འདྲ་སྒོམས་པ་ལས་བྱུང་བའི། །སྒྲིབ་བྲལ་གྱི་ཡོན་ཏན་ནམ་མཁའི་མཛོད། །མཐར་ཐུག་གི་ཟུང་འཇུག་ཕྱག་རྒྱ་ཆེ། །སྐུ་གསུམ་གྱི་བདག་ཉིད་འབྲས་བུ་ཡིན། །ཞེས་དང་། གཞི་བདེན་གཉིས་ཀྱི་གཞུང་ཚུལ་སྙད་པ་དེ། སྣང་བ་དང་སྟོང་པའི་རང་བཞིན་ཉིད། །དེ་ཐབས་ཀྱིས་ཟིན་པའི་རྣལ་འབྱོར་ལ། །ལམ་ཐབས་ཤེས་ཀྱི་ཉམས་ལེན་མི་ཟེར་རམ། །སྒྲིབ་བྲལ་གྱི་ཟབ་རྒྱས་དབྱེར་མེད་པ། །འབྲས་དུས་ཀྱི་ཟུང་འཇུག་ཨེ་མ་ཧོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། མདོ་སྔགས་ཀྱི་གཞུང་རྣམས་ཀྱི་དོན་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་འདུ་ཞིང་། །དེ་གསུམ་གྱི་མིང་གི་ཐ་སྙད་ཀྱིས་དངོས་སུ་གསུངས་པ་དང་མ་གསུངས་པ་གཉིས་ཀ་ཡོད་ལ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པའི་རྐང་པ་དང་པོ་གཉིས་ཀྱིས་གཞི་དང་། གསུམ་པས་ལམ་དང་། བཞི་པས་འབྲས་བུ་བསྟན་ཏེ། དང་པོ་གཉིས་ཀྱིས་གཞི་བདེན་གཉིས་སམ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ་བདེན་གྲུབ་གསར་དུ་བསལ་བར་བྱ་བ་ཅི་ཡང་མེད་ཅིང་། བདེན་མེད་གསར་དུ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། ཤེས་བྱའི་གཞི་དེ་དག་གྲུབ་ཙམ་ནས་སམ་གདོད་མ་ནས་བདེན་པར་གྲུབ་པ་མེད་པའི་ཕྱིར་ཞེས་བསྟན། གསུམ་པས་དེ་ལྟར་རྟོགས་པའི་ལྟ་བ་དེ་ལམ་དུ་བསྟན། བཞི་པས་དེ་ལྟ་བུའི་ལམ་དེ་བསྒོམས་ན་གྲོལ་བར་འགྱུར་བའི་འབྲས་བུ་དེ་བསྟན་པའི་ཕྱིར་རོ། །གཞི་ལམ་འབྲས་གསུམ་ལ་ད་དུང་སོ་སོར་ཕྱེ་ན་མང་སྟེ། གྲུབ་མཐའ་བཞིའི་ལུགས་ཀྱི་གཞི་བདེན་གཉིས་དང་། ལམ་ཐབས་ཤེས་དང་། འབྲས་བུ་བྱང་ཆུབ་ལ་འདྲ་མི་འདྲ་དུ་མ་དང་། ཐེག་པ་གསུམ་དང་། རྒྱུད་སྡེ་བཞིའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་སྤྱིར་མཚུངས་ཀྱང་ནང་གསེས་ཀྱི་མི་འདྲ་བར་དུ་མ་ཡོད་དེ། དཔེར་ན། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་ནི་གཞི་བདེན་གཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་བསྒོམས་པས་རང་གི་བྱང་ཆུབ་འཐོབ་པར་འགྱུར་བ་དང་། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་གཞི་ག ཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དང་། རྟེན་འབྲེལ་བཅུ་གཉིས་རྟོགས་པའི་ལམ་བསྒོམས་པས་རང་གི་བྱང་ཆུབ་འཐོབ་པར་འགྱུར་བ་དང་། ཐེག་ཆེན་གྱི་རིགས་ཅན་རྣམས་ལ་སེམས་ཙམ་པའི་རིགས་ཅན་རྣམས་ཀྱིས་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པའི་ལམ་དང་། དབུ་མ་པའི་རིགས་ཅན་རྣམས་ཀྱིས་བདེན་མེད་རྟོགས་པའི་ལམ་བསྒོམས་ནས་རང་གི་འབྲས་བུ་བྱང་ཆུབ་འཐོབ་པར་འགྱུར་བར་བཤད་པ་ལྟ་བུ་དང་། སྔགས་ལའང་རྒྱུད་སྡེ་བཞི་སོ་སོའི་ཉམས་ལེན་ལ་ནང་གསེས་ཀྱི་མི་འདྲ་བ་འགའ་རེ་ཡོད་པའི་ཕྱིར་རང་རང་ཐུན་མོང་མ་ཡིན་པའི་གཏན་ལ་དབབ་བྱའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀྱང་ཅུང་མི་འདྲ་བ་འགའ་རེ་ཡོད་དེ་ཞིབ་པར་ནི་རང་རང་གི་གཞུང་དུ་བལྟས་པས་ཤེས་སོ། །འོན་ཀྱང་དེ་དག་ཀུན་གྱིས་ནི། གཞི་བདེན་གཉིས་ཀྱི་རྣམ་གཞག་ཤེས་ནས། ལམ་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་བླངས་ན། འབྲས་བུ་ཐར་བ་ཐོབ་པར་འགྱུར་རོ་ཞེས་འདོད་པ་ནི་འདྲའོ་ཐེག་ཆེན་པ་ལྟར་ན། གཞི་ཀུན་རྫོབ་ཀྱི་རྣམ་གཞག་ལེགས་པར་ཤེས་ནས་བསོད་ནམས་ཀྱི་ཚོགས་གསོག དོན་དམ་གྱི་རྣམ་གཞག་ཤེས་ནས་ཡེ་ཤེས་ཀྱི་ཚོགས་གསོག དེ་འདྲ་བའི་ཐབས་ཤེས་ཟུང་དུ་འབྲེལ་བའི་ཚོགས་གཉིས་བསགས་ནས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་འཐོབ་པར་འགྱུར་ཞིང་། དེ་ཡང་རིན་ཆེན་འཕྲེང་བ་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། བསོད་ནམས་ཀྱི་ཚོགས་ལས་གཟུགས་སྐུ་དང་། ཡེ་ཤེས་ཀྱི་ཚོགས་ལས་ཆོས་སྐུ་ཐོབ་པར་འགྱུར་ཞེས་བཞེད་པ་ནི་ཐེག་ཆེན་པའི་གྲུབ་མཐའ་རྣམས་འདྲའོ། །དེས་ན་གཞི་ལམ་འབྲས་གསུམ་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་མང་དུ་འབྱུང་ཞིང་། སྤྱིའི་དབང་དུ་བྱས་པའི་གཞི་ནི་བདེན་པ་གཉིས་ཏེ། དེ་གཉིས་ཀྱི་ཁྱད་པར་ལེགས་པར་ཤེས་དགོས་ཤིང་། ལྷག་ཏུ་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་བདེན་གཉིས་དཔལ་ལྡན་ཟླ་བ་གྲགས་པས་བཤད་པ་ལྟར་ཤེས་དགོས་སོ། །གལ་ཏེ་ཤེས་ན་ལེགས་མོད། མ་ཤེས་ཀྱང་སྐྱོན་མེད་དོ་སྙམ་ན་ནི་མི་རུང་སྟེ། དབུ་མ་འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་བ་འགྲུབ་ཡོད་མིན། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདིར་ཡང་བདེན་གཉིས་ཀྱི་རྣམ་གཞག་རྒྱས་པར་བཤད་ན་འབྲེལ་མོད། མང་དུ་དོགས་པ་དང་གཞན་དུ་བདག་གིས་བཤད་ཟིན་པས་གཞག་གོ །ལམ་ལ་སྤྱིར་ཐེག་པ་གསུམ་གྱི་ལམ་དང་། ལམ་ལྔའི་ཐ་སྙད་མཛད་པ་སོགས་ཡོད་ཀྱང་། སྨིན་བྱེད་ཀྱི་ལམ་དང་གྲོལ་བྱེད་ཀྱི་ལམ་གཉིས་སུ་འདུའོ། །ངེས་འབྱུང་དང་བྱམས་སྙིང་རྗེ་སེམས་བསྐྱེད་ལྟ་བུ་སྨིན་བྱེད་ཀྱི་ལམ་གཙོ་ཆེ་ལ། བདག་མེད་རྟོགས་པའི་ལྟ་བ་ནི་གྲོལ་བྱེད་ཀྱི་ལམ་དངོས་སོ། །འབྲས་བུ་ལ་སྤྱིར་མཐའ་ཡས་ཀྱང་གཞི་ལམ་འབྲས་གསུམ་གྱི་འབྲས་བུ་ནི་བྱང་ཆུབ་གསུམ་དང་། ཁྱད་པར་དུ་སངས་རྒྱས་སམ་སྐུ་གསུམ་གྱི་འབྲས་བུ་ལ་གོ་བར་བྱའོ། །༈ གཉིས་པ་ལྟ་སྒོམ་སྤྱོད་གསུམ་ལ་གཉིས། མཁས་པའི་བཞེད་ཚུལ་དགོད་པ་དང་། དོན་བསྡུས་ནས་བཤད་པའོ། །དང་པོ་ནི། རྗེའི་གསུང་འབུམ་ལས། རྟག་དང་ཆད་པ་སྤངས་པ་ལྟ་བ་སྟེ། དེ་ཡི་དོན་ལ་རྩེ་གཅིག་འཇོག་པ་སྒོམ། །སྡོམ་གསུམ་སྤྱོད་པ་གཙང་བ་སྤྱོད་པ་རུ། །ཤེས་པར་གྱིས་ལ་དེ་ལྟར་ཉམས་སུ་ལོངས། །ཞེས་དང་། རྗེ་དགེ་འདུན་རྒྱ་མཚོའི་གསུམ་འབུམ་ལས། ཡིན་ལུགས་ཇི་བཞིན་རྟོགས་པ་ལྟ་བ་སྟེ། །བྱིང་རྒོད་བྲལ་བའི་ཉམས་མྱོང་སྒོམ་པ་ཡིན། །ཐབས་ཤེས་ཟུང་དུ་འབྲེལ་བ་སྤྱོད་པ་སྟེ། །སྐུ་གསུམ་ལྷུན་གྱིས་གྲུབ་པ་འབྲས་བུར་འདོད། །ཅེས་དང་། རྐྱེན་གྱིས་མ་བཅོས་ངོ་བོ་འགྱུར་བ་མེད། །རང་བཞིན་རྣམ་དག་གཤིས་ལ་བཟང་ངན་བྲལ། །ཀུན་ཁྱབ་ཀུན་གྱི་རང་བཞིན་གདོད་མའི་གཤིས། །སྤྲོས་པའི་མཐའ་བྲལ་རྟོགས་པ་ལྟ་བ་ཡིན། །རྣམ་རྟོག་པིར་གྱིས་རི་མོ་བྲིས་པ་ལས། །ཡུལ་གྱི་སྟེང་ནས་གྲུབ་པ་མ་མཆིས་ཀྱང་། །མིང་ཙམ་ཉིད་ལ་འཁོར་འདས་བྱ་བྱེད་ཀུན། །འཐད་པར་ཤེས་པ་གནས་ལུགས་མཐོང་བ་ཡིན། །ཇི་ལྟ་བ་དང་ཇི་སྙེད་དོན་རྣམས་ལ། །སོ་སོར་དཔྱོད་དང་རི་དབང་བཞིན་དུ་འཇོག །འདོད་རྒུར་དབང་བསྒྱུར་བྱིང་རྒོད་དང་བྲལ་བས། །ཏིང་འཛིན་སྒོ་བརྒྱ་འབྱེད་དེ་སྒོམ་པར་འདོད། །གཡོ་མེད་ཤིན་ཏུ་བརྟན་པའི་ཞི་གནས་དང་། །ཡིན་ལུགས་སོ་སོར་དཔྱོད་པའི་ལྷག་མཐོང་གཉིས། །ཟུང་དུ་འབྲེལ་བའི་སྒྲིབ་གཉིས་ས་བོན་ཀུན། །སྤོང་པར་འདོད་དེ་སྒོམ་ཆེན་པ་ཞེས་བྱ། །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །གདོད་མའི་གཤིས་ལ་དབྱེ་བ་མ་མཆིས་ཀྱང་། །ཐ་སྙད་ལས་འབྲས་བསླུ་བ་མེད་ཤེས་ནས། །ཕྱིན་དྲུག་ཉམས་སུ་ལེན་པ་སྤྱོད་པ་ཡིན། །ཞེས་གསུངས་ཤིང་། །པཎ་ཆེན་རིན་པོ་ཆེས་ཀྱང་། །ཆོས་སྐྱེ་མེད་དྲི་བྲལ་འདོད་མའི་གཤིས། །འདི་གཅེར་མཐོང་ལྟ་བའི་རྒྱལ་པོ་ཡིན། །དོན་དེ་ཉིད་དྲན་ཤེས་ཞགས་པ་ཡིས། །དུས་རྒྱུན་དུ་འཆིང་བ་སྒོམ་པའི་གནད། །ནང་བདག་འཛིན་རྟེན་ཕུར་དྲུངས་ཕྱུང་ནས། ཡུལ་ཅི་དགར་སྤྱོད་པ་སྤྱོད་པའི་མཆོག །ཅེས་དང་། བདེན་འཛིན་གྱི་འཆིང་བ་བཤིག་བྱས་ཏེ། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །རང་བཞིན་དང་བྲལ་བའི་སྟོང་པ་ཉིད། །ཇི་བཞིན་དུ་རྟོགས་པ་ལྟ་བའི་མཆོག །འཁོར་འདས་ཀྱི་རང་བཞིན་སྟོང་པའི་ངང་། རྣམ་དག་གི་རིགས་པས་མདུང་བསྐོར་བྱ། །གཡེང་མེད་དུ་ཆུ་བོའི་རྒྱུན་བཞིན་དུ། །རྩེ་གཅིག་ཏུ་འཇོག་པ་སྒོམ་པ་ཡིན། །དོན་དམ་དུ་སྤྲོས་པ་ཀུན་བྲལ་ཡང་། །རྗེས་ཐོབ་ཏུ་ཁྱེར་སོ་གསུམ་གྱི་ངང་། །རྒྱལ་སྲས་ཀྱི་སྤྱོད་པའི་རྗེས་སློབ་པ། །སྐྱོན་མེད་ཀྱི་རླབས་ཆེན་སྤྱོད་པ་ཡིན། །ཞེས་དང་། རང་སེམས་ལ་སོགས་འཁོར་འདས་ཆོས་ཀུན། །བདེན་པའི་དངོས་པོ་རྡུལ་ཙམ་མེད་པར། །རྟག་དང་ཆད་པ་སྤངས་པའི་དབྱིངས་དེ། །ཇི་བཞིན་རྟོགས་པ་ལྟ་བའི་རྒྱལ་པོ། །དོན་དམ་སྤྲོས་བྲལ་ཟབ་མོའི་དབྱིངས་དེ། །བྱིང་རྒོད་སྐྱོན་རྣམས་ལེགས་པར་བསལ་ཏེ། །དྲན་དང་ཤེས་བཞིན་གདྒཱའི་རྒྱུན་བཞིན། སྐྱོང་བར་བྱེད་པ་སྒོམ་པའི་རྒྱལ་པོ། །རྗེས་ཐོབ་མཉམ་བཞག་རྩེ་ཡིས་ཟིན་པའི། །སྒྱུ་མ་ལྟ་བུའི་རྣལ་འབྱོར་ངང་ནས། །སྒོ་གསུམ་སྡིག་བྲལ་དགེ་བའི་ལམ་དུ། །ཅི་དགར་འཇུག་པ་སྤྱོད་པའི་རྒྱལ་པོ། །དེ་ལྟའི་ལྟ་སྒོམ་སྤྱོད་པའི་ཚུལ་འདི། །སྒྱུ་མས་རྨོངས་པའི་འགྲོ་རྣམས་ཀུན་གྱིས། །ཇི་བཞིན་རྟོགས་པར་གྱུར་ན་དགའ་བ། །རྟོགས་པར་གྱུར་ནས་གྲོལ་ན་སྐྱིད་པ། །ཞེས་གསུངས་པ་ལྟར་ཏེ། དེ་དག་ནི་གཙོ་བོ་ཐེག་པ་ཆེན་པོའི་དབང་དུ་བྱས་པའོ། །གཉིས་པ་ནི། སྤྱིར་ལྟ་སྒོམ་སྤྱོད་གསུམ་ནི་ཕྱི་ནང་གཉིས་དང། ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་པ་ཐམས་ཅད་ཀྱིས་བཞེད་ཅིང་། བྱང་ཆུབ་སྒྲུབ་པ་ལ་ངེས་པར་དགོས་པའོ། །ལྟ་སྒོམ་སྤྱོད་གསུམ་ལ་མིང་འདྲ་ཡང་དོན་མི་འདྲ་བ་མང་དུ་ཡོད་དེ། བདག་མེད་ཕྲ་རགས་རྟོགས་ཚུལ་གྱིས་ཕྱེ་བ་དང་། ཁྱད་པར་དུ་གྲུབ་མཐའ་རང་རང་གིས་འདོད་ཚུལ་གྱི་སྒོ་ནས་བཞག་པ་དང་། དེར་མ་ཟད་འདུས་བྱས་ཐམས་ཅད་མི་རྟག་པར་ལྟ་བ་སོགས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་སྒོ་ནས་བཞག་པ་སོགས་ཏེ་སྐབས་ཐོབ་ཤེས་དགོས་སོ། །ལྟ་བ་མཆོག་ནི་བདག་མེད་རྟོགས་པའི་ལྟ་བ་ཡིན་ལ། དེ་ལ་རྣམ་གྲངས་མང་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་དཔལ་ལྡན་ཟླ་བ་དང་རྗེ་རིན་པོ་ཆེས་བཤད་པ་ལྟར་ཆོས་རྣམས་རང་བཞིན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་ཉིད་ལྟ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །སྒོམ་པ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཏེ་གཙོ་བོ་ནི་ཕྱི་མའོ། །སྤྱོད་པ་ལ་སྤྱིར་མང་ཡང་འདུལ་བའི་ཀུན་སྤྱོད་དང་། ཕྱིན་དྲུག་གི་སྤྱོད་པ་དང་། ཐོས་སོགས་ལ་འཇུག་པ་སོགས་ཏེ། མདོར་ན་སྒོ་གསུམ་སོགས་དགེ་བ་ལ་འཇུག་པའི་སྤྱོད་པ་ཐམས་ཅད་དོ། །སྔགས་ཀྱི་སྐབས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྤྱོད་པ་གསུམ་ལ་སོགས་པ་མང་སྟེ། དེ་དག་གི་ཁྱད་པར་ཕལ་ཆེར་ནི་ལུང་དྲངས་པ་རྣམས་ཀྱི་དོན་དུ་གསལ་ལོ། །ལྟ་སྤྱོད་གཉིས་མི་འགལ་ཏེ། བདག་མེད་རྟོགས་པའི་ལྟ་བ་ནི་ལྟ་སྤྱོད་གཉིས་སུ་ཕྱེ་བའི་ལྟ་བ་ཡིན་ཀྱང་སྤྱིར་སྤྱོད་པ་ཡང་ཡིན་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཕར་ཕྱིན་དྲུག་ཡོད་པའི་ཕྱིར་རོ། །༈ གསུམ་པ་ཉམས་ལེན་གྱི་སྙིང་པོ་གཞན་བཤད་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཉམས་སུ་ལེན་རྒྱུ་ལ་སྤྱིར་མང་ཡང་སྙིང་བོའི་དབང་དུ་བྱས་ན། སྐྱབས་འགྲོ་སེམས་བསྐྱེད་དང་། ལམ་གྱི་གཙོ་བོ་རྣམ་པ་གསུམ་དང་། བསླབ་གསུམ་དང་། སྔགས་ཀྱི་རིམ་གཉིས་ལ་སོགས་པའོ། །གཉིས་པ་ནི། པཎ་ཆེན་རིན་པོ་ཆེས། ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི །དོན་གཅེས་པའི་བརྗོད་བྱ་མཆོག་གྱུར་བ། ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། ཞེས་དང་། བཀའ་མདོ་རྒྱུད་ཀུན་གྱི་སྙིང་པོ་མཆོག །ཆོས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདི་ཀུན་གྱིས་ངེས་ན་ཨ་ལ་ལ། །དོན་ངེས་ནས་གྲོལ་ན་ཨེ་མ་ཧོ། །ཞེས་དང་། ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདི་ཆོས་ཀུན་གྱི་ཡང་སྙིང་མཐར་ཐུག་ལགས། །ཞེས་དང་། རྗེ་དགེ་འདུན་རྒྱ་མཚོའི་གསུང་མགུར་ལས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ། །ཆོས་ཀུན་གྱི་སྙིང་ཁུ་དེའོ་དེ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འོ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་པ་དེ་ཅི་འདྲ་བ་ཞིག་ལ་བྱེད་ཅེ་ན། དེ་ནི་རྗེའི་གསུང་འབུམ་ཐོར་བུ་ལས། ཐེག་པ་ཆེན་པོ་སྤྱི་སྐད་ཀྱི་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཞེས་པ། ད་ལྟའི་རྣལ་བྱོར་པས་སྐྱོང་བ་ན་སྟོང་ཉིད་ཀྱི་ལྟ་བའི་ཉམས་མྱོང་བརྟན་པའི་རྩེ་མ་ཞིག་པར་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་བྱ་དགོས་ལ། །གསང་སྔགས་བླ་མེད་ནས་སྟོང་པ་དང་སྙིང་རྗེ་དབྱེར་མེད་བཤད་པ་ཕལ་མོ་ཆེ་ཁམས་གཉིས་ཀྱི་ཞི་བདེ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་བདེ་སྟོང་དབྱེར་མེད་ལ་བཀྲལ་བ་མང་ཞེས་གསུངས་ཏེ་སྔ་མ་ནི་ཐུན་མོང་བ་དང་། ཕྱི་མ་ཐུན་མོང་མ་ཡིན་པའི་དབང་དུ་མཛད་པ་ཡིན་ལ། སྐབས་འདིར་ནི་སྔ་མ་ལྟར་རོ། །དེ་ནི་སྟོང་ཉིད་རྟོགས་པའི་ཞི་ལྷག་ལྟ་བུ་ལ་གནས་ནས་དེའི་མཇུག་དེ་མ་ཐག་མཉམ་གཞག་གི་རྩེ་མ་ཡལ་བའི་ངང་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་འདོད་ཙམ་མ་ཡིན་པར། སྐྱབས་འདོད་ཀྱི་སྙིང་རྗེ་ཆེན་པོ་སྐྱེས་པ་ཞིག་དགོས་ཀྱང་། དེ་མིན་གཞི་བདག་གམ་སེམས་ཅན་ནམ་ཕུང་པོ་སོགས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་པའི་མཐར་དེ་ལྟར་རང་བཞིན་སྟོང་ཡང་སྒྱུ་མ་བཞིན་དུ་སྣང་བའི་སེམས་ཅན་ལ་དམིགས་ནས་སྐྱེས་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བྱའོ། །དེའི་ཚེ་སྙིང་རྗེ་དེས་སེམས་ཅན་བདེན་མེད་དུ་རྟོགས་པར་མི་འཇོག་ཀྱང་སེམས་ཅན་བདེན་མེད་ཀྱི་རྣམ་པ་ཅན་དུ་ཤར་བར་འཇོག་གོ །སྙིང་རྗེ་ཆེན་པོ་ནི་ཐོག་ཐ་བར་གསུམ་དུ་གལ་ཆེ་ཞིང་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུར་བཤད་ཅིང་། སེམས་བསྐྱེད་སྐྱེ་བ་དང་གནས་པ་དང་གོང་འཕེལ་དུ་བྱེད་པས་སྤྱོད་པ་ཁྱད་པར་ཅན་གྱི་རྟེན་ཡང་བྱེད་དོ། །སྙིང་རྗེ་ལ་རིགས་གསུམ་ཡོད་ཀྱང་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་གཞན་གཉིས་ལས་ཁྱད་པར་དུ་འཕགས་ཤིང་། དམིགས་མེད་བརྩེ་བའི་གཏེར་ཆེན་ཞེས་པའང་སྙིང་རྗེ་དེ་ལྟ་བུ་ལ་དགོངས་སོ། །ཕར་ཕྱིན་གྱི་གཞུང་ཆེ་བ་རྣམས་ཀྱི་སྐབས་དུ་མར། སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ཀྱིས་ཟིན་པའི་ཡེ་ཤེས་ཞེས་འབྱུང་བ་ཕལ་ཆེར་ནི། མཉམ་གཞག་ཁྱད་པར་ཅན་གྱི་ངང་ནས་སྟོང་ཉིད་རྟོགས་པ་དང་། དེའི་ཤུགས་སམ་རྩེ་མ་ཡལ་བའི་སྙིང་རྗེ་ཆེན་པོས་ཟིན་པ་ལ་དགོངས་ཤིང་། འགའ་ཞིག་ནི་སྟོང་ཉིད་རྟོགས་པ་ཙམ་དང་སྙིང་རྗེ་ཆེན་པོ་སྤྱིའི་དབང་དུ་མཛད་དོ། །ཟིན་པའི་དོན་ལ་དངོས་སུ་ཟིན་པ་དང་རྩེ་མ་ཡལ་བར་ཟིན་པ་དང་བརྒྱུད་ནས་ཟིན་པ་གསུམ་སྟེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ལྟ་བུ་ནི་སྟོང་ཉིད་རྟོགས་པའི་ལྟ་བས་དངོས་སུ་ཟིན་པ་ཡིན་ལ། བྱང་འཕགས་ཀྱི་སྙིང་རྗེ་ལ་ལྟ་བས་དངོས་སུ་ཟིན་མ་ཟིན་གཉིས་དང་། སོ་སྐྱེའི་སྙིང་རྗེའི་ལྟ་བུ་ལ་ལྟ་བའི་ཤུགས་མ་ཡལ་བར་ཟིན་པ་འགའ་ཞིག་ཡོད་ཀྱང་། ཕལ་ཆེར་བརྒྱུད་ནས་ཟིན་པ་ཙམ་སྟེ། ལྟ་བ་དང་སྙིང་རྗེ་ལྷན་གཅིག་ཏུ་ཚོགས་དཀའ་བའི་ཕྱིར་རོ། །སྔར་སེམས་བསྐྱེད་པ་ཉམས་ནས་དམན་པའི་ལམ་དུ་གྱུར་པ་རྣམས་ནི་སེམས་བསྐྱེད་ཀྱིས་ཟིན་པར་འཇོག་མི་ནུས་ཀྱང་། སྟོང་ཉིད་ཀྱི་ལྟ་བ་ལས་ཉམས་ཞེས་པའི་ཐ་སྙད་དངོས་སུ་གསུངས་པ་མ་མཐོང་བས། སྟོང་ཉིད་རྟོགས་པ་སྔོན་དུ་སོང་བ་ཙམ་གྱི་སེམས་བསྐྱེད་སོགས་ནི་ལྟ་བ་དེས་ཟིན་པར་འཇོག་པའམ། ཡང་ན་ཉམས་མ་ཉམས་ཀྱི་ཁྱད་པར་ཕྱེ་ནས་ཁས་བླང་བར་བྱའོ། །ལྟ་བས་དངོས་སུ་ཟིན་པ་ནི་ལྟ་བ་དང་ལྷན་ཅིག་ཚོགས་དགོས་པར་བཤད་པ་ཡོད་ཀྱང་། ལྟ་བའི་རྩེ་མ་ཡལ་བ་ལ་ལྟ་བས་དངོས་སུ་ཟིན་པར་འཇོག་པའི་སྐབས་ནི་ཡོད་པར་མངོན་ཏེ། མཉམ་གཞག་དངོས་གཞི་ལས་ལངས་མ་ཐག་པའི་སྐབས་འགའ་ཞིག་ལྟ་བུའོ། །རྒྱལ་ཚབ་རིན་པོ་ཆེས་ཕར་ཕྱིན་ཊིཀྐར། སེམས་བསྐྱེད་རྣམ་མཁྱེན་དྲན་པའི་འདུན་པ་དུ་རེ་བ་ཡོད་པས་ཚེ་དེས་དངོས་སུ་ཟིན་པ་དང་། མེད་པའི་དུས་སུ་དེས་དངོས་སུ་མ་ཟིན་པར་བཤད་པ་ཡང་ལྷན་ཅིག་དངོས་སུ་ཚོགས་མ་ཚོགས་ཀྱི་དབང་དུ་མཛད་པ་སྟེ། ཟིན་བྱ་གང་ཡིན་ཟིན་བྱེད་དེ་དང་དེ་དངོས་སུ་ཟིན་མ་ཟིན་པའི་ཁྱད་པར་ཅུང་དབྱེ་དཀའོ། །སོ་སྐྱེའི་སྟོང་ཉིད་རྟོགས་པའི་བློ་གཅིག་ཉིད་ཀྱིས་སྟོང་ཉིད་དང་ཀུན་རྫོབ་ཅིག་ཅར་དུ་རྟོགས་པར་བཞག་དཀའ་ཡང་། སྟོང་ཉིད་རྟོགས་པའི་ཚེ་བློ་ཟུར་བ་ཞིག་གིས་ནི་ཀུན་རྫོབ་རྟོགས་པ་ལ་འགའ་བ་མེད་དེ། རང་བཞིན་གྱིས་སྟོང་པ་རྟེན་འབྲེལ་གྱི་དོན་དུ་གོ་བའི་གང་ཟག་གིས་མྱུ་གུ་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་མྱུ་གུ་རྟེན་འབྲེལ་ཡིན་པ་ལ་ངེས་པ་འདྲེན་ནུས་པ་དང་། རྟེན་འབྲེལ་ཡིན་པར་གོ་བའི་བློ་ཉིད་ཀྱིས་རང་བཞིན་མེད་པ་ལ་ངེས་པ་འདྲེན་ནུས་པར་བཤད་པའི་ཕྱིར་རོ། །བློ་གཅིག་གིས་དེ་ལྟར་ངེས་པ་འདྲེན་ནུས་ཀྱང་བློ་གཉིས་སོ་སོ་བར་མངོན་ཏེ། ངེས་ཤེས་ནི་བློ་སྔ་མའི་སྟོབས་ཀྱིས་འདྲེན་པའི་ཕྱིར་རོ། །དེར་མ་ཟད་སོ་སྐྱེས་སྟོང་ཉིད་ལ་དཔྱད་སྒོམ་བྱེད་པའི་ཚེ་ངེས་དོན་ཀུན་རྫོབ་ཀྱི་སྣང་བ་མེད་པས་ཐེག་ཆེན་སེམས་བསྐྱེད་དང་སྙིང་རྗེ་ལྟ་བུ་མེད་ཀྱང་། དེའི་དུས་སུ་རྒྱུད་ལ་དེ་དག་ཡོད་པ་མི་འགལ་ཏེ་གཉིད་ཀྱི་དུས་སུ་དེ་དག་ཡོད་པ་འདོད་དགོས་པ་ལྟ་བུའོ། །གཞན་ཡང་བཀའ་བརྒྱུད་པ་སོགས་ཀྱི་ལུགས་ལ་ཕྱག་རྒྱ་ཆེན་པོ་ཞེས་ཉམས་ལེན་གྱི་སྙིང་པོར་མཛད་པའི་ཕྱག་ཆེན་དེ་ནི་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལྟར་ན་སྟོང་ཉིད་རྟོགས་པའི་ལྟ་བ་སྒོམ་པ་ཡིན་ལ། དེ་ལ་ཡང་དཔྱད་སྒོམ་འཇོག་སྒོམ་གཉིས་དང་། འཇོག་སྒོམ་ལ་ཞི་ལྷག་གི་ཕྱོགས་གཉིས་ཡོད་ཅིང་། ལྷག་མཐོང་ལ་ནི་དཔྱད་སྒོམ་ཀྱང་ཡོད་དོ། །སྤྱིར་ཉམས་སུ་ལེན་པའི་རིམ་པ་ཁྱད་པར་བ་ནི། རྗེ་དགེ་འདུན་རྒྱ་མཚོའི་གསུང་མགུར་ལས། ནམ་འཆི་ངེས་མེད་བསམ་པ། །ཉམས་ལེན་གྱི་བསྐུལ་མ་རུ་འདུག་པ། །བྱམས་དང་སྙིང་རྗེ་སྒོམ་པ། །ཉམས་ལེན་གྱི་སྣ་འདྲེན་དུ་བྱས་སོ། །བྱང་ཆུབ་སེམས་གཉིས་སྒོམ་པ། །ཉམས་ལེན་གྱི་དངོས་གཞི་རུ་འདུག་པ། །དགེ་རྩ་དམིགས་མེད་ཀྱི་ངང་ནས། །སེམས་ཅན་ཐམས་ཅད་ལ་བསྔོ་བ། །ཉམས་ལེན་གྱི་མཇུག་སྡུད་དུ་བྱས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། གཞན་ཡང་། ཆོས་ཐམས་ཅད་རང་རང་གདགས་གཞི་ལ། །ཕར་རྟོག་པས་བཏགས་ཙམ་ཁོ་ན་ལས། །དོན་ཡུལ་གྱི་སྟེང་ནས་མ་གྲུབ་པའི། །དཔལ་འཕགས་པ་ཡབ་སྲས་བཞེད་པའི་དོན། །ཞེས་པ་ནས། དོན་རྗེན་པ་ཉིད་དུ་ལྷང་གིས་རྟོགས། །ཆོས་གང་ཤར་འབད་རྩོལ་མ་དགོས་པར། །རང་ངོ་བོས་སྟོང་བར་ལམ་ལ མ་ཤར། །རྗེས་མིང་ཙམ་སྒྱུ་མའི་རྟེན་འབྲེལ་ལ། །ལར་བྱ་བྱེད་ཐམས་ཅད་འཐད་ཤེས་པས། །ཉམས་ང་བ་ཆད་ལྟའི་གཡང་ལས་གྲོལ། །ཞེས་དང་། ཆོས་རྣམས་ཀུན་གྱི་གདོད་མའི་གཤིས་ཡ། །རང་བཞིན་སྟོང་པ་དེའོ་དེ་ཡིན་ནོ། །འཁོར་འདས་ཐམས་ཅད་རྣམ་རྟོག་གི་རི་མོ། །ཐ་སྙད་རྟེན་བྲལ་དེའོ་དེ་ཡིན་ནོ། །བདག་པས་གཞན་ཅེས་བྱང་ཆུབ་སེམས་། །ཐེག་ཆེན་འཇུག་སྒོ་དེའོ་དེ་ཡིན་ནོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ། ཆོས་ཀྱི་ཉིང་ཁུ་དེའོ་དེ་ཡིན་ནོ། །ཕྱིན་དྲུག་གི་ཉམས་ལེན་འདི་། །རྒྱལ་སྲས་ཀྱི་སྤྱོད་པ་དེའོ་དེ་ཡིན་ནོ། །འཁྲུལ་མེད་ཀྱི་བསྐྱེད་རྫོགས་ཉམས་ལེན། །ཟབ་ལམ་མཐར་ཐུག་དེའོ་དེ་ཡིན་ནོ། །ཞེས་གསུངས། ཁྱད་པར་དུ་ཡོད་མེད་ཀྱི་མཐའ་གཉིས་བསལ་ནས་སྣང་སྟོང་ཟུང་འབྲེལ་ལ་ངེས་པ་འདྲེན་ཚུལ་ནི། པཎ་ཆེན་རིན་པོ་ཆེའི་གསུང་མགུར་ལས། དབྱིངས་སྤྲོས་བྲལ་གདོད་ནས་དག་པ་དང་། །ལས་རྒྱུ་འབྲས་བསླུ་བ་མེད་པ་ཡི། །ཡུལ་སྣང་སྟོང་རེས་འཇོག་མ་ཡིན་པའི། །དོན་ཟུང་འཇུག་མཐའ་བྲལ་དབུ་མའི་ལམ། །ལམ་འདི་འདྲ་རྙེད་པ་བླ་མའི་དྲིན། །ཞེས་དང་། ཆོས་ཅན་ཀུན་བལྟས་པས་སྒྱུ་མ་ཙམ། །ཆོས་ཉིད་ལ་བལྟས་ཀྱང་ཅང་མ་མཐོང་། །སྒྱུ་མ་དང་སྟོང་པ་ཟུང་འབྲེལ་ལམ། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་ཀྱི་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་གཞོག །ཆོས་ཉིད་ལ་བལྟས་པས་ཆོས་ཅན་བཀྲ། །ཆོས་ཅན་ལ་དཔྱད་པས་སྟོང་པར་བྲོས། །སྣང་སྟོང་གཉིས་རེས་འཇོག་མི་བྱེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །དོན་དམ་གྱི་རྒྱུ་འབྲས་བསླུ་མེད་བསྟན། །ཀུན་རྫོབ་ཀྱིས་དོན་དམ་རང་ཞལ་ཕྱེ། །བདེན་གཉིས་ཀྱི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །དོན་དམ་གྱི་དབྱིངས་ལ་དཔྱད་པའི་ཚེ། །རྟེན་འབྲེལ་གྱི་མིང་ཡང་མེད་པ་དང་། །སྟོང་པ་དང་རྟེན་འབྲེལ་ཟུང་འཇུག་འདི། །འགལ་མེད་དུ་བླ་མའི་དྲིན་གྱིས་ཤེས། །ཟུང་འཇུག་འདི་བླ་མའི་དྲིན་གྱི་རྙེད། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །བདེན་མེད་དུ་ཤེས་པས་བདེན་པ་གོ །བདེན་གཉིས་ཀྱིི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །མིང་རྐྱང་གི་ཆོས་རྣམས་བདེན་པས་སྟོང་། །བདེན་སྟོང་ཀུན་རྒྱུ་འབྲས་རོལ་པར་ཤར། །སྟོང་པ་དང་རྒྱུ་འབྲས་དབྱེར་མེད་ལམ། །ཨེ་མ་ཧོ་བླ་མའི་དྲིན་གྱི་རྙེད། །ཨ་ལ་ལ་རྟག་ཆད་ཀྱི་གཡང་ལས་གྲོལ། །ཞེས་གསུངས་ཏེ། འདི་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་སྣང་བས་ཡོད་མཐའ་དང་། །སྟོང་པས་མེད་མཐའ་སེལ་ཚུལ་ལེགས་པར་དགོངས་པའི་ཉམས་མགུར་རོ། །ཡང་དེ་ཉིད་ཀྱིས། ཡེ་གདོད་ནས་ཅི་ཡང་མ་གྲུབ་པས། །ཡུལ་བདག་མེད་རྟོགས་པའི་ངེས་ཤེས་ཀྱིས། །ལས་རྒྱུ་འབྲས་བསླུ་བ་མེད་པར་རྟོགས། །ད་ཆད་པའི་གཡང་ལ་ཉམ་ང་མེད། །ཡང་རྟེན་ནས་འབྱུང་བའི་ཆོས་རྣམས་ཀུན། །སྣང་ཙམ་གྱིས་སྒྱུ་མའི་རོལ་བར་མཐོང་། །དེ་མཐོང་བས་ཨ་འཐས་འཆིང་བ་ཞིག །དོན་དེ་ཕྱིར་རྟག་པའི་མཐའ་ལས་གྲོལ། །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་བ། །ཡུལ་གང་ཤར་རྫུན་པའི་རྒྱས་ཐེབས་པས། །ཁོང་བདེན་པར་འཛིན་པའི་ཆོམ་རྐུན་པོ། །གཞི་སྐྱེ་མེད་གདོད་མའི་དབྱིངས་སུ་བྲོས། །ལར་འཁོར་འདས་ཆོས་རྣམས་མ་ལུས་པ། །མིང་བཏགས་ཡོད་ཙམ་གི་རོལ་པ་ལས། །དབྱིངས་ངོ་བོ་ཅི་ཡང་མ་མཆིས་པས། །ད་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །སྔར་དལ་མེད་འཁྱམས་པའི་ངལ་གསོའི་གནས། །ཆོས་སྟོང་ཉིད་བདུད་རྩིའི་སྙིང་པོ་རྙེད། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །ང་བློ་བཟང་རྒྱལ་བ་གཉིས་པའི་སྲས། །ཞེས་གསུངས་སོ། །ཞེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་དད་པས་བསྒྲིགས་པའི་ཚེ། པར་གྱི་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཁྲུ་ཤིའི་དགེ་སློང་རི་ཁྲོད་པ་ཀུན་དགའ་ནོར་བུའོ། །།།སརྦམདྒ་ལམ།།


previousགཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ།next