Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་གནས་གསུམ་པའི་རྣམ་བཤད།next

ཆོས་མངོན་པ་མཛོད་ཀྱི་གནས་གསུམ་པའི་རྣམ་བཤད།

ཆོས་མངོན་པ་མཛོད་ཀྱི་གནས་གསུམ་པའི་རྣམ་བཤད་བཞུགས།

གཉིས་པ་དེ་ཉིད་ངེས་པར་བྱེད་པའི་ཚུལ་ལ། ཤེས་བྱ་སྡུག་བསྔལ་གྱི་བདེན་པ་གཏན་ལ་དབབ་པ། སྤང་བྱ་ཀུན་འབྱུང་གི་བདེན་པ་གཏན་ལ་དབབ་པ། ཐོབ་བྱ་འགོག་ལམ་གྱི་བདེན་པ་གཏན་ལ་དབབ་པ་གསུམ། དང་པོ་ལ། ནང་བཅུད་ཀྱི་འཇིག་རྟེན་གྱི་རྣམ་གཞག་དང་། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་གཞག་གཉིས། དང་པོ་ལ། དབྱེ་བ་སྤྱིར་བསྟན་པ་དང་། རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ། སྐྱེ་བ་གནས་པའི་ཐབས། གནས་པ་འཆི་བའི་འཕོ་སེམས། སེམས་ཀྱི་ཚོགས་གསུམ་དུ་སྡུད་པ་ལྔ། དང་པོ་ལ། ཁམས་གསུམ་དུ་དབྱེ་བ། འགྲོ་བ་རིགས་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བ་གསུམ། དང་པོ་ལ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་བཤད་པ་དང་གསུམ། དང་པོ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ། ཞེས་བྱུང་། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་མི་རྣམས་དང་། འདོད་ལྷ་རིགས་དྲུག་དག་དང་བཅས་པའི་བརྟེན་པ་དང་རྟེན་རླུང་དཀྱིལ་ཡན་ཆད་ཀྱི་སྣོད་དང་བཅས་པ་ཆོས་ཅན། འདོད་པའི་ཁམས་ཡིན་ཏེ། འདོད་ཡོན་ལ་ལོངས་སྤྱོད་པའི་སས་བསྡུས་ཤིང་དེ་ལ་ཆགས་བྲལ་མ་བྱས་པའི་ཁམས་དངོས་དང་སྡེར་གཏོགས་གང་རུང་ཡིན་པའི་ཕྱིར། འདོད་པའི་འགྲོ་བ་ཆོས་ཅན། ཁྱོད་ལ་རིགས་ཀྱི་དབྱེ་ན་ལྔ་ཡོད་དེ། དམྱལ་བ་ནས་འདོད་ལྷ་རིགས་དྲུག་གི་བར་ལྔ་ཡོད་པའི་ཕྱིར། དེ་རྣམས་ཀྱི་སྒྲ་དོན་ཡོད་དེ། བསོད་ནམས་མ་ཡིན་པའི་ལས་ཀྱིས་ཡིད་དུ་མི་འོང་ཞིང་སྡུག་བསྔར་གྱིས་གཟིར་བར་བྱེད་པས་ན་དམྱལ་བ། བཀྲེས་སྐོམ་གྱིས་གདུང་བས་ཟས་སྐོམ་ཡིད་ལ་བཏགས་པས་ན་ཡི་དྭགས། དུད་དེ་འགྲོ་བས་ན་དུད་འགྲོ། ཡིད་ཤས་ཆེ་བས་ན་མི། ནམ་མཁར་རྩེ་ཞིང་རོལ་བས་ན་ལྷ་ཞེས་བྱ་བའི་ཕྱིར། འདོད་ལྷ་རིགས་དྲུག་གི་སྒྲ་དོན་ཡོད་དེ། རྒྱལ་ཆེན་རིགས་བཞིའི་གནས་དེར་སྐྱེས་པའི་ལྷ་ཡིན་པས་ན་རྒྱལ་ཆེན་རིགས་བཞིའི་ལྷ། དེ་བཞིན་དུ་ཉེ་དབང་སོ་གཉིས་དང་དབང་པོ་བརྒྱ་བྱིན་དང་བཅས་པའི་སོ་གསུམ་གྱི་གནས་ལ་སུམ་ཅུ་རྩ་གསུམ། ལྷ་མིན་དང་འཐབ་རྩོད་བྲལ་བའི་གནས་ཡིན་པས་ན་འཐབ་བྲལ། དགའ་བ་མང་པོ་འབྱུང་བའི་གནས་ཡིན་པས་ན་དགའ་ལྡན། རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བསྒྱུར་བས་ན་འཕྲུལ་དགའ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལའང་དབང་བསྒྱུར་བས་ན་གཞན་འཕྲུལ་དབང་བྱེད་ཅེས་བརྗོད་པ་ཡིན་པའི་ཕྱིར། འདོད་ཁམས་དེ་ཆོས་ཅན། ཁྱོད་ལ་གནས་རིགས་ཉི་ཤུར་དབྱེར་ཡོད་དེ། ཚ་དམྱལ་བརྒྱད་དང་ཡི་དྭགས་དང་དུད་འགྲོའི་གནས་དང་བཅས་ངན་འགྲོའི་གནས་བཅུ་དང་། གླིང་བཞིའི་མིའི་གནས་དང་འདོད་ལྷ་རིགས་དྲུག་གི་གནས་བཅས་བདེ་འགྲོའི་གནས་བཅུ་ཡོད་པའི་ཕྱིར། དབྱེ་བ་དེ་དག་ནི་གནས་སམ་གང་ཟག་རེ་རེ་ཁོ་ན་ལ་སྦྱོར་བ་མིན་ཏེ། དེ་གཉིས་ཀ་ལ་སྦྱོར་བའི་དབང་དུ་མཛད་པའི་ཕྱིར། འདིར་གྲང་དམྱལ་དང་ཉེ་ཚེ་བ་དང་གླིང་ཕྲན་རྣམས་སོ་སོར་ལོགས་སུ་མི་འབྱེད་པའི་རྒྱུ་མཚན་ཡོད་དེ། གྲང་དམྱལ་བརྒྱད་ནི་ཚ་དམྱལ་སོ་སོའི་འཁོར་ཡིན་ཞིང་། ཉེ་ཚེ་བ་ནི་ཡུལ་དང་གུངས་དང་ཚང་མ་ངེས་པ་དང་། གླིང་ཕྲན་རྣམས་ནི་གླིང་བཞི་སོ་སོའི་འཁོར་ཡིན་པའི་རྒྱུ་མཚན་གྱིས་ལོགས་སུ་མ་བཤད་པར་བསྡུས་ནས་བསྟན་པའི་ཕྱིར། གླིང་བཅུ་གཉིས་ན་མི་ཡོད་ཀྱང་དེར་མ་ངེས་ཏེ། རྔ་ཡབ་གླིང་ན་སྲིན་པོ་དུ་མ་གནས་པའི་ཕྱིར། གླིང་ཕྲན་གྱི་མི་རྣམས་ནི་རང་གི་རྩ་བའི་གླིང་གི་མིའི་ལུས་ལས་ལུས་ཆུང་སྟེ། གང་སྤེལ་ལས། དེ་ལ་གནས་པའི་མི་རྣམས་ནི་ལུས་ཆུང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གོང་མའི་གནས་དག་བཅུ་བདུན་ནི། གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཁམས་གོང་མའི་གནས་ཚངས་རིས་ནས་འོག་མིན་གྱི་བར་དག་བཅུ་བདུན་གྱི་རྟེན་ས་དང་གང་ཟག་རྣམས་ཆོས་ཅན། གཟུགས་ཀྱི་ཁམས་ཡིན་ཏེ། ལས་ཀྱིས་འཕངས་པ་ལྟར་འདོད་པ་ལ་ཆགས་པ་དང་བྲལ་ཞིང་། གཟུགས་ལ་ཆགས་བྲལ་མ་བྱས་པས་རབ་ཏུ་ཕྱེ་བའི་སས་བསྡུས་པ་ཡིན་པའི་ཕྱིར། གཟུགས་ཁམས་དེར་ནི་ཆོས་ཅན། ཁྱོད་ལ་སོ་སོའི་དབྱེ་བ་བཅུ་བདུན་ཡོད་དེ། བསམ་གཏན་གྱིས་དང་པོ་གསུམ་ལ་ནི་གསུམ་གསུམ་དང་བཞི་པའི་ས་ལ་ནི་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བསམ་གཏན་དང་པོ་ལ་ཚངས་རིས་ཚངས་པ་འདུན་འདོན་ཚངས་ཆེན་གསུམ། གཉིས་པ་ལ་འོད་ཆུང་ཚད་མེད་འོད་འོད་གསལ་གསུམ། གསུམ་པ་ལ་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་གསུམ་དང་དགུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྲིན་མེད་བསོད་ནམས་སྐྱེ་འབྲས་བུ་ཆེ་བ་སྟེ་སོ་སྐྱེའི་གནས་གསུམ་དང་། མི་ཆེ་བ་མི་གདུང་བ་ཤིན་ཏུ་མཐོང་བ་གྱ་ནོམ་སྣང་བ་འོག་མིན་ཏེ་འཕགས་པའི་གནས་ལྔ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །གཟུགས་ཁམས་པའི་རྟེན་ཅན་ཡིན་ན། ལྷ་ཡིན་པས་ཁྱབ་ཟེར་ན། གཟུགས་ཁམས་པའི་བར་སྲིད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེའི་བར་སྲིད་ཀྱི་རྟེན་ཅན་ཡིན་པའི་ཕྱིར། འདོད་ན་དེ་མི་འཐད་པར་ཐལ། བར་དོ་བ་དེ་འགྲོ་བ་རིགས་དྲུག་གང་རུང་དུ་མི་གཏོགས་པའི་ཕྱིར། དེར་ཐལ། རྩ་བར། སེམས་ཅན་ཞེས་བྱ་བར་སྲིད་མིན། ཞེས་གསུངས་པའི་ཕྱིར། ཁ་ཅིག བར་དོ་བ་དེ་འགྲོ་བ་མ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་འགྲོ་བ་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་ཡིན་པའི་ཕྱིར། ཁ་ཅིག །བར་དོ་བ་དེ་སེམས་ཅན་ཡང་མ་ཡིན་ཏེ། སེམས་ཅན་ཞེས་བྱ་བར་སྲིད་མིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་རིགས་ལྔའམ་དྲུག་པོ་གང་རུང་དུ་གཏོགས་པའི་སེམས་ཅན་མིན་ཞེས་པའི་དོན་ཡིན་པའི་ཕྱིར། གསུམ་པ་ནི། གཟུགས་མེད་ཁམས་ན་གཟུགས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་རྟེན་པ་ཡིན། ཤེས་བྱུང་། གཟུགས་མེད་ཁམས་ཆོས་ཅན། ཁྱོད་ན་གཟུགས་ཅན་གྱི་གནས་མེད་དེ། རྟེན་སྣོད་དང་བརྟེན་པ་སེམས་ཅན་ལ་ནི་ཁ་དོག་དང་དབྱིབས་སོགས་མེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་སྙོམས་འཇུག་གི་སྒོ་ནས་སྐྱེ་བ་ལས་ནི་རྣམ་པ་བཞི་ཡོད་དེ། ནམ་མཁའ་མཐའ་ཡས་དང་དེ་བཞིན་དུ་རྣམ་ཤེས་དང་ཅི་ཡང་མེད་དང་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མུ་བཞི་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྟེན་གཟུགས་མེད་ཀྱང་བརྟེན་པ་སེམས་ཅན་མེད་པའི་སྐྱོན་དུ་མི་འགྱུར་ཏེ། གནས་དེར་ནི་རིས་འདྲ་སྐལ་མཉམ་དང་། དེར་མ་ཟད་སྲོག་ལ་ཡང་སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན་པའི་ཕྱིར། གཉིས་པ་ལ། གྲངས་དང་། དོགས་དཔྱོད་དང་བཅས་པ་གཉིས། དང་པོ་ནི། དེར་ནི་དམྱལ་སོགས་འགྲོ་བ་ལྔ། རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །ཞེས་བྱུང་། ཁམས་གསུམ་པོ་དེར་ནི་ཆོས་ཅན། སྐྱེ་བའི་འགྲོ་བ་ལྔ་ཡོད་དེ། དམྱལ་བ་སོགས་ཏེ་ཡི་དྭགས་དུད་འགྲོ་མི་ལྷའི་འགྲོ་བ་ལྔ་རང་གི་མིང་གིས་བསྟན་པ་དེ་དག་ཡོད་པའི་ཕྱིར། འདིར་འགྲོ་བ་ལ་ལྔར་བཤད་པའི་རྒྱུ་མཚན་ཡོད་དེ། འཕེན་བྱེད་དགེ་བས་འཕངས་པའི་ལྷ་མིན་ལྷ་དང་། མི་དགེ་བས་འཕངས་པའི་ལྷ་མིན་ཡི་དྭགས་དང་དུད་འགྲོར་བསྡུས་ནས་བསྟན་པའི་ལུགས་སུ་མཛད་པའི་ཕྱིར། འགྲོ་བ་ལྔ་ཆོས་ཅན། མ་བསྒྲིབ་ལུང་མ་བསྟན་ཡིན་ཏེ། དེ་དང་ཉོན་མོངས་ཅན་དང་ལུང་དུ་བསྟན་པ་གསུམ་པོ་གང་རུང་གང་ཞིག །ཕྱི་མ་གཉིས་གང་རུང་མ་ཡིན་པའི་ཕྱིར། དེ་ཆོས་ཅན། སེམས་ཅན་ཞེས་བྱ་སྟེ། ཟག་བཅས་ཀྱི་སེམས་རྒྱུད་ལ་བརྟེན་པ་ཅན་ཡིན་པའི་ཕྱིར། སྲིད་པ་བར་མ་ཆོས་ཅན། འགྲོ་བ་ལྔ་པོ་གང་རུང་དུ་གཏོགས་པ་མིན་ཏེ། དེ་དག་གིས་མ་བསྡུས་པའི་ཕྱིར། དེར་ཐལ། གདགས་པ་ལས། འགྲོ་བ་ལྔས་སྐྱེས་གནས་བཞི་མ་བསྡུས་ཏེ། གང་ཞེ་ན་སྲིད་པ་བར་མའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །གཞུང་འདིའི་དངོས་བསྟན་གྱི་འགྲོ་བ་ཡིན་ན། དམྱལ་བ་ཡི་དྭགས་དུད་འགྲོ་དང་ཞེས་པའི་དངོས་བསྟན་གྱི་འགྲོ་བ་ཡིན་པས་ཁྱབ་ཟེར་ན། གྲང་དམྱལ་བརྒྱད་ཀྱི་འགྲོ་བ་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དམྱལ་སོགས་ཞེས་པས་དངོས་སུ་བསྟན་པའི་འགྲོ་བ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཞུང་དེས་དེ་བརྒྱད་ཚ་དམྱལ་བརྒྱད་སྟོན་པའི་ཤུགས་ཀྱིས་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། དེས་གྲང་དམྱལ་དང་ཉེ་ཚེ་བ་གཉིས་ཀ་ཤུགས་ལ་བསྟན་པའི་ཕྱིར། མ་གྲུབ་ན། དངོས་བསྟན་ལ་དེ་ཉི་ཤུ་ཞེས་པ་མི་འཐད་པར་ཐལ། ཉི་ཤུ་ལས་གྲངས་མང་བའི་གྲང་དམྱལ་སོགས་ཡོད་པའི་ཕྱིར། འོ་ན་གཟའ་དང་རྒྱུ་སྐར་དྲི་ཟ་གཤིན་རྗེ་སོགས་འགྲོ་བ་དྲུག་པོ་གང་དུ་གཏོགས་ཞེ་ན། ཡོད་དེ། གཟའ་དང་རྒྱུ་སྐར་དྲི་ཟ་རྣམས་ལྷར་གཏོགས། ནམ་མཁའ་ལྡིང་དང་མིའམ་ཅི་དང་ཀླུ་རྣམས་དུད་འགྲོར་གཏོགས། འབྱུང་པོ་ཤ་ཟ་སྲིན་པོ་སྨྱོ་བྱེད་བརྗེད་བྱེད་གཤིན་རྗེ་མ་མོ་སོགས་ཕལ་ཆེར་ཡི་དྭགས་སུ་གཏོགས་ཤིང་། ད་ལྟ་གཞི་བདག་ཏུ་གྲགས་པ་འདི་རྣམས་ཀྱང་ཡི་དྭགས་སུ་གཏོགས་པའི་ཕྱིར། གཉིས་པ་ལ། སེམས་ཀྱི་གནས་པ་བདུན་བཤད་པ། སེམས་ཅན་ལ་གནས་དགུ་བཤད་པ་ལ་སེམས་ཀྱི་གནས་པ་བཞི་བཤད་པ་གསུམ། དང་པོ་ནི། ལུས་དང་འདུ་ཤེས་ཐ་དད་དང་། །ལུས་ཐ་དད་ཅིང་འདུ་ཤེས་གཅིག །བཟློག་དང་ལུས་དང་འདུ་ཤེས་གཅིག །གཟུགས་ཅན་མ་ཡིིན་གསུམ་པོ་དག །རྣམ་ཤེས་གནས་པ་བདུན་ལྷག་མ། །དེ་འཇོམས་པ་དང་ལྡན་ཞེས་བྱུང་། །རྣམ་ཤེས་ཀྱི་གནས་པ་ཆོས་ཅན། ཁྱོད་ལ་བདུན་ཡོད་དེ། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་དང་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དང་། དེ་ལས་བཟློག་པ་ལུས་ཉིད་གཅིག་ཅིང་འདུ་ཤེས་ཐ་དད་པ་དང་། ལུས་དང་འདུ་ཤེས་གཉིས་ཀ་གཅིག་པ་དང་། གཟུགས་ཅན་མ་ཡིན་པའི་གནས་དང་པོ་གསུམ་པོ་དག་དང་བདུན་ཡོད་པའི་ཕྱིར། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་མེད་དེ། ཐོག་མར་བྱུང་བ་མ་ཡིན་པའི་འདོད་པའི་ལྷ་མི་གཉིས་དང་། དེ་འདྲ་བའི་བསམ་གཏན་དང་པོ་བ་གསུམ་དེ་ཡིན་ཏེ། དེ་གསུམ་ལུས་ཆེ་ཆུང་དང་ཁ་དོག་དང་དབྱིབས་ཐ་དད་ཅིང་། འདུ་ཤེས་བདེ་སྡུག་སོགས་ཀྱང་ཐ་དད་པའི་ཕྱིར། བསམ་གཏན་དང་པོར་ཐོག་མར་སྐྱེས་མ་ཐག་པ་རྣམས་ཆོས་ཅན། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ཞེས་བྱ་སྟེ། ལུས་སྔ་མ་དང་འདྲ་ཞིང་། འདུ་ཤེས་ཚངས་ཆེན་གྱིས་བྱས་སོ་སྙམ་པར་གཅིག་པའི་ཕྱིར། བསམ་གཏན་གཉིས་པ་བ་རྣམས་ཆོས་ཅན། ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ཡིན་ཏེ། ལུས་འོད་ལུས་སུ་གཅིག་པ་གང་ཞིག །འདུ་ཤེས་བདེ་བ་དང་བཏང་སྙོམས་གཉིས་རེ་མོས་སུ་དོན་དུ་གཉེར་བའི་ཕྱིར། བསམ་གཏན་གསུམ་པ་ཆོས་ཅན། ལུས་གཅིག་ཅིང་འདུ་ཤེས་ཀྱང་རིགས་གཅིག་པ་ཡིན་ཏེ། ལུས་སྔར་ལྟར་དང་། འདུ་ཤེས་ཚོར་བ་བདེ་བར་རིགས་གཅིག་པའི་ཕྱིར། དེའི་ལྷག་མ་ངན་སོང་གསུམ་དང་བསམ་གཏན་བཞི་པ་དང་སྲིད་རྩེ་རྣམས་ཆོས་ཅན། རྣམ་ཤེས་ཀྱི་གནས་པ་ཞེས་མི་བྱ་སྟེ། རྣམ་ཤེས་དེ་འཇོམས་བྱེད་དང་ལྡན་པའི་ཕྱིར། དེར་ཐལ། ངན་སོང་གསུམ་ན་སྡུག་བསྔལ་གྱིས་འཇོམས། བསམ་གཏན་བཞི་པར་འདུ་ཤེས་མེད་པའི་སྙོམས་འཇུག་གིས་འཇོམས། སྲིད་རྩེར་འགོག་སྙོམས་ཀྱིས་འཇོམས་པའི་ཕྱིར། མི་དང་འདོད་ལྷ་དང་བསམ་གཏན་དང་པོར་ཕྱིས་སྐྱེས་པའི་ལྷ་གང་རུང་ཡིན་ན། རྣམ་ཤེས་ཀྱི་གནས་པ་དང་པོ་ཡིན་པས་མ་ཁྱབ་སྟེ། འགོག་སྙོམས་རྒྱུད་ལྡན་གྱི་དེ་དག་ཡོད་པའི་ཕྱིར། གཉིས་པ་ནི། སྲིད་རྩེ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས། ། སེམས་ཅན་གྱི་ནི་གནས་དགུར་བཤད། །མི་འདོད་བཞིན་གནས་ཕྱིར་གཞན་མིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སེམས་ཅན་གྱི་ནི་གནས་དགུར་བཤད་དུ་ཡོད་དེ། སྔར་གྱི་གནས་པ་བདུན་དང་སྲིད་རྩེ་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་དང་དགུ་ཡོད་པའི་ཕྱིར། དེར་ཐལ། འདི་དག་ཏུ་སེམས་ཅན་དེ་རྣམས་རང་དགར་གནས་པར་བྱེད་པའི་ཕྱིར། དེ་ལས་གཞན་ངན་སོང་གསུམ་པོ་ཆོས་ཅན། སེམས་ཀྱི་གནས་སུ་འདོད་པ་མ་ཡིན་ཏེ། གནས་དེར་མི་འདོད་བཞིན་དུ་གནས་པའི་ཕྱིར། གསུམ་པ་ནི། གནས་པ་དག་ནི་ཡང་བཞི་སྟེ། །ཟག་དང་བཅས་པའི་ཕུང་པོ་བཞི། །རང་གི་ས་པ་ཉིད་རྣམ་ཤེས། །འབའ་ཞིག་གནས་པར་མ་བཤད་དོ། །བསྡུ་ན་མུ་ནི་བཞི་ཡིན་ནོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། རྣམ་ཤེས་ཀྱི་གནས་པ་དག་ནི་བདུན་དུ་མ་འདུས་པ་ཡང་བཞི་སྟེ། ཟག་པ་དང་བཅས་པའི་གཟུགས་ཚོར་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་བཞི་ཡོད་པའི་ཕྱིར། ཟག་བཅས་དེ་དག་རང་གི་ས་པ་ཉིད་ཡིན་པ་ཞིག་དགོས་ཏེ། ས་གཞན་གྱི་ཕུང་པོ་ལ་ས་གཞན་གྱི་རྣམ་ཤེས་དགའ་བའི་སྲེད་པ་མི་སྐྱེ་བའི་ཕྱིར། དེར་ཐལ། འོག་མའི་ཕུང་པོ་ལྟ་བུ་རང་སའི་རྣམ་ཤེས་ཁོ་ནའི་གནས་ཡིན་པའི་ཕྱིར། འདིར་རྣམ་ཤེས་འབའ་ཞིག་གནས་པར་མ་བཤད་དེ། རྣམ་ཤེས་ནི་རྣམ་ཤེས་ཀྱི་གནས་མ་ཡིན་པའི་ཕྱིར། དེར་ཐལ། རང་ཉིད་རང་ལ་རྟེན་པ་འགལ་བའི་ཕྱིར། རྣམ་ཤེས་ཀྱི་གནས་པ་ཆོས་ཅན། ཁྱོད་ལ་བསྡུ་ན་མུ་ནི་བཞི་ཡོད་པ་ཡིན་ཏེ། བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་དང་། དེ་ལས་བཟློག་པ་དང་། གཉིས་ཀས་བསྡུས་པ་དང་། གཉིས་ཀས་མ་བསྡུས་པ་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། བདུན་གྱི་གནས་སྐབས་ཀྱི་ཟག་བཅས་ཀྱིི་རྣམ་པར་ཤེས་པའི་ཕུང་པོ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ངན་སོང་གསུམ་དང་བསམ་གཏན་བཞི་དང་སྲིད་རྩེའི་རྣམ་ཤེས་མ་གཏོགས་པའི་ཕུང་པོ་བཞི་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། བདུན་གྱི་གནས་སྐབས་ཀྱི་ཟག་བཅས་ཀྱི་ཕུང་པོ་དང་པོ་བཞི་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ངན་སོང་བ་དང་བསམ་གཏན་བཞི་པ་དང་སྲིད་རྩིའི་རྣམ་ཤེས་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ། གང་དུ་འཇུག་པ་སྐྱེ་གནས་ཀྱི་དབྱེ་བ། གང་འཇུག་པ་བར་སྲིད་ཀྱི་རང་བཞིན། དེ་སྐྱེ་གནས་སུ་འཇུག་ཚུལ་གསུམ། དང་པོ་ནི། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། དམྱལ་བ་པ་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་བྱུང་། འགྲོ་བ་སེམས་ཅན་རྣམས་ཆོས་ཅན། ཁྱོད་ལ་ཁམས་གསུམ་པོ་དེར་ནི་སྐྱེ་གནས་བཞི་དག་ཏུ་ཡོད་དེ། སྒོ་ང་ལས་སྐྱེས་པ་དང་སོགས་ཏེ་མངལ་སྐྱེས་དྲོད་གཤེར་སྐྱེས་རྫུས་སྐྱེས་རྣམས་ཡོད་པའི་ཕྱིར། མི་དང་དུད་འགྲོ་ཆོས་ཅན། ཁྱོད་ལ་སྐྱེ་གནས་རྣམ་པ་བཞི་ག་ཡོད་དེ། མི་ལ་དེ་བཞི་ཡོད་པ་གང་ཞིག །དུད་འགྲོ་ལའང་དེ་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མི་སྒོང་སྐྱེས་ནི་གྲུ་ཞིག་པའི་ཚོང་པ་བྱ་ཁྲུང་ཁྲུང་མོ་དང་འདུས་པའི་སྒོང་སྐྱེས་དགེ་སློང་གྲགས་པ་དང་ཉེ་བའི་གྲགས་པ་གཉིས། རི་དྭགས་འཛིན་གྱི་བུ་སྒོང་སྐྱེས་སུམ་ཅུ་རྩ་གཉིས། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་ལྟ་བུ་དང་། མི་མངལ་སྐྱེས་སླ་ཞིང་། དྲོད་གཤེར་སྐྱེས་ནི་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་ང་ལས་ནུ་དང་བརླ་གཡས་གཡོན་ལས་མཛེས་པ་དང་ཉེ་མཛེས་སྐྱེས་པ་ལྟ་བུ་དང་། རྫུས་སྐྱེས་ནི་བསྐལ་པ་དང་པོའི་མི་རྣམས་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དུད་འགྲོ་ཀླུ་དང་ནམ་མཁའ་ལྡིང་ལ་དེ་བཞི་ཡོད་པའི་ཕྱིར། དེར་ཐལ། ནམ་མཁའ་ལྡིང་རྫུས་སྐྱེས་ཀྱིས་ཀླུ་དེ་བཞི་ག་ཟ། དྲོད་གཤེར་གྱིས་དེ་གསུམ་ཟ། མངལ་སྐྱེས་ཀྱིས་དེ་གཉིས་ཟ། སྒོང་སྐྱེས་ཀྱིས་ཀླུ་སྒོང་སྐྱེས་ཁོ་ན་ཟ་བར་བཤད་པའི་ཕྱིར། རྫུས་སྐྱེས་ལ་རོ་མེད་པར་བཤད་པ་དང་མི་འགལ་ཏེ། མ་ཤིའི་བར་དུ་ཟ་བ་ཡིན་པའི་ཕྱིར། དམྱལ་བ་པ་དང་ལྷ་རྣམས་དང་སྲིད་པ་བར་མ་ཆོས་ཅན། སྐྱེ་གནས་གཅིག་པར་ངེས་ཏེ། བརྫུས་ཏེ་སྐྱེ་བ་ཁོ་ན་ཡིན་པའི་ཕྱིར། ཡི་དྭགས་ཆོས་ཅན། ཁྱོད་ལ་བརྫུས་ཏེ་སྐྱེ་བ་མང་ཡང་དེར་མ་ངེས་ཏེ། མངལ་ནས་སྐྱེ་བའང་ཡོད་པའི་ཕྱིར། སྐྱེ་གནས་བཞིའི་མཆོག་དམན་ཡོད་དེ། རྫུས་སྐྱེས་མཆོག་དྲོད་སྐྱེས་དང་མངལ་སྐྱེས་འབྲིང་། སྒོང་སྐྱེས་ཐ་མ་ཡིན་པའི་ཕྱིར། དེར་ཐལ། སྔ་མ་གཉིས་གཞན་ལ་གནོད་མེད་དུ་སྐྱེ་ཞིང་། ཕྱི་མ་གཉིས་གཞན་ལ་གནོད་ཅིང་རང་གཞན་སྡུག་བསྔལ་མྱོང་བ་དང་བཅས་པར་སྐྱེ་བའི་ཕྱིར། འོན་ཀྱང་སྟོན་པ་ཆོས་ཅན། སྔ་མ་གཉིས་བཞག་ནས་མངལ་དུ་སྐྱེ་བའི་རྒྱུ་མཚན་ཡོད་དེ། གདུལ་བྱ་སྤྲོ་བ་བསྐྱེད་ཅིང་ཆོས་ལ་འགོད་པ་དང་མུ་སྟེགས་བྱེད་སོགས་ཀྱིས་སྒྱུ་མ་མཁན་ནོ་སྙམ་པའི་ལོག་རྟོག་སེལ་བའི་ཆེད་ཡིན་པའི་ཕྱིར། སྐྱེ་གནས་བཞི་ལས་གང་མང་ཞེ་ན། བཤད་ཚེ་ད་ལྟར་ན་རྫུས་སྐྱེས་མང་སྟེ། ལྷ་ཐམས་ཅད་དང་དམྱལ་བ་པ་རྣམས་དང་བར་དོ་བ་ཐམས་ཅད་ཀྱང་རྫུས་སྐྱེས་ཡིན་པའི་ཕྱིར། གཉིས་པ་བར་སྲིད་ལ། ངོ་བོ། སྒྲུབ་བྱེད། ཁྱད་ཆོས་གསུམ། དང་པོ་ནི། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བར་སྲིད་ཆོས་ཅན། ཁྱོད་ཀྱི་ངོ་བོ་བཞག་ཏུ་ཡོད་དེ། འཇིག་རྟེན་འདིར་གང་གི་སྔ་མའི་འཆི་བ་དང་ཕྱི་མའི་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའི་སྲིད་པ་དེ་དེ་ཡིན་པའི་ཕྱིར། སྲིད་པ་བར་མ་ཆོས་ཅན། ཁྱོད་སྐྱེས་ཀྱང་བྱུང་བ་ཞེས་པའི་ཐ་སྙད་བྱེད་པ་མིན་ཏེ། བྱུང་བ་ནི་བགྲོད་པའི་ཡུལ་དུ་སོན་ཟིན་པ་ལ་བྱེད་པས། ཁྱོད་གང་དུ་བགྲོད་པའི་ཡུལ་དུ་སོན་མ་ཟིན་པའི་ཕྱིར། དེར་ཐལ། སྔོན་དུས་ཀྱི་སྲིད་བར་མ་ཕྱིན་པའི་ཕྱིར་གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །བར་དོ་བ་ཡིན་ན། བར་སྲིད་རྒྱུད་ལྡན་ཡིན་པས་ཁྱབ་ཟེར་ན། གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་ཐོབ་པའི་བར་དོ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཕྱིར་མི་འོང་བར་འདར་བ་ཡོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། སྲིད་པ་ཆ་ཤས་བྲལ་གྱི་ཚུལ་གྱིས་སྤངས་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། སྐྱེ་སྲིད་ཀྱི་རྟེན་ཅན་ཡིན་ན། དེ་རྒྱུད་ལྡན་ཡིན་མི་དགོས་པའི་ཕྱིར། དེར་ཐལ། གཟུགས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཉན་ཐོས་ཡོད་པའི་ཕྱིར། ཁ་ཅིག སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་བའི་བློ་ཡིན་ན། བློ་ཕྱིན་ཅི་ལོག་ཡིན་པས་ཁྱབ་ཟེར་ན། རྒྱལ་པོ་གཞོན་ནུ་དོན་གྲུབ་ཏུ་ཉིང་མཚམས་སྦྱོར་བའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། བསམ་བཞིན་མ་འཁྲུལ་བར་འཇུག་པའི་བློ་ཡིན་པའི་ཕྱིར། ཁ་ཅིག །ཡུམ་སྒྱུ་མ་ལྷ་མཛེས་ཀྱི་མངལ་དུ་འཇུག་ཁ་མའི་བར་དོ་བ་དེ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པར་ཐལ། སྟོན་པ་དེས་སྤྲས་པ་གང་ཞིག །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་ན། སངས་རྒྱས་ཡིན་པར་ཐལ་ལོ། ཁ་ཅིག །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པ་མི་འཐད་པར་ཐལ། ཁྱིའི་བར་སྲིད་གྲུབ་ནས་མིར་སྐྱེ་བ་ཡོད་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། གཙོ་ཆེ་བ་ལ་དགོངས་པའི་ཕྱིར། རྟགས་དེར་ཐལ། ཀུན་བཏུས་ལས། ཅི་སྟེན་ལྡོག་གོ །ཞེས་གསུངས་པའི་ཕྱིར། ཁ་ཅིག ཁྱིའི་བར་སྲིད་གྲུབ་ནས་དུད་འགྲོ་གཞན་དུ་སྐྱེ་བ་མེད་ཟེར་ན། དེ་ཡོད་པར་ཐལ། དེ་གྲུབ་ནས་དོམ་ལྟ་བུ་ལྕེ་སྤྱང་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། རྐྱེན་མ་ཚང་བའི་དབང་གིས་དེར་འགྱུར་བ་ཡོད་པའི་ཕྱིར། དེར་ཐལ། འཁྲིག་པའི་དུས་དང་འགྲོ་བ་རིགས་མཐུན་པའི་དབང་གིས་དེ་ལྟར་དུ་འགྱུར་བའི་ཕྱིར། དེར་ཐལ། དགུན་བ་ལང་གི་བར་སྲིད་གྲུབ་ཀྱང་བ་ལང་དེ་དབྱར་ཆགས་པ་སྤྱོད་ཅིང་། བ་མེན་དུས་མིན་དུ་སྤྱོད་པས་བ་མེན་དུ་སྐྱེ། དགུན་རྟའི་བར་སྲིད་གྲུབ་ན་དེ་སོས་ཀ་ཆགས་པ་སྤྱོད་ཅིང་། བོང་བུ་དུས་མིན་དུ་སྤྱོད་པས་བོང་བུར་སྐྱེ། དབྱར་དོམ་གྱི་བར་སྲིད་གྲུབ་ན་དེ་དགུན་ཆགས་པ་སྤྱོད་ཅིང་། དྲེད་དུས་མིན་དུ་སྤྱོད་པས་དྲེད་དུ་སྐྱེ། དབྱར་ཁྱིའི་བར་སྲིད་གྲུབ་ན་དེ་སྟོན་ཆགས་པ་སྤྱོད་ཅིང་། ལྕེ་སྤྱང་དུས་མིན་དུ་སྤྱོད་པས་ཅེ་སྤྱང་དུ་སྐྱེ་བ་ཡོད་པའི་ཕྱིར། ཁ་ཅིག །མི་ཁྱིའི་བར་སྲིད་པ་རྣམས་མི་ཁྱི་ཡིན་ཟེར་ན། མི་འཐད་པར་ཐལ། དེ་དག་འགལ་བའི་ཕྱིར། དེར་ཐལ། བར་སྲིད་པ་རྣམས་རྫུས་སྐྱེས་ཡིན་པའི་ཕྱིར། ཁ་ཅིག །བར་སྲིད་པ་ཡིན་ན། རང་གི་སྔོན་དུས་ཀྱི་སྲིད་པ་དང་དབང་པོ་སོགས་རྣམ་པ་ཐམས་ཅད་དུ་འདྲ་བས་ཁྱབ་ཟེར་ན། མི་འཐད་པར་ཐལ། དབང་པོ་མ་ཚང་བའི་མིའི་བར་དོ་བ་རྣམས་དབང་པོ་ཀུན་ཚང་བའི་ཕྱིར། དེར་ཐལ། དབང་པོ་ཀུན་ཚང་ཞེས་གསུངས་པའི་ཕྱིར། དེར་མ་ཟད། འབུ་སྲིན་ཕྲ་མོའི་བར་དོ་བ་རྣམས་ནི་ཇི་ལྟར་ཡིན་དཔྱད་དགོས་པ་ཡོད་དོ། །གཉིས་པ་སྒྲུབ་བྱེད་ལ། རིགས་པ་དང་། ལུང་གཉིས། དང་པོ་ནི། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། སྲིད་པ་ཆད་ལས་བྱུང་བ་མིན། །གཟུགས་བརྙན་མ་གྲུབ་ཕྱིར་བ་དང་། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །རྒྱུན་མིན་ཕྱིར་གཉིས་ལས་བྱུང་ཕྱིར། ཞེས་བྱུང་། ཕལ་ཆེན་སྡེ་པ་དང་ས་སྟོན་སྡེ་པ་ན་རེ། བར་སྲིད་མེད་དེ། སྐྱེ་སྲིད་དང་འཆི་སྲིད་བར་མ་ཆད་པར་འབྱུང་བའི་ཕྱིར་ཟེར་ན། དེ་ནི་མི་འཐད་དེ། སྐྱེ་སྲིད་ཀྱི་གཟུགས་སེམས་གཉིས་ནི་རང་གི་རྒྱུན་སྔོན་མའི་བར་སྲིད་ཀྱི་གཟུགས་སེམས་སྔོན་དུ་སོང་བ་ལ་བརྟེན་ནས་བྱུང་བའི་ཕྱིར་ཏེ། དཔེར་ན་འབྲུ་ཤར་ནས་ནུབ་ཏུ་དྲངས་པའི་ཚེ་རྒྱུན་ཕྱི་མ་འབྱུང་བ་དང་ཆོས་མཐུན་པ་བཞིན། བར་སྲིད་མེད་པར་འཆི་བའི་སྲིད་པ་རྒྱུན་ཆད་པ་ལས་སྐྱེ་སྲིད་ཀྱི་གཟུགས་སེམས་གཉིས་བྱུང་བ་མིན་ནོ། །དེ་ལ་ཁོ་ན་རེ། འཆི་སྲིད་རྒྱུན་ཆད་པ་ལས་སྐྱེ་སྲིད་འབྱུང་བའི་དཔེ་ཡང་ཡོད་དེ། མེ་ལོང་གི་ངོས་སོགས་དང་བྱད་བཞིན་གྱི་གཟུགས་ཀྱི་བར་འགྱངས་ཆེན་པོ་ཡོད་ཀྱང་། དེ་དག་ཏུ་གཟུགས་བརྙན་འབྱུང་བ་ལྟ་བུ་ཡིན་པའི་ཕྱིར་ཟེར་ན། དཔེ་དོན་དེ་མ་ཡིན་པར་ཐལ། ཁྱོད་འདོད་པ་ལྟར་དེའི་དཔེ་ལ་མ་གྲུབ་ཅིང་། གྲུབ་ཏུ་ཆུག་ཀྱང་དཔེ་དོན་མི་འདྲ་བའི་ཕྱིར། དང་པོ་དེར་ཐལ། ཁྱོད་ཀྱིས་གཟུགས་བརྙན་ཁ་དོག་ཅན་གྱི་ཐོགས་བཅས་སུ་འདོད་ཀྱང་དེ་ལྟར་མ་གྲུབ་པའི་ཕྱིར། དེར་ཐལ། དེར་མེ་ལོང་གི་ངོས་དང་གཟུགས་བརྙན་སྣང་ཡང་དེ་ལྟ་བུའི་ཁ་དོག་ཐ་དད་པ་གཉིས་གོ་ས་གཅིག་ན་ལྷན་ཅིག་མེད་པའི་ཕྱིར་ཏེ། དེར་དེ་ལྟ་བུའི་འབྱུང་བ་རིགས་ཐ་དད་པ་གཉིས་ཅིག་ཅར་དུ་མེད་པའི་ཕྱིར། དེར་ཐལ། མིའི་ལུས་ཀྱི་འབྱུང་བ་དང་མཁར་བའི་འབྱུང་བ་གཉིས་འགལ་བའི་ཕྱིར། གཉིས་པ་དེར་ཐལ། བྱད་བཞིན་གྱི་གཟུགས་བརྙན་དེ་བྱད་བཞིན་གྱི་རྒྱུན་མ་ཡིན་པས་མི་འདྲ་བའི་ཕྱིར་དང་། མེ་ལོང་གི་གཟུགས་བརྙན་དེ་བྱད་བཞིན་དང་མེ་ལོང་གི་ངོས་ཚོགས་པ་གཉིས་ལས་བྱུང་བ་ལྟར། སྐྱེ་སྲིད་ནི་དེ་འདྲའི་རྒྱུན་གཉིས་ལས་མི་འབྱུང་བའི་ཕྱིར། སྦྱོར་བ་འགོད་ཚུལ་གཅིག་ལ། འཆི་སྲིད་ཀྱི་སེམས་ཆོས་ཅན། རྒྱུན་མི་ཆད་པར་ཡུལ་གཞན་དུ་འབྱུང་སྟེ། རྒྱུན་གྱིས་ཡུལ་གཞན་དུ་སྐྱེ་ཞིང་འཇུག་པའི་ཆོས་ཡིན་པའི་ཕྱིར། དཔེར་ན་འབྲུ་ཡུལ་གཞན་དུ་དྲངས་པའི་རྒྱུན་བཞིན་ཞེས་པའོ། །གཉིས་པ་ནི། མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ། །ལྔར་གསུངས་འགྲོ་མདོ་ལས་ཀྱང་གྲུབ། །ཞེས་བྱུང་། དྲི་ཟ་བར་སྲིད་ཆོས་ཅན། ཁྱོད་ཡོད་དེ། སྟོན་པའི་མགུར་ནས་སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། ཡི་དྭགས་ཀྱི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། མིའི་སྲིད་པ་དང་། ལྷའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་འགྲོ་བ་བདུན་གསུངས་པའི་མདོའི་ཁུངས་ལས་ཀྱང་གྲུབ་པའི་ཕྱིར་དང་། གཞན་ཡང་བར་འདའ་བ་གཅིག །སྐྱེ་འདའ་བ་གསུམ། གོང་འཕོ་བ་དང་ལྔར་གསུངས་པས་ཀྱང་ཁྱོད་ཡོད་པར་གྲུབ་པའི་ཕྱིར། གསུམ་པ་ནི། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་བྱུང་། ལྷ་མིའི་བར་སྲིད་པ་དེ་ཆོས་ཅན། ཁྱོད་ཀྱི་བྱད་དབྱིབས་ཡོད་དེ། རང་གང་དུ་སྐྱེས་འགྱུར་གྱི་ལྷ་མིའི་སྔོན་དུས་ཀྱི་སྲིད་པ་འབྱུང་བ་དེའི་ཤ་ཚུགས་ཅན་དུ་འགྱུར་བའི་ཕྱིར། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡོད་དེ། ཁྱོད་དང་རང་གི་སྔོན་དུས་ཀྱི་སྲིད་པ་དེ་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ཕྱིར། སྔོན་དུས་ཀྱི་སྲིད་པ་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐྱེ་སྲིད་ཀྱི་རྗེས་ཡིན་ཡང་འཆི་སྲིད་ཀྱི་སྔོན་ཡིན་པས་དེ་སྐད་ཅེས་བརྗོད་པའི་ཕྱིར། སྔོན་དུས་ཀྱི་སྲིད་པ་དེ་ནི་ཆོས་ཅན། བཞག་ཏུ་ཡོད་དེ། སྐྱེ་སྲིད་གྲུབ་པའི་སྐད་ཅིག་གཉིས་པ་ཕན་ཆད་ནས་འཆི་བའི་སྲིད་པའི་སྔོན་རོལ་ཚུན་ཆད་ལ་འཇོག་པའི་ཕྱིར། བར་སྲིད་པ་ཆོས་ཅན། མི་ཕལ་པ་རྣམས་དང་རིས་མི་མཐུན་པས་མི་མཐོང་སྟེ། ལྷའི་བར་དོ་བས་ལྷའི་བར་དོ་བ་དང་མིའི་བར་དོ་བས་མིའི་བར་དོ་བ་ལྟ་བུ་ཕན་ཚུན་རིས་མཐུན་པས་གཅིག་གིས་གཅིག་མཐོང་ཞིང་། རིས་མི་མཐུན་པས་མི་མཐོང་ལ། འོན་ཀྱང་གོང་མའི་བར་དོ་བས་འོག་མའི་བར་དོ་བ་མཐོང་བར་འགྱུར་བའི་ཕྱིར། བར་དོ་བ་ཆོས་ཅན། ཁྱོད་གཞན་གྱིས་མཐོང་བ་ཡོད་དེ། སྐྱོན་བཅུ་གཅིག་དང་བྲལ་བའི་མངོན་ཤེས་དང་ལྷའི་མིག་གི་རྣམ་པར་དག་པས་མཐོང་བའི་ཕྱིར། དེ་ཆོས་ཅན། རྫུ་འཕྲུལ་དང་ལྡན་པ་ཡིན་ཏེ། ནམ་མཁའ་བ་འགྲོ་ནུས་པའི་ལས་སྟོབས་ཀྱིས་ཐོབ་པའི་རྫུ་འཕྲུལ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། ཤུགས་དང་ལྡན་ཏེ། གང་འདོད་པའི་སར་སྐད་ཅིག་གིས་སླེབ་ནུས་པའི་ལས་ཀྱི་ཤུགས་མྱུར་བ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། དབང་པོ་ཀུན་ཚང་བ་ཡིན་ཏེ། དབང་པོ་ལྔ་ཚང་བའི་ཕྱིར། དེ་ཆོས་ཅན། ཐོགས་པ་མེད་པ་དང་ལྡན་ཏེ། རི་བྲག་སོགས་ལའང་ཐོགས་རྡུགས་མེད་པར་འགྲོ་བའི་ཕྱིར། བྱེ་བྲག་སྨྲ་བའི་ལུགས་འདིར་གང་གི་བར་སྲིད་གྲུབ་པ་དེའི་སྔོན་དུས་ཀྱི་སྲིད་པ་འགྲུབ་པར་ངེས་ཏེ། བར་སྲིད་དེ་གྲུབ་ནས་འགྲོ་བ་རིགས་མི་མཐུན་པ་གཞན་དུ་མི་ལྡོག་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་ཁམ་ཟས་ཀྱང་ཟ་སྟེ། དྲི་ཟ་བར་བྱེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཁ་དོག་གི་ཁྱད་པར་ཡོད་དེ། དམྱལ་བའི་བར་དོ་ནི་སྡོང་དུམ་མེས་ཚིག་པ་ལྟ་བུ་སོགས་ཡིན་པའི་ཕྱིར། བོང་ཚོད་ཡོད་དེ། ལྷ་མིའི་བར་དོ་བ་དེ་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུར་ཡོད་པའི་ཕྱིར། གོས་དང་བཅས་མ་བཅས་གཉིས་ཡོད་དེ། ངོ་ཚ་ཁྲེལ་ཡོད་ཆེ་བ་རྣམས་གོས་དང་བཅས་ཤིང་། ངོ་ཚ་དང་ཁྲེལ་མེད་རྣམས་གཅེར་བུར་སྐྱེ་བ་ཤས་ཆེ་བའི་ཕྱིར། ཚེ་ཚད་ཡོད་དེ། ཞག་བདུན་རེ་གནས་ཏེ། སྐྱེ་བའི་རྐྱེན་ཚོགས་ན་ཤི་ནས་གཞན་དུ་ཉིང་མཚམས་སྦྱོར་ལ། མ་རྙེད་ན་སླར་བར་དོར་སྐྱེ་ལ། བདུན་ཕྲག་བདུན་ཚུན་ཆད་དུ་དེར་འདུག་སྲིད་ཀྱི། དེ་ཕན་ཆད་དུ་མི་གནས་པའི་ཕྱིར་རོ། །གསུམ་པ་སྐྱེ་གནས་སུ་བགྲོད་པའི་ཚུལ་ལ། དངོས་དང་། དབྱེ་བ་གཉིས་པ་དང་པོ་ནི། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །དྲི་དང་གནས་ལ་མངོན་འདོད་གཞན། །དམྱལ་བ་ཡི་ནི་སྤྱི་ཚུགས་ཡིན། །ཞེས་བྱུང་། མངའ་སྒོ་ང་ལས་སྐྱེ་བའི་བར་དོ་བ་ཆོས་ཅན། ཁྱོད་སྐྱེ་གནས་སུ་བགྲོད་ཚུལ་ཡོད་དེ། རྒྱང་རིང་པོ་ནས་ཀྱང་ལས་ཀྱི་དབང་གིས་སྐྱེ་གནས་མཐོང་བ་ངང་གི་བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་ནས་ཆགས་པས་རྩེ་ཞིང་། དགའ་བས་འགྲོ་བའི་ཡུལ་སྐྱེ་གནས་དེར་འགྲོ་བར་འགྱུར་བའི་ཕྱིར་རོ། །གཞན་དྲོད་དང་སྒོང་སྐྱེས་ཆོས་ཅན། སྐྱེ་གནས་སུ་འཇུག་ཚུལ་ཡོད་དེ། སྔ་མ་དྲི་དང་། ཕྱི་མ་གནས་ལ་མངོན་པར་འདོད་པའི་རྐྱེན་གྱིས་འཇུག་པའི་ཕྱིར། གནས་འདོད་ནས་འཇུག་ཚུལ་ཡོད་དེ། ལྷ་ལྟ་བུས་གནས་ཡིད་དུ་འོང་བ་དང་། ཚ་དམྱལ་དུ་སྐྱེ་ན་དམྱལ་བའི་མེ་མཐོང་ནས་དང་། གྲང་དམྱལ་དུ་སྐྱེ་ན་དམྱལ་བའི་བསིལ་མཐོང་ནས་འདོད་པའི་རྐྱེན་གྱིས་དེ་དག་ཏུ་འཇུག་པར་འགྱུར་པའི་ཕྱིར། བར་སྲིད་ཀྱི་འགྲོ་ཚུལ་ཡོད་དེ། དམྱལ་བ་ཡི་ནི་བར་སྲིད་སྤྱི་བོ་ཚུགས་སུ་འགྲོ་ལ། ལྷའི་བར་དོ་བ་ནི་གྱེན་དང་། གཞན་གསུམ་ནི་ཐད་ཀར་འགྲོ་བའི་ཕྱིར། གཉིས་པ་ནི། གཅིག་ནི་ཤེས་བཞིན་དུ་འཇུག་གོ །གཞན་ནི་གནས་པ་ཡང་གཞན་ནི། །འབྱུང་བའང་གཞན་ནི་ཐམས་ཅད་རྨོངས། །སྒོ་ང་ལས་སྐྱེས་རྟག་ཏུ་རྨོངས། །མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་བསྒྱུར་དང་རང་བྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །ཞེས་བྱུང་། མངལ་དུ་འཇུག་པའི་ཚེ་བློ་ཕྱིན་ཅི་ལོག་ཏུ་འགྱུར་བར་མ་ངེས་ཏེ། གཅིག་ནི་ཤེས་བཞིན་དུ་འཇུག་ལ་གནས་པ་དང་འབྱུང་བ་ཤེས་བཞིན་མིན་པ་འཁོར་ལོས་བསྒྱུར་རྒྱལ་དང་། གཞན་རང་སངས་རྒྱས་ནི་འཇུག་པར་མ་ཟད་གནས་པ་ཡང་ཤེས་ཤིང་། དེ་ལས་གཞན་སངས་རྒྱས་ནི་འཇུག་ཏུ་མ་ཟད་འབྱུང་བའང་ཤེས་ལ། དེ་གསུམ་ལས་གཞན་ནི་འཇུག་གནས་འབྱུང་གསུམ་ཐམས་ཅད་ལ་རྨོངས་ཤིང་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་རྨོངས་པ་ཅན་ཡིན་པའི་ཕྱིར། དེ་ལ་ཤེས་བཞིན་དུ་མངལ་དུ་འཇུག་པ་དག་ནི་སྔ་མ་གསུམ་འདྲ་ཡང་ཁྱད་པར་ཡོད་དེ། སྔར་བཤད་པ་ལྟར་ཡིན་པའི་ཕྱིར། དེར་ཐལ། འཁོར་ལོས་སྒྱུར་དང་རང་བྱུང་རང་རྒྱས་དང་སངས་རྒྱས་གཉིས་ཏེ་གསུམ་ནི་གོ་རིམ་བཞིན་དུ་ལས་དང་བསོད་ནམས་རྒྱ་ཆེ་བ་ཙམ་དང་། ཡེ་ཤེས་རྒྱ་ཆེ་ལ་དང་། ཚོགས་གཉིས་ཀ་རྒྱ་ཆེ་བའི་ཁྱད་པར་གྱིས་དེ་ལྟར་འགྱུར་བའི་ཕྱིར། གཉིས་པ་སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་ལ། དངོས་དང་། ཞར་བྱུང་སྲིད་པ་བཞིའི་ཁྱད་པར་གཉིས། དང་པོ་ལ། འཁོར་བར་འཇུག་ཚུལ་གྱིི་སྒོ་ནས་མདོར་བསྟན་པ། །གྲུབ་པའི་འཁོར་བ་རྒྱས་པར་བཤད་པ། ཉོན་མོངས་པས་དཔེ་གསུམ་མཚོན་ཚུལ་གྱི་སྒོ་ནས་དོན་བསྡུ་བ་གསུམ། དང་པོ་ལ། འཁོར་བར་འཇུག་ཚུལ་དངོས་དང་། སྲིད་རྒྱུན་ཐོག་མེད་དུ་བསྟན་པ་གཉིས། དང་པོ་ནི། བདག་མེད་ཕུང་པོ་ཙམ་ཉིད་དེ། །ཉོན་མོངས་ལས་ཀྱིས་མངོན་འདུ་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཞེས་བྱུང་། ཕྱི་རོལ་བ་ན་རེ། སེམས་ཅན་འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་། འདི་ནས་ཕྱི་མར་འཕོ་ཞིང་འགྲོ་བ་ཞིག་ཡོད་པར་ཐལ། སྐྱེ་འཆི་བྱེད་པའི་བདག་ཞིག་ཡོད་པའི་ཕྱིར། འདོད་ན། རྟག་པོའི་བདག་ཞིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་མེད་མ་ཡིན་པར་ཐལ་ལོ་ཟེར་ན། ཕྱི་རོལ་བ་ཆོས་ཅན། ཁྱོད་ཀྱིས་རྟག་པའི་བདག་མེད་ན་སྐྱེ་བོ་སྔ་ཕྱིར་ཉིང་འཚམས་སྦྱོར་དུ་མི་རུང་བར་འདོད་པ་མི་འཐད་པར་ཐལ། རྟག་པའི་བདག་མེད་ཀྱང་ཕུང་པོ་ཙམ་ལ་བདག་ཏུ་འདོགས་པ་ཉིད་ཡིན་ཞིང་། ཕུང་པོའི་རྒྱུན་ཙམ་གྱིས་སྐྱེ་བ་སྔ་ཕྱིར་ཉིང་འཚམས་སྦྱོར་བར་འགྱུར་བའི་ཕྱིར། དེར་ཐལ། སྐྱེ་བ་སྔོན་མར་ཉོན་མོངས་པས་ཀུན་ནས་བསླངས་ཏེ་ཟག་བཅས་ཀྱི་ལས་མངོན་པར་འདུ་བྱས་པ་ལས། ཕུང་པོའི་རང་བཞིན་ཅན་གྱི་སྲིད་པ་བར་མའི་སེམས་ཀྱི་རྒྱུན་དང་། དེ་ལས་སྐྱེ་སྲིད་ཀྱི་སེམས་ཀྱི་རྒྱུན་འབྱུང་བ་ཉིད་ཀྱིས་ན། དཔེར་ན། མར་མེའི་རྒྱུན་སྔ་ཕྱིར་གཞན་དུ་འཇུག་པ་ལྟར་ཕུང་པོའི་རྒྱུན་ཙམ་མངལ་དུ་འགྲོ་བ་སོགས་ཡིན་པའི་ཕྱིར། གཉིས་པ་ནི། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །སྲིད་པའི་འཁོར་ལོ་ཐོག་མ་མེད། །ཅེས་བྱུང་། སྲིད་པའི་འཁོར་ལོ་འདི་ཆོས་ཅན། ཁྱོད་ཀྱི་ཐོག་མ་མེད་དེ། སྔོན་མ་རིག་པས་ཀུན་ནས་བསླངས་ཏེ་ཟག་བཅས་ཀྱི་འཕེན་བྱེད་ཀྱི་ལས་བསགས། དེས་ཡང་སྲིད་ཕྱི་མར་ཡང་དང་ཡང་དུ་ཇི་ལྟར་འཕངས་པ་བཞིན་དུ་སོ་སོར་འཁོད་ལ། སྐྱེ་བ་སྔ་མར་མ་རིག་པ་དང་ལས་གཞན་སྔོན་དུ་སོང་བ་ལས་འདིར་རིམ་གྱིས་ཕུང་པོའི་རྒྱུན་འབྱུང་ཞིང་། འདིར་སྐྱེས་ནས་ཀྱང་ལས་དང་ཉོན་མོངས་པའི་སྟོབས་ཀྱིས་ཕྱི་མའི་འཇིག་རྟེན་ཕ་རོལ་དག་ཏུ་འགྲོ་བར་འགྱུར་བའི་ཕྱིར། མངལ་དུ་འཇུག་ཚུལ་གསལ་བར་མངལ་འཇུག་གི་མདོ་ལས་བཤད་པའི་དོན་བདག་གིས་གཞན་དུ་བྲིས་ཟིན་པས་འདིར་མ་བྲིས་སོ། །གཉིས་པ་ལ་བྱེ་བྲག་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ལ། རྫོགས་ཚུལ། བསྡུ་བ། འཁོར་ཚུལ་གསུམ། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ། དང་པོ་ནི། དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་བྱུང་།འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་པོ་དེ་ནི་ཆོས་ཅན། ཁྱོད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་ལྡན་ཏེ། མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་དང་ལྡན་པའི་ཕྱིར། དེ་ཆོས་ཅན། སྔོན་དང་ཕྱི་མཐའ་བར་གྱི་ཆ་གསུམ་དང་ལྡན་ཏེ། ཡན་ལག་དང་པོ་གཉིས་སྔོན་གྱི་ཆའམ་མཐའ་དང་། སྐྱེ་རྒ་གཉིས་ནི་ཕྱི་མའི་ཆའམ་མཐའ་དང་། རྣམ་ཤེས་ནས་སྲིད་པའི་བར་བརྒྱད་ནི་དབུས་སམ་བར་གྱི་ཆའམ་མཐར་འཇོག་པའི་ཕྱིར། བར་དུ་བརྒྱད་ཡོད་པ་ཡོངས་རྫོགས་ལྡན་པའི་དབང་དུ་བྱས་ཀྱི། དེར་མ་ངེས་ཏེ། སྐྱེ་གནས་གཞན་གསུམ་ཡང་ཡོད་ཅིང་། བར་མ་དོར་འཆི་བའང་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཡན་ལག་བཅུ་གཉིས་པོ་དེ་ཚེ་གསུམ་ལ་ངེས་པར་རྫོགས་དགོས་སོ་ཟེར་ན། དེ་མི་འཐད་པར་ཐལ། དེ་ཚེ་གཉིས་ལའང་རྫོགས་པ་ཡོད་པའི་ཕྱིར། དེར་ཐལ། ཚེ་སྔོན་མར་མ་རིག་པའི་དབང་གིས་རྣམ་ཤེས་ཀྱི་སྟེང་དུ་ལས་བསགས། ལས་དེ་ལ་སྲེད་ལེན་གྱིས་གསོས་བཏབ་པས་སྲིད་ལས་ནུས་པ་མཐུ་ཅན་དུ་གྱུར་ནས་ཕྱི་མ་ལྷ་མི་ལྟ་བུར་སྐྱེས་པའི་ཚེ་གཞན་རྣམས་རྫོགས་པ་ཡོད་པའི་ཕྱིར། ཁ་ཅིག །ཚར་གཅིག་གི་ཡན་ལག་དང་པོ་གཉིས་ཚེ་དང་པོ་ལ་རྫོགས། རྒ་ཤི་གཉིས་ཚེ་གསུམ་པ་ལ་རྫོགས། གཞན་བརྒྱད་ཚེ་གཉིས་པ་ལ་རྫོགས་པ་དེ་ཚེ་གསུམ་ལ་རྫོགས་པའི་དོན་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་འདྲ་མི་སྲིད་པའི་ཕྱིར། དེར་ཐལ། རྒ་ཤི་གཉིས་ནི་སྐྱེ་བ་བླངས་པའི་ཚེ་དེ་ཐོག་ཏུ་འབྱུང་དགོས་པའི་ཕྱིར། འོན་ཀྱང་། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། ཞེས་གསུངས་པ་དང་མི་འགལ་ཏེ། དེ་ནི་མ་རིག་པ་དང་འདུ་བྱེད་གཉིས་སྔོན་དང་རྒ་ཤི་གཉིས་རྗེས་དང་། གཞན་བརྒྱད་བར་དུ་འབྱུང་ཚུལ་སྤྱིར་བསྟན་པ་ཙམ་ཡིན་གྱི། སྐྱེ་བ་སྔ་ཕྱི་བར་གསུམ་གྱི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར། ཁ་ཅིག །ཆ་གསུམ་མོ་ཞེས་པའི་དོན་སྔར་བཤད་པ་ལྟར་ཆ་གསུམ་དུ་བྱེད་པ་ཙམ་གྱི་དོན་ཡིན་ཟེར་ན། དེ་མ་ཡིན་པར་ཐལ། དེ་ནི་བཅུ་གཉིས་པོ་དེ་ལ་འདས་མ་འོངས་ད་ལྟའི་དུས་གསུམ་དུའང་ཤེས་པའི་ཆེད་ཡིན་པའི་ཕྱིར། དེར་ཐལ། ཡན་ལག་དང་པོ་གཉིས་འདས་པ་དང་། རྒ་ཤི་གཉིས་མ་འོངས་པ་དང་། གཞན་བརྒྱད་ད་ལྟ་བར་ཤེས་པའི་ཆེད་ཡིན་པའི་ཕྱིར། ཁ་ཅིག །མ་རིག་པའི་རྟེན་འབྲེལ་ལ། མ་རིག་པས་ཁྱབ་ཟེར་ན། མ་རིག་པའི་རྟེན་འབྲེལ་དུ་གྱུར་པའི་གཟུགས་ཕུང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། མདོ་ལས་དེ་ལྟར་བཤད་པའི་ཕྱིར། འདོད་ན་སླའོ། ཁ་ཅིག །མ་རིག་པའི་གྲོགས་སུ་གྱུར་པའི་ཤེས་པ་ཡིན་ན། མ་རིག་པ་ཡིན་པས་ཁྱབ་ཟེར་ན། མ་རིག་པ་དང་མཚུངས་ལྡན་དུ་གྱུར་པའི་ཚོར་བ་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླའོ། །གཉིས་པ་ནི། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། རྣམ་ཤེས་འཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེ་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རིག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་བར་འདོད་ལོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །ཞེས་བྱུང་། འདིར་གནས་སྐབས་པའི་མ་རིག་པ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། སྔོན་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བའི་ཉོན་མོངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་དེ་ཡིན་པའི་ཕྱིར། འདུ་བྱེད་དག་ནི་ཆོས་ཅན། བཞག་ཏུ་ཡོད་དེ། སྔོན་འདུ་བྱེད་ཀྱི་ལས་གསོག་པའི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། རྣམ་ཤེས་ཆོས་ཅན། བཞག་ཏུ་ཡོད་དེ། ཉིང་མཚམས་སྦྱོར་བའི་སྐད་ཅིག་དང་པོའི་སྐབས་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། མིང་དང་གཟུགས་ནི་ཆོས་ཅན། ངོ་བོ་ཡོད་དེ། རྣམ་ཤེས་དེ་ཕན་ཆད་ནས་སྐྱེ་མཆེད་དྲུག་དོང་ཚུན་ཆད་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། སྐྱེ་མཆེད་དེ་ནི་ཆོས་ཅན། ངོ་བོ་ཡོད་དེ། དེ་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། རེག་པ་ཆོས་ཅན། ངོ་བོ་ཡོད་དེ། དེ་ནས་ཚོར་བ་བདེ་སྡུག་ལ་སོགས་ཀྱི་ཤེས་ནུས་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། ཚོར་བ་ཆོས་ཅན། ངོ་བོ་ཡོད་དེ། རྒྱུ་ཤེས་ནས་འཁྲིག་པ་ལ་མི་སྤྱོད་པའི་སྐབས་ཚུན་ཆད་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། སྲེད་པ་ཆོས་ཅན། ངོ་བོ་ཡོད་དེ། འདོད་ཡོན་ལ་ལོངས་སྤྱོད་པའི་འཁྲིག་པའི་ཆགས་ཅན་གྱི་ཡུལ་ཡོངས་སུ་འཚོལ་བ་ལ་ཞུགས་པའི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། ཉེ་བར་ལེན་པ་ཆོས་ཅན། ངོ་བོ་ཡོད་དེ། དེ་ནས་ལོངས་སྤྱོད་དེ་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་ཡོངས་སུ་རྒྱུག་པའི་སྐབས་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། སྲིད་པ་དེ་ཆོས་ཅན། ངོ་བོ་ཡོད་དེ། རྒྱུག་པ་དེ་སྲིད་དུ་འབྲས་བུ་ཡང་སྲིད་འབྱུང་བར་འགྱུར་བའི་ལས་གསོག་པར་བྱེད་པའི་སྐབས་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། སྐྱེ་བ་ཆོས་ཅན། ངོ་བོ་ཡོད་དེ། འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་བའི་སྐབས་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། རྒ་ཤི་ཆོས་ཅན། ངོ་བོ་བཞག་ཏུ་ཡོད་དེ། དེ་ནས་ཚོར་བའི་བར་རིམ་གྱིས་འབྱུང་བའི་གནས་སྐབས་ཀྱི་ཕུང་པོ་ལྔ་དེ་ཡིན་པའི་ཕྱིར། དེ་ལྟ་བུའི་རྟེན་འབྲེལ་བཅུ་གཉིས་པོ་འདི་ཆོས་ཅན། སྐད་ཅིག་ས་དང་རྒྱུན་ཆགས་པ་དང་འབྲེལ་བ་ཅན་དང་གནས་སྐབས་པ་བཞི་ལས། གནས་སྐབས་པའི་རྟེན་འབྲེལ་ཡིན་ཏེ། འདིར་ཡན་ལག་དེ་དང་དེའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་རྟེན་འབྲེལ་དེ་དང་དེར་བཞག་ཅིང་འདོད་པ་ཡིན་པའི་ཕྱིར། ལོ་ཞེས་སྨྲོས་པའི་རྒྱུ་མཚན་ཡོད་དེ། བྱེ་མདོ་གཉིས་ཀྱི་བཤད་པ་ལ་མ་རངས་པའི་ཚིག་ཡིན་པའི་ཕྱིར། མ་རིག་པ་ལ་སོགས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་རྟེན་འབྲེལ་དེ་དང་དེའི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། མ་རིག་པ་ལ་སོགས་པ་དེ་རྣམས་གཙོ་བོ་ཡིན་པའི་ཕྱིར་ན་དེའི་སྐབས་ཀྱི་ཡན་ལག་དེ་དང་དེར་བསྒྲགས་པའི་ཕྱིར། དཔེར་ན། རྒྱལ་པོ་འཁོར་བཅས་འབྱོན་པ་ལ་རྒྱལ་པོ་འབྱོན་ཞེས་བརྗོད་པ་བཞིན་ནོ། །རྟེན་འབྲེལ་གཞན་གསུམ་གྱི་འཇོག་ཚུལ་ཡོད་དེ། སྔ་ཕྱི་རྒྱུན་དང་ལྡན་པ་ནི་རྒྱུ་ཆགས་པ་དང་། ཕྱི་མ་སྔ་མ་ལ་རག་ལས་པ་ནི་འབྲེལ་བ་ཅན་དང་། རྐྱེན་གྱིས་སྐྱེ་འཇིག་བྱེད་པ་ནི་སྐད་ཅིག་མའི་རྟེན་འབྲེལ་དུ་འཇོག་པའི་ཕྱིར། གསུམ་པ་ནི། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་བྱུང་། རྟེན་འབྲེལ་དེ་དག་ཆོས་ཅན། ཆ་གསུམ་དུ་བསྡུས་ནས་བསྟན་པ་ལ་དགོས་པ་ཡོད་དེ། སྔོན་གྱི་མཐའ་དང་། ཕྱེ་མའི་མཐའ་དང་། བར་མཐའ་གསུམ་དེ་དག་ལ་རྨོངས་པ་རྣམ་པར་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེར་ཐལ། བདག་སྔོན་བྱུང་ངམ་མ་བྱུང་དང་། མ་འོངས་པར་འབྱུང་ངམ་མི་འབྱུང་དང་།ད་ལྟ་ཅི་ཞིག་ཡིན་ནས་མིན་སྙམ་པའི་རྨོངས་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། དེར་ཐལ། རིམ་པ་བཞིན་མ་རིག་པ་དང་འདུ་བྱེད་གཉིས། སྐྱེ་རྒ་གཉིས། ལྷག་མ་བརྒྱད་བསྟན་པའི་དགོངས་པ་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་ལ། ཉོན་མོངས་པ་གསུམ་དུ་བསྡུ་བ་དང་། རྒྱུ་འབྲས་གཉིས་སུ་བསྡུ་བ་གཉིས། དང་པོ་ནི། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་ཞེས་བྱུང་། སྔར་བཤད་པ་ལྟར་ཡན་ལག་བཅུ་གཉིས་པོ་ཆོས་ཅན། ཉོན་མོངས་པ་དང་ལས་དང་གཞི་གསུམ་དུ་འདུ་སྟེ། ཉོན་མོངས་ལ་མ་རིག་པ་སྲེད་ལེན་གསུམ། ལས་ལ་འདུ་བྱེད་དང་སྲིད་ལས་གཉིས། གཞི་བ་རྣམ་ཤེས་སོགས་ལྷག་མ་བདུན་ཡོད་པའི་ཕྱིར། གཉིས་པ་ནི། དེ་བཞིན་འབྲས་བུ་ཡིན། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །ཞེས་བྱུང་། བདུན་གཞི་ཡིན་པ་དེ་བཞིན་དུ་འབྲས་བུ་ཡང་ཡིན་ཏེ། ལྷག་མ་ལྔ་ནི་རྒྱུའི་རྟེན་འབྲེལ་ཡིན་པའི་ཕྱིར། ཉོན་མོངས་གསུམ་དང་ལས་གཉིས་ཏེ་རྒྱུ་ལྔ་སྔོན་མཐའ་དང་གཞི་བདུན་འབྲས་བུར་བཤད་ནས་ཕྱི་མཐར་བསྡུས་པ་ལ་ཆོས་ཅན་དགོས་པ་ཡོད་དེ། སྔ་ཕྱིའི་མཐའ་གཉིས་ཀྱིས་རིམ་པ་བཞིན་རྒྱུ་དང་འབྲས་བུ་མདོར་བསྡུས་པ་ནི། བར་མའི་རྒྱུ་འབྲས་རྒྱ་བསྐྱེད་པའི་རྗེས་སུ་དཔག་པ་ལས་སྔ་ཕྱིའི་རྒྱུ་འབྲས་ཀྱང་རྒྱས་པར་གོ་ནུས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ལ་དངོས་དང་། རྒྱུ་འབྲས་ཀྱི་ཁྱད་པར་རོ། །དང་པོ་འཁོར་ཚུལ་ནི། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། མ་རིག་པ་ལ་རྒྱུ་དང་རྒ་ཤི་ལ་འབྲས་བུ་ཡོད་པས་ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་ཉམས་པའི་སྐྱོན་ཡོད་པ་མིན་ཏེ། ཉོན་མོངས་པ་སྲེད་པ་ལས་ཉོན་མོངས་པ་ལེན་པ་དང་། དེ་ལས་བྱ་བ་ཉིད་དེ་སྲིད་པ་དང་མ་རིག་པ་ལས་བྱ་བ་འདུ་བྱེད་དང་། དེ་ལས་གཞི་རྣམ་ཤེས་དང་སྲིད་པ་ལས་གཞི་སྐྱེ་བ་དང་། དེ་ལས་གཞི་མིང་གཟུགས་སོགས་དང་། གཞི་སྐྱེ་བ་ལས་གཞི་རྒ་ཤི། གཞི་ཚོར་བ་ལས་ཉོན་མོངས་སྲིད་པ་སྐྱེ་བ་སོགས་བཤད་པ་འདི་ནི་སྲིད་པའི་ཡན་ལག་གི་ལུགས་འབྱུང་དུ་སྟོན་པས་བཤད་པའི་ཕྱིར། གཉིས་པ་ནི། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། བྱུང་བ་འབྲས་བུ་ཡིན་པར་འདོད། །ཅེས་བྱུང་། དེ་ལས་རྒྱུ་འབྲས་ཀྱི་ཁྱད་པར་ཡོད་དེ། སྐབས་འདིར་འབྱུང་བ་ནི་རྒྱུའི་རྟེན་འབྲེལ་དང་། བྱུང་བ་ནི་འབྲས་བུའི་རྟེན་འབྲེལ་གྱི་དབང་དུ་བྱས་པར་འདོད་པའི་ཕྱིར། བྱེ་སྨྲའི་ལུགས་ཀྱི་ཡན་ལག་བཅུ་གཉིས་ལ་གནས་སྐབས་མ་བྱས་པར་བཅུ་གཉིས་སོ་སོར་འཇོག་ཚུལ་ཡོད་དེ། མ་རིག་པ་ནི་རྟེན་འབྲེལ་ལ་རྨོངས་པའི་སེམས་བྱུང་ལྟ་མིན་གྱིས་བསྡུས་པ་དང་། འདུ་བྱེད་ནི་མ་རིག་པས་བསྐྱེད་པའི་སྒོ་གསུམ་གྱི་ལས་གཟུགས་ཅན་ནམ་དེ་ཡིན་པ་གང་རུང་དང་། རྣམ་ཤེས་ནི་ཕྱི་མར་ཉིང་མཚམས་སྦྱོར་བའི་རྣམ་ཤེས་དང་། མིང་གཟུགས་ནི་རྣམ་ཤེས་ཉིང་མཚམས་སྦྱར་བའི་སྐད་ཅིག་གཉིས་པ་ནས་སྐྱེ་མཆེད་ཚུན་ཆད་ཀྱི་མིང་བཞིའི་ཕུང་པོ་དང་། སྐྱེ་མཆེད་དྲུག་ནི། མིག་སོགས་ཀྱི་སྐྱེ་མཆེད་དངོས་བཏགས་གང་རུང་དང་། རེག་པ་ནི། དེ་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ལུས་གཅོད་པའི་སེམས་བྱུང་དང་། ཚོར་བ་ནི་རེག་པས་བཅད་པ་ལྟར་སྐྱོང་བའི་སེམས་བྱུང་དང་། སྲེད་པ་ནི། ཚོར་བའི་རྐྱེན་གྱིས་ཡུལ་ལ་འབྲལ་མི་འབྲལ་གང་རུང་དུ་སྲེད་པའི་སེམས་བྱུང་དང་། ལེན་པ་ནི། སྲེད་པའི་དབང་གིས་ཡུལ་དེ་དག་ལ་འདུན་པའི་འདོད་ཆགས་དང་། སྲིད་པ་ནི། ལེན་པས་གསོས་བཏབ་ནས་ཡང་སྲིད་ཕྱི་མ་འགྲུབ་ངེས་ཀྱི་ལས་དང་། སྐྱེ་བ་ནི། སྲིད་ལས་ཀྱི་དབང་གིས་རྣམ་ཤེས་ཉིང་མཚམས་སྦྱར་བའི་ཕུང་པོ་དང་། རྒ་ཤིའི་རྒ་བ་ནི་སྐྱེ་བའི་དབང་གིས་ཕུང་པོ་ན་ཚོད་རྒས་ཁོག་གི་བར་དང་ཤི་བ་ནི་སེམས་ཅན་གྱི་ཚེ་འདིའི་རིས་མཐུན་འདོར་བའི་སྐབས་ལ་འཇོག་པའི་ཕྱིར། གཉིས་ལ་མདོ་སྡེ་པའི་ལུགས་ལ། རྟེན་འབྲེལ་གྱི་རང་བཞིན་དང་། ལྷག་མ་འཆད་པ་ལ་ལྟོས་པར་བསྟན་པ་གཉིས། དང་པོ་ལ། མ་རིག་པ་དང་མིང་དང་རེག་པ་དང་ཚོར་བའི་རྟེན་འབྲེལ་བཞི། དང་པོ་ནི། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །ཀུན་སྤྱོད་སོགས་ཚིག་ཕྱིར་གལ་ཏེ། ཤེས་རབ་ངན་པའོ་མིན་ལྟའི་ཕྱིར། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་བྱུང་། མ་རིག་པ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་དེ། རིག་པ་ཡེ་ཤེས་དང་འཛིན་སྟངས་དངོས་སུ་འགལ་བའི་སེམས་བྱུང་རྨོངས་པ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། མ་རིག་པ་ནི་རིག་པ་བཀག་ཙམ་གྱི་ཉོན་མོངས་ལ་མི་འཇོག་པར། རིག་པ་དེའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་ཆོས་གཞན་ཞིག་ལ་འཇོག་དགོས་པའི་ཕྱི་དཔེར་ན། མཛའ་བའི་མི་མཐུན་ཕྱོགས་མི་མཛའ་བ་དང་། བདེན་པའི་མི་མཐུན་ཕྱོགས་རྫུན་སོགས་ཆོས་གཞན་ཞིག་ལ་འཇོག་པ་བཞིན་ཡིན་པའི་ཕྱིར། གཞན་ཡང་། མ་རིག་པ་ཞེས་པའི་མའི་དགག་སྒྲ་སྔར་བཤད་པ་ལྟར་འགལ་ཟླའི་ཆོས་གཞན་སྟོན་པའི་དགག་ཚིག་ཡིན་པར་ཐལ། མདོ་ལས། མ་རིག་པ་ནི། ཀུན་སྦྱོར་དང་འཆིང་བ་དང་ཕྲ་རྒྱས་སོགས་ཀྱི་ཚིག་གིས་སྟོན་པས་ན། རིག་པ་བཀའ་ཙམ་ནི་དེ་དག་ཏུ་མི་རུང་བའི་ཕྱིར། གལ་ཏེ་མ་རིག་པ་ནི་ཤེས་རབ་ངན་པ་ལ་འདོད་པའོ་ཞེ་ན། དེ་ཡང་འཐད་པ་མིན་ཏེ། དེ་ལྟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ལྟ་བ་ནི་མ་རིག་པ་དེ་དང་མཚུངས་ལྡན་དུ་བཤད་པའི་ཕྱིར་དང་། ལྟ་བ་ཤེས་རབ་ཉོན་མོངས་ཅན་དང་མ་རིག་པ་གཉིས་ཉོན་མོངས་བྱ་མོངས་བྱེད་དུ་བསྟན་པའི་ཕྱིར་རོ། །གཉིས་པ་མིང་བཤད་པ་ནི། མིང་ནི་གཟུགས་ཅན་མིན་ཕུང་པོ། །ཞེས་བྱུང་། མིང་གི་རྟེན་འབྲེལ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ཚོར་འདུ་སོགས་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཅི་རིགས་ཀྱིས་བསྡུས་པ་ཞིག་ལ་བྱེད་པའི་ཕྱིར། ཕུང་པོ་བཞི་པོ་དེ་ནི་ཆོས་ཅན། མིང་དངོས་མིན་ཡང་དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། མིང་གི་སྐད་དོད་ནཱ་མ་ཞེས་པ་གཞོལ་བ་ལ་འཇུག་པས། ཁྱོད་དབང་དོན་འབོད་མིང་གསུམ་གྱི་དབང་གིས་ཡུལ་དེ་དང་དེ་འཛིན་པ་ལ་གཞོལ་བར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་རེག་པ་ནི། རེག་དྲུག་འདུས་ཏེ་བྱུང་བ་ཡིན། །ལྔ་ནི་ཐོགས་པའི་རེག་པ་ཡིན། །དྲུག་པ་བླ་དགས་ཚིག་ཅེས་བྱ། །རིག་དང་མ་རིག་དང་གཞན་རིག །དྲི་མེད་ཉོན་མོངས་ཅན་ལྷག་མ། །གནོད་སེམས་རྗེས་སུ་ཆགས་པའི་རེག །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ཞེས་བྱུང་། རེག་པའི་རྟེན་འབྲེལ་ཆོས་ཅན། ངོ་བོ་བཞག་ཏུ་ཡོད་དེ། ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་བྱུང་ཞིང་ཡུལ་གྱི་འགྱུར་བ་རང་སྟོབས་ཀྱིས་གཅོད་པའི་སེམས་བྱུང་དེ་དེ་ཡིན་པའི་ཕྱིར། དབྱེ་ན་དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པ་སོགས་དྲུག་ཡོད་པའི་ཕྱིར། ཡིད་མ་གཏོགས་པའི་དང་པོ་ལྔ་ནི་ཆོས་ཅན། ཐོགས་པའི་རེག་པ་ཞེས་བྱ་སྟེ། ཐོགས་བཅས་ཀྱི་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་རེག་པ་ཡིན་པའི་ཕྱིར། དྲུག་པ་ཡིད་ཀྱི་རེག་པ་ཆོས་ཅན། ཚིག་བླ་དགས་ཀྱི་རེག་པ་ཅེས་བྱ་སྟེ། མིང་ཚིག་སོགས་ལ་དམིགས་པའི་ཡིད་ཀྱི་རེག་པ་ཡིན་པའི་ཕྱིར། རེག་པ་ཆོས་ཅན། ཁྱོད་ལ་ལྡན་གཞིའི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། རིག་པའི་རེག་པ། མ་རིག་པའི་རེག་པ། དེ་ལས་གཞན་པའི་རེག་པ་རྣམས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དྲི་མེད་ཀྱི་རེག་པ་དེ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཉོན་མོངས་ཅན་གྱི་རེག་པ་དེ་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། དེ་གཉིས་ཀྱི་ལྷག་མ་དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་གྱི་རེག་པ་རྣམས་དེ་ཡིན་པའི་ཕྱིར། ཉོན་མོངས་ཅན་གྱི་རེག་པ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། མ་རིག་པའི་རེག་པ་དང་གནོད་སེམས་ཀྱི་རེག་པ་དང་རྗེས་སུ་ཆགས་པའི་རེག་པ་རྣམས་ཡོད་པའི་ཕྱིར། དེ་ཆོས་ཅན། འབྲས་བུའི་སྒོ་ནས་གསུམ་ཡོད་དེ། བདེ་བ་མྱོང་འགྱུར་དང་ལ་སོགས་ཏེ་སྡུག་བསྔལ་མྱོང་འགྱུར་དང་བཏང་སྙོམས་མྱོང་འགྱུར་གྱི་རེག་པ་གསུམ་ཡོད་པའི་ཕྱིར། བཞི་པ་ལ། སྤྱིར་བསྟན་པ་དང་། ཡིད་ཚོར་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། དེ་ལས་བྱུང་བའི་ཚོར་བ་དྲུག །ལྔ་ནི་ལས་ཀྱིའོ་སེམས་ཀྱི་གཞན། ཞེས་བྱུང་། རེག་པ་དེ་ལས་བྱུང་བའི་ཚོར་བ་ཆོས་ཅན། བདག་རྐྱེན་གྱིས་དབྱེ་ན་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག་ཡོད་པའི་ཕྱིར། ཚོར་བ་དང་པོ་ལྔ་ནི་ཆོས་ཅན། ལུས་ཀྱི་ཚོར་བ་ཡིན་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་ཕྱེ་བའི་ཚོར་བ་ཡིན་པའི་ཕྱིར། གཞན་པ་ཚོར་བ་དྲུག་པ་ཆོས་ཅན། སེམས་ཀྱི་ཚོར་བ་ཡིན་ཏེ། བདག་རྐྱེན་སེམས་ལ་བརྟེན་པས་ཕྱེ་བའི་ཚོར་བ་ཡིན་པའི་ཕྱིར། གཉིས་པ་ལ། གྲངས་ཀྱི་སྒོ་ནས་མདོར་བསྟན་པ། ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ། ངོ་བོའི་སྒོ་ནས་དོན་བསྡུ་བ་གསུམ། དང་པོ་ནི། དེ་ཡིད་ཉེ་བར་རྒྱུ་བ་ལས། རྣམ་པ་དག་ནི་ཡང་བཅོ་བརྒྱད། ཅེས་བྱུང་། ཡིད་ཚོར་དེ་ནི་ཆོས་ཅན། ཡིད་ཡུལ་ལ་ཉེ་བར་རྒྱུ་བ་ལས་རྣམ་པ་དག་ནི་སྔར་བཤད་པ་དེར་མ་ཟད། ཡང་བཅོ་བརྒྱད་ཡོད་དེ། ཡུལ་གཟུགས་སོགས་དྲུག་ལ་དམིགས་པའི་ཚོར་བ་ཡིད་ལ་དེ་དྲུག །དེ་ལྟ་བུའི་ཡིད་མི་བདེ་བ་དྲུག །བཏང་སྙོམས་དྲུག་རྣམས་སུ་ཡོད་པའི་ཕྱིར། ཉེ་བར་རྒྱུ་བའི་དོན་ཡོད་དེ། ཡུལ་དེ་དག་ལ་ཡིད་ཉེ་བར་རྒྱུ་བར་བྱེད་པའི་དོན་ཡིན་པའི་ཕྱིར། གཉིས་པ་ལ་འདོད་པ་དང་། གཟུགས་དང་། གཟུགས་མེད་ཀྱི་དབང་དུ་བྱས་པ་གསུམ། དང་པོ་ནི། འདོད་ན་ཐམས་ཅད་རང་དམིགས་ཅན། སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །གོང་མ་གསུམ་གྱི་ཞེས་བྱུང་། འདོད་པ་ན་ཆོས་ཅན། ཉེ་བར་རྒྱུ་བཅོ་བརྒྱད་པོ་ཐམས་ཅད་ཡོད་དེ། ཐམས་ཅད་རང་སའི་ཡུལ་དྲུག་ལ་དམིགས་པ་ཅན་ཡིན་པའི་ཕྱིར། འདོད་པའི་ཡིད་ཀྱི་ཉེར་རྒྱུ་ཆོས་ཅན། སྤྱོད་ཡུལ་ཡོད་དེ། གཟུགས་ཅན་ཏེ་གཟུགས་ཁམས་ཀྱི་ཡུལ་ལ་དམིགས་པ་བཅུ་གཉིས་དང་། གོང་མ་གཟུགས་མེད་ཀྱི་ཡུལ་ལ་དམིགས་པ་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་དྲི་རོ་ལ་དམིགས་པའི་བདེ་སྡུག་བཏང་སྙོམས་དྲུག་མ་གཏོགས་པ་བཅུ་གཉིས་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་ཆོས་ཁམས་ལ་དམིགས་པའི་དེ་གསུམ་ཡོད་པའི་ཕྱིར། གཉིས་པ་ལ་བསམ་གཏན་དང་པོ་གཉིས་དང་། ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། བསམ་གཏན་ནི། གཉིས་ན་བཅུ་གཉིས་འདོད་འགྲོ་རྣམས། །རང་ལ་དམིགས་བརྒྱད་གཟུགས་མེད་པ། །གཉིས་ཀྱི་ཞེས་བྱུང་། བསམ་གཏན་དང་པོ་གཉིས་ན་ཆོས་ཅན། འདོད་པའི་ཡུལ་ལ་འགྲོ་ཞིང་དམིགས་པའི་ཚེ་ཉེར་རྒྱུ་བཅུ་གཉིས་སུ་འགྱུར་བ་ཡོད་དེ། ཡིད་མི་བདེ་བ་དྲུག་མ་གཏོགས་བཅུ་གཉིས་ཡོད་པའི་ཕྱིར། རང་ས་ལ་དམིགས་པའི་ཚེ་བརྒྱད་ཡོད་དེ། རང་སའི་གཟུགས་སྒྲ་རེག་བྱ་ཆོས་ལ་དམིགས་པའི་བདེ་བ་བཞི་བཏང་སྙོམས་བཞི་སྟེ་བརྒྱད་ཡོད་པའི་ཕྱིར། གཟུགས་མེད་ལ་དམིགས་པའི་ཚེ་གཉིས་ཡོད་དེ། ཡིད་བདེ་དང་བཏང་སྙོམས་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། བསམ་གཏན་གཉིས་ན་དྲུག །དྲུག་གི་འདོད་པའོ་རང་ནི་བཞིའི། །གོང་མ་གཅིག་གི་དམིགས་པ་ཡིན། །ཞེས་བྱུང་།བསམ་གཏན་ཕྱི་མ་གཉིས་ཆོས་ཅན། ཁྱོད་ན་དྲུག་ཡོད་དེ། བཅོ་བརྒྱད་ལས་བཏང་སྙོམས་དྲུག་ཙམ་ཡོད་པའི་ཕྱིར། ཁམས་གསུམ་ལ་དམིགས་ཚུལ་གྱི་སྒོ་ནས་ཁྱད་པར་ཡོད་དེ། འདོད་པའི་ཡུལ་ལ་དམིགས་པའི་བཏང་སྙོམས་དྲུག །རང་སའི་ཡུལ་བཞི་ལ་དམིགས་པའི་དེ་བཞི། གོང་མ་གཟུགས་མེད་ལ་དམིགས་པའི་དེ་གཅིག་ཡོད་པའི་ཕྱིར། གསུམ་པ་གཟུགས་མེད་ནི། གཟུགས་མེད་ཉེ་བར་བསྡོགས་ན་བཞི། ། གཟུགས་འགྲོ་གོང་མར་འགྲོ་བ་གཅིག །དངོས་གཞི་ན་གཅིག་རང་གཟུགས་ཅན། །ཞེས་བྱུང་གཟུགས་མེད་ཆོས་ཅན། ཁྱོད་ཀྱི་ཉེར་བསྡོགས་དང་དངོས་གཞིའི་ཚོར་བའི་དམིགས་ཚུལ་ཡོད་དེ། ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ན་གཟུགས་ལ་དམིགས་ཤིང་འགྲོ་བ་བཞི་དང་། གོང་མ་གཟུགས་མེད་ལ་དམིགས་ཤིང་འགྲོ་བའི་ཚེ་ཆོས་ལ་རྒྱུ་བ་གཅིག་ཁོ་ན་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་དངོས་གཞི་ན་གཅིག་ཁོ་ན་ཡོད་དེ། རང་སའི་སྤྱོད་ཡུལ་ཅན་གྱི་ཆོས་ལ་རྒྱུ་བ་གཅིག་ཁོ་ན་ཡོད་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། །ཞེས་བྱུང་། འདིར་བསྟན་པའི་ཡིད་ཚོར་བཅོ་བརྒྱད་པོ་ཐམས་ཅད་ཆོས་ཅན། ཟག་པ་དང་བཅས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །གཉིས་པ་འཆད་འགྱུར་ལ་ལྟོས་པར་སྟོན་པ་ནི། བཤད་དང་འཆད་པར་འགྱུར་བ་གཞན། །ཞེས་བྱུང་། སྐབས་འདིར་ནི་ཆོས་ཅན། རྟེན་འབྲེལ་གྱི་ཡན་ལག་བཞི་ཙམ་གཙོ་བོར་སྟོན་པའི་རྒྱུ་མཚན་ཡོད་དེ། རྣམ་ཤེས་དང་སྐྱེ་མཆེད་དང་གཟུགས་ནི་བཤད་ཟིན་ལ། གཞན་འདུ་བྱེད་དང་སྲེད་པ་གཉིས་ནི་ལས་བསྟན་པ་དང་། སྲེད་ལེན་གཉིས་ནི་ཕྲ་རྒྱས་སྟོན་པའི་སྐབས་སུ་འཆད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ཉོན་མོངས་དཔེས་མཚོན་ཚུལ་ལ། ཉོན་མོངས་པའི་ཉོན་མོངས་དཔེ་ལྔ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་དཔེ་གསུམ་དང་། གཞིའི་ཀུན་ནས་ཉོན་མོངས་དཔེ་གཅིག་གིས་མཚོན་ཚུལ་གསུམ། དང་པོ་ནི། འདིར་ནི་ཉོན་མོངས་ས་བོན་བཞིན། །ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད། །ཅེས་བྱུང་། ཉོན་མོངས་ཆོས་ཅན། དཔེ་ལྔ་དང་མཚུངས་ཏེ། འདིར་ན་ས་བོན་དང་ཀླུ་དང་ཤིང་གི་རྩ་བ་དང་ལྗོན་ཤིང་དང་ཤུན་ལྤགས་བཞིན་དུ་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ས་བོན་ལས་སྡོང་བུ་དང་ལོ་མ་འབྱུང་བ་དེ་བཞིན་དུ་ཉོན་མོངས་པ་ལས་ལས་དང་གཞི་རྣམས་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། ཀླུ་གནས་པའི་མཚོ་མི་བསྐམ་པ་ལྟར་ཉོན་མོངས་ཡོད་ན་སྐྱེ་བའི་མཚོ་མི་བསྐམས་པའི་ཕྱིར། གསུམ་པ་གྲུབ་སྟེ། ནགས་ཚལ་གྱི་རྩ་བ་མ་ཕྱུང་ན་བཅད་ཀྱང་སླར་སྐྱེ་བ་ལྟར་ཉོན་མོངས་རྩ་བ་ནས་མ་སྤངས་ན་སླར་སྐྱེས་ནས་འཁོར་བར་འཐེན་པའི་ཕྱིར། བཞི་པ་གྲུབ་སྟེ། ལྗོན་ཤིང་ལས་དུས་དུས་སུ་མེ་ཏོག་དང་འབྲས་བུ་སྐྱེ་བ་བཞིན་ཉོན་མོངས་ལས་ནི་ལས་དང་གཞི་དུས་དུས་སུ་འབྱུང་བའི་ཕྱིར། ལྔ་པ་གྲུབ་སྟེ། འབྲས་ཤུན་ལྤགས་དང་བཅས་པ་ལས་འབྲས་བུ་སྐྱེ་ཞིང་དེ་མེད་ན་མི་སྐྱེ་བ་བཞིན་དུ་ཉོན་མོངས་སོང་ན་ལས་ཀྱིས་གཞིའི་མྱུ་གུ་སྐྱེད་རྣམས་ཀྱི། དེ་མེད་ན་མི་སྐྱེ་བའི་ཕྱིར། གཉིས་པ་ནི། ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཞེས་བྱུང་། ལས་ཆོས་ཅན། དཔེ་གསུམ་དང་འདྲ་སྟེ། ཤུན་པ་དང་བཅས་པའི་འབྲས་དང་སྨོན་དང་མེ་ཏོག་བཞིན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཤུན་ལྤགས་དང་བཅས་པའི་འབྲས་ཀྱིས་མྱུ་གུ་སྐྱེད་པ་བཞིན་དུ་ཉོན་མོངས་དང་བཅས་པའི་ལས་ཀྱིས་རྣམ་སྨིན་སྐྱེད་ནུས་པའི་ཕྱིར། གཉིས་པ་གྲུབ་སྟེ། བཅུད་ཕྱུང་ཟིན་པའི་སྨན་གྱིས་སླར་འབྲས་བུ་མི་འབྱིན་པ་བཞིན་དུ་རྣམ་སྨིན་ཕྱུང་ཟིན་པའི་ལས་ཀྱིས་སླར་རྣམ་སྨིན་མི་འབྱིན་པའི་ཕྱིར། གསུམ་པ་གྲུབ་སྟེ། མེ་ཏོག་རང་གི་འབྲས་བུའི་ཉེ་རྒྱུ་ཡིན་པ་བཞིན་དུ་ལས་ནི་རྣམ་སྨིན་གྱི་ཉེ་རྒྱུ་ཡིན་པའི་ཕྱིར། གསུམ་པ་ནི། གཞི་ནི་བཟའ་བཏུང་གྲུབ་པ་བཞིན། ཞེས་བྱུང་། འབྲས་བུ་རྣམ་ཤེས་མིང་གཟུགས་སོགས་གཞི་བདུན་པོ་ཆོས་ཅན། མཚོན་པའི་དཔེ་གཅིག་ཡོད་དེ། དཔེར་ན་བཟའ་བཏུང་གཡོས་གྲུབ་པ་དེ་ལོངས་སྤྱོད་བྱ་ཁོ་ན་ཡིན་པ་ལྟར་ཁྱོད་རྣམས་རྣམ་པར་སྨིན་ཟིན་ཁོ་ན་ཡིན་གྱི། རྣམ་པར་སྨིན་བྱེད་མ་ཡིན་པའི་ཕྱིར་རོ། །གཉིས་པ་སྲིད་པ་བཞིའི་ཁྱད་པར་ནི། སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །གཞན་རྣམ་གསུམ་པོ་གཟུགས་མེད་གསུམ། །ཞེས་བྱུང་། སྲིད་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁྱོད་ལ་བར་སྲིད། སྐྱེ་སྲིད། སྔོན་དུས། འཆི་སྲིད་རྣམས་སུ་ཡོད་པའི་ཕྱིར། བཞི་པོ་དེ་དག་ལས་སྐྱེ་བའི་སྲིད་པ་ཆོས་ཅན། ཉོན་མོངས་ཅན་ཡིན་ཏེ། རང་སའི་ཉོན་མོངས་པ་ཀུན་གྱིས་ཉོན་མོངས་པ་ཅན་དུ་བྱེད་པའི་ཕྱིར། སྲིད་པ་གཞན་གསུམ་པོ་ཆོས་ཅན། ཁྱོད་རེ་རེ་ལའང་རྣམ་པ་གསུམ་གསུམ་ཡོད་དེ། དགེ་བ་དང་ཉོན་མོངས་ཅན་དང་ལུང་མ་བསྟན་གསུམ་རེ་ཡོད་པའི་ཕྱིར། གཟུགས་མེད་ན་སྲིད་པ་གསུམ་ཡོད་དེ། བར་སྲིད་མ་གཏོགས་གསུམ་ཡོད་པའི་ཕྱིར། གསུམ་པ་གནས་པའི་ཐབས་ལ། ཟས་ཀྱི་བྱེད་ལས་མདོར་བསྟན་པ། སོ་སོར་རྒྱས་པར་བཤད་པ། གྲངས་ངེས་ཀྱི་དོན་བསྡུར་གསུམ། དང་པོ་ནི། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་བྱུང་། འགྲོ་བ་རྣམས་ཆོས་ཅན། གང་གིས་གནས་པར་བྱེད་པ་ཡོད་དེ། ཟས་ཀྱིས་གནས་པར་བྱེད་པ་ཡིན་པའི་ཕྱིར། ཟས་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁམ་གྱི་ཟས། རེག་པའི་ཟས། སེམས་པའི་ཟས། རྣམ་ཤེས་ཀྱི་ཟས་དང་བཞི་ཡོད་པའི་ཕྱིར། གཉིས་པ་ལ། གཟུགས་ཅན་གྱི་ཟས། གཟུགས་ཅན་མ་ཡིན་པའི་ཟས། ཞར་ལ་བར་སྲིད་ཀྱི་རྣམ་གྲངས་དང་གསུམ། དང་པོ་ནི། ཁམ་གྱི་ཟས་ནི་འདོད་པ་ན། སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་བ་མི་ཕན་ཕྱིར། །ཞེས་བྱུང་། ཁམ་གྱི་ཟས་ཆོས་ཅན། ངོ་བོ་བཞག་ཏུ་ཡོད་དེ། ཁམ་དུ་བཅད་ཅིང་མིད་པའི་ཟས་ཞིག་ལ་འཇོག་པའི་ཕྱིར། དེ་ལ་ཕྲ་རགས་གཉིས་ཡོད་དེ། ཕྲ་བ་ནི་བར་སྲིད་པ་དང་ལྷ་རྣམས་དང་བསྐལ་བ་དང་པོའི་མིའི་ཟས་ལྟ་བུ་ཡིན་ལ། རགས་པ་ནི་ད་ལྟའི་ཁམ་ཟས་ལྟ་བུ་ཡིན་པའི་ཕྱིར་ཏེ། སྔ་མ་ཟོས་པས་རྒྱུ་མཐུན་གཤང་ལྕི་མེད་ཅིང་། ཕྱི་མ་ཟོས་པ་ལ་དེ་ཡོད་པའི་ཕྱིར། ཁམ་ཟས་ཆོས་ཅན། ཁམས་གང་དུ་ཡོད་པ་དང་སྐྱེ་མཆེད་གང་ལ་འཇོག་པ་ཡོད་དེ། ཁྱོད་ནི་འདོད་པ་ན་ཡོད་ཅིང་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཏེ། ཁམས་གོང་མ་གཉིས་ནི་ཁམ་ཟས་ལ་ཆགས་པ་དང་བྲལ་བས་དེ་གཉིས་ན་ཁམ་ཟས་མེད་ཅིང་། གཟུགས་ཀྱི་སྐྱེ་མཆེད་ནི་ཁམ་ཟས་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རང་གི་དབང་པོ་དང་ཕྲད་པའི་སྒོ་ནས་རང་ལ་མི་ཕན་པའི་ཕྱིར་ཏེ། ཁམ་ཟས་ལ་ཆགས་པ་དང་བྲལ་བའི་གྲོལ་བ་ལ། ཟས་ཀྱི་ཁ་དོག་དང་དབྱིབས་མཐོང་བར་མི་ཕན་པ་ལྟ་བུ་ཡིན་པའི་ཕྱིར། །གཉིས་པ་ནི། རེག་དང་སེམས་པ་རྣམ་ཤེས་ནི། ཟག་བཅས་ཟས་ཡིན་གསུམ་དག་ན། །ཞེས་བྱུང་། གཟུགས་ཅན་མ་ཡིན་པའི་ཟས་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། ཟག་བཅས་ཀྱི་རེག་པ་དང་སེམས་པ་དང་རྣམ་ཤེས་གསུམ་ཡོད་པའི་ཕྱིར། དེ་གསུམ་པོ་ཆོས་ཅན། ཁམས་གཅིག་ཁོ་ནར་ཡོད་པར་མ་ངེས་ཏེ། ཁམས་གསུམ་པོ་དག་ན་ཡོད་པའི་ཕྱིར། དེ་གསུམ་ཆོས་ཅན། རྟེན་གནས་བྱེད་ཀྱི་ཟས་ཡིན་ཏེ། རེག་པས་སེམས་སེམས་བྱུང་རྒྱས་པར་བྱེད། སེམས་པས་གནས་པ་དང་འཕེལ་བར་བྱེད། གནས་ནི་རྣམ་ཤེས་ཀྱིས་བྱེད་པའི་ཕྱིར། གསུམ་པ་ནི། ཡིད་ལས་བྱུང་དང་སྲིད་ཚོལ་དང་། །དྲི་ཟ་སྲིད་པ་བར་མ་དང་། །འགྲུབ་པའོ་ཞེས་བྱུང་། བར་སྲིད་པ་ཆོས་ཅན། ཡིད་ལས་བྱུང་བ་ཞེས་བྱ་སྟེ། བརྡོས་བཅས་ཀྱི་ལུས་རགས་པ་མེད་པར་ཡིད་ཙམ་ལས་སྐྱེས་པའི་ཕྱིར། དེ་ཆོས་ཅན། སྲིད་ཚོལ་ཞེས་བྱ་སྟེ། སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར། དྲི་ཟ་ཞེས་བྱ་སྟེ། ཟས་སུ་དྲི་ཟ་བ་ཙམ་ཡིན་པའི་ཕྱིར། སྲིད་པ་བར་མ་ཞེས་བྱ་སྟེ། འཆི་སྲིད་དང་སྐྱེ་སྲིད་གཉིས་ཀྱི་བར་གྱི་སྲིད་པ་ཡིན་པའི་ཕྱིར། མངོན་པར་འགྲུབ་པ་ཞེས་བྱ་སྟེ། སྐྱེ་སྲིད་པ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར། གསུམ་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། འདི་ལ་གནས་དང་ནི། རྟེན་པ་རྒྱས་པའི་དོན་དུ་གཉིས། །སྲིད་གཞན་འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམ་བཞིན། །ཞེས་སོ། །ཤེས་བྱ་ཆོས་ཅན། ཟས་ལ་དེ་ལྟར་བཞིར་བཤད་པའི་རྒྱུ་མཚན་ཡོད་དེ། ཚེ་འདི་ལ་གནས་པའི་དབང་པོ་དང་བཅས་པའི་ལུས་རྒྱས་པའི་དོན་དུ་ཁམ་ཟས་དང་། རྟེན་པ་སེམས་སེམས་བྱུང་རྒྱས་པའི་དོན་དུ་རེག་པའི་ཟས་གཉིས་དང་། སྲིད་པ་གཞན་དུ་འཕེན་པ་དང་འགྲུབ་པ་ཡི་དོན་དུ་སེམས་པ་དང་རྣམ་ཤེས་ཀྱི་ཟས་གཉིས་ཏེ་གོ་རིམ་བཞིན་དུ་བཞག་པའི། ཁམས་ཡིན་ན། ཟས་ཡིན་པས་མ་ཁྱབ་སྟེ། ཟག་མེད་ཀྱི་ཁམས་རྣམས་ཟས་མ་ཡིན་པའི་ཕྱིར། དེར་ཐལ། ཟས་ནི་ཟག་བཅས་ཀྱི་སྟེང་ནས་འཇོག་པའི་ཕྱིར། དེའི་ཟས་ཡིན་ན། དེའི་དབང་པོ་དང་འབྱུང་བ་ལ་ཕན་པར་མ་ཁྱབ་སྟེ། དེའི་ཟས་ཡིན་ཡང་འབྱུང་བ་ལ་གནོད་པ་ཡོད་པའི་ཕྱིར། བཞི་པ་འཆི་འཕོ་བའི་སེམས་ལ། སེམས་གང་གིས་འཆི་བ། ཚོར་བ་གང་གིས་འཆི་བ་ཞར་བྱུང་དང་བཅས་པ། ལུས་ཀྱི་ཕྱོགས་གང་ནས་འཆི་བ། གནོད་གཅོད་པའི་རྒྱུ་དང་བཞི། དང་པོ་ནི། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། ། ཅེས་བྱུང་། །ཤེས་བྱ་ཆོས་ཅན། སེམས་གང་གིས་འཆི་བ་ཡོད་དེ། དགེ་རྩ་ཆད་པ་དང་། དགེ་རྩ་མཚམས་སྦྱོར་བ་དང་། འདོད་ཆགས་དང་བྲལ་བའི་མཉམ་གཞག་དང་། དེ་ཡོངས་སུ་ཉམས་པ་དང་། འཆི་འཕོ་བ་དང་། སྐྱེ་བའི་སྐབས་ཀྱི་སེམས་རྣམས་གཙོ་བོར་ཡིད་ཀྱི་རྣམ་ཤེས་ཀྱིས་བྱེད་པ་ཁོ་ནར་འདོད་པའི་ཕྱིར། གཉིས་པ་ནི། འཆི་འཕོ་སྐྱེ་ལ་བཏང་སྙོམས་ལ། །རྩེ་གཅིག་སེམས་མེད་ལ་དེ་མེད། །མྱ་ངན་འདས་ལུང་བསྟན་མིན་གཉིས། །ཞེས་བྱུང་། ཚོར་བ་གང་གིས་འཆི་བ་ཡོད་དེ། འཆི་འཕོ་དང་སྐྱེ་བ་ལེན་པ་གཉིས་ལ་ཚོར་བ་གསུམ་གྱི་ནང་ནས་བཏང་སྙོམས་ཁོ་ནར་ངེས་པའི་ཕྱིར་ཏེ། ཚོར་བ་བདེ་སྡུག་གཉིས་རྣམ་པ་ཆེས་གསལ་བས་དེ་ལ་མི་རུང་བའི་ཕྱིར། རྩེ་གཅིག་པའི་མཉམ་གཞག་དང་། སེམས་མེད་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་ལྟ་བུའི་ངང་ནས་འཆི་འཕོ་བྱེད་པ་མེད་དེ། དེ་ལ་དེ་ལྟར་འགྱུར་བ་མེད་པའི་ཕྱིར། ལྷག་མེད་དུ་མྱ་ངན་ལས་འདའ་བའི་འཆི་སེམས་ལ་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པའི་ལུང་མ་བསྟན་གཉིས་ཡོད་ཀྱི། དགེ་མི་དགེའི་སེམས་མེད་དེ། སེམས་རྒྱུན་ཆད་ཁ་མ་ལ་དེ་གཉིས་མི་རུང་བའི་ཕྱིར། གསུམ་པ་ནི། འོག་མི་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང་། །ལྟེ་བ་སྙིང་ཀར་ཡིད་འཆི་འཕོ། །ཞེས་བྱུང་། འོག་ངན་འགྲོར་སྐྱེ་བ་རྣམས་ཆོས་ཅན། རིམ་གྱིས་འཆི་བ་ཡིན་ན་རྐང་པ་ནས་ཡིད་འགག་ཅིང་འཆི་འཕོ་སྟེ། དེའི་ཚེ་རྣམ་ཤེས་ཀྱི་རྟེན་ལུས་དབང་རྐང་པར་བསྡུས་ནས་འགག་པར་བྱེད་པའི་ཕྱིར། མིའི་ནང་དུ་འགྲོ་བ་རིམ་གྱིས་འཆི་བ་རྣམས་ཆོས་ཅན། ཕྱོགས་གང་ནས་འཆི་ཚུལ་ཡོད་དེ། ཡིད་ལྟེ་བ་རུ། འགགས་ཤིང་འཆི་བའི་ཕྱིར། ལྷ་དང་ལས་ཉོན་གྱིས་མི་སྐྱེ་བའི་དགྲ་བཅོམ་པ་དག་ཆོས་ཅན། འཆི་ཚུལ་ཡོད་དེ། སྙིང་ཀར་ཡིད་འཆི་འཕོ་བྱེད་པའི་ཕྱིར། བཞི་པ་ནི། གནད་གཅོད་པ་ནི་ཆུ་སོགས་ཀྱིས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། གནད་གཅོད་གང་གིས་བྱེད་པ་ཡོད་དེ། རླུང་མཁྲིས་སོགས་ལ་བརྟེན་པའི་རླུང་མེ་ཆུ་སོགས་ཀྱིས་གཅོད་པར་བྱེད་པའི་ཕྱིར། གང་གཅོད་པ་ཡོད་དེ། ལུས་ཀྱི་གནད་ཉམས་ན་འཆི་བར་བྱེད་པ་ནི་གཅོད་པའི་དོན་ཡིན་པའི་ཕྱིར་ཏེ། ལུས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་བཅད་པ་དེ་བཅད་པའི་དོན་ཡིན་པའི་ཕྱིར། ལྷ་ལ་གནད་གཅོད་ཁྱད་པར་བ་མེད་དེ། རང་འགྲེལ་ལས། ལྷ་དག་གི་ནང་ན་ནི་གནད་ཆད་པ་མེད་མོད་ཀྱི། ཞེས་གསུངས་པའི་ཕྱིར། འདོད་ལྷ་ལ་འཆི་བའི་ཚེ་སྡུག་བསྔལ་མེད་པ་ནི་མིན་ཏེ། འཆི་ལྟས་མཐོང་ནས་སྡུག་བསྔལ་དུ་འགྱུར་བ་ཡོད་པའི་ཕྱིར། ལྔ་པ་སེམས་ཅན་གྱི་ཚོགས་གསུམ་དུ་སྡུད་པ་ནི། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་བྱུང་། འཕགས་པ་རྒྱུན་ཞུགས་སོགས་ཆོས་ཅན། ཚོགས་དང་པོ་ཡང་དག་པ་ཉིད་དུ་ངེས་པ་ཡིན་ཏེ། མྱང་འདས་མངོན་དུ་བྱེད་པར་ངེས་པའི་ཕྱིར། འཚམས་མེད་བྱེད་པ་རྣམས་ཆོས་ཅན། ཚོགས་གཉིས་པ་ལོག་པ་ཉིད་དུ་ངེས་ཏེ། ངན་སོང་དུ་སྐྱེ་བར་ངེས་པའི་ཕྱིར། དེ་ལས་གཞན་པའི་སོ་སྐྱེ་རྣམས་ཆོས་ཅན། ཚོགས་གསུམ་པ་མ་ངེས་པ་ཞེས་བྱ་སྟེ། དེ་གཉིས་གང་རུང་དུ་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་ཏེ། རྐྱེན་སྒྲུབ་པ་ལ་ལྟོས་པའི་ཕྱིར་རོ།། །།གཉིས་པ་ཕྱི་སྣོད་ཀྱི་འཇིག་རྟེན་བཤད་པ་ལ། བཤད་ཚུལ་སྤྱིར་བསྟན་པ་དང་། གཞུང་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ཡོད་དེ། །ཕལ་ཆེན་དང་ཡབ་སྲས་མཇལ་བའི་མདོ་དང་ས་སྡེ་དང་དུས་འཁོར་སོགས་ནས་བཤད་ཚུལ་མི་འདྲ་བ་དུ་མ་འབྱུང་བ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་ལ། རྟེན་དཀྱིལ་འཁོར་གསུམ་བཤད་པ། བརྟེན་པ་རི་མཚོ་གླིང་གསུམ་བཤད་པ། ཚ་གྲང་དམྱལ་བའི་གནས་བཤད་པ། ཉི་ཟླའི་འཆར་ཚུལ་དང་ཚད་བཤད་པ། ལྷའི་གནས་བཤད་པ། སྟོང་གསུམ་ངོས་བཟུང་བ། འགྲོ་བ་རྣམས་ཀྱི་ལུས་དང་ཚེ་ཚད་བཤད་པ། ཚད་དེ་གཞལ་བའི་ཐབས་བཤད་པ། སྣོད་བཅུད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་དང་དགུ། །དང་པོ་ལ། རླུང་དང་ཆུ་དང་ས་དཀྱིལ་བཤད་པ་གསུམ། དང་པོ་ནི། མཛོད་ལས། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སྣོད་བཅུད་གཉིས་ཡོད་པ་དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གསུམ་འདིའི་འོག་གཞིར་རྟན་རླུང་གི་དཀྱིལ་འཁོར་ཆེན་པོ་གཅིག་གནས་པར་འདོད་པ་དེའི་ཆགས་ཚུལ་ཡོད་དེ། དང་པོ་ནམ་མཁའ་ལྟར་སྟོང་པར་གནས་པ་ལས་སེམས་ཅན་སྤྱི་མཐུན་གྱི་ལས་སྟོབས་ཀྱིས་ལོ་དུ་མར་རླུང་འཇམ་པོ་རིམ་གྱིས་འཁྲིགས་པ་ལས་འཐབ་བྲལ་ཡན་ཆད་ཆགས་པའི་རྗེས་སུ་ཆགས་པའི་ཕྱིར། རླུང་དཀྱིལ་དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། རྔམས་ཏེ་དཔངས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་ཅིང་། རྒྱར་དཔག་ཚད་གྲགས་མེད་ཅིག་ཡོད་པའི་ཕྱིར། རླུང་དཀྱིལ་འདིའི་རྒྱར་དཔག་ཚད་དེ་ལྟར་མང་བའི་རྒྱུ་མཚན་ཡོད་དེ། སྟོང་གསུམ་འཇིག་རྟེན་ཁམས་ཀྱི་འོག་གི་རླུང་དཀྱིལ་ནི་གཅིག་གིས་གོ་ཆོད་ཅིང་། ཆུ་ས་རྣམས་སོ་སོ་བ་ཡིན་པའི་ཕྱིར། གཉིས་པ་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་དག་ནི་ཉི་ཤུའོ། །ཞེས་བྱུང་། ཆུ་དཀྱིལ་ཆོས་ཅན། ཁྱོད་ཆགས་ཚུལ་ཡོད་དེ། རླུང་དཀྱིལ་གྱི་སྟེང་དུ་སེམས་ཅན་རྣམས་ཀྱི་ལས་ཀྱིས་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་ཏེ་ཆར་གི་རྒྱུན་ཤིང་རྟའི་འཕང་ལོ་ཙམ་མམ་གཉའ་ཤིང་ཙམ་ལོ་དུ་མར་བབས་པ་ལས་ཆགས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་དག་ནི་ཉི་ཤུ་སྟེ་ཉི་ཁྲི་ཡོད་པའི་ཕྱིར། གསེར་གྱི་སྙིང་པོ་ཅན་ཞེས་པའི་དོན་ཡོད་དེ། བསྲུབས་ན་གསེར་འབྱུང་རུང་གི་སྙིང་པོ་ཅན་ཡིན་པའི་ཕྱིར། ཆུ་མཐའ་ཆོས་ཅན། ཕྱིར་མི་འཕོ་སྟེ། སེམས་ཅན་གྱི་ལས་དབང་གིས་འཛིན་པའི་ཕྱིར། གསུམ་པ་ནི། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། ལྷག་མ་དག་ནི་གསེར་དུ་འགྱུར། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། ། ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ན། ། ཕྱེད་དང་ལྔ་རྣམས་ཁོ་ནའོ། ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཞེས་བྱུང་། གསེར་དཀྱིལ་ཆོས་ཅན། ཁྱོད་ཆགས་ཚུལ་ཡོད་དེ། སྔར་གྱི་ཆུ་དཀྱིལ་དེ་སེམས་ཅན་སྤྱི་མཐུན་གྱི་ལས་སྟོབས་ཀྱིས་རླུང་གིས་བསྲུབས་པ་ལས་ཕྱིས་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་དུ་གྱུར་ཏེ། ལྷག་མ་སུམ་འབུམ་ཉི་ཁྲི་དག་ནི་ཆུ་དེའི་སྟེང་དུ་ཁྱོད་དུ་འགྱུར་བའི་ཕྱིར། དེ་ཡང་སའི་དཀྱིལ་འཁོར་ལོགས་ནས་འོངས་པ་མིན་གྱི་ཆུ་དཀྱིལ་སྔ་མ་དེའི་སུམ་ཆ་གསེར་གྱི་དཀྱིལ་འཁོར་དུ་འགྱུར་བ་ཡིན་ཏེ། དཔེར་ན་འོ་མའི་སྟེང་གི་སྦྲིས་མ་ཆགས་པ་ལྟར་འགྱུར་བའི་ཕྱིར། ཆུ་དང་གསེར་གྱི་དཀྱིལ་འཁོར་གཉིས་པོ་ཆོས་ཅན། ཁྱོད་ཀྱི་རྒྱ་ཚད་མཉམ་པ་ཡིན་ཏེ། ཐད་ཀར་ཆེ་ཆུང་མེད་པར་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ནར་ངེས་པའི་ཕྱིར། དེ་གཉིས་ཆོས་ཅན། ཁྱོད་ཀྱི་ཁོར་ཡུག་གི་ཚད་ཡོད་དེ། ཁོར་ཡུག་ཏུ་ནི་ཞེང་གི་སུམ་འགྱུར་འབུམ་ཕྲག་སུམ་ཅུ་རྩ་བདུན་ཏེ་སུམ་འབུམ་བདུན་ཁྲི་དང་བརྒྱ་ཕྲག་ཕྱེད་དང་བཞི་ཡོད་པའི་ཕྱིར་ཏེ། ཟླུམ་པོའི་མཐའ་སྐོར་ནི་ཞེང་གི་སུམ་འགྱུར་དུ་ངེས་པའི་ཕྱིར། མཁས་པ་ཁ་ཅིག སྣོད་ཆགས་པའི་ཐོག་མ་རླུང་གི་དཀྱིལ་འཁོར་ཆགས་པ་ནས་ཡིན་གསུང་པ་ནི་མི་འཐད་དེ། ཚངས་པའི་འཇིག་རྟེན་ཐོག་མར་ཆགས་ནས་རླུང་དཀྱིལ་རྗེས་སུ་ཆགས་པ་སོགས་ཡིན་པའི་ཕྱིར། དེར་ཐལ། མེས་འཇིག་གི་རྗེས་སུ་དེ་ལྟར་ཆགས་པར་འགྱུར་བའི་ཕྱིར། འདོད་ཁམས་ཆགས་པའི་སྣོད་ཀྱི་ཐོག་མ་ཡང་རླུང་དཀྱིལ་ནས་མ་ཡིན་ཏེ། ཚངས་རིས་ནས་འཐབ་བྲལ་གྱི་བར་ཆགས་པའི་རྗེས་སུ་རླུང་དཀྱིལ་ཆགས་པ་རང་འགྲེལ་དང་འགྲེལ་བཤད་ལས་གསལ་བར་བཤད་པའི་ཕྱིར། འོན་ཀྱང་། ཆགས་པ་དང་པོའི་རླུང་ནས་ནི་ཞེས་པ་དང་མི་འགལ་ཏེ་དེ་ནི་ཐོག་མའི་རླུང་ཡིན་གྱི་རླུང་དཀྱིལ་དེའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར། ཁོར་ཡུག་གི་ཕྱི་མཐའ་རུ་ཆུ་དང་གསེར་དཀྱིལ་གྱི་ལྷག་མ་མེད་པ་ནི་མིན་ཏེ། ལྕགས་རིའི་ཕྱི་རོལ་ཏུ་ཡང་ཕྱོགས་རེ་རེར་དེ་གཉིས་དཔག་ཚད་སྟོང་དང་ཉིས་བརྒྱ་དང་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་རེ་ལྷག་ལུས་པ་ཡོད་པའི་ཕྱིར། དེར་ཐལ། རྒྱལ་སྲས་མ་ལས། དེ་ནི་ཁོར་ཡུག་གི་ཕྱི་རོལ་ན་ཆུ་དང་གསེར་གྱི་དཀྱིལ་འཁོར་དེ་ཙམ་ལྷག་པའི་ཕྱིར་ཉེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། རི་དགུ་རྒྱུ་དང་དབྱིབས་ཚད་ཀྱི་སྒོ་ནས་བཤད་པ། མཚོ་བརྒྱད་ཀྱི་དབྱིབས་ཚད་བཤད་པ། གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཚད་དབྱིབས་བཤད་པ། འཛམ་བུའི་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ནི། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ་དེ་ནས་ནི། །གླིང་རྣམས་ཡིན་ནོ་དེ་དག་གི །ཕྱི་རོལ་ན་ནི་ཁོར་ཡུག་སྟེ། །བདུན་ནི་གསེར་ཡིན་དེ་ལྕགས་སོ། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཆུ་ཡི་ནང་དུ་བརྒྱད་ཁྲི་དག །ནུབ་པོ་དེ་བཞིན་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་དབྲི། །དེ་དག་རྔམས་སུའང་འཕང་དང་མཉམ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། གསེར་དཀྱིལ་གྱི་སྟེང་དེ་ལ་ཆར་གྱི་རྒྱུན་སྔར་བཞིན་བབས་པ་ལས་རྒྱ་མཚོ་ཆེན་པོ་དཔངས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་ཞིག་ཆགས་པ་རླུང་གིས་བསྲུབས་པས་ཁམས་རབ་ལས་རི་རྣམས་ཀྱི་དབུས་སུ་རི་གཞན་ལས་ལྷུན་བརྗིད་ཆེ་བའི་ལྷུན་པོ་ཆགས། ཡང་དེ་ལྟར་བསྲུབས་པས་ཁམས་འབྲིང་ལས་གསེར་རི་གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན་དང་སེང་ལྡེང་ཅན་དང་དེ་བཞིན་དུ་བལྟ་ན་སྡུག་རི་དང་རྟ་རྣ་དང་རྣམ་འདུད་དང་མུ་ཁྱུད་འཛིན་རི་བདུན་གྲུ་བཞིར་བསྐོར་བའི་ཚུལ་གྱིས་ཆགས་ཤིང་། ཡང་ཁམས་ཐ་མ་ལས་དེ་ནས་ཕྱི་རོལ་ཏུ་ནི་གླིང་རྣམས་ཀྱང་ཆགས་ནས་གནས་པའི་ཕྱིར། དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་ཏུ་བསྐོར་བའི་ལྕགས་རི་ཡོད་ཅིང་དེ་རྣམས་ཀྱི་རྒྱུའི་ཁྱད་པར་ཡོད་དེ། གཉའ་ཤིང་འཛིན་སོགས་རི་བདུན་ནི་གསེར་དང་། ཁོར་ཡུག་དེ་ལྕགས་ལས་གྲུབ་པའི་ཕྱིར། ལྷུན་པོ་ཆོས་ཅན། རིན་པོ་ཆེ་བཞིའི་རང་བཞིན་ལས་གྲུབ་པ་ཡིན་ཏེ། ཤར་དངུལ། ལྷོ་བཻ་ཌཱུཪྱ། ནུབ་ཤེལ། བྱང་གསེར་ལས་གྲུབ་པའི་ཕྱིར། དེའི་རྒྱུ་མཚན་གྱིས་གླིང་སོ་སོའི་ངོས་ཀྱི་ནམ་མཁའ་ཡང་དེ་དག་གི་མདོག་ཏུ་སྣང་བ་ཡིན་ཏེ། རང་འགྲེལ་ལས། གང་གི་རང་བཞིན་ཡིན་པ་དེའི་མཐུས་དེའི་ནམ་མཁའ་ཡང་དེའི་ཁ་དོག་ཏུ་སྣང་སྟེ། ཞེས་གསུངས་པའི་ཕྱིར། ལྷོ་ཕྱོགས་ཀྱི་ནམ་མཁའ་སྔོན་པོར་སྣང་བའི་རྒྱུ་མཚན་ཡོད་དེ། རི་རབ་ཀྱི་ལྷོ་ངོས་བཻ་ཌཱུཪྱ་སྔོན་པོའི་རང་བཞིན་ཅན་ཡིན་པའི་དབང་གིས་ཡིན་པའི་ཕྱིར། རི་དགུ་པོ་ཆོས་ཅན། ཁྱོད་ཀྱི་དཔངས་ཚད་ཡོད་དེ། ཆུའི་ནང་དུ་གསེར་དཀྱིལ་ལ་ཐུག་པར་དཔག་ཚད་བརྒྱད་ཁྲི་རེ་མཉམ་པར་ནུབ་ཅིང་རི་རབ་ནི་དེ་བཞིན་དུ་ཆུའི་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་པའི་ཕྱིིར། གཉའ་ཤིང་འཛིན་སོགས་རི་གཞན་བརྒྱད་པོ་ནི་ཆོས་ཅན། ཆུའི་སྟེང་དུ་སྔ་མ་ལས་ཕྱི་མ་འཕང་སྟེ་རྔམས་སུ་ཕྱེད་ཕྱེད་དབྲི་བ་ཡིན་ཏེ། གཉའ་ཤིང་འཛིན་གྱི་ཆུ་མཚམས་ཡན་ཆད་ལ་དཔག་ཚད་བཞི་ཁྲི། དེ་བཞིན་དུ་གཉིས་པ་ལ་དེའི་ཕྱེད་ཉིས་ཁྲི། གསུམ་པ་ལ་ཆིག་ཁྲི། བཞི་པ་ལ་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་ཆིག་སྟོང་དང་ཕྱེད་དང་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པའི་ཕྱིར། རི་བརྒྱད་པོ་དེ་དག་ཆོས་ཅན། ཆུ་མཚམས་ཡན་གྱི་རྔམས་སུའང་འཕང་སྟེ་འདིར་ཞེང་དང་ཚད་མཉམ་པ་ཡིན་ཏེ། རྒྱ་དཔངས་གཉིས་མཉམ་པའི་ཕྱིར། འདི་ལྟར་ན་འཕང་ལ་རྔམས་ཞེང་གཉིས་ཀྱི་སྒྲ་འཇུག་པར་གསལ་ཞིང་། རི་ཕྱི་མ་ལས་ནང་མ་མཐུག་པའི་དབང་ངོ་། །རི་ལྷག་མ་བདུན་ཆོས་ཅན། ཁྱོད་ཀྱི་ངོས་བཞིའི་དཀྱུས་ཚད་ཡོད་དེ། སྔ་མ་ལས་ཕྱི་མ་ཆེ་བའི་ཕྱིར་ཏེ། སྔ་མ་ལས་ཕྱི་མའི་དཀྱུས་ཚད་རང་གི་སྔ་མའི་མཚོ་དང་རང་གི་ཞེང་ཚད་ཉིས་འགྱུར་རེས་ལྷག་པའི་ཕྱིར། གཉའ་ཤིང་འཛིན་ཆོས་ཅན། ཁྱོད་ཀྱི་ངོས་རེ་དང་མཐའ་སྐོར་གྱི་ཚད་གཉིས་ཡོད་དེ། ཕྱིའི་ངོས་གཅིག་གི་ཟུར་ནས་ཟུར་དུ་དཔག་ཚད་སུམ་འབུམ་ཉིས་ཁྲི་དང་། མཐར་དེའི་བཞི་འགྱུར་ས་ཡ་གཅིག་དང་ཉིས་འབུམ་བརྒྱད་ཁྲི་ཡོད་པའི་ཕྱིར། ཟུར་སྔ་མ་གྲུབ་སྟེ། རི་རབ་དང་དེའི་གཡས་གཡོན་གྱི་མཚོ་དང་རང་གི་ཞེང་ཚད་གཉིས་རྣམས་བསྡོམས་པ་ལ་ཚད་དེ་ལྟར་ཡོད་པའི་ཕྱིར། དེ་བཞིན་དུ་གཤོལ་མདའ་འཛིན་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་བཞི་འབུམ་བཞི་ཁྲི་རེ་དང་མཐར་ས་ཡ་གཅིག་དང་བདུན་འབུམ་དྲུག་ཁྲི་ཡོད་པའི་ཕྱིར། སེང་ལྡེང་ཅན་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་རེ་དང་མཐར་ས་ཡ་གཉིས་ཡོད་པའི་ཕྱིར། བལྟ་ན་སྡུག་རི་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་སུམ་ཁྲི་རེ་དང་མཐར་ས་ཡ་གཉིས་དང་ཆིག་འབུམ་ཉིས་ཁྲི་ཡོད་པའི་ཕྱིར། རྟ་རྣ་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་བཞི་ཁྲི་ལྔ་སྟོང་རེ་དང་མཐར་ས་ཡ་གཉིས་དང་ཆིག་འབུམ་བརྒྱད་ཁྲི་ཡོད་པའི་ཕྱིར། རྣམ་འདུད་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ལྔ་བརྒྱ་རེ་དང་མཐར་ས་ཡ་གཉིས་དང་ཉིས་འབུམ་ཆིག་ཁྲི་ཡོད་པའི་ཕྱིར། མུ་ཁྱུད་འཛིན་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་ལྔ་ཁྲི་དྲུག་སྟོང་ཕྱེད་དང་སུམ་བརྒྱ་རེ་དང་མཐའ་སྐོར་དུ་ས་ཡ་གཉིས་དང་ཉིས་འབུམ་ཉིས་ཁྲི་ལྔ་སྟོང་ཡོད་པའི་ཕྱིར། ཁ་ཅིག་ཅུང་ཟད་མི་འདྲ་བ་རེ་བཤད་ཀྱང་དོན་ནི་འདི་ཁོ་ན་ལྟར་རོ། །རི་བདུན་པོ་ཆོས་ཅན། སོ་སོའི་སྒྲ་བཤད་ཡོད་དེ། ཉི་ཟླ་གཉའ་ཤིང་ལྟར་འཛིན་པའམ་རྩེ་མོ་ན་བྲག་གཉའ་ཤིང་ལྟ་བུ་ཡོད་པས་ན་གཉའ་ཤིང་འཛིན་དང་། དེ་བཞིན་དུ་རྩེ་མོ་གཤོལ་མདའ་ལྟར་ཡོད་པ་དང་། རྩེ་མོར་སེང་ལྡེང་གི་ནགས་ཡོད་པ་དང་། རྩེ་མོ་ལྟ་ན་སྡུག་ཅིང་མཛེས་པར་ཡོད་པ་དང་། རྩེ་མོ་རྟའི་རྣ་བ་ལྟར་ཡོད་པ་དང་། རྩེ་མོ་དབུས་སུ་འདུད་པའི་ཚུལ་དུ་ཡོད་པ་དང་། རྩེ་མོ་འཁོར་ལོའི་མུ་ཁྱུད་ལྟར་ཡོད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་ནི། དེ་དག་བར་བདུན་རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །ལྷག་མ་ཕྱི་ཡི་རྒྱ་མཚོ་ཡིན། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། ཉི་ཤུ་གཉིས་སོ་ཞེས་བྱུང་། རོལ་མཚོ་བདུན་པོ་ཆོས་ཅན། བཞག་ཏུ་ཡོད་དེ། ལྷུན་པོ་ནས་མུ་ཁྱུད་འཛིན་ལ་ཐུག་པ་དེ་དག་གི་བར་བདུན་གྱི་མཚོ་བདུན་པོ་དེ་ཁྱོད་དུ་འཇོག་པ་ཡིན་པའི་ཕྱིར། མཚོ་དང་པོ་ཆོས་ཅན། ཁྱོད་ཀྱི་ཞེང་ཚད་ཡོད་དེ། སྟོང་ཕྲག་བརྒྱད་ཅུ་སྟེ་བརྒྱད་ཁྲི་ཡོད་པའི་ཕྱིར། དེ་ནི་ཆོས་ཅན། ནང་གི་རྒྱ་མཚོ་ཡིན་ཏེ། མཚོ་བརྒྱད་ཀྱི་ནང་མ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ངོས་ཚད་ཡོད་དེ། རང་གི་ཐད་ཀའི་སུམ་འགྱུར་ཡོད་པའི་ཕྱིར་ཏེ། ངོས་རེ་ལ་ཉིས་འབུམ་བཞི་ཁྲི་རེ་དང་མཐར་དེའི་བཞི་འགྱུར་དགུ་འབུམ་དྲུག་ཁྲི་ཡོད་པའི་ཕྱིར། རོལ་མཚོ་གཞན་དྲུག་གི་ཁ་ཞེང་ནི་སྔ་མ་ལས་ཕྱི་མ་ཕྱེད་ཕྱེད་ཀྱིས་དབྲི་བ་ཡིན་ཏེ། རིམ་བཞིན་བཞི་ཁྲི་དང་ཉིས་ཁྲི་དང་ཆིག་ཁྲི་དང་ལྔ་སྟོང་དང་། ཕྱེད་དང་སུམ་སྟོང་དང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་པའི་ཕྱིར། མཚོ་དེ་རྣམས་ཆོས་ཅན། དཀྱུས་ཚད་སྔ་མ་ལས་ཕྱི་མ་ཆེ་སྟེ། རོལ་མཚོ་དང་པོའི་ངོས་རེར་དཔག་ཚད་ཉིས་འབུམ་བཞི་ཁྲི་དང་མཐར་དགུ་འབུམ་དྲུག་ཁྲི། གཉིས་པའི་ངོས་རེར་བཞི་འབུམ་རེ་དང་མཐར་ས་ཡ་གཅིག་དང་དྲུག་འབུམ། གསུམ་པའི་ངོས་རེར་བཞི་འབུམ་བརྒྱད་ཁྲི་རེ་དང་མཐར་ས་ཡ་གཅིག་དང་དགུ་འབུམ་ཉི་ཁྲི། བཞི་པའི་ངོས་རེར་ལྔ་འབུམ་ཉིས་ཁྲི་དང་མཐར་ས་ཡ་གཉིས་དང་བརྒྱད་ཁྲི། ལྔ་པའི་ངོས་རེར་ལྔ་འབུམ་བཞི་ཁྲི་རེ་དང་མཐར་ས་ཡ་གཉིས་དང་ཆིག་འབུམ་དྲུག་ཁྲི། དྲུག་པའི་ངོས་རེར་ལྔ་འབུམ་ལྔ་ཁྲི་རེ་དང་མཐར་ས་ཡ་གཉིས་དང་ཉིས་འབུམ། བདུན་པའི་ངོས་རེར་ལྔ་འབུམ་ལྔ་ཁྲི་ལྔ་སྟོང་རེ་དང་མཐའ་སྐོར་དུ་བཞི་འགྱུར་ས་ཡ་གཉིས་དང་ཉིས་འབུམ་ཉི་ཁྲི་ཡོད་པའི་ཕྱིར། བདུན་པོ་དེ་ཆོས་ཅན། རོལ་མཚོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དགའ་བོ་དང་ཉེ་དགའ་ལ་སོགས་ཀླུ་ཡི་རྒྱལ་པོ་རྣམས་རྩེ་ཞིང་རོལ་བས་ན་དེ་སྐད་ཅེས་བརྗོད་པའི་ཕྱིར། མཚོ་སྔ་མ་བདུན་པོ་ནང་གི་རྒྱ་མཚོ་ཡིན་ལ། མུ་ཁྱུད་འཛིན་དང་ཁོར་ཡུག་གི་བར་གྱི་མཚོ་ཆོས་ཅན། ཕྱིའི་རྒྱ་མཚོ་ཞེས་བྱ་སྟེ། མཚོ་གཞན་གྱི་ཕྱིའི་ལྷག་མའི་རྒྱ་མཚོ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཞེང་ཚད་ཡང་དེ། དེའི་བར་ལ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་དག་ནི་ཉི་ཤུ་རྩ་གཉིས་ཡོད་པའི་ཕྱིར། །གསུམ་པ་གླིང་རྣམས་ཚད་དབྱིབས་ཀྱི་སྒོ་ནས་བཤད་པ་ནི། དེ་ལ་ནི། འཛམ་བུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། ། གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །ཞེས་བྱུང་། གླིང་རྣམས་ཆོས་ཅན། གང་ལ་གནས་པ་ཡོད་དེ། ཕྱིའི་རྒྱ་མཚོར་རྩ་བས་གཞིར་ཐུག་པའི་ཚུལ་གྱིས་གནས་པའི་ཕྱིར། རི་རབ་ཀྱི་ལྷོ་ན་ཡོད་པའི་འཛམ་བུའི་གླིང་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་དབྱིབས་ཚད་སོགས་ཡོད་དེ། ཤིང་འཛམ་བུའི་འབྲས་བུ་མཚོ་ནང་དུ་ལྷུང་བའི་སྒྲ་དང་ཤིང་དེས་མཚོན་པས་ན་འཛམ་བུའི་གླིང་དང་། དབྱིབས་ཤིང་རྟ་ལྟ་བུ་དང་། ངོས་གཞན་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་དང་། ལྷོ་ཕྱོགས་ཀྱི་ངོས་གཅིག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་པའི་ཕྱིར། ཤར་གྱི་ལུས་འཕགས་གླིང་ཆོས་ཅན། ཁྱོད་ཀྱི་དབྱིབས་ཚད་སོགས་ཡོད་དེ། དབྱིབས་ནི་ཟླ་ཁམ་དང་འདྲ་ལ། ཚད་ནི་ངོས་གསུམ་འཛམ་བུའི་གླིང་འདི་དང་འདྲ་བར་དཔག་ཚད་སྟོང་ཕྲག་གཉིས་རེ་དང་ལྕགས་རིའི་ཕྱོགས་ཀྱི་ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་པའི་ཕྱིར། སྒྲ་དོན་ཡོད་དེ། ལུས་འཛམ་བུའི་གླིང་པའི་ལུས་ལས་འཕགས་ཤིང་མཛེས་པས་ན་དེ་ལྟར་བརྗོད་པའི་ཕྱིར། ནུབ་ཕྱོགས་ཀྱི་བ་ལང་སྤྱོད་ཆོས་ཅན། ཁྱོད་ཀྱི་དབྱིབས་ཚད་ཡོད་དེ། དབྱིབས་ཟླུམ་པོ་དང་། ཚད་ནི་མཐར་དཔག་ཚད་སྟོང་ཕྲག་ཕྱེེད་དང་བརྒྱད་ཡིན་ལ་དེའི་དབུས་ཐད་ཀར་ཞེང་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་ཡོད་པའི་ཕྱིར། སྒྲ་དོན་ཡོད་དེ། བ་ལང་དང་ནོར་བུ་ལ་སྤྱོད་པས་ན་དེ་སྐད་བརྗོད་པའི་ཕྱིར། བྱང་གི་སྒྲ་མི་སྙན་ཆོས་ཅན། ཁྱོད་ཀྱི་དབྱིབས་ཚད་ཡོད་དེ། དབྱིབས་གྲུབ་བཞིར་མཉམ་ཞིང་། ཚད་ནི་ངོས་རེར་དཔག་ཚད་ཉིས་སྟོང་རེ་ཡོད་ཅིང་མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཡོད་པའི་ཕྱིར། སྒྲ་དོན་ཡོད་དེ། དེ་ན་ཡོད་པའི་མི་རྣམས་འཆི་བའི་ཚེ་ཞག་བདུན་གྱི་གོང་དུ་འཆིའོ་ཞེས་པའི་སྒྲ་མི་སྙན་པ་ནམ་མཁའ་ལས་འབྱུང་བས་ན་དེ་ལྟར་བརྗོད་པའི་ཕྱིར། གླིང་དེ་རྣམས་ཆོས་ཅན། ཁྱོད་ལ་གླིང་ཞེས་བརྗོད་པའི་སྒྲ་དོན་ཡོད་དེ། མཐའ་ཆུས་བསྐོར་བའི་ཚུལ་གྱིས་སོ་སོར་གནས་པས་ན་དེ་སྐད་ཅེས་བརྗོད་པའི་ཕྱིར། གླིང་དེ་དག་ན་བྱ་བ་བྱེད་ཚུལ་དང་། མི་རྣམས་ཀྱི་བྱད་དབྱིབས་ཀྱི་ཁྱད་པར་ཡོད་དེ། གླིང་གཞན་ན་ཆེད་དུ་བྱས་པའི་ཁ་ཟས་ཟ་ལ། སྒྲ་མི་སྙན་ན་མ་རྨོས་པའི་ལོ་ཏོག་སོགས་ལ་སྤྱོད། སྔ་མ་གསུམ་ན་བག་མ་གཏོང་ལེན་དང་ཉོ་ཚོང་དང་གནས་ཁང་འབུབ་པ་སོགས་ཡོད། སྒྲ་མི་སྙན་ན་དེ་ལྟ་བུ་མེད་ལ། བྱད་དབྱིབས་ཀྱི་ཁྱད་པར་ནི་གདོང་རང་རང་གི་གླིང་གི་དབྱིབས་ལྟ་བུ་ཡིན་པའི་ཕྱིར། གླིང་བཞི་པོ་དེའི་བརགྱིས་གླིང་ཆོས་ཅན། ཁྱོད་ལ་བརྒྱད་ཡོད་དེ། གཡོན་སྐོར་གྱིས་ཤར་དུ་ལུས་དང་ལུས་འཕགས་གཉིས། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་གཉིས། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ་གཉིས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན་གཉིས་ཏེ་བརྒྱད་ཡོད་པའི་ཕྱིར། གླིང་ཕྲན་བརྒྱད་པོ་དེ་ཆོས་ཅན། ཁྱོད་ཀྱི་ཚད་དབྱིབས་ཡོད་དེ། རང་གི་དབུས་ཀྱི་གླིང་ལས་ཕྱེད་ཀྱིས་ཆུང་ཞིང་དབྱིབས་ནི་རང་རང་གི་དབུས་ཀྱི་གླིང་ལྟ་བུ་ཡིན་པའི་ཕྱིར། མཁས་པ་ཁ་ཅིག །གླིང་གཡོག་རྣམས་རང་རང་གི་གཙོ་བོའི་གླིང་དང་ཚད་འདྲ་བར་འདོད་ཀྱང་མི་འཐད་དེ། དེ་བརྒྱད་ན་གནས་པའི་མིའི་ལུས་ནི་དབུས་གླིང་གི་མི་རྣམས་ལས་ཕྱེད་ཀྱིས་ཆུང་བར་བཤད་པས་ཀྱང་གླིང་གཡོག་རྣམས་དབུས་གླིང་ལས་ཆུང་བར་གྲུབ་པའི་ཕྱིར། རྔ་ཡབ་གླིང་ན་མིར་མ་ཟད་དེ། དེ་ན་སྲིན་པོ་ཡང་གནས་པའི་ཕྱིར། བཞི་པ་འཛམ་བུའི་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ནི། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡང་བའི་ཚུ་རོལ་ན། །མཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འཛམ་གླིང་འདི་ནི་ཁྱད་ཆོས་དུ་མ་དང་ལྡན་ཏེ། རྡོ་རྗེ་གདན་འདི་ནས་བྱང་དུ་རི་ནག་པོ་གསུམ་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རི་ཆེན་པོ་ཏི་སེ་ཞེས་བྱ་བ་ཡོད་ཅིང་། དེ་ནས་ཀྱང་ཕ་རོལ་དཔག་ཚད་ལྔ་བཅུ་ན་སྤོས་ངད་ལྡང་བའི་རི་བོ་ཡོད་ལ། ཡང་དེ་ནས་དཔག་ཚད་ལྔ་བཅུའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་མ་དྲོས་པ་ཞེས་བྱ་བ་དབྱིབས་གྲུ་བཞི་དང་། མཆུ་ཞིང་གཉིས་ལའང་དཔག་ཚད་ལྔ་བཅུ་རེ་ཡོད་ཅིང་། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཞིག་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་དབུས་ན་ཤིང་ཁྱད་པར་ཅན་ཡོད་དེ། དེར་འཛམ་བུའི་ཤིང་འབྲས་བུ་མངར་མོ་དང་ལྡན་པ་ལྷས་ཀྱང་ལོངས་སྤྱོད་དུ་རུང་བའི་ཤིང་ཁྱད་པར་ཅན་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པ་ཡིན་ཏེ། ཤར་ན་དངུལ་གྱི་བྲག་གླང་ཆེན་འདྲ་བའི་ཁ་ནས་གངྒཱ་དངུལ་གྱི་བྱེ་མ་འདྲེན་པ་དང་། ལྷོར་གསེར་གྱི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་སིནྡྷུ་གསེར་གྱི་བྱེ་མ་དང་། ནུབ་ན་བཻ་ཌཱུཪྱའི་བྲག་རྟའི་ཁ་འདྲ་བ་ནས་པཀྵུ་བཻ་ཌཱུཪྱའི་བྱེ་མ་དང་། བྱང་ན་རྡོ་རྗེའི་བྲག་སེངྒེའི་ཁ་འདྲ་བ་ནས་སི་ཏ་ཞེས་བྱ་བ་རྡོ་རྗེའི་བྱེ་མ་འདྲེན་ཅིང་། དེ་རེ་རེ་འང་ཆུ་བྲན་ལྔ་བརྒྱ་རེ་བཅས་ནས་མཚོ་མ་དྲོས་པ་ལ་གཡས་སྐོར་ལན་བདུན་རེ་བྱས་ནས་རང་རང་གི་ཕྱོགས་སུ་འབབ་པའི་ཕྱིར། དེ་ལྟར་འབབ་པའི་རྒྱུ་མཚན་ཡོད་དེ། ཀླུ་རྒྱལ་མ་དྲོས་པ་དེ་སྤྲུལ་པའི་ཀླུ་ཁྱད་པར་ཅན་ཡིན་ཞིང་དེའི་སྨོན་ལམ་གྱི་མཚོན་དོན་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་དེ་ལྟར་དུ་འབབ་པའི་ཕྱིར། རི་སྤོས་ངད་ལྡང་ཆོས་ཅན། ཁྱོད་ཀྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་བྲག་གསེར་གྱི་བྱ་སྐྱིབས་ཞེས་བྱ་བ་རང་འདྲ་བརྒྱ་སྟོང་གིས་བསྐོར་བ་ཡོད་དེ། ཞིང་དུ་དཔག་ཚད་ལྔ་བཅུ། འཕང་དུ་དཔག་ཚད་ཕྱེད་དང་བཞི། མཐར་དཔག་ཚད་ཉིས་བརྒྱ་ཡོད་པ། ལྟ་ན་སྡུག་ཅིང་མཛེས་པ་ཡིན་པའི་ཕྱིར། བྱ་སྐྱིབས་དེ་ཆོས་ཅན། ཁྱོད་ཀྱི་བྱང་དང་ཤར་ན་ཤིང་དང་རྫིང་བུ་གཉིས་ཡོད་དེ། བྱང་ན་ཤིང་སཱ་ལའི་རབ་བརྟན་དང་ཤར་ན་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་གཉིས་ཡོད་པའི་ཕྱིར། སྔར་བཤད་པ་དེ་དག་གི་ཉེ་སྐོར་དུ་གང་རྒྱུ་བ་ཡོད་དེ། བརྒྱ་བྱིན་གྱི་གླང་ཆེན་གཡུལ་ངོར་སྤྱོད་པ་རབ་བརྟན་ཞེས་བྱ་བ་སྲིད་དུ་དཔག་ཚད་ཕྱེད་དང་གསུམ་དང་། ཞེང་དུ་དཔག་ཚད་གཅིག །འཕང་དུ་དཔག་ཚད་ཕྱེད་གཉིས་ཡོད་པ་འཁོར་གླང་པོ་ཆེ་བརྒྱ་སྟོང་དང་བཅས་དགུན་གསེར་གྱི་བྱ་སྐྱིབས་དང་། དཔྱིད་སཱ་ལ་རབ་བརྟན་དང་། དབྱར་རྫིང་བུ་དལ་གྱིས་འབབ་པར་གནས་པའི་ཕྱིར། འཛམ་གླིང་ཆོས་ཅན། ཁྱོད་ཀྱི་ཁྱད་ཆོས་གཞན་ཡང་ཡོད་དེ། དབུས་སུ་སངས་རྒྱས་ཀྱི་བཞུགས་གནས་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དང་བཅས་པ། ཤར་ན་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ། ལྷོ་ན་སྤྱན་རས་གཟིགས་ཀྱི་གནས་གྲུ་འཛིན། ནུབ་ན་མཁའ་འགྲོའི་གསང་མཛོད་ཀྱི་གནས་ཨོ་ཌི་ཡན། བྱང་ན་ཆོས་རྒྱལ་རིགས་ལྡན་སོ་གཉིས་སམ་སོ་གསུམ་གྱི་གནས་ཤམྦྷ་ལ་ཡོད་པའི་ཕྱིར། གཞན་ཡང་ཁྱད་པར་དུ་མ་བཤད་པ་ཡོད་དེ། གླིང་འདི་ལ་གླིང་གཡོག་ལྔ་བརྒྱ་དང་། ཡུལ་ཕྲན་སྟོང་དང་བཅོ་བརྒྱད་དང་། བཅུ་དྲུག་སོགས་དུ་མ་བཤད་པའི་ཕྱིར་ཏེ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཡུལ་ཀ་ཤ་དང་བ་ཧུ་དང་ཐོ་གར་ལ་སོགས་པ་སྟོང་དང་། དྲན་པ་ཉེར་གཞག་ལས་བཅོ་བརྒྱད་དང་། གསང་བའི་མདོ་ལས་བཅུ་དྲུག་དང་། ལུང་ཕྲན་ཚེགས་ལས་མཉན་ཡོད་ལ་སོགས་པ་དྲུག་ཀྱང་བཤད་པའི་ཕྱིར། གསུམ་པ་དམྱལ་བའི་གནས་བཤད་པ་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མར་མུར་དང་རོ་མྱགས་དང་། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །ཞེས་བྱུང་། འཛམ་བུའི་གླིང་འདི་ཆོས་ཅན། ཁྱོད་ཀྱི་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་དམྱལ་བའི་ཡས་སྟེང་ཡོད་དེ། དེ་ནས་དེའི་རྔམས་སུ་ཐུར་དང་རྒྱ་ཚད་ལའང་དཔག་ཚད་སྟོང་ཕྲག་ཉི་ཤུ་དེ་ཙམ་རེ་ཡོད་པའི་ཕྱིར། ས་སྡེ་ལས་མ་དྲོས་མཚོའི་འོག་ཏུ་བཤད་པ་དང་མི་འགལ་ཏེ། མ་དྲོས་མཚོ་ནི་གླིང་འདིའི་མཚོའི་བྱེ་བྲག་ཡིན་པའི་ཕྱིར། མནར་མེད་དེ་ཡི་སྟེང་ན་དམྱལ་བ་བདུན་ཡོད་དེ། ཡང་སོས་སོགས་བདུན་ཡོད་པའི་ཕྱིར། ཚ་དམྱལ་བརྒྱད་པོ་ཀུན་ཆོས་ཅན། འཁོར་དུ་མ་ཡོད་དེ། ཁྱོད་རེ་རེ་ལའང་ལྷག་མ་འཁོར་བཅུ་དྲུག་རེ་ཡོད་པའི་ཕྱིར། དེར་ཐལ། བརྒྱད་པ་དེ་དག་གི་ངོས་བཞི་རེ་རེ་ན་མེ་མར་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲི་གཏམས་པའི་ལམ། སོགས་ཏེ་ཆུ་བོ་རབ་མེད་བཞི་བཞི་ལ་ལྕགས་རིས་བསྐོར་ནས་ཡོད་པའི་ཕྱིར། སོགས་སྒྲས་གཞན་ཡང་སྡུད་དེ། རལ་གྲིའི་ལོ་མ་དང་ཤལ་མ་ལི་སོགས་སྡུད་པའི་ཕྱིར། ཚ་དམྱལ་བརྒྱད་པོ་ཆོས་ཅན། ཁྱོད་ཀྱི་ཐད་ཀར་གཞན་གྲང་དམྱལ་བརྒྱད་ཡོད་དེ། དེ་དག་ཏུ་ཆུ་བུར་ཅན་ལ་སོགས་པ་བརྒྱད་ཡོད་པའི་ཕྱིར། ངན་སོང་གཞན་ཡི་དྭགས་ཀྱི་གནས་ཡོད་དེ། གནས་ཀྱི་རྩ་བ་ནི་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་སོང་བ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་པའི་ཕྱིར། དེར་མ་ངེས་ཏེ། ཡི་དྭགས་འགའ་ཞིག་དང་། ཉེ་ཚེ་བའི་དམྱལ་བའི་གནས་རྒྱ་མཚོའི་འགྲམ་དང་མི་ཡུལ་ནའང་ཡོད་པའི་ཕྱིར། ཡི་དྭགས་དང་དམྱལ་བའི་གཤིན་རྗེའི་རྒྱལ་པོ་ནི་གང་ཟག་ཏུ་འདོད་ཅིང་ངོ་བོ་གཅིག་ཏུ་བཞེད་པ་དང་མི་བཞེད་པའི་ཚུལ་གཉིས་ཡོད་ལ། ཐིག་ནག་པོ་འདེབས་མཁན་ལ་སོགས་པའི་གཤིན་རྗེའི་གཟུགས་སུ་སྣང་བ་ལ་འདོད་ཚུལ་གཉིས་ཡོད་དེ། བྱེ་སྨྲས་གང་ཟག་ཏུ་འདོད་ཅིང་། མདོ་སྡེ་པ་དང་དབུ་སེམས་རྣམས་ཀྱིས་འབྱུང་བཞིའི་ཁྱད་པར་ལ་འདོད་ཅེས་བཤད་པའི་ཕྱིར། དུད་འགྲོའི་གནས་ཡོད་དེ། ཐང་དང་ཆུ་དང་ནམ་མཁའ་སོགས་ལ་གནས་པ་ཡོད་ཀྱང་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་ཉིད་ཡིན་པའི་ཕྱིར། ལྷ་མ་ཡིན་གྱི་གནས་ཡོད་དེ། རི་རབ་ཀྱི་ཆུ་འཚམས་མན་གྱི་ཁོང་སེང་ན་གཙོ་བོར་གནས་ཤིང་། ཁ་འཐོར་ནི་གཞན་དག་ནའང་ཡོད་པའི་ཕྱིིར། དང་པོ་གྲུབ་སྟེ། ཆུ་མཚམས་མན་གྱི་ཁོང་སེང་ན་དང་པོ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཁོར་བཅས་དང་། དེ་ནས་འོག་ཏུ་མགུལ་ཕྲེང་དང་། དེ་ནས་བརྟན་པ་དང་། དེ་ནས་ཐག་བཟང་རིས་འཁོར་བཅས་ཡོད་པར་གདགས་པ་ལས་བཤད་པའི་ཕྱིར། ལྷ་མིན་རྣམས་ཀྱི་ཡོ་བྱད་ཀྱི་ཁྱད་པར་ཡོད་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཇི་ལྟར་ཡོད་པ་ལྟ་བུའི་དོད་རེ་རེ་ཡོད་པའི་ཕྱིར་ཏེ། མཚོན་ན་ལྷའི་གླང་ཆེན་གཡུལ་ངོར་སྤྱོད་པའི་དོད་དུ། ལྷ་མིན་ལ་གླང་ཆེན་བཟོད་དཀའ་ཡོད་པ་བཞིན་ནོ། །དེའི་ཕྱིར་དེ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་ལ་འགྲན་ནུས་པ་ཡིན་ཏེ། འོན་ཀྱང་ལྷ་རྣམས་ནི་བསོད་ནམས་མཐུ་ཆེ་བ་ཡིན་ནོ། །བཞི་པ་ཉི་ཟླའི་འཆར་ཚུལ་ལ། དངོས་དང་། དུས་ཚིགས་ཀྱི་རྣམ་གཞག་གཉིས། དང་པོ་ནི། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཙད་ལྔ་བཅུ་གཅིག་དང་བཅས། ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་འཆར་དུས་གཅིག །ཞེས་བྱུང་། ཉི་ཟླ་གཉིས་ཆོས་ཅན། ཁྱོད་གང་ནས་འཆར་བའི་ཚུལ་ཡོད་དེ། ལྷུན་པོའི་ཆུ་འཚམས་ཡན་ཆད་ཀྱི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པའི་ཐད་ནས་འཆར་བའི་ཕྱིར། གང་གིས་རྟེན་བྱས་ནས་འཆར་བ་ཡོད་དེ། སེམས་ཅན་གྱི་ལས་ཀྱི་མཐུས་རང་ཉིད་འདེབས་བྱེད་དང་འཕུལ་བྱེད་ཀྱི་རླུང་སྟོབས་ཀྱིས་འཆར་བའི་ཕྱིར། ཉི་ཟླ་སྐར་གསུམ་འཕུལ་བྱེད་ཀྱི་རླུང་ལ་མགྱོགས་བུལ་ཁྱད་པར་ཡོད་དེ། སྐར་མ་ཉི་ཟླ་གསུམ་རིམ་པ་བཞིན་སྔ་མ་མགྱོགས་ཤིང་། ཕྱི་མ་བུལ་བའི་ཕྱིར། ཉི་མའི་ལྷོ་བྱང་གི་བགྲོད་གཉིས་ཀྱི་ཚེ་མཐོ་དམན་མི་མཉམ་སྟེ། བྱང་བགྲོད་ཀྱི་ཚེ་མཐོ་ལ་ལྷོ་བགྲོད་ཀྱི་ཚེ་དེ་ལས་དམའ་བའི་ཕྱིར། སྤྱིར་ཉི་ཟླ་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་དག་འཆར་བར་བཤད་པ་ནི་སྟོན་དཔྱིད་ལྟ་བུའི་དུས་ཀྱི་ཚེ་ཡིན་ཡང་། དེའི་ཚེ་གཉའ་ཤིང་འཛིན་གྱི་རྩེ་མོའི་ཐད་ཀ་ན་ཡོད་པ་མིན་ཏེ། ཉི་ཟླ་བྱང་བགྲོད་མཐར་ཐུག་གི་དུས་སུ་ཡང་ལྷོ་གླིང་འདིའི་དབུས་ནས་བྱང་ཕྱོགས་སུ་མི་འོང་བའི་ཕྱིར། ཉི་ཟླའི་ཚད་ཡོད་དེ། ཟླ་བའི་དཀྱིལ་འཁོར་གྱི་རྒྱར་ནི་དཔག་ཚད་ལྔ་བཅུ་དང་། ཉི་མའི་དཀྱིལ་འཁོར་གྱི་རྒྱར་དཔག་ཚད་ང་གཅིག་དང་བཅས་ལ། གཉིས་ཀའི་མཐའ་སྐོར་དུ་ནི་སུམ་འགྱུར་དང་། གཉིས་ཀ་རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཆ་གཅིག་ཡོད་པའི་ཕྱིར། ངོ་བོའི་ཁྱད་པར་ཡོད་དེ། ཉི་མའི་འོག་ངོས་མེ་ཤེལ་དང་ཟླ་བའི་འོག་ངོས་ཆུ་ཤེལ་ལས་གྲུབ་ཅིང་། དེ་གཉིས་ཀའི་སྟེང་ན་གསེར་གྱི་རྭ་བ་འཕང་དུ་དཔག་ཚད་ཕྱེད་པས་བསྐོར་བ་ཡོད་ཅིང་། སྐྱེད་མོས་ཚལ་སོགས་དང་། ནང་དུ་ལྷའི་གྲོང་ཁྱེར་དུ་མ་དང་། ལྷའི་བུ་ཉི་མ་དང་ཟླ་བ་འཁོར་བཅས་གནས་པའི་ཕྱིར། ཟླ་བའི་ངོས་ཀྱི་གཟུགས་བརྙན་དེ་ལ་བཤད་ཚུལ་མི་འདྲ་བ་ཡོད་ཀྱང་སྟོན་པའི་རི་བོང་དུ་སྐྱེ་བ་བཞེས་པའི་རི་བོང་གི་གཟུགས་བརྙན་བྲིས་པ་ལྟར་འདོད་པར་བྱ་སྟེ། རི་བོང་ཅན་ཞེས་པ་དང་མཐུན་པའི་ཕྱིར། སྐར་མའི་གྲངས་ཚད་ཡོད་དེ། གླིང་བཞི་གཅིག་ལ་སྐར་མ་དུང་འཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་ལྔ་ཡོད་ཅིང་། ཚད་ཆེ་བ་ལ་རྒྱང་གྲག་བཅོ་བརྒྱད་དང་། འབྲིང་ལ་བཅུ་དང་བཅུ་གཉིས་བར་དང་། ཆུང་བར་རྒྱང་གྲགས་གསུམ་དང་གཅིག་ཡོད་པར་བཤད་པའི་ཕྱིར། ཕྱེད་ལས་ཡོད་དེ། ཉི་མས་གྲངས་རྣམས་དྲོ་བ་དང་ཟླ་བས་ཚ་བ་རྣམས་བསིལ་བར་བྱེད་ཅིང་། རྩེ་ཤིང་ལོ་ཏོག་སོགས་སྐྱེད་པའི་གྲོགས་བྱེད་ཅིང་། གནོད་པའང་ཅི་རིགས་བྱེད་པར་འགྱུར་བའི་ཕྱིར། བྱ་བ་བྱེད་ཚུལ་ཡོད་དེ། མཚོན་ན་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ལུས་འཕགས་སུ་ཉི་མ་ནུབ་པ་དང་། འཛམ་བུའི་གླིང་འདིར་ཉི་མ་ཕྱེད་པ་དང་བ་ལང་སྤྱོད་དུ་ཉི་མ་ཤར་བ་བཞི་དུས་མཉམ་པ་དེ་བཞིན་དུ་གླིང་གཞན་ལའང་འགྲེ་བའི་ཕྱིར། འདི་ལའང་འདོད་པ་མི་འདྲ་བ་ཡོད་དེ། ཉིན་མཚན་མཉམ་པའི་དུས་གཅིག་ལ་འདོད་པ་དང་། ཉེན་ཞག་རེ་རེ་འང་དེ་ལྟར་འགྱུར་བའི་འདོད་ཚུལ་གཉིས་ཡོད་པའི་ཕྱིར། རང་ལུགས་དེ་ཕྱི་མ་ལྟར་རུང་སྟེ། རྗེ་ནོར་བཟང་པས་ལེགས་པར་གཏན་ལ་ཕབ་པ་ལྟར་འདོད་པའི་ཕྱིར་རོ། །གཉིས་པ་དུས་ཚིགས་ནི། དབྱར་གྱི་ཟླ་བ་གཉིས་པ་ཡི། ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ་ཉིན་མོ་བཟློག །ཉིན་མཚན་རིང་པ་ཐང་གཅིག་གོ །ཉི་མ་ལྷོ་བྱང་བགྲོད་ཚེའོ། །ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་སྒྲིབ་པར་སྣང་། །ཞེས་བྱུང་། འདི་ལ་ཚིག་དོན་དང་། སྤྱི་དོན་དང་། མཐའ་དཔྱད་པ་གསུམ། དང་པོ་ནི། རགས་རྩིས་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་ཟླ་བ་གཉིས་པ་ཁྲུམས་ཟླའི་ཕྱོགས་ཐ་མ་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་བདུན་བརྒྱད་ལ་ཉིན་མཚན་མཉམ་པ་ལས། ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་ཏེ། དེ་ནས་ཟླ་བ་གསུམ་གྱི་བར་ཟླ་བ་རེ་རེར་ཐང་ཅིག་སུམ་ཅུའམ་ཡུད་ཙམ་བཅོ་བརྒྱད་ཀྱི་བར་དུ་རིམ་གྱིས་འཕེལ་ནས་བཅུ་གཅིག་པའི་ཚེས་བརྒྱད་ལ་དགུན་ཉི་ལྡོག་ཅིང་། དེ་ནས་ཟླ་བ་གསུམ་གྱི་བར་དུ་ཐང་ཅིག་དང་ཡུད་ཙམ་རེས་ཉིན་མོ་རིང་བ་དང་མཚན་མོ་ཐུང་ངུར་རིམ་གྱིས་གྱུར་ཏེ། དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དགུན་རྣམས་ཀྱི་ནི་ཟླ་བ་བཞི་པ་དབོ་ཟླའི་ཡར་ངོ་གཉིས་པའི་ཚེས་བརྒྱད་ལ་དཔྱིད་ཉིན་མཚན་མཉམ་པ་འབྱུང་ཞིང་། དེ་ནས་ཡང་མཚན་མོ་ཐུང་ངུ་དང་ཉིན་མོ་རིང་བར་གྱུར་ཏེ་ཟླ་བ་གསུམ་རྫོགས་པའི་ཚེ་ལྔ་པའི་ཚེས་བརྒྱད་ལྟ་བུ་ལ་དབྱར་ཉི་མཐར་ཐུག་འབྱུང་བ་སོགས་ཡིན་པའི་ཕྱིར། ཉིན་མོ་བཟློག་ཞེས་པའི་དོན་ཡང་ཡོད་དེ། ཉིན་མཚན་རིང་ཐུང་གོ་བཟློག་ཏུ་འབྱུང་བ་ལ་བྱེད་ཀྱི། ཉི་ལྡོག་གི་དུས་ཙམ་ལ་མི་བྱེད་པའི་ཕྱིར། དགུན་ཉི་ལྡོག་པ་ནས་ཉིན་མོ་རིང་བར་འགྲོ་ཡང་དེ་མཚན་མོ་ལས་རིང་བར་མ་ངེས་ཏེ། མཚན་མོ་ལས་ཉིན་མོ་རིང་བ་ནི་དཔྱིད་ཉིན་མཚན་མཉམ་ཟིན་ནས་འབྱུང་བའི་ཕྱིར། ཉིན་མཚན་གང་རུང་ཆོས་ཅན། ཁྱོད་རིང་ཐུང་དུ་འགྱུར་བའི་ཚད་ཡོད་དེ། ཞག་རེ་ལ་ཐང་ཅིག་རེས་འཕེལ་འགྲིབ་ཀྱི་རིང་ཐུང་དུ་འགྱུར་བའི་ཕྱིར། ཐང་ཅིག་གི་ཚད་ཡོད་དེ། ཞག་གཅིག་གི་ཆ་དགུ་བརྒྱད་བྱས་པའི་ཆ་གཅིག་ལ་བྱེད་པའི་ཕྱིར། དེ་ཆོས་ཅན། རིང་ཐུང་དུ་འགྱུར་བའི་དུས་ཡོད་དེ། ལྷོ་བགྲོད་ཀྱི་ཚེ་ཐུང་། བྱང་བགྲོད་ཀྱི་ཚེ་རིང་བར་འགྱུར་བའི་ཕྱིར་ཏེ། ཉི་མ་བྱང་བགྲོད་ཀྱི་ཚེ་མཐོར་སོང་བའི་དབང་གིས་འཆར་སྔ་ལ། ནུབ་པ་ཕྱི་བས་ཉིན་མོ་རིང་ལ་མཚན་མོ་ཐུང་ཞིང་། ཟླ་བ་ལའང་ཕྱོགས་འདྲ་བའི་ཕྱིར། ཉི་ཟླ་གཉིས་ལྷོ་བྱང་དུ་བགྲོད་པ་རེས་མོས་ཡིན་ཏེ། དེ་གཉིས་ལས་གཅིག་ལྷོ་བགྲོད་ཀྱི་ཚེ་ཅིག་ཤོས་བྱང་བགྲོད་ཡིན་ལ། གཅིག་བྱང་བགྲོད་ཀྱི་ཚེ་ཅིག་ཤོས་ལྷོ་བགྲོད་བྱེད་པའི་ཕྱིར། ཚེས་གསུམ་ལྟ་བུ་ལ་ཟླ་བའི་དཀྱིལ་འཁོར་མ་རྫོགས་པའི་རྒྱུ་མཚན་ཡོད་དེ། དེའི་ཚེ་ཟླ་བ་ཉི་མའི་དཀྱིལ་འཁོར་དང་ཉེ་བ་ལས་ཉི་འོད་ཟླ་བའི་གཞལ་མེད་ཁང་ལ་བབས་པ་ན་ཕ་རོལ་གྱི་ངོས་སུ་ཟླ་བ་རང་གི་གྲིབ་མ་བབས་པ་ལས་འགྲིབ་པར་སྣང་བར་གྲགས་པའི་ཕྱིར། དཔེར་ན། མཚན་མོ་ཀ་བ་དང་མར་མེའི་འོད་ཉེ་བ་ན་ཀ་བ་རང་གི་གྲིབ་མས་ཕར་ངོས་སྒྲིབ་པར་བྱེད་པ་བཞིན་དུའོ། །གཉིས་པ་སྤྱི་དོན་ལ། དུས་ཚིགས་གང་ལས་བྱུང་བ་དང་། བྱེད་པ་པོ་ཡོད་མེད་དང་། དུས་ཚིགས་སོ་སོར་བཤད་པ་དང་གསུམ། དང་པོ་ནི། རྒྱས་པར་བཤད་ན་མང་ཡང་འདིར་བསྡུས་ནས་བཤད་པར་བྱ་སྟེ། བསྐལ་བ་དང་པོའི་མི་རྣམས་ཀྱི་ལུས་ཀྱི་འོད་སོགས་ཉམས་ནས་འཇིག་རྟེན་དུ་མུན་པ་བྱུང་བ་ལ་བརྟེན་ནས་མྱ་ངན་བྱས་པས་སྤྱི་མཐུན་གྱི་ལས་ཀྱིས་ཉི་ཟླ་གཟའ་སྐར་སོགས་བྱུང་སྟེ། དེ་ལ་བརྟེན་ནས་ཉིན་མཚན་དང་དུས་ཚིགས་ཀྱི་རྣམ་གཞག་རྣམས་བྱུང་བའི་ཕྱིར། གཉིས་པ་ཡོད་དེ། དེའི་ཚེ་ཉི་ཟླ་སོགས་གོ་རིམ་མ་ངེས་པར་རྒྱུ་བ་ལས་བདག་ཅག་གི་སྟོན་པ་འདི་དྲང་སྲོང་རྔ་བོང་དུ་གྱུར་བའི་དུས་སུ་རྒྱུ་སྐར་སོགས་ཀྱི་གོ་རིམ་མཛད་པར་བཤད་པས་བྱེད་པ་པོ་ཡོད་པའི་ཕྱིར། གསུམ་པ་ནི། སྤྱིར་དུས་ཀྱི་ཐ་སྙད་ལ་དུ་མ་ཡོད་ཀྱང་འཆི་མེད་མཛོད་ལས་འདི་ལྟར་བཤད་དེ། མིག་འཛུམ་བཅོ་བརྒྱད་མཐའ་གནས་ལ། །དེ་སུམ་ཅུ་ལ་སྐད་ཅིག་བགྲང་། དེ་ནི་བཅུ་གཉིས་ཡུད་ཙམ་ཡིན། །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་དག་བཅོ་ལྔར་ཕྱོགས་སུ་གྲགས། །སྔ་ཕྱིའི་ཕྱོགས་ནི་དཀར་ནག་གཉིས། །དེ་གཉིས་བསྡོམས་པས་འཇལ་བྱེད་དོ། །མཆུ་ཟླ་ལ་སོགས་གཉིས་གཉིས་ལ། །དེ་ཚིགས་དེ་གསུམ་བགྲོད་པ་གཅིག །ལྷོ་བྱང་བཀོད་པ་གཉིས་ལ་ལོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། ལོ་རྣམ་པ་གསུམ་ཡོད་དེ། ཚེས་ལོ་ཉིན་ཞག་གི་ལོ་ཁྱིམ་ལོ་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཅུང་ཟད་རྒྱས་པ་ཞིག་གཞན་དུ་བཤད་ཟིན་པས་འདིར་བསྡུ་ན་དེ་གསུམ་གྱི་ཁྱད་པར་ཡོད་དེ། ཉི་མས་ཁྱིམ་བཅུ་གཉིས་ལ་རང་འགྲོས་ཀྱིས་རྫོགས་པར་སྤྱོད་པའི་ཚུལ་གྱིས་བགྲོད་གཉིས་རྫོགས་པའི་ལོ་དེ་ཁྱིམ་ལོ་དང་། ནམ་ལངས་ནས་ནམ་ལངས་ཀྱི་བར་ཉིན་ཞག་གི་ཟླ་བ་བཅུ་གཉིས་ལ་ཉིན་ཞག་གི་ལོ་དང་། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་རེ་རྫོགས་པའི་ཚེས་ཞག་གི་ཟླ་བ་བཅུ་གཉིས་རྫོགས་པ་ལ་ཚེས་ཞག་གི་ལོར་འཇོག་པའི་ཕྱིར། གཞན་ཡང་ལོའི་དབྱེ་བ་ཡོད་དེ། རབ་བྱུང་ལ་སོགས་པའི་དྲུག་ཅུ་ཡོད་ཅིང་། དེ་ཡང་མེ་ཡོས་སོགས་ལོ་རྒན་དྲུག་ཅུ་དང་དོན་གཅིག་ཏུ་འགྱུར་བའི་ཕྱིར། ཟླ་བ་དང་ཞག་ལའང་དེ་གསུམ་ཡོད་དེ། ལུག་གླང་འཁྲིག་པ་ཀརྐ་ཊ་སོགས་ཁྱིམ་ཟླ་དང་ཁྱིམ་ཞག །སྟག་གི་ཟླ་བ་ལ་སོགས་པའི་ཟླ་བ་བཅུ་བཞི་དང་། མགོ་ལ་སོགས་པའི་ཟླ་བ་བཅུ་གཉིས་དང་ཞགས་སོགས་ཀྱི་ཐ་སྙད་ཀྱང་ཡོད་པའི་ཕྱིར། སྤྱིར་ལོ་འགོ་ངོས་འཛིན་ལ་མང་དུ་ཡོད་ཀྱང་འདུལ་མངོན་གྱི་ལུགས་ལ་ལོ་འགོ་འཛིན་ཚུལ་ཡོད་དེ། ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་འཛིན་པའི་ཕྱིར། ལོ་ལ་དུས་ཚིགས་བྱེད་ཚུལ་དུ་མ་ཡོད་དེ། གསུམ་དང་བཞི་དང་ལྔ་དང་དྲུག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མགོ་བོ་རྒྱལ་མཆུ་དབོའི་ཟླ་བ་བཞི་ནི་དགུན་དང་། ནག་པ་ས་ག་སྣྲོན་ཆུ་སྟོད་ཀྱི་ཟླ་བ་བཞི་ནི་དཔྱིད། གྲོ་བཞིན་ཁྲུམས་ཐ་སྐར་སྨིན་དྲུག་གི་ཟླ་བ་བཞི་ནི་དབྱར་དུས་སུ་འཇོག་པའི་ཕྱིར། དུས་ཚིགས་ལ་བཞིར་འཇོག་ཚུལ་ཡོད་དེ། དགུན་དཔྱིད་དབྱར་སྟོན་བཞིར་བྱས་ནས་རྒྱུ་སྐར་སྔ་མ་གསུམ་གསུམ་དང་སྦྱར་ནས་འཇོག་པའི་ཕྱིར། དུས་ཚིགས་ལ་ལྔར་འབྱེད་ཚུལ་ཡོད་དེ། དགུན་དང་དཔྱིད་དང་དབྱར་ཙམ་དང་དབྱར་ཐུང་དུ་དང་དབྱར་རིང་པོའི་དུས་དང་ལྔར་འཇོག་པའི་ཕྱིར་ཏེ། དབྱར་ཐ་ཆུང་གི་ཚེས་བཅུ་དྲུག་ལ་དབྱར་ཐུང་དུ་ཞེས་པ་མ་གཏོགས་སྔ་མ་དང་འདྲ་བའི་ཕྱིར། དུས་ཚིགས་ལ་དྲུག་ཏུ་འབྱེད་ཚུལ་ཡོད་དེ། དགུན་སྟོད་དགུན་སྨད་སོགས་གཉིས་གཉིས་ཕྱེ་བས་དྲུག་ཏུ་འགྱུར་བ་ལྟར་ཡིན་པའི་ཕྱིར། དུས་ཚིགས་ལ་དབྱེ་བ་དེ་ལྟར་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གསུམ་དུ་ཕྱེ་བ་ནི་ཕྱག་དར་ཁྲོད་པའི་གོས་ཤེས་པ་དང་། བཞིར་ཕྱེ་བ་ནི་འཇིག་རྟེན་གྲགས་པ་དང་སྒོ་བསྟུན་པ་དང་། ལྔར་ཕྱེ་བ་ནི་དབྱར་ཐུང་ངུ་ཤེས་པ་དང་། དྲུག་ཏུ་ཕྱེ་བ་ནི་གསོ་སྦྱོང་བཅུ་བཞི་པ་དང་ཞག་མི་ཐུབ་འབྱུང་བའི་དུས་ཤེས་པའི་ཆེད་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་ཅན། ཞེས་སོགས་དང་། རང་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི་ཞེས་སོགས་འབྱུང་བ་ལྟར་ཡིན་པའི་ཕྱིར། ཟླ་བཤོལ་འདོད་ཚུལ་ལ་ཞིབ་རྩིས་དང་རགས་རྩིས་གཉིས་ཡོད་ཅིང་དང་པོ་ནི་གཞན་དུ་ཤེས་པར་བྱ་དགོས་ལ། རགས་རྩིས་ལ་འདོན་ཚུལ་ཡོད་དེ། ཚེས་ཞག་ལས་ཉིན་ཞག་ཡུད་ཙམ་ཕྱེད་ཀྱིས་རིང་བ་ལ་བརྟེན་ནས་ཟླ་བ་གཉིས་གཉིས་ན་ཉིན་ཞག་རེ་མ་ཐུབ་པའི་དབང་གིས་ལོ་ལྔ་ལྔ་ནས་ཟླ་བཤོལ་འདོན་པ་དང་། ཚེས་ཞག་གིས་ཁྱིམ་ཞག་གི་དོད་མ་ཐུབ་པ་ལ་བརྟེན་ནས་ཁྱིམ་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ནས་ཟླ་བཤོལ་འདོན་པའི་ཚུལ་གཉིས་ཡོད་པའི་ཕྱིར། འདི་སྐོར་གཞན་དུ་བཤད་ཟིན་པས་དེ་ཙམ་མོ། །གཉིས་པ་མཐའ་དཔྱད་པ་ལ་ཁ་ཅིག །དུས་བཞི་ཅིག་ཅར་བ་ཡིན་ཏེ། གླིང་བཞིར་དགུན་བཞི་དུས་ཅིག་ཅར་གྲུབ་པ་སོགས་ཡིན་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། གླིང་བཞི་སོ་སོར་དུས་བཞི་རིམ་ཅན་དུ་འབྱུང་བའི་ཕྱིར། དེར་ཐལ། འཛམ་གླིང་འདི་ལྟ་བུར་དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད་འབྱུང་བ་མངོན་སུམ་དུ་གྲུབ་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། དེ་ལྟར་ན་དབྱར་ཉི་མཐར་ཐུག་པའི་ཚེ་ཉིན་ཞག་གཅིག་ཏུ་ཆུ་ཚོད་དྲུག་ཅུ་ལྷག་དང་། དགུན་ཉི་མཐར་ཐུག་པའི་ཚེ་ཉིན་ཞག་གཅིག་ལའང་དེ་ལྟར་དུ་འགྱུར་བར་ཐལ་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར། ཁ་ཅིག །གང་ལ་ལྟོས་ཀྱང་ཚེས་ཞག་དེ་ཉིན་ཞག་ལས་ཐུང་བས་ཁྱབ་པར་ཐལ། ཞག་གསུམ་གྱི་ནང་ནས་ཚེས་ཞག་ཐུང་བའི་ཕྱིར་ན་མ་ཁྱབ་སྟེ། སྤྱི་དེ་ལྟར་ཡིན་ཀྱང་ཟླ་བའི་རྐང་པའི་དབང་གིས་ཚེས་འཕེལ་དུས་ཆུ་ཚོད་རེ་བཞིའི་བར་དུ་འབྱུང་བ་ཡོད་ཅིང་། འགྲིབ་དུས་ཆུ་ཚོད་ང་བཞིའི་བར་དུ་འོང་སྲིད་པའི་ཕྱིར། དེར་ཐལ། ཟླ་བའི་སྔ་རྐང་ལུགས་འབྱུང་གི་དུས་སུ་ཚེས་འཕེལ་དུས་ཟླ་བའི་འཕེལ་འགྲིབ་བུལ་ལ། ཕྱི་རྐང་རིམ་མིན་གྱི་དུས་སུ་ཚེས་འགྲིབ་པ་ན་ཟླ་བའི་འཕེལ་འགྲིབ་མགྱོགས་པས་ཚེས་ཡུན་ཐུང་བར་འགྱུར་བའི་ཕྱིར། དེར་ཐལ། ཚེས་འཕེལ་དུས་ལྷག་པ་བསྡུད་མ་དང་། ཚེས་འགྲིབ་དུས་ཆད་པ་བསྟུད་མར་འབྱུང་བ་རི་མོས་རྟོགས་པའི་ཕྱིར། དེ་ལ་ཁོ་ན་རེ། ཉིན་ཞག་ལའང་རིང་ཐུང་འབྱུང་བར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཉིན་ཞག་རེར་ཆུ་ཚོད་དྲུག་ཅུ་རེར་ངེས་པའི་ཕྱིར། ཁ་ཅིག །ཞག་གསུམ་འཇོག་ཚུལ་ལ་དཀའ་སླའི་ཁྱད་པར་མེད་ཟེར་ན། དེ་ཡོད་པར་ཐལ། ཉིན་ཞག་འཇོག་སླ་ཞིང་། དེ་ལས་ཚེས་ཞག་ཅུང་དཀའ་ལ། དེ་ལས་ཁྱིམ་ཞག་འཇོག་དཀའ་བའི་ཕྱིར། ཁ་ཅིག །ལོ་བཤོལ་འདོན་རིགས་པར་ཐལ། ཟླ་བཤོལ་འདོན་རིགས་པའི་ཕྱིར་ན་མ་ཁྱབ་སྟེ། ཟླ་བཤོལ་བཏོན་ཟིན་ནས་ལོ་བཤོལ་ལོགས་སུ་འདོན་རྒྱུ་མེད་པའི་ཕྱིར། འོན་ཀྱང་འདིར་དཔྱད་རྒྱུ་ཡོད་དེ། ད་ལྟའི་བརྩི་ལུགས་ཀྱིས་ལོ་དྲུག་ཅུ་སོང་བའི་ཚེ་ཁྱིམ་ལོ་དབང་བཙན་པར་སོང་ནས། དེའི་ཚེ་ཚེས་ལོ་དང་ཉིན་ཞག་གི་ལོ་ཁོ་ན་དང་སྦྱར་ཏེ་བརྩིས་ན་དེ་ལས་ལྷག་འོངས་སྲིད་པའི་ཕྱིར་དཔྱད་པར་བྱའོ།། །།ལྔ་པ་ལྷ་རྣམས་ཀྱི་གནས་བཤད་པ་ལ། ས་དང་འབྲེལ་བའི་གནས་དང་། ས་འབྲེལ་བའི་གནས། སེམས་ཅན་གྱི་ཁྱད་ཆོས། གོང་འོག་གི་བར་གྱི་ཐག་ཚད་དང་བཞི། དང་པོ་ལ། རྒྱལ་ཆེན་བཞི་པོ་དང་། སུམ་ཅུ་རྩ་གསུམ་པའི་གནས་གཉིས། དང་པོ་ནི། འདི་ལ་བང་རིམ་བཞི་ཡོད་དེ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །དེ་ལ་ལག་ན་གཞོང་ཐོགས་དང་། །འཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །རི་ནི་བདུན་པོ་དག་ལ་ཡང་། ། ཞེས་བྱུང་། རི་རབ་ཀྱི་ཆུ་འཚམས་ཡན་ཆད་འདི་ལ་ཆོས་ཅན། བང་རིམ་བཞི་ཡོད་དེ། དེ་རེ་རེའི་བར་གྱི་ཐག་ནི་དཔག་ཚད་སྟོང་བཅུ་བཅུ་སྟེ་ཁྲི་ཕྲག་རེ་རེ་ཡོད་པའི་ཕྱིར། བང་རིམ་དེ་དག་ཆོས་ཅན། རི་རབ་ལས་ཕྱིར་འཕགས་ཚུལ་བཞི་ཡོད་དེ། བང་རིམ་དང་པོ་འོག་མ་ནི་རི་རབ་ལས་ཕྱིར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་། གཉིས་པ་སྟོང་ཕྲག་བརྒྱད་དང་། གསུམ་པ་སྟོང་ཕྲག་བཞི་དང་། བཞི་པ་སྟོང་ཕྲག་གཉིས་ཕྱིར་འཕགས་པའི་ཕྱིར། བང་རིམ་དེ་ལ་ལྷ་གང་གནས་པ་ཡོད་དེ། དང་པོ་ལ་ལག་ན་གཞོང་ཐོགས་དང་། གཉིས་པ་ལ་འཕྲེང་ཐོགས་དང་། གསུམ་པ་ལ་རྟག་མྱོས་དང་། བཞི་པ་ལ་རྒྱལ་ཆེན་བཞི་དང་དེའི་འཁོར་གྱི་ལྷ་རྣམས་གནས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཤར་ཕྱོགས་ན་ཡུལ་འཁོར་སྲུང་གནས་པ་སོགས་ཡིན་པའི་ཕྱིར་ཏེ། དེར་མ་ཟད་གསེར་གྱི་རི་བདུན་པོ་དག་ལ་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་གནས་པའི་ཕྱིར། གཉིས་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ཞེས་བྱུང་། ལྷུན་པོ་ཆོས་ཅན། ཁྱོད་ཀྱི་རྩེ་ན་སུམ་ཅུ་རྩ་གསུམ་པའི་གནས་ཡོད་དེ། བརྒྱ་བྱིན། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག །ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་དང་བཅས་པའི་ལྷའི་གཙོ་བོ་སུམ་ཅུ་རྩ་གསུམ་བཞུགས་པའི་གནས་ཡོད་པའི་ཕྱིར་ལྷུན་པོའི་རྩེ་ཆོས་ཅན། ཁྱོད་ཀྱི་རྒྱ་ཚད་ཡོད་དེ། ངོས་རེ་རེར་དཔག་ཚད་བརྒྱད་ཁྲི་རེ་ཡོད་པའི་ཕྱིར་ཏེ། རི་ཐམས་ཅད་ཀྱི་ཆུ་འཚམས་ཡན་དཔངས་ཞིང་མཉམ་པར་མཚུངས་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། གནས་དང་ཚལ་དང་ས་གཞི་དང་ཤིང་དང་འདུན་པ་དང་ལྔ། དང་པོ་ནི། ཕྱོགས་འཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེའི་གནས་དབུས་ན། །གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་བ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། །དེས་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །ཞེས་བྱུང་། ལྷུན་པོ་ཆོས་ཅན། ཁྱོད་ཀྱི་ཕྱོགས་ཀྱི་འཚམས་ཏེ་གྲྭ་བཞིན་ཁང་པ་བརྩེགས་པ་བཞི་ཡོད་ཅིག་དེར་གང་གནས་པ་ཡོད་དེ། ལྷ་རྣམས་སྲུངས་བ་པོའི་གནོད་སྦྱིན་ལག་ན་རྡོ་རྗེ་གནས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྩེའི་དབུས་ན་གནས་ཡོད་དེ། བརྒྱ་བྱིན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ཡོད་བའི་ཕྱིར། གྲོང་ཁྱེར་དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ངོས་རེར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་དང་། འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པའི་ཕྱིར། དེ་ཆོས་ཅན། རྒྱུ་གང་ལས་གྲུབ་པ་ཡོད་དེ། གསེར་གྱི་རང་བཞིན་ལས་གྲུབ་ཅིང་། ས་གཞི་ཚོན་སྣ་ཚོགས་ཀྱིས་བཀྲ་བར་བྱས་པ། རྐང་པ་བཞག་ན་ནེམ་ནེམ་དང་། བཏེགས་ན་པར་ཅེས་བྱེད་པའི་འཇམ་ཞིང་མཉེན་པ་དང་ལྡན་པའི་ཕྱིར། གྲོང་ཁྱེར་དེ་ཆོས་ཅན། ཁྱོད་ཀྱི་དབུས་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཡོད་དེ། དེའི་ངོས་རེ་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་དང་། མཐའ་སྐོར་དུ་དཔག་ཚད་སྟོང་དང་། ལྟ་ན་སྡུག་ལས་ཀྱང་གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་པའི་ཕྱིར། གཉིས་པ་ནི། ཕྱི་རོལ་སྣ་ཚོགས་ཤིང་རྟ་དང་། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །ཞེས་བྱུང་། གྲོང་ཁྱེར་ལྟ་ན་སྡུག་ཆོས་ཅན། ཁྱོད་ཀྱི་ཕྱོགས་བཞིར་ལྷའི་ཚལ་བཞི་ཡང་དེ། ཤར་དུ་ཤིང་རྟ་སྣ་ཚོགས་ཀྱི་ཚལ་དང་། ལྷོ་ན་ཤེས་རྒྱུད་རྩུབ་པར་འགྱུར་བའི་ཚལ་དང་། ནུབ་ན་ལྷའི་ཕོ་མོ་འདྲེས་ཤིང་རྩེ་བའི་ཚལ་དང་། བྱང་ན་ཡིད་དགའ་བར་བྱེད་པའི་ཚལ་རྣམས་ཀྱིས་བརྒྱན་ནས་ཡོད་པའི་ཕྱིར། ཤིང་རྟ་སྣ་ཚོགས་ཀྱི་ཚལ་དེ་ཆོས་ཅན། ཁྱོད་དུ་གླང་ཆེན་ས་སྲུང་ཡོད་ཅིང་དེའི་ཚད་དང་འཕྲུལ་ཡོད་དེ། ལུས་དཀར་ཞིང་མགོ་དམར་བ་མཆེ་བ་དྲུག་ལྡན། སྲིད་དུ་དཔག་ཚད་གཅིག་དང་ཁོར་ཡུག་བདུན་ཡོད་པ་འཁོར་གླང་པོོ་ཆེ་བརྒྱ་སྟོང་དང་ལྡན་པ། མགོ་སོ་གསུམ་སྤྲུལ་ཏེ་མགོ་གཙོ་བོ་ལ་དབང་པོ་དང་གཞན་སོ་གཉིས་ལ་ཉེ་དབང་སོ་གཉིས་ཞོན་ནས་འགྲོ་བ་སོགས་ཀྱི་འཕྲུལ་དུ་མ་དང་ལྡན་པའི་ཕྱིར། གསུམ་པ་སོགས་ནི། དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང་། །བྱང་ཤར་འཚམས་ན་ཡོངས་འདུ་སྟེ། །ལྷོ་ནུབ་འཚམས་ན་ཆོས་བཟང་ངོ་། །ཞེས་བྱུང་། སྐྱེས་ཚལ་དེ་དག་ཆོས་ཅན། ཁྱོད་ཀྱི་ཕྱོགས་བཞི་ན་གནས་བཞི་ཡོད་དེ། དཔག་ཚད་ཉི་ཤུས་བཅད་པ་ན་ས་གཞི་བཟང་པོ་ཚལ་རྣམས་ལ་འགྲན་ནུས་པ་བཞི་ཡོད་པའི་ཕྱིར། བཞི་པ་ནི། ལྟ་ན་སྡུག་ཆོས་ཅན། ཁྱོད་ཀྱི་བྱང་ཤར་ན་ཤིང་ཁྱད་པར་ཅན་ཡོད་དེ། རྩ་བ་དཔག་ཚད་ལྔ་བརྒྱ་ཐུར་དུ་ཟུག་ཅིང་དེ་ཙམ་གྱེན་དུ་འཕགས་པའི་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་ཡལ་འདབ་མེ་ཏོག་འབྲས་བུ་དྲི་ཕུན་སུམ་ཚོགས་པ་དང་ལྡན་པ་ཡོད་པའི་ཕྱིར་རོ། །ལྔ་པ་ནི། དེ་ཆོས་ཅན། ཁྱོད་ཀྱི་ཕྱི་རོལ་ལྷོ་ནུབ་འཚམས་ན་ཆོས་བཟང་ལྷའི་འདུན་ས་ཡོད་དེ། དེའི་མཆུ་ཞིང་ལ་དཔག་ཚད་སུམ་བརྒྱ་དང་གྱེན་དུ་ཁྱོད་ལས་འཕགས་ཤིང་། ནང་དུ་བརྒྱ་བྱིན་གྱི་གསེར་ཁྲི་དང་། ཉེ་དབང་རྣམས་ཀྱི་ཁྲི་དང་བཅས་པ་ཡོད་པའི་ཕྱིར། དབང་པོ་དང་ཉེ་དབང་རྣམས་ཀྱི་མཛད་པ་ཡོད་དེ། ཚེས་བརྒྱད་དང་བཅོ་ལྔའི་དུས་སུ་རྒྱལ་ཆེན་བཞི་དང་བཅས་རྣམས་འཛམ་བུའི་གླིང་གི་སེམས་ཅན་གྱིས་ཆོས་དང་ཆོས་མིན་གང་བྱེད་ལྟ་ཉུལ་མཛད་པ་ཡིན་པའི་ཕྱིར་རོ།། ༧ གཉིས་པ་ས་དང་མ་འབྲེལ་བའི་གནས་ནི། དེ་སྟེང་ལྷ་རྣམས་གཞལ་མེད་ཁང་། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ས་དང་མ་འབྲེལ་བའི་གནས་ཡོད་དེ། སུམ་ཅུ་རྩ་གསུམ་གྱི་སྟེང་ན་འཐབ་བྲལ་སོགས་འདོད་ལྷ་དྲུག་དང་། ཚངས་ཆེན་སོགས་གཟུགས་ཁམས་ཀྱི་གནས་བཅུ་བདུན་རྣམས་ཡོད་པའི་ཕྱིར། གནས་དེ་དག་གང་ལ་བརྟེན་པ་ཡོད་དེ། རླུང་དང་སྤྲིན་གྱི་ཕུང་པོ་ཅི་རིགས་ལ་བརྟེན་པའི་ཕྱིར་རོ། །གསུམ་པ་སེམས་ཅན་གྱི་ཁྱད་ཆོས་ལ། འདོད་པ་ལ་སྤྱོད་ཚུལ་དང་། ལྷའི་སྐྱེ་ཚུལ་དང་། བདེ་བའི་ཁྱད་པར་གསུམ། དང་པོ་ནི། འདོད་པ་སྤྱོད་པ་དྲུག་ཡིན་ནོ། །གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་པས་འཁྲིག་པ་ཡིན། ཞེས་བྱུང་། གོང་མ་གཉིས་ཀྱིས་འདོད་པ་མི་སྤྱོད་ཅིང་འདོད་པའི་ལྷ་དྲུག་ཆོས་ཅན། ཁྱོད་ཀྱིས་འདོད་པ་ལ་སྤྱོད་ཚུལ་ཡོད་དེ། ཁྱོད་ལ་ས་རིམ་པ་བཞིན་སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་བཞིའི་ལྷ་གཉིས་ནི་མི་ལྟར་དབང་པོ་གཉིས་སྤྲད་ནས་འདོད་པ་སྤྱོད་ཅིང་། འཐབ་བྲལ་བས་འཁྱུད་པ་ཙམ་དང་། དགའ་ལྡན་པས་ལག་པ་བཅངས་པ་ཙམ་དང་། འཕྲུལ་དགའ་བས་དགོད་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པས་བལྟས་པ་ཙམ་གྱིས་འཁྲིག་པའི་བདེ་བ་ལ་སྤྱོད་པར་བྱེད་པའི་ཕྱིར། འོག་མ་གཉིས་མི་ལྟར་དབང་པོ་གཉིས་སྤྲད་ཀྱང་ཁྱད་པར་ཡོད་དེ། དེ་རྣམས་ལ་རྩ་རྒྱུས་རྒྱུ་མ་སོགས་མེད་པས་དབང་པོའི་སྒོ་ནས་རླུང་ཉི་ཚེ་འབྱུང་གི་ཁུ་ཁྲག་འབྱུང་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། བྱིས་པ་ལོ་ལྔ་ལོན་པ་ནས། ལོ་བཅུ་ལོན་པ་ལྟ་བུའི་བར། དེ་དག་ཏུ་སྐྱེ་གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། །ཅེས་བྱུང་། འདོད་པའི་ལྷ་ལས་བུ་སྐྱེ་ཚུལ་ཡོད་དེ། ལྷ་ཕོ་མོ་གང་གི་པང་པར་བུའམ་བུ་མོ་གང་བརྫུས་ཏེ་བྱུང་བ་དེ་དེའི་བུ་དང་བུ་མོར་འཇོག་པའི་ཕྱིར་ཏེ། ཚད་ནི་རྒྱལ་ཆེན་བཞི་པ་ལ་ད་ལྟའི་བྱིས་པ་ལ་ལོ་ལྔ་ལྟ་བུ་ནས་གཞན་འཕྲུལ་དབང་བྱེད་པ་ལ་བྱེས་པ་ལོ་བཅུ་ལོན་པ་ལྟ་བུའི་བར་འདོད་ལྷ་དེ་དག་ཏུ་སྐྱེ་བའི་ཕྱིར། གཟུགས་ཁམས་སམ་གཟུགས་ཅན་གྱི་ལྷ་རྣམས་ཆོས་ཅན། ཆུང་རིམ་གྱིས་སྐྱེ་བ་མ་ཡིན་ཏེ། སྐྱེས་མ་ཐག་ནས་ལུས་རྫོགས་ཤིང་གོས་དང་བཅས་པ་ཉིད་དུ་སྐྱེ་བའི་ཕྱིར། འདོད་ལྷའི་ནང་ནས་ཀྱང་བརྒྱ་བྱིན་ཡང་རྫོགས་པར་སྐྱེ་བས་སྐྱེ་བ་བརྗེས་པ་ལྷ་གཞན་གྱིས་མི་ཤེས་པར་གསུངས་ཏེ། དམིགས་བསལ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འདོད་པ་སྐྱེ་བ་གསུམ་པ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །བདེ་བ་སྐྱེ་བ་གསུམ་པ་ནི། །བསམ་གཏན་གསུམ་ལས་ས་བདག་ཡིན། ཞེས་བྱུང་། ཤེས་བྱ་ཆོས་ཅན། འདོད་པ་སྐྱེ་བ་གསུམ་ཡོད་དེ། འདོད་པའི་ལྷ་དང་མིར་བཅས་པ་རྣམས་ལ་འཇོག་པའི་ཕྱིར་ཏེ། མི་དང་འདོད་ལྷ་འོག་མ་བཞི་ནི་ཡུལ་ཇི་ལྟར་བྱུང་བ་ལ་འདོད་པ་སྤྱོད་པ་དང་པོ་ཡིན་ལ། འདོད་ལྷ་ལྔ་པ་འཕྲུལ་དགའ་བ་ནི་རང་གིས་འདོད་པ་སྤྲུལ་པ་ལ་སྤྱོད་པའི་འདོད་པ་སྐྱེ་བ་གཉིས་པ་དང་། གཞན་འཕྲུལ་བ་ནི་རང་གི་འདོད་པ་བཞིན་བདག་གིས་སྤྲུལ་པ་དང་གཞན་གྱིས་སྤྲུལ་པ་ལ་འདོད་པ་སྤྱོད་པ་གསུམ་པ་ཡིན་པའི་ཕྱིར། གཞན་ཡང་བདེ་བ་སྐྱེ་བ་གསུམ་གསུངས་ཏེ། བསམ་གཏན་དང་པོ་གསུམ་ལས་ས་གསུམ་གསུམ་སྟེ་དགུར་ཕྱེ་བས་རིམ་པ་བཞིན་དུ་བསམ་གཏན་དང་པོ་གསུམ་ནི་དབེན་པ་ལས་སྐྱེས་པའི་བདེ་བ་དང་། གཉིས་པ་གསུམ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་དང་། གསུམ་པ་གསུམ་ནི་དགའ་བ་མེད་པའི་བདེ་བ་ལ་སྤྱོད་པར་འཇོག་པའི་ཕྱིར་རོ། །བཞི་པ་བར་ཐག་གི་ཚད་ནི། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། ཅེས་བྱུང་། ཤེས་བྱ་ཆོས་ཅན། གནས་དེ་དག་གི་བར་ཐག་གི་ཚད་ཡོད་དེ། རྒྱལ་ཆེན་བཞིའི་གནས་ནས་གནས་འོག་མ་འཛམ་བུའི་གླིང་གི་བར་ལ་དཔག་ཚད་བཞི་ཁྲི་ཇི་སྲིད་ཡོད་པ་དེ་བཞིན་དུ། རྒྱལ་ཆེན་བཞི་ནས་སུམ་ཅུ་རྩ་གསུམ་བར་དཔག་ཚད་བཞི་ཁྲི་དང་། སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་བར་ལ་བརྒྱད་ཁྲི། དེ་ནས་དགའ་ལྡན་བར་ལ་ཁྲི་ཚོ་བཅུ་དྲུག །དེ་ནས་འཕྲུལ་དགའ་བར་ལ་སོ་གཉིས། དེ་ནས་གཞན་འཕྲུལ་དབང་བྱེད་བར་ལ་རེ་བཞི། དེ་ནས་ཚངས་རིས་བར་ཁྲི་ཁྲག་བརྒྱད་དང་ཉེར་བརྒྱད་ཡོད་པ་སོགས་རིགས་འགྲེ་སྦྱོར་རིགས་པའི་ཕྱིར། མདོར་ན་འདི་ལྟར་ཡིན་ཏེ། གནས་དེ་དང་དེ་ནས་འཛམ་གླིང་བར་ལ་ཚད་ཅི་ཙམ་ཡོད་པ་དེ་བཞིན་དུ། དེ་ནས་དེ་ཡི་གོང་མའི་གནས་ཀྱི་བར་ཚད་དེ་སྲིད་ཙམ་ཞིག་ཡོད་པའི་ཕྱིར། ཡང་རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། དེ་དག་གོང་མ་མཐོང་བ་མེད། ཅེས་གསུངས་ཏེ། གནས་འོག་མར་སྐྱེས་པའི་གང་ཟག་རང་སྟོབས་ཀྱིས་གནས་གོང་མ་རྣམས་སུ་བགྲོད་པ་དང་མཐོང་ནུས་པ་མེད་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། རྫུ་འཕྲུལ་ཐོབ་པ་དང་གཞན་གྱིས་དེ་དག་ཏུ་འཁྲིད་པ་ལྟ་བུ་གཞན་ལ་བརྟེན་པ་དང་གོང་སའི་ཏིང་ངེ་འཛིན་ཐོབ་པ་ལྟ་བུ་མ་གཏོགས་པའི་དབང་དུ་བྱས་པའི་ཕྱིར། །དྲུག་པ་སྟོང་གསུམ་ངོས་བཟུང་བ་ནི། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། ། ཞེས་བྱུང་། སྟོང་གསུམ་ལས་དང་པོ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཆོས་ཅན། འཇོག་ཚུལ་ཡོད་དེ། གླིང་བཞི་རེ་རེ་ལ་སྟོང་དང་། དེ་བཞིན་དུ། ཉི་མ་དང་ཟླ་བ་དང་རི་རབ་དང་འདོད་ལྷ་དྲུག་དང་ཚངས་པའི་འཇིག་རྟེན་སྟོང་ལོངས་པ་ལ་ནི་སྟོང་སྤྱི་ཕུད་དམ་སྟོང་དང་པོ་ཡིན་པར་འདོད་པའི་ཕྱིར། སྟོང་གཉིས་པ་དང་གསུམ་པ་ཆོས་ཅན། འཇོག་ཚུལ་ཡོད་དེ། སྟོང་དང་པོ་དེ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ཞིང་། སྟོང་གཉིས་པ་དེ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོར་འཇོག་པའི་ཕྱིར། སྟོང་གསུམ་པོ་དེ་ཆོས་ཅན། འཆགས་འཇིག་ཀྱང་དུས་མཉམ་པ་ཡིན་ཏེ། མེ་ཆུ་སོགས་ཀྱི་རྐྱེན་གྱིས་དུས་མཉམ་དུ་འཇིག་ཅིང་སླར་འཆགས་པ་འབྱུང་བ་ཡིན་པའི་ཕྱིར། སྟོང་གསུམ་པོ་དེ་རེ་རེ་ལའང་ལྕགས་རི་ནག་པོ་རེ་རེས་བསྐོར་བ་ཀུན་བཏུས་ལས་བཤད་ཅིང་དེ་ཡང་སྔ་མ་ལས་ཕྱི་མ་རིམ་གྱིས་མཐོ་བར་གཞན་ལས་བཤད་པ་ལྟར་ཡིན་ཏེ། དེ་གསུམ་སྔ་མ་ལས་ཕྱི་མ་རྒྱ་ཆེ་བའི་ཕྱིར། སྟོང་གསུམ་ལ་ནི་གཅིག་ཁོ་ནར་མ་ངེས་ཏེ། སྟེང་འོག་དང་ཐད་ཀའི་ཕྱོགས་ཕྱོགས་ན་སྟོང་གསུམ་གྱི་གྲངས་མཐའ་མེད་པ་ཡོད་པའི་ཕྱིར་ཏེ། ནམ་མཁའ་ལ་ནི་མཐའ་མེད་པའི་ཕྱིར། འདི་དག་ནི་ཐེག་ཆེན་ཐུན་མོང་བ་ལྟར་ན་མཆོག་སྤྲུལ་གཅིག་གི་ཞིང་ཡིན་ལ། ཞིང་ཐམས་ཅད་འཇོག་ཚུལ་འདི་ཁོ་ན་ལྟར་མཛེས་ཏེ། སངས་རྒྱས་ཀྱི་ཞིང་དབྱིབས་ཚད་དང་འབྱུང་འཇིག་སོགས་སྣ་ཚོགས་པ་ཡོད་པའི་ཕྱིར་རོ།། བདུན་པ་འགྲོ་བ་རྣམས་ཀྱི་ལུས་དང་ཚེ་ཚད་བཤད་པ་ལ། ལུས་ཚད་དང་ཚེ་ཚད་གཉིས། དང་པོ་ལ། མིའི་ལུས་ཚད་དང་། ལྷའི་ལུས་ཚད་གཉིས། དང་པོ་ནི། འཛམ་བུའི་གླིང་པ་རྣམས་ཀྱི་ཚད། ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །ཅེས་བྱུང་། ཤེས་བྱ་ཆོས་ཅན། གླིང་བཞིའི་མི་རྣམས་ཀྱི་ལུས་ཚད་ཡོད་དེ། འཛམ་བུའི་གླིང་པའི་མིའི་ལུས་ནི་ཁ་དོག་ཁྲུ་བཞི་པ་དང་། ཕལ་ཆེར་ནི་ཁྲུ་ཕྱེད་དང་བཞི་ཡིན་ལ། ཤར་ཁྲུ་བརྒྱད། བ་ལང་སྤྱོད་པ་བཅུ་དྲུག །བྱང་སྒྲ་མི་སྙན་པ་སོ་གཉིས་ཞེས་བྱ་སྔ་མ་ལས་ཕྱི་མ་ཉིས་འགྱུར་དུ་བསྐྱེད་པའི་ཕྱིར། གཉིས་པ་ལ། འདོད་ལྷ་དང་། གཟུགས་ཁམས་པའི་ལུས་ཚད་གཉིས། དང་པོ་ནི། འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །ཅེས་བྱུང་། འདོད་དང་ལྡན་པའི་ལྷའི་ལུས་ཚད་ཡོད་དེ། རྒྱལ་ཆེན་རིགས་བཞི་པ་རྒྱང་གྲགས་ཀྱི་བཞི་ཆ། སུམ་ཅུ་རྩ་གསུམ་པ་བཞི་ཆ་གཉིས། འཐབ་བྲལ་བ་བཞི་ཆ་གསུམ། དགའ་ལྡན་པ་རྒྱང་གྲགས་གཅིག །འཕྲུལ་དགའ་བ་རྒྱང་གྲགས་གཅིག་དང་བཞི་ཆ་གཅིག ། གཞན་འཕྲུལ་བ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་པའི་ཕྱིར། གཉིས་པ་ནི། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་བྱུང་། དེ་ཆོས་ཅན། གཟུགས་ཁམས་པའི་ལུས་ཚད་ཡོད་དེ། གཟུགས་ཅན་དང་པོ་ཚངས་རིས་པའི་ལུས་དཔག་ཚད་ཕྱེད་དང་། དེ་ཡི་གོང་མ་བཞི་ལ་དཔག་ཚད་ཕྱེད་ཕྱེད་བསྐྱེད་པས་འདུན་ན་འདོན་དཔག་ཚད་གཅིག །ཚངས་ཆེན་ཕྱེད་གཉིས། འོད་ཆུང་གཉིས་དང་། འོད་ཆུང་གི་ལྷ་ཡན་ཆད་ཀྱི་ལུས་ནི་སྔ་མ་ལས་ཕྱི་མ་ཉིས་འགྱུར་བྱས་པས་ཚད་མེད་འོད་དཔག་ཚད་བཞི། འོད་གསལ་བརྒྱད། དགེ་ཆུང་བ་བཅུ་དྲུག །དགེ་རྒྱས་སོ་གཉིས། སྤྲིན་མེད་ཉིས་འགྱུར་ལས་དཔག་ཚད་གསུམ་དོར་བས་བརྒྱ་ཉེར་ལྔ། འབྲས་བུ་ཆེ་བ་ལྔ་བརྒྱ། མི་ཆེ་བ་སྟོང་། མི་གདུང་བ་ཉིས་སྟོང་། གྱ་ནོམ་སྣང་བ་བཞི་སྟོང་། ཤིན་ཏུ་མཐོ་བ་བརྒྱད་སྟོང་། འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡོད་པའི་ཕྱིར། གཉིས་པ་ཚེ་ཚད་ལ། བདེ་འགྲོ་དང་ངན་འགྲོ་དང་མ་ངེས་པའི་འཆི་བ་ཡོད་མེད་གསུམ། དང་པོ་ལ་མི་དང་ལྷའི་ཚེ་ཚད་གཉིས། དང་པོ་ནི། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་བྱུང་། མི་དག་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། སྒྲ་མི་སྙན་ན་ཚེ་སྟོང་དང་། ནུབ་དང་ཤར་གཉིས་ན་དེའི་ཕྱེད་ཕྱེད་སྤངས་པ་སྟེ་ནུབ་ལྔ་བརྒྱ་དང་ཤར་ན་ཕྱེད་དང་སུམ་བརྒྱ་རེ་ཡིན་ལ། འཛམ་བུའི་གླིང་པའི་མིའི་ཚེ་མ་ངེས་པའི་ཕྱིར་ཏེ། ཐ་མར་ཚེ་ལོ་བཅུ་པ་དང་བསྐལ་བ་དང་པོའི་ཚེ་ལོ་ནི་དཔག་ཏུ་མེད་པ་ཐུབ་པའི་ཕྱིར། གཉིས་པ་ལ། འདོད་ལྷ་དང་གཟུགས་དང་གཟུགས་མེད་ཁམས་པའི་ཚེ་ཚད་གསུམ། དང་པོ་ནི། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་གཉིས་འགྱུར་རོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འདོད་ལྷ་དྲུག་གི་ཚེ་ཚད་ཡོད་དེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་འདོད་པ་དག་གི་ལྷ་རྣམས་ལས་འོག་མ་རྒྱལ་ཆེན་རིགས་བཞི་པ་དག་གི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ལོར་བྱས་པ་དེས་ན་རང་གི་ཚེ་ལོ་ལྔ་བརྒྱ་ཡིན་ཞིང་། གོང་མ་སུམ་ཅུ་རྩ་གསུམ་པ་ཡན་ཆད་ཞག་དང་ལོ་གཉིས་གཉིས་འགྱུར་དུ་བྱས་ནས་ཟླ་བ་ལོ་སྔར་ལྟར་བརྩིས་ན། མི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ཉིན་ཞག་གཅིག་སོགས་བྱས་པས་རང་ལོ་སྟོང་། དེ་བཞིན་དུ་ཉིས་བརྒྱ། བཞི་བརྒྱ། བརྒྱད་བརྒྱ། སྟོང་དང་དྲུག་བརྒྱ་ལ་རིམ་པ་བཞིན་འཐབ་བྲལ། དགའ་ལྡན་འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་པའི་ཞག་རེ་དང་། དེ་སུམ་ཅུ་ལ་ཟླ་བར་བྱས་པས་རིམ་བཞིན་རང་ལོ་ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་ཐུབ་པ་ཡིན་པའི་ཕྱིར། གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླའི་བྱ་བ་ལ་མ་ལྟོས་ཀྱང་ཉིན་ཞག་གི་ཁྱད་པར་འཐད་དེ། ཀུནྡ་ཁ་ཕྱེ་ནས་པདྨ་ཁ་ཟུམ་པ་དང་བྱ་སྐད་མི་འབྱིན་པ་སོགས་ཀྱི་ཚེ་མཚན་དུས་སུ་འཇོག་པའི་ཕྱིར། གཉིས་པ་ནི། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །ཞེས་བྱུང་། གཟུགས་ཅན་གྱི་ཁམས་ཆོས་ཅན། ཁྱོད་དུ་ཉིན་མཚན་གྱི་ཐ་སྙད་མེད་ཀྱང་ལྷའི་ཚེ་ཚད་ཡོད་དེ། རང་ལུས་གཞལ་བའི་དཔག་ཚད་གྲངས་ཀྱིས་བར་བསྐལ་མིན་པའི་བསྐལ་པར་བགྲངས་པས་བརྩི་བའི་ཕྱིར། དེར་ཐལ། ཚངས་རིས་པའི་ལུས་དཔག་ཚད་ཕྱེད་ཡིན་པ་དེ་བཞིན་དུ། ཚེ་བར་བསྐལ་བཞི་བཅུ་ལ་བསྐལ་པ་གཅིག་ཏུ་བྱས་པའི་བསྐལ་པ་དང་། དེ་བཞིན་དུ་འདུན་ན་འདོན་བསྐལ་ཆེན་གཅིག །ཚངས་ཆེན་པ་དེ་བཞི་བཅུ་ལ་བསྐལ་པ་གཅིག་བྱས་པའི་ཕྱེད་གཉིས། འོད་ཆུང་ཡན་བསྐལ་ཆེན་ཡིན་པས་འོད་ཆུང་བསྐལ་ཆེན་གཉིས་ནས་འོག་མིན་པ་བསྐལ་ཆེན་ཁྲི་དྲུག་སྟོང་ཡོད་པས་ལུས་ཚད་ལྟར་ཡིན་པའི་ཕྱིར། གསུམ་པ་ནི། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །ཞེས་བྱུང་། གཟུགས་མེད་ཀྱི་ལྷ་ཆོས་ཅན། ཁྱོད་རྣམས་ཀྱི་ཚེ་ཚད་ཡོད་དེ། ཁྱོད་ལས་གཟུགས་མེད་དང་པོ་བསྐལ་པ་སྟོང་ཕྲག་ཉི་ཤུ་ཡིན་ལ། དེའི་གོང་མ་གསུམ་རིམ་པར་བསྐལ་ཆེན་ཉི་ཤུ་ཉི་ཤུ་རེས་ལྷག་པས་ལྷག་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་ཤེས་མཐའ་ཡས་བཞི་ཁྲི། ཅི་ཡང་མེད་དྲུག་ཁྲི། སྲིད་རྩེ་བརྒྱད་ཁྲི་ཡིན་པའི་ཕྱིར། བསྐལ་པ་དེ་དག་ཆོས་ཅན། བར་བསྐལ་ཙམ་མིན་ཏེ། འོད་ཆུང་ནས་བཟུང་སྲིད་རྩེའི་བར་བསྐལ་ཆེན་གྱིས་བརྩི་ལ། གཟུགས་ཁམས་དེ་ཡི་འོག་མ་ཚངས་རིས་ནས་བསྐལ་ཆེན་དེའི་ཕྱེད་ལ་བསྐལ་པར་བྱས་པའི་ཚུལ་དེས་རྩི་བའི་ཕྱིར། དེས་ན་ཚངས་འདུན་པའི་ཚེ་ཚད་ནི་བསྐལ་ཆེན་གྱིི་ཕྱེད་ཙམ་ལ་འཇོག་པའི་ནི་མིན་ཏེ། དེ་ཕྱེད་དང་གཉིས་ལ་འཇོག་པར་བཤད་པའི་ཕྱིར་རོ། །གཉིས་པ་ངན་འགྲོའི་ཚེ་ཚད་ལ། ཚ་དམྱལ། དུད་འགྲོ། ཡི་དྭགས། གྲང་དམྱལ་གྱི་ཚེ་ཚད་དང་བཞི། དང་པོ་ནི། ཡང་སོས་ལ་སོགས་དྲུག་རིམ་བཞིན། ། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་ཞེས་བྱུང་། ཚ་དམྱལ་བ་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། ཡང་སོས་དང་སོགས་པས་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་དང་ངུ་འབོད་ཆེན་པོ་དང་ཚ་བ་དྲུག་པོ་དེ་དག་རྣམས་ཀྱི་ཚེ་ཚད་དང་ལོའི་བརྩི་ཚུལ་ནི་རིམ་པ་བཞིན་འདོད་ལྷ་དྲུག་གི་ཚེ་དང་ཉིན་ཞག་མཉམ་པ་སོགས་ཀྱིས་བརྩི་བའི་ཕྱིར། དེར་ཐལ། རྒྱལ་ཆེན་བཞི་པ་རང་ལ་ལྔ་བརྒྱ་ནས་གཞན་འཕྲུལ་བ་ཁྲི་དྲུག་སྟོང་ལ་འཇོག་ཅིང་། དེ་དྲུག་ཡང་སོས་ལ་སོགས་པ་དྲུག་གི་ཞག་རེ་ཡིན་ལ། ཚུལ་དེས་ཟླ་བ་དང་ལོ་ཡང་བརྩིས་པ་ན། ཡང་སོས་པ་རང་ལོ་ལྔ་བརྒྱ། ཐིག་ནག་པ་སྟོང་། བསྡུས་འཇོམས་པ་ཉིད་སྟོང་། ངུ་འབོད་པ་བཞི་སྟོང་། ངུ་འབོད་ཆེན་པོ་པ་བརྒྱད་སྟོང་། ཚ་བ་རང་ལོ་ཁྲི་དྲུག་སྟོང་ལ་འཇོག་པའི་ཕྱིར། དེས་ན་དམྱལ་བ་དེ་དག་གི་ཚེ་ཚད་བརྩི་ཚུལ་ནི་འདོད་པའི་ལྷ་དང་འདྲ་བ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར། རབ་ཏུ་ཚ་བ་དང་མནར་མེད་ཀྱི་ཚེ་ཚད་ཡོད་དེ། རབ་ཏུ་ཚ་བའི་ཚེ་བར་བསྐལ་ཕྱེད་དང་། མནར་མེད་ནི་བར་གྱི་བསྐལ་པ་གཅིག་ཏུ་འཇོག་པའི་ཕྱིར་རོ། །གཉིས་པ་ནི། །དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ་ཞེས་བྱུང་། དུད་འགྲོ་ཆོས་ཅན། ཁྱོད་རྣམས་ཀྱི་ཚེ་ཚད་ཡོད་དེ། ཐུང་བ་རྣམས་ནི་མཐའ་གཅིག་ཏུ་མ་ངེས་ཤིང་། ཀླུ་ལྟ་བུ་ཚེ་མཆོག་ཏུ་རིང་བ་ནི་བར་གྱི་བསྐལ་པ་གཅིག་ཐུབ་པ་ཡོད་པའི་ཕྱིར། གསུམ་པ་ནི། ཡི་དྭགས་རྣམས། ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ཞེས་བྱུང་། ཡི་དྭགས་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། མིའི་ཟླ་བ་གཅིག་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པའི་ཕྱིར། ལྷ་མིན་ཆོས་ཅན། ཚེ་ཆད་ཡོད་དེ། སུམ་ཅུ་རྩ་གསུམ་པ་ལྟར་ཐུབ་པའི་ཕྱིར། བཞི་པ་ནི། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། ཞེས་བྱུང་། གྲང་དམྱལ་བ་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། ཏིལ་སྦྱངས་ཏེ་ཏིལ་གྱི་བང་བ་མ་ག་དྷའི་བྲེ་བོ་ཆེ་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་ནང་ནས་ལོ་བརྒྱ་བརྒྱ་ཞིང་ཏིལ་གཅིག་རེ་ཕྱུང་བས་ཟད་པར་གྱུར་པའི་ཡུན་ཚད་དང་། ཆུ་བུར་ཅན་གྱི་ཚེ་ཚད་མཉམ་ལ། དེའི་ལྷག་མ་ཆུ་བུར་རྡོལ་པ་སོགས་བདུན་ནི་སྔ་མ་ལས་ཕྱི་མ་ཉི་ཤུ་ཉི་ཤུས་འཕར་ཞིང་རིང་བར་འགྱུར་བའི་ཕྱིར། གྲང་དམྱལ་དུ་མ་ཟད། ཚ་དམྱལ་ཡང་སྔ་མ་ལས་ཕྱི་མ་བརྒྱད་འགྱུར་གྱིས་རིང་སྟེ། རི་མོས་འགྲུབ་པའི་ཕྱིར། གསུམ་པ་ནི། སྒྲ་མི་སྙན་མ་གཏོགས་པར་འཆི། །ཞེས་བྱུང་། སྒྲ་མི་སྙན་པ་ཆོས་ཅན། ཁྱོད་མ་གཏོགས་པ་ཞེས་བརྗོད་པ་ལ་དགོས་པ་ཡོད་དེ། ཁྱོད་ཚེ་མ་རྫོགས་པར་མི་འཆི་ལ། འགྲོ་བ་གཞན་གྱི་ཚེ་ཚད་བཤད་པ་ལྟར་མ་ངེས་པའི་ཕྱིར། མི་ལ་ཚེ་ངེས་པ་ཡོད་དེ། སྲིད་པ་ཐ་མའི་མི་རྣམས་དང་། འཁོར་བསྒྱུར་སོགས་ཀྱི་ཚེ་ངེས་པའི་ཕྱིར་རོ།། ༧བརྒྱད་པ་ཚད་དེ་གཞལ་ཐབས་ལ། དེ་རྩོམ་བྱེད་ཀྱི་གཞི་དང་། བརྩམས་པའི་འཇལ་བྱེད་གཉིས། དང་པོ་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། སྐད་ཅིག་ཅེས་བྱུང་། ཤེས་བྱ་ཆོས་ཅན། རྩོམ་བྱེད་ཀྱི་གཟུགས་དང་མིང་དག་དུས་ཀྱི་ཐུང་མཐའ་ཡོད་དེ། རྡུལ་ཕྲ་རབ་དེ་གཟུགས་ཀྱི་ཐུང་མཐའ་དང་། ཡི་གེ་ཀ་དང་ཁ་ལྟ་བུ་མིང་གི་ཐུང་མཐའ་དང་། དུས་མཐའི་སྐད་ཅིག་མ་དེ་དུས་ཀྱི་ཐུང་མཐའ་ཡིན་པའི་ཕྱིར། སྐད་ཅིག་མའི་ཚད་ཡོད་དེ། རྡུལ་ཕྲ་རབ་གཅིག་བླ་འོག་བསྒྱུར་བ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ལ། ཡུལ་གྱི་ཚད་དང་། དུས་ཀྱི་ཚད་གཉིས། དང་པོ་ནི། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་ནི་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། རྡུལ་ཕྲ་རབ་སོགས་ལས་རྒྱང་གྲགས་དང་དཔག་ཚད་འགྲུབ་ཚུལ་ཡོད་དེ། རྩོམ་བྱེད་དང་པོ་རྡུལ་ཕྲ་རབ་དང་། དེ་བདུན་བསགས་པས་རྡུལ་ཕྲན་གཅིག་དང་། དེ་བཞིན་དུ་ལྕགས་རྡུལ་དང་ཆུ་རྡུལ་དང་རི་བོང་གི་རྡུལ་དང་ལུག་རྡུལ་གླང་རྡུལ་དང་ཉི་ཟེར་གྱི་རྡུལ་དང་སྲོ་མ་དང་དེ་ལས་བྱུང་བ་ཤིག་དང་། དེ་བཞིན་དུ་ནས་དང་སོར་ཚིགས་ཞེས་བྱ་བ་རྣམས་རིམ་པ་བཞིན་དུ་གོང་ནས་གོང་དུ་བདུན་འགྱུར་བསྒྱུར་བའི་སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་གཞུ་འདོམ་གང་། གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་གཅིག་དང་། དེ་ཙམ་གྲོང་ལས་འཕགས་པ་ལ་དགོན་པར་འདོད་ཅིང་། རྒྱང་གྲགས་དེ་བརྒྱད་ལོངས་པ་ལ་དཔག་ཚད་ཅེས་བྱ་བར་འཇོག་པའི་ཕྱིར། གཉིས་པ་ལ། ལོ་དང་བསྐལ་པ་བཤད་པ་གཉིས། དང་པོ་ནི། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་བྱུང་། ཐང་ཅིག་ཆོས་ཅན། ཁྱོད་ཀྱི་རྩོམ་གཞི་ཡོད་དེ། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེའི་སྐད་ཅིག་མ་དེ་དག་དྲུག་ཅུའི་ཡུན་ལ་ནི་ཁྱོད་ཉིད་དུ་འཇོག་པའི་ཕྱིར། ཡུད་ཙམ་དང་ཉིན་ཞག་དང་ཟླ་བ་གསུམ་ནི་ཆོས་ཅན། འཇོག་ཚུལ་ཡོད་དེ། སྔ་མ་སྔ་མ་གོང་ནས་གོང་དུ་སུམ་ཅུར་འགྱུར་བའི་ཚུལ་གྱིས་ཡུད་ཙམ་ཉིན་ཞག་ཟླ་བ་གསུམ་དུ་རིམ་པར་འཇོག་པའི་ཕྱིར། ལོ་ཆོས་ཅན། འཇོག་ཚུལ་ཡོད་དེ། ལོ་རེ་རེ་ལ་ཞག་མི་ཐུབ་དོར་བ་དེ་རྣམས་དང་བཅས་པ་ཡི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་པའི་ཕྱིར། དེར་ཐལ། ཞག་མི་ཐུབ་པ་དྲུག་ཡོད་ཀྱང་ཉིན་ཞག་གི་ལོ་བརྩི་བའི་ཚེ་དེ་དྲུག་བསྣན་ནས་ཚང་དགོས་ཏེ། མ་ཚང་ན་ཉིན་ཞག་སུམ་བརྒྱ་དྲུག་ཅུ་མི་ཡོང་བས་ཉིན་ཞག་གི་ལོ་མི་རྫོགས་པའི་ཕྱིར། དེར་ཐལ། ཞག་གསུམ་སོ་སོའི་ལོར་འཇོག་པ་ལ་ནི་རང་རང་གི་ཞག་པོ་སུམ་བརྒྱ་དྲུག་ཅུ་ངེས་པར་ཚང་དགོས་པའི་ཕྱིར། ཞག་གསུམ་གྱི་རྣམ་དབྱེ་ལེགས་པར་ཤེས་པ་ལ་ཞག་ལྷག་དང་ཟླ་ལྷག་འདོན་ཚུལ་ཤེས་དགོས་ཏེ། དེ་ལ་ཚེས་ཞག་དང་ཁྱིམ་ཞག་གི་བར་ཁྱད་དང་དེ་དང་ཉིན་ཞག་གི་བར་ཁྱད་སོགས་ཤེས་དགོས་པའི་ཕྱིར། གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། བསྐལ་པ་རྣམ་པ་མང་བཤད་པ། ཞེས་བྱུང་། བསྐལ་པ་ཆོས་ཅན། ཁྱོད་ལ་རྣམ་པ་མང་དུ་བཤད་དེ། བར་བསྐལ། འཇིག་བསྐལ། སྟོང་བསྐལ། འཆགས་བསྐལ། གནས་བསྐལ། བསྐལ་པ་ཆེན་པོ་སོགས་བཤད་པའི་ཕྱིར། གཉིས་པ་ལ། འཇིག་བསྐལ། འཆགས་བསྐལ། གནས་བསྐལ། སྟོང་བསྐལ། བསྐལ་ཆེན་དང་ལྔ། དང་པོ་ནི། འཇིག་པའི་བསྐལ་པ་དམྱལ་བ་ཡི། ། སྲིད་པ་མེད་ནས་སྣོད་ཟད་པ། །ཞེས་བྱུང་། འཇིག་བསྐལ་ཆོས་ཅན། བཞག་ཏུ་ཡོད་དེ། མནར་མེད་ཀྱི་དམྱལ་བའི་སྲིད་པར་གསར་སྐྱེ་མེད་པ་ནས་བསམ་གཏན་དང་པོ་གསུམ་གྱི་གང་འཇིག་རྒྱུའི་སྣོད་དེ་ཟད་པའི་བར་ལ་འཇོག་པའི་ཕྱིར། གཉིས་པ་ནི། འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་བྱུང་། འཆགས་བསྐལ་ཆོས་ཅན། བཞག་ཏུ་ཡོད་དེ། མནར་མེད་ཀྱི་དམྱལ་བའི་སྲིད་པར་གསར་སྐྱེ་མེད་པ་ནས་བསམ་གཏན་དང་པོ་གསུམ་གྱི་གང་འཇིག་རྒྱུའི་སྣོད་དེ་ཟད་པའི་བར་ལ་འཇོག་པའི་ཕྱིར། གཉིས་པ་ནི། འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་བྱུང་། འཆགས་བསྐལ་ཆོས་ཅན། བཞག་ཏུ་ཡོད་དེ། འཆགས་པར་རྩོམ་པའི་དང་པོ་རླུང་འཇམ་བུ་ཁད་ཀྱིས་ལྡང་བ་ནས་ནི་དམྱལ་བའི་སྲིད་པར་སེམས་ཅན་གཅིག་སྐྱེས་པའི་བར་ལ་འཇོག་པའི་ཕྱིར། འདིའི་རླུང་ནས་ཞེས་པ་ནི་བཤད་པ་ལྟར་ཡིན་གྱི། འོག་གཞིའི་རླུང་དཀྱིལ་ནས་འགོ་རྩོམ་པར་འདོད་པ་ནི་མི་འཐད་དེ། བསམ་གཏན་དང་པོ་གསུམ་པོ་གང་རུང་འཆགས་པའི་རླུང་ལྡང་བ་སྔོན་དུ་མ་སོང་བར་འོག་གཞིའི་རླུང་དཀྱིལ་འཆགས་པ་མི་འབྱུང་བའི་ཕྱིར། དེར་ཐལ། ཐོག་མར་ས་དང་མ་འབྲེལ་བའི་གནས་ཡས་རིམ་གྱིས་ཆགས་ཤིང་། དེ་ནས་ས་དང་འབྲེལ་བ་ནི་མས་རིམ་ནས་ཆགས་པ་ཡིན་པའི་ཕྱིར་ཏེ། དེ་ཡང་མེས་འཇིག་པའི་རྗེས་སུ་ཆགས་པ་ན་ཐོག་མར་བསམ་གཏན་དང་པོའི་གནས་ཚངས་པའི་གཞལ་མེད་ཁང་ཆགས། དེ་ནས་འདུན་ན་འདོན་དང་ཚངས་རིས་ཀྱི་གནས་ཆགས། དེ་ནས་རླུང་འོག་ཏུ་བབས་པ་ལས་གཞན་འཕྲུལ་དབང་བྱད་ནས་འཐབ་བྲལ་གྱི་བར་ཆགས། དེ་ནས་འོག་གི་རླུང་དཀྱིལ་སོགས་ཆགས་པའི་ཕྱིར། གཞན་ཡང་དེ་ལྟར་ཐོག་མར་ཆགས་པའི་རླུང་ལྡང་བ་ནས་ཡིན་ཏེ། འདིའི་ཐད་ཀྱི་རྒྱལ་སྲས་མ་ལས། གང་གི་ཚེ་ནམ་མཁའ་ལ་རླུང་འཇམ་པོ་འཇམ་པོ་དག་ལྡང་བ་དེ་ནས་བཟུང་སྟེ་ཞེས་གསུངས་པའི་ཕྱིར། གསུམ་པ་ལ། བར་གྱི་ཁུག་པ་བཅོ་བརྒྱད་བཤད་པ། མཐའི་མ་ཐོག་དང་ཡར་འཕེལ་བཅུ་དགུའི་མཚམས་བསྟན་པ། དེ་རྣམས་གནས་བསྐལ་དུ་བསྟན་པ་ལྔ། དང་པོ་ནི། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། ། ཞེས་བྱུང་། ཤེས་བྱ་ཆོས་ཅན། གནས་བསྐལ་གྱི་ཡ་ཐོག་དང་བར་བསྐལ་དང་པོ་ཡོད་དེ། ཚེ་ལོ་དཔག་མེད་འགྲིབ་པའི་འཚམས་ཞིག་ནས་ཚེ་ལོ་བཅུ་པའི་བར་ཚད་ལ་དེར་འཇོག་པའི་ཕྱིར། གཉིས་པ་ནི། དེ་ནས་ཡར་སྐྱེ་མ་བྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། ཞེས་བྱུང་། བར་གྱི་ཁུག་པ་ཆོས་ཅན། ཁྱོད་ལ་བཅོ་བརྒྱད་ཡོད་དེ། ཚེ་ལོ་བཅུ་པ་དེ་ནས་ཡར་བརྒྱད་ཁྲིའི་བར་སྐྱེ་ཞིང་འཕེལ་བ་དང་། ཡང་མར་བཅུ་པའི་བར་བྲི་བ་རེ་ནི་བར་བསྐལ་རེ་དང་བར་གྱི་ཁུག་པ་རེར་བྱས་པའི་དེ་འདྲའི་ཁུག་པ་བཅོ་བརྒྱད་ལོངས་པ་ནི་ཡ་ཐོག་རིང་མོ་ལས་གཞན་དུ་འཇོག་པའི་ཕྱིར། གསུམ་པ་ནི། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། ཞེས་བྱུང་། མཐའི་མ་ཐོག་རིང་མོ་ཡོད་དེ། ཁུག་པའི་རྗེས་སུ་ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་དུ་ཡར་སྐྱེ་བ་སྟེ་འཕེལ་བ་ནི་གཅིག་ཁོ་ན་ཡིན་ལ། མར་འགྲིབ་པ་མི་འབྱུང་བ་དེ་གནས་བསྐལ་གྱི་ཐ་མ་མ་ཐོག་ཞེས་བྱ་བར་འཇོག་ཅིང་། དེ་བརྒྱད་ཁྲི་ནས་འཇིག་བསྐལ་གྱི་འགོ་རྩོམ་པར་བྱེད་པའི་ཕྱིར། བཞི་པ་ནི། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། ཞེས་བྱུང་། ཡར་འཕེལ་དེ་དག་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་དུ་ཡར་འཕེལ་གྱི། དེ་ཡན་ཆད་དུ་མི་འཕེལ་བའི་ཕྱིར། ཐོག་མཐའ་གཉིས་རྐྱང་པ་དང་བར་བ་བཅོ་བརྒྱད་ཁུག་པ་ཡིན་ལ་ཡུན་ཚད་མི་མཉམ་པའི་སྐྱོན་མེད་དེ། །རྐྱང་པ་རེ་རེའི་ཡུན་ལའང་ཁུག་པ་རེ་རེའི་ཡུན་ཚད་ཡོད་པའི་ཕྱིར་ཏེ། རྐྱང་པ་གཉིས་བུལ་ལ་ཁུག་པ་མྱུར་པའི་ཕྱིར། ལྔ་པ་ནི། དེ་ལྟར་འཇིག་རྟེན་ཆགས་པ་འདི། བར་གྱི་བསྐལ་པ་ཉི་ཤུར་གནས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། གནས་བསྐལ་ཡོད་དེ། དེ་ལྟར་འཇིག་རྟེན་ཆགས་ཟིན་པ་འདི་བར་བསྐལ་ཡ་ཐོག་དང་ཁུག་པ་བཅོ་བརྒྱད་དང་མ་ཐོག་དང་བཅས་པའི་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ཡིན་པའི་ཕྱིར། ཚེ་ལོ་དཔག་མེད་ནས་གནས་བསྐལ་གྱི་འོག་འཛིན་པ་མི་འཐད་དེ། དེ་ནི་འཆགས་བསྐལ་དུ་འདུ་བ་ཡིན་པའི་ཕྱིར། གནས་བསྐལ་གྱི་འགོ་ཚེ་ལོ་བརྒྱད་ཁྲིའི་ཐོག་མ་ནས་འཛིན་པ་སའི་དངོས་གཞིའི་ལུགས་ཡིན་ཀྱང་མཛོད་རང་འགྲེལ་གྱི་ལུགས་ལ་ནི་ཅུང་མ་ཡིན་ཏེ། དམྱལ་བར་འཛམ་གླིང་ལྟ་བུའི་མི་ཞིག་མ་སྐྱེས་བར་དུ་གནས་བསྐལ་གྱི་འགོ་མི་འཛིན་པའི་ཕྱིར། ཚེ་ལོ་དཔག་མེད་ཀྱི་དུས་སུ་བྱུང་བའི་མིའི་ཚེ་ཚད་འཛིན་མི་ནུས་པ་མིན་ཏེ། དེ་དག་གི་གཟུགས་དང་ཚེ་སོགས་ཚངས་རིས་པ་དང་འདྲ་བའི་ཕྱིར། དེར་ཐལ། རྩ་བར། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། ཞེས་པ་དང་། རང་འགྲེལ་ལས། བསྐལ་པ་དང་པོའི་མི་རྣམས་ནི་གཟུགས་ན་སྤྱོད་པ་བཞིན་དུ་གྱུར་ཏེ་ཞེས་གསུངས་པའི་ཕྱིར། བཞི་པ་ནི། ཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དག་མཉམ་མོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ལྟར་འཇིག་རྟེན་འཆགས་པ་དང་གནས་པ་དང་འཇིག་པ་དང་ཞིག་ནས་འདུག་པ་སྟོང་པའི་བསྐལ་པ་བཞིའི་ཚད་མཉམ་པ་དག་ཡིན་ཏེ། བཞི་པོ་རེ་རེར་བར་བསྐལ་ཉི་ཤུ་ཉི་ཤུ་རེས་མཉམ་པའི་ཕྱིར། ལྔ་པ་ལ། བསྐལ་ཆེན་ངོས་བཟུང་བ་དང་། ཞར་ལ་སངས་རྒྱས་སོགས་འབྱུང་ཚུལ་གཉིས། དང་པོ་ནི། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། ཞེས་བྱུང་། བསྐལ་ཆེན་ཆོས་ཅན། ཡོད་དེ། བཤད་མ་ཐག་པའི་བར་བསྐལ་དེ་དག་བརྒྱད་ཅུ་ལ་ནི་ཁྱོད་དུ་འཇོག་པའི་ཕྱིར། གཉིས་པ་ལ། སངས་རྒྱས། རང་རྒྱལ། འཁོར་སྒྱུར་འབྱུང་ཚུལ་དང་གསུམ། དང་པོ་ནི། དེ་གྲངས་མེད་གསུམ་ལ་སངས་རྒྱས། འབྱུང་ངོ་མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སངས་རྒྱས་འབྱུང་ཚུལ་ཡོད་དེ། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་དེ་འབྱུང་བའི་ཕྱིར། གྲངས་མེད་དེ་ནི་གྲངས་གཏན་ནས་མེད་པ་མ་ཡིན་ཏེ། གྲངས་ཀྱི་གནས་དྲུག་ཅུར་བགྲང་དུ་མེད་པས་ན་གྲངས་མེད་ཅེས་བཤད་པ་ཙམ་ཡིན་པའི་ཕྱིར། གྲངས་མེད་དེ་ཆོས་ཅན། ཁྱོད་བརྩི་ཚུལ་ཡོད་དེ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ས་ཡ་བྱེ་བ་དུང་འཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཆེན་པོའི་ཟླ་དང་བཅས་པ་ནི། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིག་མི་འཁྲུག་ཁྱད་ཕྱིན་དང་། །པང་སྟེང་དེར་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡའ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག །བར་དུ་བརྒྱད་ནི་མ་རྙེད་པས། རང་གི་མིང་གང་རུང་བ་གཞུག །གྲངས་མེད་བར་དུ་བཅུ་འགྱུར་བསྒྲེས། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། ཆེན་པོ་དང་བཅས་པ་བཅུ་འགྱུར་བྱ་ཚུལ་ཡོད་དེ། དུང་འཕྱུར་བཅུ་ལ་ཐེར་འབུམ་གཅིག །དེ་བཅུ་ལ་ཐེར་འབུམ་ཆེན་པོ་གཅིག །དེ་བཅུ་ལ་ཁྲག་ཁྲིག་གཅིག །དེ་བཅུ་ལ་ཁྲག་ཁྲིག་ཆེན་པོ་གཅིག་ཏུ་འཇོག་པ་སོགས་ཡིན་པའི་ཕྱིར། རང་འགྲེལ་ལས་སྟོབས་མིག་ཆེན་པོ་བཅུ་ལ་གྲངས་མེད་པ་ཞེས་བཤད་ཀྱང་སྤྱི་འགྲོ་ལ་དེའི་རྗེས་སུ་ཚད་མེད་བཞིའི་མིང་ཅན་ཆེན་པོ་དང་བཅས་པ་ནས་གྲངས་མེད་གཅིག་དང་། དེ་ནས་བཅུ་འགྱུར་དུ་བྱས་ཏེ་དེ་གཉིས་དང་། དེ་གསུམ་དུ་འཇོག་པ་ལྟར་ཡང་རུང་སྟེ། བར་དུ་བརྒྱད་ནི་མ་རྙེད་པས། །ཞེས་སོགས་ཀྱི་དོན་དུ་སྣང་བའི་ཕྱིར། དེར་མ་ཟད་གྲངས་ཀྱི་རྣམ་གྲངས་གཞན་ཡང་མང་སྟེ། འཇམ་དཔལ་རྩ་རྒྱུད་དང་ཕལ་ཆེན་ནས་གྲངས་ཀྱི་གནས་བརྒྱ་ཉེར་གསུམ་དང་། སྡོད་པོ་བཀོད་པ་ལས་བཞི་བཅུ་དང་། ཡང་བརྒྱ་དང་ལྔ་བཤད་པའི་ཕྱིར། དེ་དག་ནི་གྲངས་མེད་གསུམ་ལས་ཀྱང་ལྷག་སྟེ། དེས་གྲངས་མེད་གྲངས་མེད་པ་ཡང་བརྩི་ནུས་པའི་ཕྱིར། སངས་རྒྱས་དེ་དག་ཆོས་ཅན། ཁྱོད་འབྱུང་བའི་དུས་ཡོད་དེ། ཡར་འཕེལ་བའི་ཚེ་སེམས་ཅན་སྐྱོ་ཤས་ཆུང་བས་མི་འབྱོན་ལ། མར་འགྲིབ་པ་ཡི་བརྒྱད་ཁྲི་ནས་བརྒྱ་ཡི་བར་ལ་འབྱུང་བའི་ཕྱིར། ཕྱི་མ་གྲུབ་སྟེ། བརྒྱ་ཕྱིན་ཆད་ཧ་ཅང་སྙིགས་མ་ལྔ་བདོ་བའི་དབང་གིས་མི་འབྱུང་བའི་ཕྱིར། གཉིས་པ་ནི། རང་སངས་རྒྱས་རྣམས་གཉིས་ཀ་ལ། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་བྱུང་། རང་སངས་རྒྱས་རྣམས་ཆོས་ཅན། འབྱུང་བའི་དུས་ཡོད་དེ། ཡར་འཕེལ་མར་འགྲིབ་གཉིས་ཀ་ལ་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཚེགས་སྤྱོད་བསེ་རུ་ལྟ་བུ་གཉིས་ཡོད་པ་ལས་བསེ་རུ་ལྟ་བུའི་རང་རྒྱལ་འབྱུང་བའི་རྒྱུ་ཡོད་དེ། བསྐལ་པ་བརྒྱ་ཡི་རྒྱུ་ཚོགས་བསགས་པ་ལས་འབྱུང་བའི་ཕྱིར། དེར་ཐལ། འདིར་བསེ་རུ་ལྟ་བུའི་རང་རྒྱལ་སློབ་པ་ནི་རང་གི་བྱང་ཆུབ་ཏུ་རིགས་ངེས་པར་འདོད་པའི་ཕྱིར། གསུམ་པ་འཁོར་སྒྱུར་འབྱུང་ཚུལ་ལ། །ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ལ། འབྱུང་བའི་དུས། དབྱེ་བ། འཁོར་ལོས་སྒྱུར་ཚུལ། སངས་རྒྱས་དང་འཁོར་བསྒྱུར་གྱི་མཚན་གྱི་ཁྱད་པར་བཞི། དང་པོ་ནི། འཁོར་ལོས་སྒྱུར་བ་འབྱུང་བ་ནི། སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱིི། ཞེས་བྱུང་། འཁོར་ལོས་སྒྱུར་བ་ཆོས་ཅན། ཁྱོད་འབྱུང་བའི་དུས་ཡོད་དེ། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ཁོ་ནར་འབྱུང་གི །དེ་ཕྱིན་ཆད་སྣོད་མིན་པས་མི་འབྱུང་བའི་ཕྱིར། སྒྲ་དོན་ཡོད་དེ། འཁོར་ལོའི་སྒོ་ནས་སྐྱེ་བོ་ལ་དབང་སྒྱུར་བས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གླིང་གསུམ་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་བྱུང་། འཁོར་སྒྱུར་ཆོས་ཅན། ཁྱོད་ལ་རིགས་བཞི་ཡོད་དེ། གསེར་གྱི་འཁོར་ལོ་ཡོད་པས་གསེར་གྱི་འཁོར་སྒྱུར་དང་། དེ་བཞིན་དུ་དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་ལོ་སྒྱུར་བ་དང་བཞི་ཡོད་པའི་ཕྱིར། དེ་དག་ལས་མས་རིམ་བཞིན་དུ་གསེར་གྱི་འཁོར་སྒྱུར་གྱིས་གླིང་བཞི་དང་། དངུལ་གྱིས་གླིང་གསུམ་དང་། ཟངས་ཀྱིས་གླིང་གཉིས་དང་། ལྕགས་ཀྱི་འཁོར་སྒྱུར་གྱིས་གླིང་གཅིག་ལ་དབང་བྱེད་མ་ཡིན་ཏེ། མཆོག་དང་ཉེ་བའི་མཆོག་དང་འབྲིང་དང་ཐ་མ་ཡིན་པའི་ཕྱིར། འདི་དག་གང་ལས་བཤད་ཚུལ་ཡོད་དེ། གདགས་པ་ལས་བསྟན་ཅིང་། མདོ་གཞན་དག་ལས་ཀྱང་བཤད་པའི་ཕྱིར། འཁོར་སྒྱུར་ཆོས་ཅན། ཁྱོད་གླིང་གཅིག་ལ་ལྷན་ཅིག་གམ་དུས་གཅིག་ཏུ་གཉིས་མི་འབྱུང་སྟེ། འགྲན་ཟླ་མེད་པའི་ལས་བསགས་པའི་གང་ཟག་ཡིན་པའི་ཕྱིར། དཔེར་ན། རྫོགས་པའི་སངས་རྒྱས་གཉིས་བསྟན་པ་གཅིག་ལ་དུས་གཅིག་ཏུ་མི་འབྱུང་བ་བཞིན་ནོ། །འོན་ཀྱང་། ཞིང་གཞན་གྱི་སངས་རྒྱས་ནི་ཞིང་འདིར་སྟོན་པའི་དྲུང་དུ་འབྱོན་པ་ལ་ངེས་པ་མེད་དོ། །གསུམ་པ་ནི། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་བྱུང་། འཁོར་སྒྱུར་ཆོས་ཅན། ཁྱོད་བཞིས་ས་ལ་དབང་བསྒྱུར་ཚུལ་ཡོད་དེ། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རང་ལ་རྒྱལ་ཕྲན་རྣམས་ཀྱིས་ཕས་ནས་བསུས་ཏེ་རྒྱལ་པོ་བྱེད། དངུལ་ནི་རང་ཉིད་དེར་འགྲོ་བ་སྟེ་སོང་ནས་འདུད་ཅིང་རྒྱལ་པོ་བྱེད། ཟངས་ལ་ནི་གཡུལ་བཤམས་པ་ཙམ་གྱིས་འདུད། ལྕགས་ལ་ནི་མཚོན་འདེབས་བརྩམས་པ་ཙམ་གྱིས་འདུད་ཅིང་དབང་དུ་འགྱུར་བས་གཞན་ལ་གནོད་པ་ཅི་ཡང་མེད་པའི་ཕྱིར། བཞི་པ་ནི། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་དང་རྫོགས་པས་འཕགས་པ་ཡིན། །ཞེས་བྱུང་། འཁོར་སྒྱུར་ཆོས་ཅན། ཁྱོད་དང་ཐུབ་པ་ལ་མཚན་བཟང་ཡོད་པར་མཚུངས་ཀྱང་ཁྱད་པར་ཡོད་དེ། ཐུབ་པ་སངས་རྒྱས་ཀྱི་མཚན་ནི་གནས་འགྲུས་བར་ཡུལ་ན་མ་འདྲེས་པར་གནས་པ་དང་། འོད་གསལ་ཞིང་ཆ་རྫོགས་པ་སོགས་ཀྱིས་ཁྱད་པར་དུ་འཕགས་ལ། ཁྱོད་ཀྱི་མཚན་ནི་དེ་ལྟར་མ་ཡིན་པའི་ཕྱིར། གཉིས་པ་སྤྱི་དོན་ལ། རྒྱུ་དང་དུས་དང་འབྱུང་ཚུལ་དང་ཡོན་ཏན་གྱི་ཁྱད་པར་དང་དགོས་པ་གང་གི་ཆེད་དུ་འབྱུང་བ་དང་ལྔ། དང་པོ་རྒྱུ་ཡོད་དེ། བསོད་ནམས་ཀྱི་མཐུ་ཆེན་པོ་བྱས་པ་ལས་བྱུང་བའི་ཕྱིར། གཉིས་པ་དུས་ཡོད་དེ། རྫོགས་ལྡན་མ་གཏོགས་མི་འབྱུང་བར་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར། གསུམ་པ་འབྱུང་ཚུལ་ཡོད་དེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཆོས་བཅོ་ལྔའི་དུས་གསོ་སྦྱོང་ལ་གནས་པ་ན། གསེར་འཁོར་ཅན་དུ་འགྱུར་བ་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་དཔག་ཚད་ལྔ་བརྒྱ་པ་བརྒྱ་བྱིན་གྱིས་སྟེར་བར་འགྱུར་བའི་ཕྱིར། བཞི་པ་ཡོན་ཏན་ནམ་ཕུན་ཚོགས་ཀྱི་ཁྱད་པར་ཡོད་དེ། རྒྱལ་སྲིད་རིན་ཆེན་བདུན་དང་། ཉེ་བའི་རིན་ཆེན་བདུན་དང་། ཡོ་བྱད་ཀྱི་རིན་ཆེན་བདུན་སོགས་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། འཁོར་ལོ་ནོར་བུ་སོགས་བདུན་འབྱུང་བའི་ཕྱིར། འདི་དག་གི་ཁྱད་པར་རྒྱས་པ་ནི་ཆོས་ཡང་དག་པར་སྡུད་པ་དང་དྲན་པ་ཉེར་གཞག་དང་མངོན་འབྱུང་སོགས་ལས་འབྱུང་བ་ལྟར་ཤེས་པར་བྱ་སྟེ་འདིར་མི་འཆད་དོ། །གཉིས་པ་གྲུབ་སྟེ། རལ་གྲི་དང་ལྤགས་པ་དང་ཁང་པ་དང་གོས་དང་ནགས་ཚལ་དང་མལ་ཆ་དང་ལྷྭམ་སྟེ་བདུན་འབྱུང་བའི་ཕྱིར། དེའི་བྱེད་ལས་ཀྱང་གཞན་དུ་ཤེས། གསུམ་པ་གྲུབ་སྟེ། མུ་ས་ལ་གར་པ་དང་། བཻ་ཌཱུཪྱ་དང་གསེར་དང་དངུལ་དང་མུ་ཏིག་དང་ཤེལ་དང་རྡོའི་སྙིང་པོ་སྟེ་བདུན་འབྱུང་བའི་ཕྱིིར། ལྔ་པ་འབྱུང་བའི་དགོས་པ་ཡོད་དེ། སེམས་ཅན་མང་པོ་དགེ་བཅུ་ལ་འགོད་པའི་ཆེད་དུ་འབྱུང་བའི་ཕྱིར། འཁོར་སྒྱུར་དུ་འགྱུར་བ་ནི་བྱང་སེམས་ཁོ་ནར་མ་ངེས་ཏེ། སངས་རྒྱས་ཀྱི་རིགས་ཅན་ལམ་མ་ཞུགས་ནའང་དེར་འགྱུར་བ་ཡོད་པའི་ཕྱིར། མདོ་ལས་དགེ་རྩ་འདི་བྱས་ན་འཁོར་སྒྱུར་དུ་འགྱུར་གསུང་པ་ནི་འཁོར་སྒྱུར་དངོས་གནས་པར་དགོངས་པའི་ངེས་པ་མེད་དེ། ཕལ་ཆེར་སྟོབས་ཀྱིས་འཁོར་སྒྱུར་དུ་འགྱུར་བ་ལ་དགོངས་ཤིང་། ལ་ལ་ནི་དེར་སྐྱེ་བའི་རྒྱུ་འཛིན་པ་ཙམ་ལ་འགོད་པའི་ཕྱིར། དགུ་པ་སྣོད་བཅུད་ཀྱི་ཁྱད་ཆོས་ལ། དངོས་དང་། འཇིག་བསྐལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། བསྐལ་པ་དང་པོའི་ཁྱད་པར། དེ་ལས་འགྲུབ་ཚུལ། མཐར་ཇི་ལྟར་འབྱུང་ཚུལ་དང་གསུམ། དང་པོ་ནི། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་བྱུང་། སྔར་བསྐལ་པ་དང་པོར་བྱུང་བའི་སེམས་ཅན་མི་རྣམས་ཆོས་ཅན། གཟུགས་ཅན་གྱི་ལྷ་བཞིན་ཏེ། གཟུགས་མཛེས་པ། ཡན་ལག་དང་ཉིང་ལག་ཚང་བ། རང་ལ་འོད་ཡོད་པ། དགའ་བ་ཟས་སུ་ཟ་བ། ཚེ་དཔག་མེད་ཐུབ་པར་མདོ་ལས་བཤད་པ་བཞིན་ཡིན་པའི་ཕྱིར། གཉིས་པ་ནི། དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་གསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་སྟབས། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ནས་རིམ་གྱིས་འགྲིབ་ཚུལ་ཡོད་དེ། བསྐལ་པ་དང་པོའི་མི་གཟུགས་ཀྱི་ལྷ་འདྲ་བ་དེ་དག་གིས་སའི་ཞག་དང་རོ་སྦྲང་རྩིའི་རོ་ལྟ་བུ་བྱུང་བ་སོགས་མྱངས་པས་རོ་ལ་ཆགས་ཤིང་། ལེ་ལོས་གསོག་འཇོག་བྱས་ནས་བདག་ཏུ་འཛིན་པ་དང་བཅས་པ་རྣམས་ཀྱིས་ཞིང་བཏབ་སྟེ་ལོངས་སྤྱོད་ཀྱི་ཆེད་དུ་འཐབ་རྩོད་བྱུང་ནས་དཔོན་དུ་མང་པོས་བཀུར་བའི་རྒྱལ་པོ་བསྐོས། དེ་ལ་ཀུན་གྱིས་ཞིང་གི་དྲུག་ཆ་བསྟབས་པར་བྱས་པས་རྒྱལ་རིགས་ཀྱི་ཐོག་མ་བྱུང་བའི་ཕྱིར། དེ་ནས་རིགས་ལྷག་མ་རྣམས་དང་ལས་ལམ་བྱུང་ཚུལ་ཡོད་དེ། དེའི་ཚེ་ཁྱིམ་ལས་ཕྱོལ་ནས་ནགས་ཁྲོད་སོགས་སུ་རྩ་བ་དང་འབྲས་བུ་ཟ་ཞིང་ཚངས་པར་སྤྱད་པ་རྣམས་ལ་བྲམ་ཟེ་དང་། ཁྱིམ་དུ་གནས་ཀྱང་རྐུ་སོགས་མི་བྱེད་པའི་འབྱོར་ཅན་ལ་རྗེ་རིགས་དང་སོ་ནོམ་དང་རྐུ་དང་སྲོག་གཅོད་སོགས་བྱེད་པ་ལ་དམངས་རིགས་དང་གདོལ་བའི་རིགས་ཞེས་པའི་ཐ་སྙད་བྱུང་ཞིང་། དེ་ནས་རྫུན་དང་སྲོག་གཅོད་སོགས་མི་དགེ་བའི་ལས་ཀྱི་ལམ་ལྷག་པ་སྟེ་འཕེལ་བས། རིམ་གྱིས་ཚེ་བྲི་ནས་ལོ་ནི་ཐུང་བ་བཅུ་པའི་བར་དུ་ཡང་འབྱུང་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམ་བཞིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། མཐར་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། བཅུད་ཀྱི་སེམས་ཅན་ནི་མཚོན་དང་ནད་དང་མུ་གེའི་བསྐལ་པ་བར་མ་གསུམ་པོ་དག་གིས་ཚར་ཕྱིན་པ་སྟེ་རྫོགས་པར་བྱེད་པའི་ཕྱིར། དེ་གསུམ་གྱི་ཡུན་ཚད་ཡོད་དེ། གོ་རིམ་བཞིན་དུ་མཚོན་གྱི་བསྐལ་པ་ཞག་བདུན་རྣམས་དང་། དེའི་སྔོན་དུ་ནད་ཀྱི་བསྐལ་པ་ཞག་བདུན་ཟླ་བ་བདུན་དང་། དེའི་སྔོན་དུ་མུ་གེའི་བསྐལ་པ་ལོ་བདུན་ཟླ་བ་བདུན་ཞག་བདུན་འབྱུང་བའི་ཕྱིར། དེ་དག་ཏུ་མི་སྐྱེ་བའི་ཐབས་ཡོད་དེ། ཉི་མ་འགའ་ཞིག་ཏུ་སྲོག་གཅོད་སྤོང་བའི་སྡོམ་པ་བསྲུངས་པས་མཚོན་བསྐལ་དང་། དགེ་འདུན་ལ་ཨ་རུ་ར་སོགས་སྨན་ཕུལ་བས་ནད་བསྐལ་དང་། དགེ་འདུན་ལ་བསོད་སྙོམས་ཕུལ་བས་མུ་གེའི་བསྐལ་བར་མི་སྐྱེ་བར་བཤད་པའི་ཕྱིར། གཉིས་པ་འཇིག་བསྐལ་བྱེ་བྲག་ཏུ་བཤད་པ་ལ། འཇིག་རྐྱེན། འཇིག་བྱ། འཇིག་པའི་རྒྱུ་མཚན། སྔི་ལྟར་འཇིག་ཚུལ་དང་བཞི། དང་པོ་ནི། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སྣོད་འཇིག་རྐྱེན་ལ་གསུམ་ཡོད་དེ། ད་ལྟའི་ཉི་མ་འདི་དང་ཉི་མ་གཞན་དྲུག་རིམ་གྱིས་བྱུང་ནས་མེ་དང་ཆར་ཆེན་པོ་འབབ་པའི་ཆུ་དང་། དྲག་པོའི་རླུང་དག་གིས་འཇིག་པ་དག་ནི་གསུམ་ཡིན་པའི་ཕྱིར། ཡང་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། མུ་སྟེགས་པས་རྡུལ་ཕྲ་རབ་མི་འཇིག་པར་འདོད་ཀྱང་འདིར་དེ་ཡང་འཇིག་པར་སྟོན་པའི་ཕྱིར། གཉིས་པ་ནི། བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་ཚེ་གོ་རིམ་བཞིན། ཞེས་བྱུང་། ཤེས་བྱ་ཆོས་ཅན། འཇིག་པ་གསུམ་གྱི་འཇིག་བྱ་དང་གང་ལུས་པ་ཡོད་དེ། བསམ་གཏན་གཉིས་པ་དང་། སོགས་ཀྱི་ས་གསུམ་པ་དང་བཞི་པ་གསུམ་གྱི་འོག་མན་ཆད་མེ་ཆུ་རླུང་གསུམ་གྱིས་འཇིག་པར་བྱེད་ཅིང་། དེ་དག་གི་རྩེ་མོ་སྟེ་གོང་མ་གསུམ་དེའི་ཚེ་ཡི་འཇིག་པའི་ཕྱིར། དེར་ཐལ། མེས་བསམ་གཏན་དང་པོ་མན་ཆད་དང་། ཆུས་བསམ་གཏན་གཉིས་པ་མན་ཆད་དང་། རླུང་གིས་རང་གི་འཇིག་བྱ་བསམ་གཏན་གསུམ་པ་མན་ཆད་འཇིག་ཅིང་། རང་རང་གི་གོང་མ་ལུས་པ་གཉིས་པ་དང་གསུམ་པ་དང་བཞི་པ་རྣམས་མི་འཇིག་པའི་ཚུལ་གོ་རིམ་བཞིན་དུ་སྦྱོར་བ་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ལྟར་འཇིག་པའི་རྒྱུ་མཚན་ཡོད་དེ། འཇིག་བྱེད་མེ་ཆུ་རླུང་གསུམ་དང་མཐུན་པའི་སྐྱོན་གསུམ་གྱི་དབང་གིས་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་དེ་དང་དེའི་ནང་གི་སྐྱོན་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་དང་། གཉིས་པ་ན་བསམ་གཏན་གྱི་སྐྱོན་དགའ་བདེ་ཆུ་ལྟ་བུ་དང་། གསུམ་པ་ན་དེའི་སྐྱོན་དབུགས་འབྱུང་རྔུབ་ཀྱི་རླུང་ཡོད་པས་ན་ཕྱིི་རྐྱེན་དེ་གསུམ་གྱི་དབང་གིས་འཇིག་པར་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་དཔྱོད་ཀྱིས་ཡིད་མེ་ལྟར་གདུང་བར་བྱེད་པའི་ཕྱིིར། གཉིས་པ་གྲུབ་སྟེ། ཤིན་སྦྱངས་ཀྱི་དགའ་བ་དེས་ལུས་མཉེན་ཅིང་ཆུ་ལྟར་རླན་པར་བྱེད་པའི་ཕྱིིར། གསུམ་པ་གྲུབ་སྟེ། དབུགས་ཀྱི་འབྱུང་རྔུབ་རླུང་ལྟར་བྱེད་པའི་ཕྱིར། བསམ་གཏན་བཞི་པ་ན་འཇིག་པ་དེ་གསུམ་མེད་དེ། །བསམ་གཏན་བཞི་པའི་ཏིང་ངེ་འཛིན་ནི། སྐྱོན་དེ་དག་གིས་མི་གཡོ་བའི་ཕྱིར། འོ་ན་དེ་དག་རྟག་པ་ཡིན་ནམ་ཞེ་ན། མི་རྟག་པ་ཡིན་ཏེ། བཞི་པ་དེའི་གཞལ་མེད་ཁང་སེམས་ཅན་དང་བཅས་ཏེ་ལྷན་ཅིག་འབྱུང་བ་དང་ལྷན་ཅིག་འཇིག་པར་བྱེད་པའི་ཕྱིར། དེར་ཐལ། དེ་དག་གི་སྣོད་རྣམས་སྐར་མ་ལྟར་མ་འབྲེལ་བར་སོ་སོར་གནས་པས་སོ་སོ་ལས་ཐུན་མོང་དུ་འཇིག་པ་མེད་པའི་ཕྱིར། བཞི་པ་ནི། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ནས་འཇིག་བྱེད་གསུམ་གྱིས་འཇིག་ཚུལ་ཡོད་དེ། མེ་ཡིས་འཇིག་པའི་ཚུལ་བདུན་འབྱུང་ཞིང་། དེ་ནས་ཆུ་ཡིས་འཇིག་པ་གཅིག་འབྱུང་། ཚུལ་དེ་ལྟར་མེས་འཇིག་བདུན་རེའི་མཇུག་ཏུ་ཆུས་འཇིག་རེ་རེ་འབྱུང་ཞིང་ཆུས་འཇིག་བདུན་ཐལ་ནས་ནི། དེའི་རྗེས་སུ་མེ་ཡིས་འཇིག་པ་བདུན་དང་། དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་གཅིག་འབྱུང་བ་ཡིན་པའི་ཕྱིིར། མེས་འཇིག་གི་ཚེ་ཉི་མ་གཅིག་པོ་འདི་བདུན་འགྱུར་གྱི་ཚ་བར་སོང་ནས་འཇིག་པ་དང་། ཉི་མ་གཞན་དྲུག་ལོགས་སུ་འབྱུང་བར་འདོད་པའི་ཚུལ་གཉིས་སྣང་བ་ལས་ཕྱི་མ་ལྟར་མངོན་ནོ། །མེས་འཇིག་མང་ཞིང་དེ་ལས་ཆུས་འཇིག་ཉུང་བ་དང་རླུང་གིས་འཇིག་པ་གཅིག་འབྱུང་བའི་རྒྱུ་མཚན་ཡོད་དེ། ཚངས་ཆེན་དང་འོད་གསལ་དང་དགེ་རྒྱས་པའི་ཚེ་ཚད་ཀྱི་ཁྱད་པར་གྱིས་ཡིན་པའི་ཕྱིར། དེ་ལྟར་ན་བསྐལ་ཆེན་དེ་བཞིན་རླུང་འཇིག་འབྱུང་བ་ཡིན་ཏེ། མེས་འཇིག་བདུན་ཚན་བརྒྱད་དང་། ཆུས་འཇིག་བདུན་ཚན་གཅིག །དེ་ནས་རླུང་གིས་འཇིག་པ་གཅིག་འབྱུང་བའི་ཕྱིར་རོ། ། གནས་གསུམ་པའི་ཚིག་དོན་ལེགས་པར་བཤད་ཟིན་ཏོ།། །།དགེའོ།།


previousཆོས་མངོན་པ་མཛོད་ཀྱི་གནས་གསུམ་པའི་རྣམ་བཤད།next