Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་གནས་བཞི་པའི་རྣམ་བཤད།next

ཆོས་མངོན་པ་མཛོད་ཀྱི་གནས་བཞི་པའི་རྣམ་བཤད།

ཆོས་མངོན་པ་མཛོད་ཀྱི་གནས་བཞི་པའི་རྣམ་བཤད་བཞུགས།

གཉིས་པ་སྤང་བྱ་ཀུན་འབྱུང་བདེན་པ་གཏན་ལ་དབབ་པ་ལ། ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ལས་ཀྱི་རྣམ་གྲངས་བསྟན་པའི་དོན་བསྡུ་བ་གསུམ། དང་པོ་ནི། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། འཇིག་རྟེན་སྣ་ཚོགས་པ་འདི་ནི་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། རང་རང་གི་རྒྱུ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལས་ལས་སྐྱེས་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ལས་ཡིན་ན། སེམས་བྱུང་ཡིན་པས་ཁྱབ་ཟེར་ན། ལུས་ངག་གི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མི་འཐད་པར་ཐལ། གཟུགས་ཅན་ཡིན་པའི་ཕྱིར། ཁ་ཅིག །དེ་ཡིན་ན། གཟུགས་ཅན་ཡིན་པས་ཁྱབ་ཟེར་ན། ཡིད་ལས་སེམས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླའོ། ཁ་ཅིག །ལས་ཡིན་ན། བདེ་སྡུག་བར་མ་གསུམ་གང་རུང་མྱོང་འགྱུར་གྱི་ལས་ཡིན་པས་ཁྱབ་ཟེར་ན། ཟག་མེད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྣམ་སྨིན་མྱོང་འགྱུར་གྱི་ལས་མ་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་མ་ཡིན་པའི་ཕྱིར། ཁ་ཅིག །ཟག་བཅས་ཀྱི་ལས་ཡིན་ན། དེ་གསུམ་གང་རུང་མྱོང་ངེས་ཡིན་པས་ཁྱབ་ཟེར་ན། རྣམ་སྨིན་མི་འབྱིན་པའི་ལུང་མ་བསྟན་གྱི་ལས་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ལུང་མ་བསྟན་གྱི་ལས་ཡིན་པའི་ཕྱིར། ཁ་ཅིག །ལུས་ངག་གང་རུང་གི་ལས་ཡིན་ན། ཟག་བཅས་ཡིན་པས་ཁྱབ་ཟེར་ན། དགྲ་བཅོམ་པའི་ལུས་ལས་སུ་གྱུར་པའི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླའོ། །གཉིས་པ་ལ། བསྟན་བཅོས་ནས་བཤད་པ་དང་། མདོ་ལས་བཤད་པའི་ཚུལ་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། རིག་བྱེད་མིན་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་སེམས་པ་དང་བསམ་པའི་ལས་ངོས་བཟུང་བ། རིག་བྱེད་དང་དེ་མིན་པ་ངོས་བཟུང་བ། དེ་དག་ལ་དགེ་སོགས་འཇིག་ཚུལ་གསུམ། དང་པོ་ནི། དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་བྱུང་། འདི་ལ་ཚིག་དོན། སྤྱི་དོན། མཐའ་དཔྱད་པ་གསུམ། དང་པོ་ལ། ལས་དེ་ནི་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། སེམས་པའི་ལས་དང་། དེས་བྱས་པ་བསམ་པའི་ལས་གཉིས་ཡོད་པའི་ཕྱིར། སེམས་པའི་ལས་ཆོས་ཅན། ཡིད་ཀྱི་ལས་ཡིན་ཏེ། ཡིད་ཀྱིས་བསྒྲུབས་ལ་ལུས་ངག་ཏུ་མ་ཐོན་པའི་ལས་ཡིན་པའི་ཕྱིར། དེས་བསྐྱེད་པའི་ལས་ཆོས་ཅན། ཁྱོད་ལ་ལུས་དང་ངག་གི་ལས་གཉིས་ཡོད་དེ། ལུས་དང་ངག་གིས་གཙོ་བོར་བསྒྲུབས་པའི་ལས་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། ལས་ཀྱི་ངོ་བོ་ལ་འདོད་ཚུལ་མི་འདྲ་བ་ཡོད་དེ། བྱེ་བྲག་སྨྲ་བ་དང་དབུ་མ་པ་ཁ་ཅིག་ལུས་ངག་གི་ལས་གཟུགས་ཅན་དུ་འདོད། དབུ་མ་པ་གཞན་དང་སེམས་ཙམ་པ་དང་མདོ་སྡེ་པས་ལས་རྣམས་སེམས་བྱུང་དུ་འདོད་པའི་ཕྱིར། དེའི་ཕྱིར་ལུས་ངག་གི་ལས་གཉིས་ལ་རྣམ་རིག་ཡིན་མིན་གཉིས་ཡོད་ཅིང་། རྣམ་གྲངས་ཀྱི་སྒོ་ནས་དབྱེ་བ་མང་དུ་འབྱུང་བ་ནི་ཚིག་དོན་བཤད་པ་ལས་ཤེས་པར་བྱ་སྟེ། འཆད་པར་འགྱུར་རོ། །གསུམ་པ་མཐའ་དཔྱད་པ་ལ། ཁ་ཅིག ལུས་ཀྱི་རྣམ་པར་རིག་བྱེད་ནི་ལུས་ཀྱི་དབྱིབས་སྡོད་ཚུལ་ཙམ་ལ་བྱེད་ཟེར་ན། དེ་མི་འཐད་པར་ཐལ། དེ་ནི་སེམས་ཀྱི་དབང་གིས་ལུས་ཀྱིས་བསྡད་པའི་དབྱིབས་ལྟ་བུ་ལ་བྱེད་པའི་ཕྱིར། དེར་ཐལ། སེམས་ཀྱིས་དབང་མིན་པར་རླུང་ལྟ་བུའི་དབང་ཙམ་གྱིས་ལུས་ད་ལྟར་བསྡད་པའི་དབྱིབས་ནི་རྣམ་པར་རིག་བྱེད་ཀྱི་ཟུགས་སུ་མི་འགྱུར་བར་རང་འགྲེལ་ལས་བཤད་པའི་ཕྱིར། ཁ་ཅིག །སྡོམ་པ་ལེན་པ་ལྟ་བུའི་སྐབས་སུ་ལུས་ཚང་བའི་དབྱིབས་ཙམ་རྣམ་པར་རིག་བྱེད་ཀྱི་གཟུགས་སུ་འཇོག་ཟེར་ན། དེ་མི་འཐད་པར་ཐལ། དེའི་ཚེ་ཡང་སེམས་ཀྱི་ཁྱད་པར་རིག་ཅིང་གོ་བར་བྱེད་པའི་ལྟས་བཞིན་འགྱུར་བ་དང་པུས་མོ་འཛུག་པ་དང་ཐལ་མོ་སྦྱར་བ་ལྟ་བུའི་ལུས་ཀྱི་སྡོད་ཚུལ་ཁྱད་པར་བ་ཞིག་རྣམ་པར་རིག་བྱེད་ཀྱི་གཟུགས་སུ་འཇོག་དགོས་པའི་ཕྱིར། དེར་ཐལ། རྣམ་པར་རིག་བྱེད་ཀྱི་སྒྲ་དོན་ནི། ནང་གི་ཀུན་སློང་རིག་པར་བྱེད་པའི་དོན་ཡིན་པས་ལག་པ་ཐལ་མོ་སྦྱོར་བ་ལ་སོགས་པའི་ཕྱིའི་ལུས་ངག་གི་རྣམ་འགྱུར་གྱིས་ནང་གི་བསམ་པའི་ཁྱད་པར་དད་སོགས་དང་ལྡན་པར་རིག་ཅིང་གོ་བར་བྱེད་ནུས་སུ་མཐོང་བའི་ཕྱིར། ཁ་ཅིག །དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའི་དངོས་བསྟན་གྱི་ལས་ཡིན་ན། །ལས་ཡིན་པས་ཁྱབ་ཟེར་ན། ལོག་ལྟ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེའི་དངོས་བསྟན་གྱི་རྣམ་སྨིན་ནག་པའི་ལས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། གནོད་སེམས་ལ་སོགས་ལས་མིན་ཡང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་དག་རྣམ་རེག་རྣམ་རིག་མིན། །ཞེས་བྱུང་། ལུས་ངག་གི་ལས་དེ་དག་ཆོས་ཅན། ཁྱོད་རེ་རེ་ལའང་གཉིས་རེ་ཡོད་དེ། རྣམ་པར་རིག་བྱེད་དང་། རིག་བྱེད་མ་ཡིན་པ་གཉིས་པ་ཡོད་པའི་ཕྱིར། གཉིས་པ་ལ། རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས། དང་པོ་ལ། ལུས་དང་ངག་གི་རིག་བྱེད་གཉིས། དང་པོ་ལ། བྱེ་བྲག་སྨྲ་བའི་ལུགས་བཞག །གནས་མ་བུ་པའི་ལུགས་དགག །མདོ་སྡེ་པའི་ལུགས་བརྗོད་པ་གསུམ། དང་པོ་ནི། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །ཞེས་བྱུང་། ལུས་ཀྱི་རྣམ་པར་རིག་བྱེད་ཆོས་ཅན། ལུས་ཀྱི་དབྱིབས་སུ་འདོད་དེ། སེམས་ཀྱི་དབང་གིས་ལུས་ཀྱི་སྡོད་ཚུལ་སོགས་ལ་འདོད་པའི་ཕྱིར། གཉིས་པ་ནི། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་མ་ཡིན་འཇིག་ཕྱིར་རོ། །རྒྱུ་མེད་པ་ལས་འགལ་མི་འབྱུང་། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །ཞེས་བྱུང་། གནས་མ་བུ་བ་ན་རེ། ལུས་སྐད་ཅིག་གིས་མ་འགག་པར་ལུས་གཞན་དུ་འགྲོ་བའི་ལུས་ཀྱི་བྱ་བ་ནི་ལུས་ཀྱི་རིག་བྱེད་དུ་འཇོག་པ་ཡིན་ཟེར་ན། ལུས་ཆོས་ཅན། སྐད་ཅིག་གིས་མ་འགག་པར་ཡུལ་གཞན་དུ་འགྲོ་བ་མ་ཡིན་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན། སྐད་ཅིག་མ་ཡིན་པའི་ཕྱིར། དེར་ཐལ། བཅོམ་ལྡན་འདས་ཀྱིས་འདུས་བྱས་རྣམས་སྐད་ཅིག་མར་གསུངས་པས་ན་ལྟོས་མེད་དུ་འཇིག་པའི་ཕྱིར། ཁོ་ན་རེ། དེ་ལྟར་གསུམ་པ་ནི་གློག་ལྟ་བུ་ལ་དགོངས་ཀྱི། བུམ་པ་ལྟ་བུ་ལ་དགོངས་པ་མིན་ཏེ། བུམ་པ་ལྟ་བུ་ནི་ཕྱིས་འབྱུང་གི་འཇིག་རྒྱུ་ཐོ་བ་ལྟ་བུ་སོགས་ལ་ལྟོས་པའི་ཕྱིར་ཟེར་ན། འོ་ན། དོན་གཞན་པའི་འཇིག་རྒྱུ་མེད་པ་ལ་འཇིག་པ་འགའ་ཡང་འབྱུང་མི་སྲིད་པར་ཐལ། དངོས་པོ་ཐམས་ཅད་འཇིག་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར། འདོད་མི་ནུས་ཏེ། གློག་དང་མར་མེ་སོགས་དེ་ལ་མི་ལྟོས་པར་རང་གཞན་གྱིས་མཐོང་བའི་ཕྱིར། ཁ་ཅིག །ཐོ་བས་བུམ་པའི་དབྱིབས་སོགས་གཞན་དུ་སྒྱུར་བར་བྱེད་པས་ན་དེ་བུམ་པའི་འཇིག་རྒྱུ་ཡིན་ཟེར་ན། འོ་ན་རྫ་བུམ་གྱི་རྒྱུ་རྫ་མཁན་དང་མེ་ལྕེ་ལ་སོགས་པ་ཡང་དེའི་འཇིག་པ་པོར་འགྱུར་བར་ཐལ། དེ་རྣམས་ཀྱིས་རྫ་བུམ་དེ་དབྱིབས་དང་ཁ་དོག་གཞན་དུ་སྒྱུར་བར་བྱེད་པའི་ཕྱིར། འདོད་ན། ཕན་འདོགས་བྱེད་དང་གནོད་བྱེད་གཉིས་ཀ་ཡིན་པར་ཐལ་ལོ། །གསུམ་པ་ནི། གཉིས་གཟུང་འགྱུར་ཏེ་རྡུལ་ལ་མེད། ཅེས་བྱུང་། མདོ་སྡེ་པ་ན་རེ། དབྱིབས་རྫས་སུ་མེད་དེ། དེ་ལྟོས་ཏེ་བཞག་པའི་བཏགས་ཡོད་ཡིན་པའི་ཕྱིིར། གལ་ཏེ་རྫས་སུ་ཡོད་ན། མིག་དང་ལུས་དབང་གཉིས་ཀྱི་གཟུང་བྱར་འགྱུར་བར་ཐལ། དེ་གཉིས་ཀ་ལ་བརྟེན་ནས་ཀྱང་ཤེས་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རིང་པོ་དང་ཐུང་ངུ་སོགས་ཀྱི་དབྱིབས་ནི་གཟུགས་ཀྱི་སྐྱེ་མཆེད་དང་མིག་གི་དབང་པོའི་གཟུང་བྱ་ཡིན་གྱི། རེག་བྱའི་སྐྱེ་མཆེད་མིན་པས་ལུས་དབང་གི་གཟུང་བྱར་མི་འགྱུར་བའི་ཕྱིར། ཡང་། དབྱིབས་ནི་རྫས་སུ་མེད་དེ། ཁ་དོག་སྔོན་པོ་ཅན་གྱི་དབྱིབས་གྲུབ་བཞི་བཅོམ་པའི་རྡུལ་ཕྲན་ལ་ཁ་དོག་སྔོན་པོ་ཡོད་ཀྱང་དབྱིབས་གྲུ་བཞི་མེད་པའི་ཕྱིར་ཟེར། ཁ་ཅིག་མདོ་སྡེ་པ་ལྟར་ན་རྡུལ་ཕྲ་རབ་ལ་དབྱིབས་མེད་ཟེར་བ་ནི་མི་འཐད་དེ། དེ་དབྱིབས་ཟླུམ་པོར་བཤད་པའི་ཕྱིར། གཞན་དུ་ན་རྡུལ་ཕྲན་ཆ་མེད་འདོད་དགོས་པར་འགྱུར་རོ། །ཡང་རྡུལ་ཕྲ་རབ་བདུན་རྡུལ་ཕྲ་རབ་མིན་ཟེར་བ་ནི་མི་འཐད་དེ། རྡུལ་ཕྲ་རབ་ཐམས་ཅད་རྡུལ་ཕྲ་རབ་ཡིན་པའི་ཕྱིར། དེར་ཐལ། རྡུལ་ཕྲ་རབ་བདུན་འདུས་པའི་གོང་བུ་དེ་རྡུལ་ཕྲ་རབ་མིན་ཡང་། དེ་བདུན་དེ་ཡིན་པའི་ཁྱད་པར་འབྱེད་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། ཡུངས་ཀར་བརྒྱ་ཡུངས་ཀར་ཡིན་པའི་ཕྱིར། དེར་ཐལ། མི་བརྒྱ་མི་ཡིན་པའི་ཕྱིར། གཉིས་པ་ནི། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་བྱུང་། ངག་གི་རྣམ་པར་རིག་བྱེད་ནི་ཆོས་ཅན། ངོ་བོ་ཡོད་དེ། ངག་གི་རང་བཞིན་གྱི་སྒྲ་ལ་འཇོག་པའི་ཕྱིར། གཉིས་པ་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་ལ། དབྱེ་བ། སྒྲུབ་བྱེད། ཁྱད་ཆོས་གསུམ། དང་པོ་ནི། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །ཞེས་བྱུང་། རྣམ་རིག་མ་ཡིན་པའི་གཟུགས་ཆོས་ཅན། དབྱེ་ན་རྣམ་པ་གསུམ་ཡོད་དེ། སྡོམ་པ་དང་སྡོམ་མིན་དང་བར་མའི་ཚུལ་ཁྲིམས་ཀྱིས་བསྡུས་པ་གསུམ་མམ་བསྟན་ཡོད་སོགས་གསུམ་དང་། དྲི་མེད་ཀྱི་གཟུགས་ཞེས་མདོ་ལས་གསུངས་པ་རྣམས་ཡོད་པའི་ཕྱིར། ཁ་ཅིག །འདིར་རྣམ་རིག་མིན་པ་ལ་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་བཤད་པ་ནི་མི་འཐད་དེ། དེ་ཡིན་ན་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཡིན་དགོས་པའི་ཕྱིར། གཉིས་པ་ནི། འཕེལ་དང་མ་བྱས་ལམ་སོགས་ཕྱིར། ཞེས་བྱུང་། ཤེས་བྱ་ཆོས་ཅན། རྣམ་རིག་མིན་པའི་གཟུགས་ཡོད་དེ། མདོ་ལས་བསྟན་ཡོད་ཐོགས་བཅས་དང་། བསྟན་མེད་ཐོགས་བཅས་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུམ་ཡོད་པར་གསུངས་པ་གང་ཞིག །ཕྱི་མ་དེ་རྣམ་རིག་མིན་པར་འཇོག་དགོས་པའི་ཕྱིར་དང་། རྫས་ལས་བྱུང་བའི་བསོད་ནམས་འཕེལ་བར་གསུངས་པ་དང་། རང་གིས་མ་བྱས་པར་སྲོག་གཅོད་ཀྱི་ལས་ལམ་སོགས་འགྲུབ་པ་ཡོད་པས་རྣམ་རིག་མ་ཡིན་པའི་གཟུགས་མེད་ན་དེ་མི་རུང་བའི་ཕྱིར། གསུམ་པ་ཁྱད་ཆོས་ལ། རྒྱུ་དང་ས་དང་ངོ་བོ་དང་རྒྱུའི་ཁྱད་ཆོས་གཞན་བཤད་པ་བཞི། དང་པོ་ནི། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེས། །ཞེས་བྱུང་། འདོད་གཏོགས་ཀྱི་རྣམ་རིག་མིན་པའི་གཟུགས་ཆོས་ཅན། །སྐྱེ་ཚུལ་ཡོད་དེ། སྐད་ཅིག་དང་པོ་ནི་རང་དང་དུས་མཉམ་པའི་ས་སོགས་འབྱུང་བཞི་ད་ལྟ་བ་ཁོ་ན་དང་། དང་པོ་ཕྱིན་ཆད་ནི་འདས་པའི་འབྱུང་བཞི་དང་རང་གི་རྟེན་གྱི་འབྱུང་བཞི་ད་ལྟ་བ་ལས་སྐྱེས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཡན་ཆད་དུ་དེའི་རིགས་འདྲ་འདས་པ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་གི་སྔོན་དུ་སྐྱེ་མཆེད་ཀྱི་འབྱུང་བཞི་སོང་ཞིང་ད་ལྟ་བས་ནི་རྒྱུན་མི་ཆད་པའི་གཞི་རྟེན་བྱེད་པའི་ཕྱིར། འབྱུང་བ་ལ་ཕྱི་ནང་གི་འབྱུང་བ་གཉིས་ཡོད་པའི་ནང་གི་འབྱུང་བཞིའི་ཁྱད་པར་ཡོད་དེ། ལུས་ཀྱི་ཤ་རུས་སོགས་ས་དང་ཁྲག་སོགས་ཆུ་དང་དྲོད་མེ་དང་དབུགས་སོགས་རླུང་གི་ཁམས་སུ་འཇོག་པའི་ཚུལ་ཤེས་དགོས་པའི་ཕྱིར། གཉིས་པ་ནི། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། །ཟག་མེད་གང་དུ་སྐྱེས་པའི་ཡིན། །ཞེས་བྱུང་། ཟག་བཅས་ཀྱི་ལུས་དང་ངག་གི་ལས་རྣམ་རིག་མིན་པ་དེ་ཆོས་ཅན། འདོད་གཟུགས་ཀྱིས་གང་ཡིན་པ་དེའི་རང་གི་སའི་འབྱུང་བ་བཞི་པོ་དག་རྒྱུར་བྱས་ནས་སྐྱེ་སྟེ། འབྱུང་བ་དེ་དག་གིས་ཁྱོད་ལ་ཕན་འདོགས་པའི་ཕྱིར། ཟག་མེད་ཀྱི་ལུས་ངག་གི་རྣམ་རིག་མིན་པ་དེ་ཆོས་ཅན། གང་ལས་སྐྱེས་པ་ཡོད་དེ། ཁམས་གསུམ་གྱི་སས་བསྡུས་མེད་ཀྱང་གང་དུ་སྐྱེས་པའི་ས་དེའི་འབྱུང་གྱུར་རྒྱུར་བྱས་ནས་སྐྱེས་པའི་ཕྱིར། གསུམ་པ་ནི། རྣམ་རིག་བྱེད་མིན་མ་ཟིན་དང་། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །ཞེས་བྱུང་། རྣམ་རིག་མིན་པའི་གཟུགས་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། མ་ཟིན་པ་དང་རྒྱུ་མཐུན་ལས་བྱུང་བ་དང་སེམས་ཅན་དུ་སྟོན་པ་གསུམ་དང་ལྡན་པའི་ཕྱིར། བཞི་པ་ནི། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང་། །རྒྱས་བྱུང་ཐ་དད་མིན་ལས་སྐྱེ། །ཞེས་བྱུང་། རྣམ་རིག་མིན་པ་དེ་ཆོས་ཅན། སྐྱེ་ཚུལ་བཞི་ཡོད་དེ། འདོད་པའི་དེ་ནི་རྒྱུ་མཐུན་དང་ཟིན་པའི་འབྱུང་བ་ལས་སྐྱེ། ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ལྟ་བུ་ནི་མ་ཟིན་པའི་འབྱུང་བ་དང་རྒྱས་བྱུང་ལས་སྐྱེ། སོ་ཐར་ལྟ་བུ་ནི་འབྱུང་བ་རིགས་གཞན་ཐ་དད་ལས་སྐྱེ། བསམ་གཏན་གྱི་སྡོམ་པ་ནི་འབྱུང་བ་བཞི་ཚན་རིགས་ཐ་དད་མིན་པ་ལས་སྐྱེ་བའི་ཕྱིར། གསུམ་པ་ལ། དངོས་དང་། དགེ་སོགས་གསུམ་གྱི་དབྱེ་བ། ཀུན་སློང་བྱེ་བྲག་ཏུ་བཤད་པ་གསུམ། དང་པོ་ནི། རྣམ་རིག་མིན་ལུང་བསྟན་མིན་མོད། །གཞན་ནི་རྣམ་གསུམ་མི་དགེ་ནི། །འདི་ནའོ་གཟུགས་ནའང་རྣམ་རིག་མིན། །རྣམ་རིག་བྱེད་དང་བཅས་དག་ན། །འདོད་པ་ན་ཡང་བསྒྲིབས་པ་མེད། །གང་ཕྱིར་ཀུན་སློང་མེད་ཅེས་བྱུང་། །རྣམ་རིག་མིན་པ་དེ་ཆོས་ཅན། ཁྱོད་ལ་ལུང་མ་བསྟན་མེད་དེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། གཞན་རྣམ་རིག་བྱེད་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པའི་ཕྱིར། མི་དགེ་བའི་རྣམ་རིག་བྱེད་ནི་ཆོས་ཅན། ཁམས་གོང་མ་གཉིས་ན་མེད་དེ། འདོད་པ་ཁོ་ནའི་སས་བསྡུས་པའི་ཕྱིར། གཟུགས་ཁམས་ནའང་ཆོས་ཅན། ལས་གཉིས་ཡོད་དེ། རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་གཉིས་ཡོད་པའི་ཕྱིར། གཟུགས་མེད་ན་དེ་གཉིས་མེད་དེ། དེར་གཟུགས་མེད་པའི་ཕྱིར། རྣམ་པར་རིག་བྱེད་ནི་ཆོས་ཅན། རྟོག་དཔྱོད་དང་བཅས་པའི་བསམ་གཏན་དང་པོ་དག་ན་ཡོད་ཀྱི་དེ་ཡན་ན་མེད་དེ། དེའི་ཀུན་སློང་དེ་ན་མེད་པའི་ཕྱིར། འདོད་པ་ན་ཡང་སྒྲིབ་པའི་རྣམ་པར་རིག་བྱེད་མེད་དེ། གང་གི་ཕྱིར་ན་དེར་དེའི་ཀུན་སློང་མེད་པའི་ཕྱིར། གཉིས་པ་ནི། ཐར་པ། དམ་པའི་དོན་དུ་དགེ་རྩ་བ། ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །བྱ་བ་ལ་སོགས་ཀུན་སློང་བས། །བཟློག་པ་མི་དགེ་དོན་དམ་པར། །ལུང་མ་བསྟན་པ་བསྟན་པ་དག །ཅེས་བྱུང་། ཐར་པ་ཆོས་ཅན། དམ་པའི་དོན་དུ་དགེ་བ་ཞེས་བྱ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་བདེ་བའི་རང་བཞིན་ཅན་ཡིན་པའི་ཕྱིར། དགེ་བའི་རྩ་བ་གསུམ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆོས་ཅན། བདག་ཉིད་དམ་ངོ་བོ་ཉིད་ཀྱི་དགེ་བ་ཡིན་ཏེ། རྣམ་སྨིན་དཀར་བའི་ངོ་བོར་ལུང་དུ་བསྟན་པ་ཡིན་པའི་ཕྱིར། དགེ་བ་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཆོས་ཅན། མཚུངས་ལྡན་གྱི་དགེ་བ་ཡིན་ཏེ། གྲོགས་ཅན་གྱི་དབང་གིས་དེར་བཞག་པའི་ཕྱིར། དགེ་བའི་ལུས་ངག་གི་བྱ་བ་ལ་སོགས་ཀུན་ནས་སློང་བའི་སེམས་སེམས་བྱུང་དང་བསླང་བའི་ལས་དང་ཐོབ་པ་དང་སྙོམས་འཇུག་རྣམས་ཆོས་ཅན། ཀུན་སློང་གི་དགེ་བ་ཞེས་བྱ་སྟེ། ཀུན་སློང་གི་སྒོ་ནས་དེར་བཞག་པའི་ཕྱིར། ཐར་པ་ལས་བཟློག་པ་འཁོར་བ་ཆོས་ཅན། དོན་དམ་པར་མི་དགེ་བ་ཡིན་ཏེ། སྡུག་བསྔལ་གྱི་གནས་དམ་པ་ཡིན་པའི་ཕྱིར། དགེ་མི་དགེ་གཉིས་འཇོག་པ་ཀུན་སློང་གཙོ་ཆེ་ཡང་དེ་ཁོ་ནའི་སྒོ་ནས་མིན་ཏེ། དགེ་མི་དགེ་གཉིས་ཀ་ལ་ནི་རྣམ་གྲངས་ཀྱིས་དོན་དམ་པ་དང་ངོ་བོ་ཉིད་དང་མཚུངས་ལྡན་དང་ཀུན་སློང་གི་སྒོ་ནས་འཇོག་ཚུལ་ཡོད་བའི་ཕྱིར། དོན་དམ་པའི་དགེ་མི་དགེ་ལ་དགེ་མི་དགེས་མ་ཁྱབ་སྟེ། འཁོར་འདས་གཉིས་དེ་གང་རུང་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ལུང་མ་བསྟན་ཡིན་པའི་ཕྱིར་ཏེ། སོ་སོར་བརྟགས་མིན་གྱི་འགོག་པ་དང་འདུས་མ་བྱས་ཀྱི་ཆོས་རྣམས་དོན་དམ་པའི་ལུང་མ་བསྟན་དང་། དབང་པོ་གཟུགས་ཅན་པ་རྣམས་ངོ་བོ་ཉིད་ཀྱི་ལུང་མ་བསྟན་དང་། གོང་མའི་སས་བསྡུས་ཀྱི་ཉོན་མོངས་རྣམས་མཚུངས་ལྡན་གྱི་ལུང་མ་བསྟན་དང་། སྤྲུལ་པའི་ལུས་ངག་གི་བྱ་བ་ཕལ་ཆེར་དག་དོན་དམ་པའི་ལུང་མ་བསྟན་ཡིན་པའི་ཕྱིར་ཏེ། རྣམ་སྨིན་དགེ་མི་དགེ་གང་རུང་འབྱིན་པར་ལུང་དུ་མ་བསྟན་པའི་རིགས་གནས་ཡིན་པའི་ཕྱིར། གསུམ་པ་ལ། ཀུན་སློང་གི་དབྱེ་བ་དང་། མུ་བཞིའི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་བྱུང་། ལས་ཀྱི་ཀུན་སློང་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ། རྒྱུའི་ཀུན་སློང་དང་དེ་ཡི་དུས་ཀྱི་ཀུན་སློང་ཞེས་བྱ་བ་གཉིས་ཡོད་པའི་ཕྱིར། དེ་གཉིས་ལས་དང་པོ་དེ་ཆོས་ཅན། རབ་ཏུ་འཇུག་བྱེད་ཡིན་ཏེ། ལས་བརྒྱུད་ནས་རབ་ཏུ་འཕེན་པའི་ཀུན་སློང་ཡིན་པའི་ཕྱིར། གཉིས་པ་དེ་ཆོས་ཅན། རྗེས་སུ་འཇུག་བྱེད་མིན་ཏེ། ལས་དེ་དང་དུས་མཐུན་པར་དངོས་སུ་འཇུག་པའི་ཀུན་སློང་ཡིན་པའི་ཕྱིར། གཉིས་པ་ལ། མུ་བཞི་དང་། དགེ་སོགས་དགུར་བཤད་པ་གཉིས། དང་པོ་ནི། མཐོང་བས་སྤང་བྱའི་རྣམ་ཤེས་ནི། རབ་ཏུ་འཇུག་བྱེད་ཡིན་ཡིད་ནི། །སྒོམ་པས་སྤང་བྱ་གཉིས་ཀ་ཡིན། ། ལྔའི་རྗེས་སུ་འཇུག་བྱེད་ཡིན། ཞེས་བྱུང་། འཇུག་བྱེད་ཆོས་ཅན། ཁྱོད་ལ་མུ་བཞི་ཡོད་དེ། རབ་འཇུག་ཡིན་ལ་རྗེས་འཇུག་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་མུ། རྗེས་འཇུག་ཡིན་ལ་རབ་འཇུག་མ་ཡིན་པའི་མུ་བཞིར་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཐོང་བས་སྤང་བར་བྱ་བའི་ཡིད་ཀྱི་རྣམ་ཤེས་རྣམས་རབ་ཏུ་འཇུག་བྱེད་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒོམ་པས་སྤང་བར་བྱ་བའི་ཡིད་ཀྱི་རྣམ་ཤེས་ནི་དེ་གཉིས་ཀ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཟག་མེད་ཀྱི་རྣམ་ཤེས་ནི་དེ་གཉིས་ཀ་མ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། དབང་པོ་གཟུགས་ཅན་གྱི་རྣམ་ཤེས་ལྔ་ནི་རྗེས་སུ་འཇུག་བྱེད་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ནི། རབ་ཏུ་འཇུག་བྱེད་དགེ་སོགས་ལས། རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །ཐུབ་པའི་འདྲ་བའམ་དེ་དགེ་བ། །རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན། །ཞེས་བྱུང་། རབ་ཏུ་འཇུག་བྱེད་དགེ་མི་དགེ་སོགས་གསུམ་པོ་རེ་རེ་ལས་ཀྱང་རྗེས་སུ་འཇུག་བྱེད་ཀྱང་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་དུ་འགྱུར་ཏེ། རྣམ་པ་དགུར་འགྱུར་བའི་ཕྱིར། དེར་མ་ངེས་ཏེ། ཐུབ་པ་བཅོམ་ལྡན་འདས་ཀྱི་རབ་འཇུག་དང་རྗེས་འཇུག་འདྲ་མི་འདྲ་གཉིས་ཡོད་པའི་ཕྱིར་ཏེ། དེའི་རབ་འཇུག་བྱེད་དགེ་བ་ལ་རྗེས་སུ་འཇུག་བྱེད་ཀྱང་དགེ་བ་ཁོ་ན་འབྱུང་ལ། དེ་ལུང་མ་བསྟན་ལ་དགེ་བའམ་ལུང་མ་བསྟན་འབྱུང་བའི་ཕྱིར། རྣམ་སྨིན་སྐྱེས་ཆོས་ཅན། འཇུག་བྱེད་གཉིས་ཀ་མིན་ཏེ། ཀུན་སློང་ལམ་ལྟོས་ཤིང་སྟོབས་ཆུང་བའི་ཕྱིར། གཉིས་པ་རིག་བྱེད་མ་ཡིན་པ་བྱེ་བྲག་ཏུ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། སྡོམ་དང་སྡོམ་པ་མ་ཡིན་གཞན། །ཞེས་བྱུང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཅན། རྣམ་པ་གསུམ་ཡོད་དེ། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་། གཞན་བར་མ་ཞེས་བྱ་བ་གསུམ་ཡོད་པའི་ཕྱིར། གཉིས་པ་ལ། སྡོམ་པ་བཤད་པ་དང་། གསུམ་ཀ་ཐུན་མོང་དུ་བཤད་པ་གཉིས། དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་བྱུང་། སྡོམ་པ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། སོ་སོར་ཐར་ཅེས་བྱ་བའི་སྡོམ་པ་དང་། དེ་བཞིན་དུ་ཟག་མེད་ཀྱི་སྡོམ་པ་དང་། བསམ་གཏན་ལས་སྐྱེས་པའི་སྡོམ་པ་གསུམ་ཡོད་པའི་ཕྱིར། གཉིས་པ་ལས། སོ་ཐར་དང་། བསམ་གཏན་དང་ཟག་མེད། སྡོམ་པའི་རྣམ་གྲངས་གཞན་བཤད་པ་དང་གསུམ། དང་པོ་ལ། དབྱེ་བ། བསྡུ་བ། ལྡན་ཚུལ། ངོ་བོ། རྣམ་གྲངས། སྒྲ་བཤད། རྟེན་གྱི་གང་ཟག་བཤད་པ་དང་བདུན། དང་པོ་ནི། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། ཞེས་བྱུང་། སོ་སོར་ཐར་ཅེས་བྱ་བའི་སྡོམ་པ་ཆོས་ཅན། ཁྱོད་ལ་རྣམ་པ་བརྒྱད་ཡོད་དེ། དགེ་སློང་ཕ་མའི་དང་། དགེ་ཚུལ་ཕ་མ། དགེ་སློབ་མ། དགེ་བསྙེན་ཕ་མ། བསྙེན་གནས་ཀྱི་སྡོམ་པ་དང་བརྒྱད་ཡོད་པའི་ཕྱིར། མཐའ་དཔྱད་པ་ལ། ཁ་ཅིག །ངེས་འབྱུང་གིས་ཟིན་པའི་ཚུལ་ཁྲིམས་ཡིན་ན། སྡོམ་པ་ཡིན་པས་ཁྱབ་ཟེར་ན། ངེས་འབྱུང་གིས་ཟིན་པའི་བར་མའི་ཚུལ་ཁྲིམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བར་མའི་ཚུལ་ཁྲིམས་ཡིན་པའི་ཕྱིར། ཁྱབ་སྟེ། སྡོམ་པ་དང་སྡོམ་མིན་གྱི་བར་མ་ཞིག་ལ་བར་མའི་ཚུལ་ཁྲིམས་སུ་འཇོག་པའི་ཕྱིར། ཁ་ཅིག །བྱེ་བྲག་སྨྲ་བ་ཐམས་ཅད་ཀྱིས་སོ་ཐར་གྱི་སྡོམ་པ་གཟུགས་ཅན་དུ་འདོད་པ་ཡིན་ཏེ། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང་། །ཞེས་གསུངས་པའི་ཕྱིར་ཟེར། གཞན་དག་དེ་མི་འཐད་པར་ཐལ། དེ་ནི་མཛོད་ལུགས་འཛིན་པའི་ཁ་ཆེ་བྱེ་བྲག་སྨྲ་བའི་འདོད་པ་སྟོན་གྱི། ཉི་འོག་པའི་ལུགས་ལ་སོ་ཐར་ལ་གཟུགས་ཅན་གྱིས་མ་ཁྱབ་པའི་ཕྱིར་ཞེས་གསུང་། ཁ་ཅིག །སོ་ཐར་གྱི་སྡོམ་པ་ཡིན་ན། སྤོང་བདུན་འཁོར་བཅས་ཀྱི་སྡོམ་པ་ཡིན་པས་ཁྱབ་ཟེར་ན། སྤོང་བ་རེ་རེ་བའི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། སྲོག་གཅོད་སྤོང་བ་སོགས་ཀྱི་ལས་རེ་རེ་བ་ཡོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། ཁ་ཅིག །སོར་ཐར་གྱི་སྡོམ་པ་ཡིན་ན། རྣམ་པར་རིག་བྱེད་མ་ཡིན་པས་ཁྱབ་ཟེར་ན། རྣམ་པར་རིག་བྱེད་ཀྱི་སོ་ཐར་སྐད་ཅིག་དང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དང་པོ་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །བསམ་གཏན་དང་ཟག་མེད་གང་རུང་ལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། བསམ་གཏན་དང་ཟག་མེད་གཉིས་ཀ་ལ་ཤེས་པ་ཡོད། དེ་གཉིས་ཀྱི་སྡོམ་པ་ལ་འདིར་གཟུགས་ཅན་གྱིས་ཁྱབ་པའི་ཕྱིར། དེར་ཐལ། དེ་ལ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གཙོ་ཆེ་བའི་ཕྱིར་གསུང་། ཁ་ཅིག །དེ་མི་འཐད་པར་ཐལ། དེ་གཉིས་ཀྱི་སྡོམ་པ་ལ་ཤེས་པ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་ལ་སེམས་བྱུང་ཡོད་བའི་ཕྱིར། དེར་ཐལ། དེ་གཉིས་སེམས་ཀྱི་རྗེས་འབྲང་ཡིན་པའི་ཕྱིར། དེར་ཐལ། ཐ་མ་གཉིས་ནི་སེམས་རྗེས་འབྲང་། ཞེས་གསུངས་པའི་ཕྱིར་ཟེར། གཉིས་པ་བསྡུ་བ་ནི། རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། ཞེས་བྱུང་། སོ་ཐར་རིགས་བརྒྱད་པོ་དེ་ཆོས་ཅན། རྫས་སུ་བསྡུ་ན་རྣམ་པ་བཞི་ཡིན་ཏེ། དགེ་སློང་ཕ་མའི་སྡོམ་པ་རྫས་རིགས་གཅིག །དགེ་ཚུལ་ཕ་མ་དང་དགེ་སློབ་མའི་སྡོམ་པ་རྫས་རིགས་གཅིག །དགེ་བསྙེན་ཕ་མའི་སྡོམ་པ་རྫས་རིགས་གཅིག་ཡིན་ཞིང་། །བསྙེན་གནས་ཀྱི་དེ་དང་བཞིར་འདུ་བའི་ཕྱིར། དེར་ཐལ། དགེ་སློང་ཕ་མཚན་འགྱུར་བ་ལས་དགེ་སློང་མར་མིང་ནི་འཕོ་བ་ཡིན་གྱི། དེའི་ཚེ་དགེ་སློང་གི་སྡོམ་པ་མི་གཏོང་ཞིང་། དགེ་ཚུལ་སོགས་ལའང་འདྲ་བའི་ཕྱིར། གསུམ་པ་ནི། ཐ་དད་དེ་དག་འགལ་བ་མེད། །ཞེས་བྱུང་། གང་ཟག་གཅིག་གིས་སྡོམ་གསུམ་རིམ་གྱིས་བླངས་པའི་ཚེ་སྲོག་གཅོད་སྤོང་བའི་སྤོང་བ་རིགས་མཐུན་རྫས་ཐ་དད་པ་གསུམ་སོ་སོར་སྐྱེ་བ་ཡིན་ནམ། སྔ་མ་གཅིག་པོ་དེ་གོང་འཕེལ་དུ་འགྱུར་ཞེ་ན། དེ་གསུམ་རིམ་གྱིས་སོ་སོར་ཐ་དད་པའི་ཚུལ་གྱིས་རིམ་ཅན་དུ་སྐྱེ་སྟེ། དགེ་སློང་ཕུལ་ནས་དགེ་ཚུལ་དུ་གནས་པ་ཡོད་པའི་ཕྱིར། དེའི་ཚེ་སྤོང་བ་རྫས་ཐ་དད་པ་གསུམ་རྒྱུད་གཅིག་ལ་ཅིག་ཅར་ཡོད་པ་འགལ་ལོ་ཞེ་ན། འགལ་བ་མེད་དེ། བསླབ་པའི་གཞིའི་དབང་གིས་རྫས་ཐ་དད་པ་དེ་དག་ཅིག་ཅར་ཚོགས་པ་མི་འགལ་བའི་ཕྱིར། དེར་ཐལ། ཕྱི་མ་སྔ་མའི་གཏོང་རྒྱུར་མི་རུང་བའི་ཕྱིར། བཞི་པ་ངོ་བོ་ནི། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་བྱུང་། སྡོམ་པ་བཞི་པོ་ཆོས་ཅན། སོ་སོའི་ངོ་བོ་ཡོད་དེ། སྤང་བྱ་སྲོག་གཅོད། མ་བྱིན་ལེན། འདོད་ལོག །རྫུན་སྨྲ། ཆང་ལྔ་སྤོང་བར་ཁས་བླངས་པའི་ཆ་ནས་དང་། རྩ་བཞི་དང་གར་སོགས་ཕྲེང་སོགས་གཅིག་དང་། མལ་ཆེ་མཐོ་གཅིག །ཕྱི་དྲོའི་ཁ་ཟས་གཅིག །ཆང་དང་བཅས་བརྒྱད་སྤོང་བའི་ཆ་ནས་དང་། རྩ་བཞི་ཆང་དང་གར་སོགས་གཅིག །ཕྲེང་སོགས་གཅིག མལ་ཆེ་མཐོ་གཅིག །གསེར་དངུལ་ལེན་པ་གཅིག །ཕྱི་དྲོའི་ཁ་ཟས་ཟ་བ་དང་བཅུ་སྤོང་བའི་ཆ་ནས་དང་། གཞན་གནོད་གཞི་དང་བཅས་པ་ཐམས་ཅད་སྤོང་བར་མནོས་པ་སྟེ། ཁས་བླངས་པའི་ཆ་ནས། རིམ་པ་བཞིན་དུ་དགེ་བསྙེན་དང་བསྙེན་གནས་དང་དགེ་ཚུལ་དང་དགེ་སློང་ཉིད་དུ་འགྱུར་བའི་ཕྱིར་ཏེ། དེ་དག་ཏུ་འགྱུར་བའི་ཆེད་དུ་སྡོམ་པ་དེ་དག་བླངས་པ་ཡིན་པའི་ཕྱིར། ལྔ་པ་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ཞེས་བྱུང་། སོ་ཐར་གྱི་སྡོམ་པ་ཆོས་ཅན། མིང་གི་རྣམ་གྲངས་ཡོད་དེ། ཚུལ་ཁྲིམས་དང་། ལེགས་སྤྱད་དང་། ལས་དང་། སྡོམ་པ་ཞེས་བྱ་བར་བཤད་པའི་ཕྱིར། དེར་ཐལ། འཆལ་ཚུལ་གྱི་གདུང་བ་སེལ་བ་དང་། དམ་པས་བསྔགས་པར་འོས་པ་དང་། བྱ་བའི་རང་བཞིན་ཡིན་པ་དང་། ཉེས་སྤྱོད་ལས་སྡོམ་པར་བྱེད་པས་ན་རིམ་པ་བཞིན་དུ་དེ་ལྟར་བརྗོད་པའི་ཕྱིར། དྲུག་པ་ནི། དང་པོའི་རྣམ་རིག་རྣམ་རིག་མིན། སོ་སོར་ཐར་དང་བྱ་བའི་ལམ། །ཞེས་བྱུང་། སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རྣམ་རིག་དང་རྣམ་རིག་མིན་པ་གཉིས་ཡོད་པའི་ཕྱིར། དེ་ཆོས་ཅན། སོ་སོར་ཐར་པ་དང་བྱ་བའི་ལམ་ཞེས་ཀྱང་བྱ་སྟེ། སྡོམ་མིན་ལས་སོ་སོར་ཏེ་དང་པོར་ཐར་པ་དང་། ལུས་ངག་གི་སེམས་པ་འཇུག་པའི་གཞི་ཡིན་པས་ན་དེ་སྐད་དུ་བརྗོད་པའི་ཕྱིར། སོ་སོར་ཐར་པའི་སྡོམ་པ་ལ་སོ་སོར་ཐར་པས་མ་ཁྱབ་སྟེ། སོ་ཐར་སྐད་ཅིག་གཉིས་པ་ཕན་ཆད་སོ་སོར་ཐར་པའི་སྡོམ་པ་ཡིན་ཀྱང་། སོ་སོར་ཐར་པ་མ་ཡིན་པའི་ཕྱིར། འདི་ནི་བཤད་ཚུལ་གསུམ་ལས་གཅིག་གི་དབང་དུ་བྱས་པའོ། །བདུན་པ་ནི། སོ་སོར་ཐར་དང་ལྡན་པ་བརྒྱད། །ཅེས་བྱུང་། སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་ཆོས་ཅན། ཁྱོད་ལ་བརྒྱད་དུ་བཤད་པའི་རྒྱུ་མཚན་ཡོད་དེ། གཞན་སྡེ་ལ་ཚུལ་ཁྲིམས་ཙམ་ཡོད་ཀྱང་སོ་ཐར་མེད་ཅིང་། འདིར་སོ་ཐར་གྱི་སྡོམ་པ་རིགས་བརྒྱད་དུ་ངེས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི། བསམ་གཏན་སྐྱེས་དང་དེ་ལྡན་པ། །ཟག་མེད་འཕགས་པའི་སེམས་ཅན་དང་། །ཞེས་བྱུང་། བསམ་གཏན་ལས་སྐྱེས་པའི་སྡོམ་པ་དེ་ཆོས་ཅན། ཁྱོད་དང་ལྡན་པའི་གང་ཟག་ཡོད་དེ། གང་བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞིའི་ཟག་བཅས་གང་རུང་དང་ལྡན་པའི་གང་ཟག་ཡིན་ན་ཁྱོད་དང་ལྡན་པས་ཁྱབ་པའི་ཕྱིར། སྡོམ་པ་དེའི་ངོ་བོ་ཡོད་དེ། བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞི་གང་རུང་མངོན་དུ་གྱུར་པའི་སྟོབས་ཀྱིས་ཐོབ་པའི་གཟུགས་ཅན་གྱི་སྡོམ་པ་ཞེས་བཞེད་པ་དང་། ཁ་ཅིག་ལྟར་དེ་གཉིས་གང་རུང་གིས་བསྡུས་པའི་ཚུལ་ཁྲིམས་ཞེས་འདོད་པ་ལྟ་བུ་ལ་འབྱེད་པའི་ཕྱིར། ཟག་མེད་ཀྱི་སྡོམ་པ་ཆོས་ཅན། རྒྱུད་ལྡན་གྱི་གང་ཟག་ཡོད་དེ། འཕགས་པའི་སེམས་ཅན་སློབ་མི་སློབ་རྣམས་དེ་ཡིན་པའི་ཕྱིར། འཕགས་པ་ཡིན་ན། དེ་དང་ལྡན་པས་མ་ཁྱབ་སྟེ། འགོག་པ་ལ་ཞུགས་པའི་ཚེ་འདི་དང་མི་ལྡན་པར་བཤད་པའི་ཕྱིར། གཉིས་པ་ཞར་བྱུང་ལ། རྗེས་འབྲང་ཡིན་མིན་སོགས་གསུམ་ལས། དང་པོ་ནི། ཐ་མ་གཉིས་ནི་སེམས་རྗེས་འབྲང་། །ཞེས་བྱུང་། སྡོམ་པ་གསུམ་ལས་སེམས་ཀྱི་རྗེས་འབྲང་ཡིན་མིན་གཉིས་ཡོད་དེ། ཐ་མ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ནི་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས། སེམས་ཀྱི་རྗེས་འབྲང་ཡིན་ལ། སོ་ཐར་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིིར། གཉིས་པ་ནི། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །ཞེས་བྱུང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། ཁྱོད་རེ་རེ་ལའང་སྤོང་སྡོམ་ཡིན་མིན་གྱི་ཁྱད་པར་ཡོད་དེ། བར་ཆད་མེད་ལམ་གྱི་ཚོགས་པར་སྐྱེས་པའི་དེ་གཉིས་སྤོང་སྡོམ་ཡིན་ཞིང་། དངོས་གཞི་དང་རྣམ་གྲོལ་ལམ་གྱི་དེ་གཉིས་སྤོང་སྡོམ་མ་ཡིན་པའི་ཕྱིར། དེ་གཉིས་ཐོབ་པའི་དུས་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཀྱི་འཇིག་རྟེན་པའི་བར་ཆད་མེད་ལམ་སྐབས་བསམ་གཏན་ཀྱི་སྤོང་སྡོམ་དང་། དེའི་ཟག་མེད་བར་ཆད་མེད་ལམ་གྱི་སྐབས་ཟག་མེད་ཀྱི་སྤོང་སྡོམ་ཐོབ་པའི་ཕྱིར། དེར་ཐལ། དེ་འདྲའི་བར་ཆད་མེད་ལམ་དགུ་ཚན་གཉིས་ཀྱི་སྐབས་སུ་རང་གི་ངོ་སྐལ་གྱི་འཆལ་ཚུལ་དང་ཉོན་མོངས་རེ་སྤོང་བའི་སྤོང་སྡོམ་ཞེས་བྱ་བ་རེ་འབྱུང་བའི་ཕྱིར། གསུམ་པ་ནི། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ཡིད་དང་དབང་པོའི་དོམ་པ་ཡོད་དེ། ཤེས་བཞིན་དང་དྲན་པ་ངག་གཉིས་ནི་ལུས་ངག་གི་ཉེས་སྤྱོད་ལས་སྡོམ་པས་དེ་གཉིས་ཀྱི་སྡོམ་པ་ཞེས་བརྗོད་པའི་ཕྱིར། སྡོམ་པ་དངོས་ཡིན་པར་མ་ངེས་ཏེ། ཐལ་བར་འགྱུར་བའི་ཕྱིར། གཉིས་པ་ཐུན་མོང་དུ་བཤད་པ་ལ། ལྡན་ཚུལ། ཐོབ་ཚུལ། གཏོང་རྒྱུ། ལྡན་པའི་གང་ཟག་དང་བཞི། དང་པོ་ལ། རིག་བྱེད་མིན་པའི་ལྡན་ཚུལ་དང་། རིག་བྱེད་ཀྱི་ལྡན་ཚུལ། སྡོམ་མིན་གྱི་མིང་གི་རྣམ་གྲངས། མུ་བཞིའི་སྒོ་ནས་དོགས་པ་དཔྱད་པ་བཞི། དང་པོ་ལ། སྡོམ་པ་དང་སྡོམ་མིན་དང་། བར་མའི་ལྡན་ཚུལ་གཉིས། དང་པོ་ནི། སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱིས། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང་། །སྡོམ་མིན་གནས་པའང་དེ་དང་འདྲ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདུས་དང་མ་འོངས་དང་། །འཕགས་ནི་དང་པོ་འདས་དང་མིན། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན་ཞེས་བྱུང་། སོ་ཐར་གྱི་སྡོམ་པའི་རྣམ་རིག་མིན་པ་ཆོས་ཅན། ལྡན་ཚུལ་ཡོད་དེ། སོ་སོར་ཐར་པ་གནས་པ་ཅི་ཐོབ་པས་ཇི་སྲིད་མ་གཏང་གི་བར་དུ་རྟག་ཏུ་ད་ལྟར་གྱི་རྣམ་རིག་མིན་པ་དང་ལྡན་པས་ཁྱབ་ལ། སྐད་ཅིག་མ་དང་པོ་ནི་ད་ལྟར་བ་ཁོ་ན་དང་། སྐད་ཅིག་གཉིས་པ་ཕྱིན་ཆད་མ་བཏང་བར་དུ་ད་ལྟ་བ་དང་འདས་པ་གཉིས་ཀ་དང་ལྡན་པས་ཁྱབ་པའི་ཕྱིར། སྡོམ་མིན་ལ་གནས་པའམ་ཆོས་ཅན། ཁྱོད་ཀྱི་ལྡན་ཚུལ་ཡོད་དེ། སྔ་མ་དེ་དང་འདྲ་བའི་ཕྱིར། བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི་ཆོས་ཅན། ལྡན་ཚུལ་ཡོད་དེ། ཐོབ་ནས་མ་བཏང་གི་བར་དུ་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་རིག་མིན་པ་དང་ལྡན་པའི་ཕྱིར། དེར་ཐལ། བསམ་གཏན་ཐོབ་ནས་མངོན་དུ་མ་བྱས་པ་ནི་ད་ལྟར་བ་མི་ལྡན་ཅིང་གཞན་གཉིས་དང་ལྡན་པའི་ཕྱིར། འཕགས་པའི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། ལྡན་ཚུལ་ཡོད་དེ། སྐད་ཅིག་དང་པོ་འདས་པའི་རྣམ་རིག་མིན་པ་དང་ལྡན་པ་མིན་ལ། མ་འོངས་པ་དང་ལྡན་པ་བསམ་གཏན་དང་འདྲ་བའི་ཕྱིར། མཉམ་གཞག་འཕགས་ལམ་ལ་གནས་པའི་སས་བསྡུས་ཀྱི་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི་གཉིས་ཆོས་ཅན། ལྡན་ཚུལ་ཡོད་དེ། །ད་ལྟར་བའི་རྣམ་རིག་མིན་པ་དང་དུས་སུ་ལྡན་ལ། མཉམ་གཞག་ལས་ལངས་པའི་ཚེ་དེ་དང་མི་ལྡན་པའི་ཕྱིར། གཉིས་པ་ནི། བར་གནས་ལ། ཡོད་ན་དང་པོ་བར་གྱི་དང་། །ཕྱིན་ཆད་དུས་ནི་གཉིས་དང་ངོ་། སྡོམ་མིན་གནས་པ་དགེ་བ་དང་། །སྡོམ་པ་ལ་གནས་པ་མི་དགེ་བའི། །རྣམ་རིག་མིན་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་པར། །ཞེས་བྱུང་། བར་མ་ལ་གནས་པའི་ཚུལ་ཁྲིམས་ཆོས་ཅན། ལྡན་ཚུལ་ཡོད་དེ། ཁྱོད་རྒྱུད་ལྡན་ལ་རྣམ་རིག་མིན་པ་ཡོད་པས་མ་ཁྱབ་ཅིང་། གལ་ཏེ་ཡོད་ན་མ་བཏང་བར་དུ་དང་པོར་དུས་གསུམ་གྱི་བར་གྱི་ད་ལྟར་བ་ཁོ་ན་དང་ལྡན་ལ། དང་པོ་ཕྱིན་ཆད་དུས་ད་ལྟར་བ་དང་འདས་པ་གཉིས་ཀ་དང་ལྡན་པའི་ཕྱིར། སྡོམ་མིན་ལ་གནས་པ་ལ་དགེ་བའི་རྣམ་རིག་མིན་པ་དང་། སྡོམ་པ་ལ་གནས་པ་ལ་མི་དགེ་བའི་རྣམ་རིག་མིན་པའི་ལྡན་ཚུལ་ཡོད་དེ། ཡོད་པར་མ་ངེས་ཀྱང་ཡོད་ན་སྡོམ་མིན་ཅན་གྱིས་ཕྱག་འཚལ་བའི་ཚེ་གང་ཟག་དེ་དད་གུས་རབ་ཏུ་ཆེ་ན་དགེ་བའི་རྣམ་རིག་མིན་པ་དང་། སྡོམ་ལྡན་གྱིས་ཉོན་མོངས་ཤུགས་དྲག་པོ་ལྡན་པས་སྲོག་གཅོད་སོགས་བྱེད་པའི་ཚེ་མི་དགེ་བའི་རིག་མིན་ཡོད་ཅིང་། དེ་ཡང་ཇི་སྲིད་དུ་ལས་དེ་དག་ལ་གནས་ཀྱི་བར་ཡོད་པའི་ཕྱིར། གཉིས་པ་རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ་ནི། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་དང་མ་འོངས་མེད། །བསྒྲུབས་པ་དང་ནི་མ་བསྒྲིབས་པ། །འདས་པ་དག་དང་ལྡན་པའང་མེད། །ཞེས་བྱུང་། རྣམ་པར་རིག་བྱེད་ཆོས་ཅན། ལྡན་ཚུལ་ཁྱད་པར་བ་ཡོད་དེ། རྣམ་པར་རིག་བྱེད་ཀྱི་སྡོམ་པ་དང་སྡོམ་མིན་དང་བར་མ་ཐམས་ཅད་ལ་ལུས་ངག་གི་བྱ་བ་བྱེད་པ་དག་ལ་ད་ལྟ་བ་དང་ལྡན་པས་ཁྱབ་ལ། དེ་ཡང་ཐོབ་ནས་མ་བཏང་བར་དུ་ལྡན་ཞིང་། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ལྡན་གྱི། མ་འོངས་པ་དང་ལྡན་པ་མེད་པའི་ཕྱིར། དེར་ཐལ། སྡོམ་པའི་རིག་བྱེད་ནི་བསླབ་པ་ཉམས་པ་སོགས་ཀྱིས་མ་བཏང་བ་དང་། སྡོམ་མིན་ནི་སྡོམ་པ་བླངས་པས་མ་བཏང་བ་དང་། བར་མ་ནི་དད་སོགས་ཀྱིས་མ་བཏང་བར་དུ་དེ་དང་ལྡན་པའི་ཕྱིར། སྒྲིབ་པ་དང་མ་སྒྲིབ་པའི་ལུང་མ་བསྟན་ཆོས་ཅན། དེ་མ་འོངས་པ་དང་མི་ལྡན་པར་མ་ཟད། འདས་པ་དག་དང་ལྡན་པའང་མེད་དེ། ཤིན་ཏུ་ཉམ་ཆུང་བའི་ཕྱིར། ཁྱབ་སྟེ། ཆོས་ཉམ་ཆུང་བས་ཐོབ་པ་ཡང་ཉམ་ཆུང་བས་རྗེས་སུ་འབྲེལ་མི་ནུས་པའི་ཕྱིར། གསུམ་པ་སྡོམ་མིན་གྱི་རྣམ་གྲངས་ནི། སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། །ཞེས་བྱུང་། སྡོམ་མིན་ཆོས་ཅན། མིང་གི་རྣམ་གྲངས་ཡོད་དེ། ལུས་ངག་མི་སྡོམ་པའི་སྡོམ་མིན་དང་། དམ་པས་སྨད་པའི་ཉེས་སྤྱད་དང་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་ཚུལ་འཆལ་དང་། ལུས་ངག་གི་བྱ་བ་རང་བཞིན་གྱི་ལས་དང་། སེམས་པ་འཇུག་པའི་གཞིས་བསྡུས་པས་ལས་དེའི་ལམ་ཞེས་བརྗོད་པའི་ཕྱིར། དེ་ཆོས་ཅན། འདོད་པ་ཁོ་ན་ན་ཡོད་ཀྱི་ཁམས་གོང་ན་མེད་དེ། དེར་དེའི་ཀུན་སློང་མེད་པའི་ཕྱིར། བཞི་པ་མུ་བཞིའི་སྒོ་ནས་དོགས་པ་དཔྱད་པ་ནི། བར་མ་དོར་གནས་སེམས་ཞན་པས། བྱེད་ན་རྣམ་རིག་ཉིད་དང་ལྡན། །རྣམ་རིག་བཏང་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། རྣམ་རིག་ཡིན་མིན་ལྡན་མི་ལྡན་ལ་མུ་བཞི་ཡོད་དེ། རྣམ་རིག་ཁོ་ན་དང་ལྡན་ཞིང་རྣམ་རིག་མིན་པ་དང་མི་ལྡན་པ་དང་དེ་ལས་བཟློག་པ་དང་གཉིས་ཀ་དང་ལྡན་པ་དང་གཉིས་ཀ་མི་ལྡན་པ་བཞི་ཡོད་པའི་ཕྱིར། དེར་ཐལ། སྔར་རྣམ་རིག་མིན་པ་མ་ཐོབ་པ་ལ་སྡོམ་སྡོམ་མིན་གྱི་བར་མ་དོར་གནས་པའི་སེམས་ཞན་པས་ལས་ལམ་དང་རྫས་ལས་བྱུང་བ་མིན་པའི་དགེ་མི་དགེ་བྱེད་ན་དང་པོ་རྣམ་རིག་ཉིད་དང་ལྡན་ལ། ཚེ་སྔ་མའི་རྣམ་རིག་བཏང་བ་དང་ཕྱི་མའི་རྣམ་རིག་མ་སྐྱེས་པའི་འཕགས་པའི་གང་ཟག་ནི་གཉིས་པ་རྣམ་རིག་མིན་པ་དང་། བསྙེན་པར་རྫོགས་མ་ཐག་པའི་དགེ་སློང་ནི་གསུམ་པ་དང་། གཟུགས་མེད་ཀྱི་སོ་སྐྱེ་ནི་བཞི་པ་ཡིན་པའི་ཕྱིར། གསུམ་པ་དང་བཞི་པ་གྲུབ་སྟེ། དེའི་ཚེ་རྣམ་རིག་ཡིན་མིན་གཉིས་ཀ་དང་ལྡན་པ་དང་། གཟུགས་མེད་ན་གཟུགས་ཀྱི་རྣམ་པ་མེད་པའི་ཕྱིར། གཉིས་པ་ཐོབ་ཚུལ་ལ། རྒྱུ་གང་ལ་བརྟེན་པ་དང་། གཞི་གང་ལ་བརྟེན་པ་གཉིས། དང་པོ་ལ། བསམ་གཏན་ཟག་མེད་ཀྱི་སྡོམ་པ་དང་། སོ་ཐར་རྒྱུ་གང་ལ་བརྟེན་ནས་ཐོབ་པ་གཉིས། དང་པོ་ནི། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་འཐོབ་ཟག་མེད་ནི། །འཕགས་དེས་ཞེས་བྱུང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། ཁྱོད་གཉིིས་ཐོབ་ཚུལ་ཡོད་དོ། །དང་པོ་བསམ་གཏན་ལས་སྐྱེས་པ་དེའི་སྡོམ་པ་ནི་བསམ་གཏན་གྱི་ས་དྲུག་ཅི་རིགས་པ་ཉིད་ཀྱིས་ཐོབ་ལ། ཟག་མེད་ཀྱི་སྡོམ་པ་ནི་ཟག་མེད་ས་དྲུག་གང་རུང་དང་འཕགས་ལམ་ཐོབ་པ་དེས་ཐོབ་པའི་ཕྱིར། དེར་ཐལ། བསམ་གཏན་བཞི་དང་མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ལྟ་བུས་ཐོབ་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སོ་སོར་ཐར་ཅེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་བྱུང་། སོ་སོར་ཐར་ཅེས་པའི་སྡོམ་པ་ཆོས་ཅན། ཐོབ་ཚུལ་ཡོད་དེ། གཞན་དགེ་འདུན་ནམ་མཁན་སློབ་སོགས་གང་ཟག་གི་ལུས་ངག་གི་རྣམ་པར་རིག་བྱེད་སོགས་ལས་ཐོབ་པའི་ཕྱིར། དེར་ཐལ། སྔོན་དང་ད་ལྟར་གྱི་ཆོ་ག་ལྟ་བུ་ལས་ཐོབ་པའི་ཕྱིར། དེ་ལ་གཉིས་ཡོད་དེ། དགེ་འདུན་ལ་ཐོབ་པ་དང་གང་ཟག་ལས་ཐོབ་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། དགེ་སློང་ཕ་མ་དང་དགེ་སློབ་མའི་སྡོམ་པ་གསུམ་ནི་དགེ་འདུན་དང་། གཞན་ལྔ་གང་ཟག་ལས་ཐོབ་པར་འགྱུར་བའི་ཕྱིར། སྤྱིར་དགེ་སློང་གི་སྡོམ་པ་ནི་སྔོན་དང་ད་ཆོག་གང་རུང་ལ་བརྟེན་ནས་ཐོབ་དགོས་ཞེས་བྱ་ཡང་དེར་མ་ངེས་ཏེ། ཚུར་ཤོག་སོགས་ལ་བརྟེན་ནས་བསྙེན་པར་རྫོགས་པ་ཡོད་པའི་ཕྱིར་ཏེ། འདིར་སོགས་ཀྱིས་ཞེས་པས་ཀྱང་སྡུད་པའི་ཕྱིར། དེར་ཐལ། དེས་སྔོན་ཆོག་བཅུ་གསུངས་པ་རྣམས་སྡུད་པར་རང་འགྲེལ་སོགས་ལས་བཤད་ཅིང་། དེའི་རྣམ་གཞག་རྒྱས་པར་གཞན་དུ་ཤེས་དགོས་པའི་ཕྱིར། གཉིས་པ་ལ། དུས་ཀྱི་དང་། བསྙེན་གནས། དགེ་བསྙེན། ཆེ་ཆུང་། རྟེན་སྐྱབས་འགྲོ། བསླབ་བྱའི་ཁྱད་པར་དྲུག །དང་པོ་ནི། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཉིན་ཞག་པ་མི་སྡོམ་མིན་མེད། །དེ་དེ་ལྟར་ནོད་མེད་ཅེས་གྲག །ཅེས་བྱུང་། སོ་ཐར་རིགས་བརྒྱད་པོ་དེ་ཆོས་ཅན། ལེན་ཚུལ་ཡོད་དེ། སྡོམ་པ་གཞན་བདུན་ཇི་སྲིད་འཚོ་བའི་བར་དུ་ལེན་པ་དང་། བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་གཅིག་ཏུ་ཡང་དག་པར་བླང་བར་བྱ་བ་ཡིན་པའི་ཕྱིར། ཉིན་ཞག་གཅིག་པའི་སྡོམ་མིན་ནི་མེད་དེ། དེ་ལྟར་དུ་ནོད་པ་མེད་ཅེས་གྲག་པའི་ཕྱིར། གཉིས་པ་ལ། ལེན་ཚུལ། བསླབ་བྱ། ལེན་པའི་གང་ཟག་ལ་དཔྱད་པ་དང་གསུམ། དང་པོ་ནི། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་རྒྱན་ནམ་ནི་ལངས་པ་དང་། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་བྱུང་། བསྙེན་གནས་ཀྱི་སྡོམ་པ་ཆོས་ཅན། ཁྱོད་ལེན་ཚུལ་གྱི་ཁྱད་པར་བཞི་ཡོད་དེ། ཀུན་སྤྱོད་སྟན་དམའ་བར་འདུག་ཅིང་གནས། ལེན་ཚུལ་གཞན་གྱིས་སྨྲས་པའི་རྗེས་ཟློས་བྱེད་པ་ཡིས་དང་། རྒྱན་གསར་དུ་མི་འདོགས་པ་དང་། དུས་ནམ་ལངས་ནས་ཉི་མ་མ་ཤར་བར་དུ་དང་། ཡན་ལག་གི་ཁྱད་པར་བསྙེན་གནས་ཡན་ལག་བརྒྱད་ཚང་བར་ནི་ནངས་པར་ལེན་པའི་ཡུལ་སྡོམ་ལྡན་གཞན་ལ་ནོད་པར་བྱ་དགོས་པའི་ཕྱིར། འོ་ན། བསྙེན་གནས་ཀྱི་སྡོམ་པ་ལེན་པའི་ཚེ་ཟླ་ཕྱེད་ཀྱི་བར་སྟབས་གཉིས་ཏུ་ལེན་པ་འདི་ཇི་ལྟར་འཐད་ཅེ་ན་སྐྱོན་མེད་དེ། ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་གཅིག་ནས་བཅོ་ལྔའི་བར་སྟབས་གཅིག་བླངས་ཀྱང་ཚེས་གཅིག་གི་བསྙེན་གནས་ཀྱི་སྡོམ་པ་དེ་ཚེས་གཉིས་ཀྱི་ནམ་ལངས་པའི་ཚེ་གཏོང་ཞིང་། དེ་མ་ཐག་ཚེས་གཉིས་ཀྱི་བསྙེན་གནས་ཀྱི་སྡོམ་པ་གསར་དུ་སྐྱེ་བ་སོགས་བཅོ་ལྔའི་བར་འགྲེ་བའི་ཕྱིར། ཡང་ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་ཚེས་བརྒྱད་ཀྱི་དུས་གསུམ་དུ་བསྙེན་གནས་སྲུང་བར་ཁས་བླངས་ཀྱང་སྐྱོན་དུ་མི་འགྱུར་ཏེ། དེ་ནི་སྔར་བླངས་པའི་ཆོ་ག་ལ་བརྟེན་ནས་ཕྱིས་ཉ་སྟོང་ཚེས་བརྒྱད་བྱུང་རེས་ཀྱི་ནང་པར་སྲུང་འདོད་ཡོད་ན་གསར་དུ་སྐྱེ་བའི་ཕྱིར། ལེན་པའི་ཡུལ་དགེ་སློང་སོགས་རབ་བྱུང་ཁོ་ནར་མ་ངེས་ཏེ། ཁྱིམ་པ་སྡོམ་ལྡན་ཁྱད་པར་ཅན་གྱིས་ཀྱང་འཕོགས་རུང་བའི་ཕྱིར་ཏེ། ལུང་ལས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་གཞན་ལ་ཕོག་པར་བཤད་པའི་ཕྱིར། གཉིས་པ་ནི། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞི་གསུམ་རིམ་བཞིན། །དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །ཞེས་བྱུང་། ཡན་ལག་བརྒྱ་དཔེ་དེ་ལས་རྩ་བ་བཞི་སྤོང་བ་ཆོས་ཅན། ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ཏེ། རང་བཞིན་གྱི་ཚུལ་འཆལ་གྱི་དངོས་ཀྱི་མཉེན་པོ་ཡིན་པའི་ཕྱིར། ཆང་སྤོང་བ་གཅིག་པུ་ཆོས་ཅན། བག་ཡོད་ཀྱི་ཡན་ལག་ཡིན་ཏེ། བག་མེད་དུ་འགྱུར་བའི་གཉེན་པོ་ཡིན་པའི་ཕྱིར། ལྷག་མ་གར་སོགས་གསུམ་སྤོང་བ་ཆོས་ཅན། བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ཏེ། བརྟུལ་ཞུགས་སམ་སྤྱོད་པ་ངན་པའི་གཉེན་པོ་ཡིན་པའི་ཕྱིར། རིམ་བཞིན་ཞེས་པའི་དོན་ཡོད་དེ། བཞི་གཅིག་གསུམ་ནི་ཚུལ་ཁྲིམས་བག་ཡོད་བརྟུལ་ཞུགས་ཀྱི་ཡན་ལག་དང་རིམ་པར་སྦྱོར་བའི་དོན་ཡིན་པའི་ཕྱིར། རྩ་བཞིར་མ་ཟད། ཡན་ལག་དེ་དག་ཀྱང་སྤོང་དགོས་ཏེ། མ་སྤངས་ན་ནི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། ཆང་འཐུང་བ་དེ་ཡིས་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པའི་དྲན་པ་ཉམས་པར་འགྱུར་ཞིང་། དུས་མིན་གྱི་ཟས་ཟོས་པས་སྐྱོ་བ་དང་བསྙེན་གནས་ཀྱི་དྲན་པ་ཉམས་པར་བྱེད་ལ། ཁྲི་སྟན་ཆེ་མཐོ་སོགས་ཀྱིས་རྒྱུད་དྲེགས་པར་འགྱུར་བའི་ཕྱིར། གསུམ་པ་ནི། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་བྱུང་། བསྙེན་གནས་ཆོས་ཅན། ཁྱོད་དགེ་བསྙེན་གྱིས་གཙོ་བོར་བྱེད་ཀྱང་དེ་ཁོ་ནར་མ་ངེས་ཏེ། ཁྱིམ་པ་གཞན་ལའང་ཁྱོད་ཡོད་པའི་ཕྱིར། དེ་ཡོད་མོད་ཀྱི་དཀོན་མཆོག་ལ་སྐྱབས་སུ་མ་སོང་བ་ལ་ནི་མེད་དེ། སྐྱབས་འགྲོ་དེ་ནི་སྡོམ་པ་འདི་རྣམས་ཀྱི་རྟེན་དུ་ངེས་པར་དགོས་པའི་ཕྱིར་དང་། འདིར་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པའི་སྒོ་ནས་ཁས་ལེན་དགོས་པའི་ཕྱིར། གསུམ་པ་དགེ་བསྙེན་གྱི་ཁྱད་པར་ནི། དགེ་བསྙེན་ཉིད་དུ་ཁས་བླངས་པ། །སྡོམ་པ་བསྟན་པ་དགེ་སློང་བཞིན། །གལ་ཏེ་ཐམས་ཅད་སྡོམ་ཡིན་ན། །སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། །དེ་སྲུང་པ་ལ་གསུངས་ཞེས་གྲག །ཞེས་བྱུང་། ཁ་ཅིག་མདོ་ལས་སྐྱབས་འགྲོ་ཙམ་བྱས་པས་དགེ་བསྙེན་དུ་འགྱུར་བར་གསུངས་པ་ལྟར་འདོད་དམ་ཞེ་ན། དེ་ལ་ཁ་ཆེ་བ་ན་རེ། དེ་ཙམ་གྱིས་དགེ་བསྙེན་དུ་མི་འགྱུར་ཏེ། དགེ་བསྙེན་ཉིད་དུ་ཁས་བླངས་པ་ལས་དེའི་སྡོམ་པ་ཐོབ་དགོས་པའི་ཕྱིར། བསླབ་པ་བསྟན་པ་མི་འགལ་ཏེ། བླང་དོར་ཤེས་པའི་ཆེད་ཡིན་པའི་ཕྱིར། དཔེར་ན། དགེ་སློང་གི་གདམས་ངག་བརྗོད་པ་བཞིན་ནོ། །ཉི་འོག་པས་ནི་སྐྱབས་འགྲོ་ཙམ་གྱིས་དགེ་བསྙེན་དུ་འགྱུར་བར་འདོད་དེ་ཁྱད་པར་རོ། །གལ་ཏེ་དགེ་བསྙེན་ཐམས་ཅད་སྡོམ་པས་བསྡམས་པ་ཡིན་ན་འོ་ན། མདོ་ལས་སྣ་གཅིག་སྤྱོད་པ་དང་། སྣ་འགའ་སྤྱོད་པ་སོགས་ཀྱི་དགེ་བསྙེན་བཤད་པ་དེ་ཇི་ལྟ་བུ་ཞེ་ན། སྐྱོན་མེད་དེ། དང་པོར་ཁས་ལེན་པའི་ཚེ་གཅིག་གམ་གཉིས་སོགས་གང་སྲུང་ནུས་པར་ཁས་བླངས་པ་དེ་སྲུང་བར་བྱེད་པ་ལ་སྣ་གཅིག་སྤྱོད་པ་སོགས་སུ་གསུངས་ཞེས་གྲག་པའི་ཕྱིར། འདི་ལ་ཁ་ཆེ་བས་དང་པོར་སྡོམ་པ་དེ་ཐམས་ཅད་སྲུང་བར་ཁས་བླངས་ནས་ཕྱིས་དེ་གང་རུང་གཅིག་སྲུང་བ་ལ་སྣ་གཅིག་སྤྱོད་པ་སོགས་སུ་འདོད་ཀྱང་སློབ་དཔོན་རང་ལུགས་ནི་དེ་མིན་ཏེ། ཚིག་དོན་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར་ཏེ། ཁ་ཆེ་བ་ལྟར་དགེ་བསྙེན་གྱི་རྩ་བ་བཞི་སྲུང་བར་ཁས་བླངས་ནས་མི་སྲུང་བར་སྣ་གཅིག་ཙམ་སྲུང་བར་བྱེད་ན་ཚུལ་ཁྲིམས་འཆལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། གྲག་ཅེས་པ་ནི་ཁ་ཆེ་བའི་འདོད་པ་དེ་ལ་མ་རངས་པའི་གསུང་ཡིན་པའི་ཕྱིར། བཞི་པ་ནི། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། ཞེས་བྱུང་། སྡོམ་པ་ཆོས་ཅན། ཁྱོད་ལ་ཆུང་འབྲིང་ཆེན་པོ་གསུམ་ཡོད་དེ། ལེན་འདོད་ཀུན་སློང་ཆུང་ངུ་དང་འབྲིང་ལ་སོགས་པའི་ཡིད་གསུམ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་སྡོམ་པ་ཡང་དེ་ལྟར་སྐྱེ་བའི་ཕྱིར། ལྔ་པ་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་བྱུང་། སྐྱེས་བུ་གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ཆོས་ཅན། ཁྱོད་ཀྱི་སྐྱབས་ཡུལ་གྱི་གཙོ་བོ་ཡོད་དེ། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་གཉིས་ཀ་དང་། ཆོས་སུ་བྱེད་པའི་ཆོས་མྱ་ངན་ལས་འདས་པ་ལ་སྐྱབས་ཀྱི་གཙོ་བོར་བྱེད་པའི་ཕྱིར། བྱེ་བྲག་སྨྲ་བས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི་སངས་རྒྱས་དཀོན་མཆོག་ཏུ་མི་འདོད་པར་བཤད་ཀྱང་། སངས་རྒྱས་སུ་འདོད་པ་ཡིན་ཏེ། གཟུགས་སྐུའི་རྒྱུད་ཀྱི་ཟད་མི་ཤེས་པའི་ཡེ་ཤེས་དེ་དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་སུ་འདོད་པའི་ཕྱིར། ཁ་ཅིག་ན་རེ། སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་ཡིན་པར་མི་འདོད་ཟེར་ན། དེ་ཡང་མི་འཐད་དེ། དེ་སངས་རྒྱས་ཡིན་པ་མ་བཀག་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་ཅེས་གསུངས་པའི་ཕྱིར། དྲུག་པ་ནི། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། ། སྡོམ་པ་ཇི་ལྟར་ཁས་བླངས་བཞིན། །འཐོབ་ཀྱི་རྒྱུད་ལ་མ་ཡིན་ནོ། །བསླབ་པ་ཐམས་ཅད་འདས་གྱུར་ཀྱང་། །བརྫུན་དུ་ཐལ་བར་འགྱུར་བའི་ཕྱིར། །བཅད་པའི་ཁ་ན་མ་ཐོ་བ། །མྱོང་འགྱུར་ལས་གཞན་སྲུང་ཕྱིར་རོ། །ཞེས་བྱུང་། དགེ་བསྙེན་ཆོས་ཅན། ཁྱོད་ཀྱི་བསླབ་པའི་ཡན་ལག་ཏུ་མི་ཚངས་སྤྱོད་སྤོང་བ་མི་འཇོག་པར་ལོག་གཡེམ་སྤོང་བ་འཇོག་པའི་རྒྱུ་མཚན་ཡོད་དེ། གཞན་གྱི་ཆུང་མར་ལོག་པར་གཡེམ་པ་ནི་འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་དང་། ཁྱིམ་པས་དེ་སྤོང་སླ་བའི་ཕྱིར་དང་། འཕགས་པས་ནི་རྟག་ཏུ་དེ་མི་བྱེད་པའི་ནུས་པ་ཐོབ་པའི་ཕྱིར། དེ་ལྟར་ཡིན་ཀྱང་དགེ་བསྙེན་གྱིས་གཞན་གྱི་ཆུང་མ་ཡིན་པ་ཞིག་འཐད་ལྡན་དུ་རང་གི་ཆུང་མར་བླངས་ནས་སྤྱད་ཀྱང་སྡོམ་པ་མི་གཏོང་སྟེ། དེའི་ཚེ་བུད་མེད་དེ་རང་གི་ཡིན་པའི་འདུ་ཤེས་དང་ལྡན་པའི་ཕྱིར། དེར་ཐལ། རང་གི་ཆུང་མར་གྱུར་ན་སྡོམ་པ་གཏོང་བར་མི་འགྱུར་བའི་ཕྱིར་ཏེ། སྡོམ་པ་ཁས་ལེན་པའི་ཚེ་གཞན་གྱི་བུད་མེད་ལ་ལོག་གཡེམ་བྱེད་པ་སྤོང་ཞེས་ཇི་ལྟར་ཁས་བླངས་པ་ལྟར་ཐོབ་ཀྱི། རང་གི་བུད་མེད་ཀྱི་རིགས་རྒྱུད་ལ་དེ་ལྟར་ཁས་མ་བླངས་པ་མ་ཡིན་པའི་ཕྱིར། ངག་གི་ཉེས་སྤྱོད་ལས་རྫུན་དུ་སྨྲ་བ་སྤོང་བ་བསླབ་པའི་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཡོད་དེ། བསླབ་པ་ཐམས་ཅད་ལས་འདས་ཀྱང་མ་འདས་སོ་རྫུན་དུ་སྨྲ་བར་ཐལ་བར་འགྱུར་བ་དགག་པའི་ཆེད་ཡིན་པའི་ཕྱིར། བཅས་པའི་ཁ་ན་མ་ཐོ་བ་རྣམས་ལས་མྱོས་འགྱུར་སྤོང་པ་བསླབ་པའི་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཡན་ལག་གཞན་སྲུང་བར་བྱེད་པའི་ཆེད་ཡིན་པའི་ཕྱིར་རོ། ཁ་ཅིག །ཆང་འཐུང་བའི་ཉེས་པ་བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པ་ཕྱིར། དེར་ཐལ། བཅོམ་ལྡན་འདས་ཀྱིས་སྡོམ་ལྡན་ནད་པ་ལའང་དེ་འཐུང་བར་མ་གནང་བའི་ཕྱིར་ན། མ་ཁྱབ་སྟེ། དེ་ནི་ཆང་ཅུང་ཟད་རེ་འཐུང་བས་རོལ་ཞེན་ནས་མང་པོ་འཐུང་བ་འབྱུང་ལ། དེ་ནས་ར་རོ་བ་སོགས་བག་མེད་པའི་སྤྱོད་པ་ལ་ཞུགས་ནས་ངན་འགྲོའི་རྒྱུ་ཆེར་གསོག་པར་འགྱུར་བ་ལ་དགོངས་ནས་མ་གནང་བ་ཡིན་གྱི། ཅུང་ཟད་འཐུང་བ་ཙམ་གྱིས་ཉེས་པ་ཆེ་བའི་ངེས་པ་མེད་པའི་ཕྱིར་ཏེ། དགག་བྱ་ཆེ་བ་དང་། ཉེས་པ་ཆེ་བ་གཉིས་རྣམ་པ་ཐམས་ཅད་དུ་མཚུངས་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་གཞི་གང་ལ་བརྟེན་ནས་འཐོབ་པ་ལ། སྡོམ་པ་དང་། སྡོམ་མིན་དང་། བར་མ་གསུམ། དང་པོ་ལ། སོ་ཐར་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས། དང་པོ་ནི། འདོད་གཏོགས་ཐམས་ཅད་གཉིས་ཀ་དང་། ད་ལྟར་བ་ལས་འཐོབ་པར་འགྱུར། །ཞེས་བྱུང་། འདོད་པར་གཏོགས་པའི་སོ་ཐར་གྱི་སྡོམ་པ་ཆོས་ཅན། འཐོབ་ཚུལ་གྱི་ཁྱད་པར་ཡོད་དེ། ལས་ལམ་སྦྱོར་དངོས་མཇུག་གསུམ་ཐམས་ཅད་ཀྱི་གཉེན་པོ་དང་། གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཀ་ལ་བརྟེན་ནས་དང་། དུས་ད་ལྟ་བའི་གདགས་གཞི་ཕུང་ཁམས་སྐྱེ་མཆེད་དག་ལས་ཐོབ་པར་འགྱུར་བའི་ཕྱིར། གཉིས་པ་ནི། བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལས། །སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཡན་ལག་རྒྱུ་ལ་དབྱེ་བ་ཡོད། །ཅེས་བྱུང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ནི་ཆོས་ཅན། འཐོབ་ཚུལ་གྱི་ཁྱད་པར་ཡོད་དེ། མི་དགེ་བའི་དངོས་གཞི་སྤོང་བ་ལས་ཐོབ་པ་དང་། དུས་ནི་གསུམ་པོ་ཐམས་ཅད་ལས་འཐོབ་པའི་ཕྱིར། དེས་ན་སོ་ཐར་དང་བསམ་གཏན་ཟག་མེད་ཀྱི་ཐོབ་ཚུལ་མི་འདྲ་སྟེ། སོ་ཐར་གྱི་སྡོམ་པ་དེ་གཞི་སེམས་ཅན་ཐམས་ཅད་ལ་འཚེ་བ་སྤོང་བའི་ཚུལ་གྱིས་འཐོབ་དགོས་པའི་ཕྱིར། དེ་ལྟར་ཡིན་ཀྱང་ཐོབ་བྱེད་ཀྱི་ཡན་ལག་དང་རྒྱུ་ལ་དབྱེ་བ་ཡོད་དེ། དགེ་སློང་གི་སྡོམ་པ་ནི་ཡན་ལག་སྟེ་སྤང་བྱའི་ལས་ལམ་ཐམས་ཅད་སྤོང་བ་ལས་ཐོབ། ཕལ་ཆེར་དང་འགའ་ཞིག་སྤོང་བ་ལས་དགེ་ཚུལ་གྱི་སྡོམ་པ་སོགས་ཐོབ་ཅིང་། རྒྱུ་ཡང་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྩ་དང་སེམས་ཀྱིས་བླངས་པའི་ཁྱད་པར་ཡོད་པའི་ཕྱིར། གཉིས་པ་སྡོམ་མིན་ནི། སྡོམ་པ་མིན་པ་ཐམས་ཅད་དང་། །ཡན་ལག་ཀུན་ལས་རྒྱུས་མིན་ནོ། །སྡོམ་པ་མིན་པ་བྱ་བའམ། ཁས་ལེན་པ་ལས་འཐོབ་པར་འགྱུར། །ཞེས་བྱུང་། སྡོམ་པ་མིན་པ་ཆོས་ཅན། ཐོབ་ཚུལ་གྱི་ཁྱད་པར་གཉིས་ཡོད་དེ། ཡུལ་སེམས་ཅན་ཐམས་ཅད་དང་ཡན་ལག་ཀུན་ལས་ཐོབ་ཀྱི། རྒྱུ་འགའ་ཞིག་ཙམ་ལས་ཐམས་ཅད་ཀྱིས་ཐོབ་པ་མ་ཡིན་པའི་ཕྱིར། སྡོམ་པ་མིན་པ་ཆོས་ཅན། ཐོབ་ཚུལ་ཡོད་དེ། གང་ཟག་དེ་ཤན་པ་སོགས་ཀྱི་རིགས་སུ་སྐྱེས་ནས་སྲོག་གཅོད་ཀྱི་བྱ་བ་ལ་ཞུགས་པ་ལྟ་བུའམ། དེའི་རིགས་མིན་ཀྱང་དེང་ནས་སྲོག་གཅོད་པ་སོགས་ཀྱིས་འཚོ་བར་བྱའོ་ཞེས་ཁས་ལེན་པ་ལས་འཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ནི། ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་པས་ཐོབ། །ཅེས་བྱུང་། སྡོམ་པ་དང་སྡོམ་མིན་གྱི་ལྷག་མ་བར་མའི་རྣམ་པར་རིག་བྱེད་མིན་པ་ཆོས་ཅན། ཐོབ་ཚུལ་ཡོད་དེ། ཀུན་དགའ་ར་བ་འབུལ་བ་སོགས་རྫས་ལས་བྱུང་བའི་བསོད་ནམས་བདུན་ལྟ་བུ་ཞིང་དང་། དཀོན་མཆོག་ལ་ཕྱག་མ་བྱས་པར་ཟས་མི་ཟ་ཞེས་ཁས་ལེན་པ་དང་། ཡུལ་ཁྱད་པར་ཅན་ལ་དད་ཅིང་གུས་པར་བྱེད་པ་ལས་ཐོབ་པའི་ཕྱིར། གསུམ་པ་གཏོང་ཚུལ་ལ། །སྡོམ་པ་དང་སྡོམ་མིན་དང་བར་མ་དང་ཞར་ལ་གཟུགས་ཅན་མིན་པ་གཞན་གཏོང་ཚུལ་དང་བཞི། དང་པོ་ལ། སོ་ཐར་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་གཏོང་རྒྱུ་གཉིས། དང་པོ་ནི། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་འདུལ་བ་གཏོང་། ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། ཁ་ཆེ་རྣམས་ནི་བྱུང་བ་ལས། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་བྱུང་། །སོ་སོར་ཐར་པའི་འདུལ་བ་སྟེ་སྡོམ་པ་ཆོས་ཅན། ཁྱོད་གཏོང་བའི་རྒྱུ་ཡོད་དེ། བསམ་པ་ཐག་པས་བསླབ་པ་ཕུལ་བ་དང་། ཤི་འཕོས་པ་དང་། མཚན་གཉིས་དག་ནི་ཅིག་ཅར་དུ་བྱུང་བ་དང་། དགེ་རྩ་ཆད་པ་རྣམས་ཀྱིས་གཏོང་བའི་ཕྱིར། དང་པོ་གྲུབ་སྟེ། སྡོམ་པ་དེ་མི་སྲུང་བར་དམ་བཅས་ཤིང་ཁས་བླངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྡོམ་པའི་རྟེན་ཞིག་པའི་ཕྱིར། གསུམ་པ་གྲུབ་སྟེ། སྡོམ་པའི་རྟེན་ཉམས་པའི་ཕྱིར། བཞི་པ་གྲུབ་སྟེ། སྡོམ་པ་གནས་པའི་གཞི་ཆད་པའི་ཕྱིར། བསྙེན་གནས་ཀྱི་སྡོམ་པ་ཆོས་ཅན། གཏོང་རྒྱུ་ལྔ་ཡོད་དེ། སྔ་མ་བཞིའི་སྟེང་དུ་ཞག་དེའི་མཚན་མོ་འདས་པ་ན་གཏོང་བའི་ཕྱིར། དེར་ཐལ། འཕེན་པའི་དུས་ཟད་པའི་ཕྱིར། ཉི་འོག་པ་དང་མདོ་སྡེ་པ་ཁ་ཅིག་ན་རེ། གཏོང་རྒྱུ་གཞན་ཡོད་དེ། རྩ་བའི་ལྟུང་བ་གྱུར་པ་ལས་གཏོང་བའི་ཕྱིར་ཞེས་སྨྲ་ལ། གོས་དམར་སྡེ་པ་གཞན་དག་ན་རེ། དམ་པའི་ཆོས་ནུབ་པ་ལས་ཀྱང་གཏོང་སྟེ། དེའི་ཚེ་བསླབ་པའི་བཅས་མཚམས་དང་ཆོ་ག་རྣམས་མེད་པའི་ཕྱིར་ཟེར། སློབ་དཔོན་ན་རེ། འདི་མི་འཐད་དེ། དེའི་སྡོམ་པ་གསར་ཐོབ་མེད་ཀྱང་སྔར་ཡོད་མི་གཏོང་བའི་ཕྱིར་གསུང་། ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་ན་རེ། རྩ་བཞི་གང་རུང་བྱུང་བས་སྡོམ་པ་མི་གཏོང་སྟེ། དེ་གང་རུང་བྱུང་བ་ལ་ནི་བུ་ལོན་ཅན་དང་ནོར་ཅན་བཞིན་དུ་དེ་ཚུལ་ཁྲིམས་འཆལ་པ་དང་ཚུལ་ཁྲིམས་དང་ལྡན་པ་གཉིས་སུ་འདོད་པའི་ཕྱིར། དེར་ཐལ། དེ་ནི་སྡོམ་པའི་ཕྱོགས་གཅིག་ཉམས་ཀྱང་ཀུན་ཉམས་པ་མ་ཡིན་པའི་ཕྱིར་ཟེར། སློབ་དཔོན་དང་ཉི་འོག་པ་ན་རེ། དེ་ནི་མི་འཐད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཡིན་དགེ་སྦྱོང་མ་ཡིན་ཞེས་སོགས་གསུངས་པ་དང་འགལ་བའི་ཕྱིར་གསུང་། གཉིས་པ་ནི། བསམ་གཏན་གཏོགས་པའི་དགེ་བ་ནི། ས་འཕོས་ཉམས་པ་དག་གིས་གཏོང་། །དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། ཞེས་བྱུང་། བསམ་གཏན་དུ་གཏོགས་པའི་དགེ་བ་སྟེ་སྡོམ་པ་ཆོས་ཅན། གཏོང་རྒྱུ་ཡོད་དེ། ས་འཕོས་པ་དང་སྙོམས་འཇུག་ལས་ཉམས་པ་དག་གིས་གཏོང་བའི་ཕྱིར། དང་པོ་དེར་ཐལ། བསམ་གཏན་དང་པོ་བ་ལྟ་བུ་གོང་ས་བསམ་གཏན་གཉིས་པ་སོགས་སུ་སྐྱེས་པ་ན་བསམ་གཉིས་སོགས་ཀྱིས་ས་བསྡུས་མི་གཏོང་ཡང་དང་པོའི་སས་བསྡུས་རྣམས་གཏོང་། དེ་འདོད་པར་སྐྱེས་ན་ཐམས་ཅད་གཏོང་བའི་ཕྱིར། དེ་བཞིན་དུ་གཟུགས་མེད་དུ་གཏོགས་པ་ལའང་འདྲའོ། །འཕགས་པའི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། གཏོང་རྒྱུ་གསུམ་ཡོད་དེ། འབྲས་བུ་གོང་མ་གསར་དུ་ཐོབ་པ་དང་། །དབང་རྟུལ་གྱིས་དབང་པོ་སྦྱངས་ནས་རྣོན་པོར་གྱུར་པ་དང་། འབྲས་བུ་ཐོབ་པ་ཉམས་པ་ལས་གཏོང་བའི་ཕྱིར། འདིར་གཏོང་བ་ནི་སྡོམ་པ་གཙོ་བོ་ཡིན་ཀྱང་དེ་ཙམ་གྱི་དབང་དུ་མཛད་པ་མ་ཡིན་ཏེ། དགེ་བ་གཞན་ཕལ་ཆེར་ལའང་འདུ་བར་བཤད་པའི་ཕྱིར། གཉིས་པ་ནི། སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤི་དང་མཚན་གཉིས་བྱུང་བ་དང་། །ཞེས་བྱུང་སྡོམ་མིན་ཆོས་ཅན། གཏོང་རྒྱུ་གསུམ་ཡོད་དེ། གཉེན་པོ་སྡོམ་པ་གསུམ་གང་རུང་ཐོབ་པ་དང་། ཤི་འཕོས་པ་དང་། མཚན་གཉིས་ཅིག་ཅར་དུ་བྱུང་བས་གཏོང་བའི་ཕྱིར། གསུམ་པ་ནི། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་བྱུང་། བར་མའི་དགེ་བ་ཆོས་ཅན། གཏོར་རྒྱུ་དྲུག་ཡོད་དེ། འཕེན་པའི་བློ་ཤུགས་ཆད་པ་དང་། ཁས་བླངས་པ་དོར་ནས་ཆད་པ་དང་། ཁས་བླངས་པའི་བྱ་བ་དེ་མ་བྱས་པས་རྒྱུན་ཆད་པ་དང་། གཙུག་ལག་ཁང་ཞིག་པ་ལྟ་བུ་དོན་ཆད་པ་དང་། ཚེ་ཟད་ནས་ཆད་པ་དང་། དགེ་རྩ་ཆད་པ་རྣམས་ཀྱིས་གཏོང་བའི་ཕྱིར། བཞི་པ་ནི། འདོད། གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། །ཉོན་མོངས་པ་ཅན་གཟུགས་མིན་ནི། །གཉེན་པོ་སྐྱེས་པ་རྣམ་ཉམས་འགྱུར། །ཞེས་བྱུང་། འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མ་ཡིན་པ་ནི་ཆོས་ཅན། ཁྱོད་གཏོང་བའི་རྒྱུ་གཉིས་ཡོད་དེ། དགེ་རྩ་ཆད་པ་དང་ཁམས་གོང་མ་གཉིས་གང་རུང་དུ་སྐྱེས་པ་ལས་གཏོང་བའི་ཕྱིར། ཁམས་གསུམ་གྱི་ཉོན་མོངས་ཅན་གཟུགས་ཅན་མིན་པ་ནི་ཆོས་ཅན། ཁྱོད་ཀྱི་གཏོང་རྒྱུ་ཡོད་དེ། རང་གི་དངོས་ཀྱི་གཉེན་པོ་སྐྱེས་པ་ལས་རྣམ་པར་ཉམས་པར་འགྱུར་བའི་ཕྱིར། བཞི་པ་ལྡན་པའི་གང་ཟག་ལ་སྡོམ་མིན་དང་། སྡོམ་པ་ལྡན་པའི་གང་ཟག་གཉིས། དང་པོ་ནི། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་ཞེས་བྱུང་། སྡོམ་མིན་ཆོས་ཅན། ཁྱོད་ལྡན་པའི་གང་ཟག་གསུམ་ཡོད་དེ། མཚན་མེད་པའི་ཟ་མ་དང་ཡོད་ཀྱང་དོན་བྱེད་མི་ནུས་པའི་མ་ནིང་དང་། མཚན་གཉིས་ཅིག་ཅར་བྱུང་བ་དང་། སྒྲ་མི་སྙན་པ་མ་གཏོགས་པའི་གླིང་གསུམ་གྱི་མི་རྣམས་ཡིན་པའི་ཕྱིར། གཉིས་པ་ནི། སྡོམ་པའང་དེ་བཞིན་ལ། ལྷ་ལའང་མི་རྣམས་ལ་གསུམ་མོ། །འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཟག་མེད་ནི། །བསམ་གཏན་ཁྱད་པར་འདུ་ཤེས་མེད། སེམས་ཅན་མ་གཏོགས་གཟུགས་མེད་ནའང་། ཞེས་བྱུང་། སྡོམ་པ་ཆོས་ཅན། ཁྱོད་དང་ལྡན་པའི་གང་ཟག་ཡོད་དེ། ཁྱོད་ལའང་སྡོམ་མིན་དེ་བཞིན་དུ་ཟ་མ་སོགས་མ་གཏོགས་པའི་མི་ལ་སྐྱེ་བ་ཡོད་པའི་ཕྱིར། ལྷ་ལའང་སྡོམ་པ་ཡོད་དེ། བསམ་གཏན་གྱི་སྡོམ་པ་ཡོད་པའི་ཕྱིར། མི་རྣམས་ཆོས་ཅན། ཁྱོད་ལ་སྡོམ་པ་གསུམ་ཡོད་དེ། སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ཡོད་པའི་ཕྱིིར། བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཆོས་ཅན། རྟེན་ཡོད་དེ། འདོད་པ་དང་གཟུགས་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཡོད་པའི་ཕྱིར། ཟག་མེད་ཀྱི་སྡོམ་པ་ཆོས་ཅན། རྟེན་ཡོད་དེ། བསམ་གཏན་ཁྱད་པར་ཅན་དང་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པའི་གཟུགས་མེད་ནའང་ཡོད་པའི་ཕྱིར། གཉིས་པ་མདོ་ལས་གསུངས་པའི་ལས་ཀྱི་རྣམ་གྲངས་ལ། ཐུན་མོང་དུ་བཤད་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ལ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ། ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ། ལས་གང་གིས་འབྲས་བུ་གང་འགྲུབ་ཚུལ། ལས་ཀྱི་རྣམ་གྲངས་གཞན་བཤད་པ་བཞི། དང་པོ་ལ། འབྲས་བུའི་སྒོ་ནས་དབྱེ་བ། རྒྱུའི་སྒོ་ནས་དབྱེ་བ། གཉིས་ཀའི་སྒོ་ནས་དབྱེ་བ་གསུམ། དང་པོ་ལ། དགེ་སོགས་གསུམ་དུ་དབྱེ་བ། བསོད་ནམས་སོགས་གསུམ་དུ་དབྱེ་བ། མྱོང་འགྱུར་གྱི་ལས་ཀྱི་ཁྱད་པར་བསྟན་པ་གསུམ། དང་པོ་ནི། ལས་བདེ་མི་བདེ་དང་གཞན་ནི། །དགེ་དང་མི་དགེ་དང་གཞན་ཡིན། །ཞེས་བྱུང་། དགེ་བ་ཟག་བཅས་ཀྱི་ལས་ཆོས་ཅན། ལས་བདེ་བ་ཞེས་བྱ་སྟེ། རྣམ་སྨིན་བདེ་བ་འབྱིན་བྱེད་ཡིན་པའི་ཕྱིར། མི་དགེ་བའི་ལས་ཆོས་ཅན། མི་བདེ་བ་ཞེས་བྱ་སྟེ། རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཡིན་པའི་ཕྱིར། དགེ་མི་དགེ་གང་རུང་ལས་གཞན་པའི་ལས་ཆོས་ཅན། བར་མའི་ལས་ཡིན་ཏེ། རྣམ་སྨིན་བདེ་སྡུག་གང་རུང་མི་འབྱིན་པའི་ལས་ཡིན་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། བསོད་ནམས་བསོད་ནམས་མིན་མི་གཡོ། །བདེ་བ་མྱོང་འགྱུར་ལ་སོགས་གསུམ་ཞེས་བྱུང་། ལས་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། བསོད་ནམས་ཀྱི་ལས་དང་བསོད་ནམས་མ་ཡིན་པའི་ལས་དང་མི་གཡོ་བའི་ལས་དང་གསུམ་ཡོད་པའི་ཕྱིར། ཡང་གསུམ་ཡོད་དེ། བདེ་བ་མྱོང་འགྱུར་དང་ལ་སོགས་ཏེ་སྡུག་བསྔལ་མྱོང་འགྱུར་བར་མ་མྱོང་བར་འགྱུར་བའི་ལས་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། བསོད་ནམས་འདོད་ཁམས་དགེ་བའི་ལས། །མི་གཡོ་གོང་མ་ལས་སྐྱེས་པའི། །གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་བྱུང་། ལས་དེ་ཆོས་ཅན། ཁྱོད་ལ་བསོད་ནམས་ཀྱི་ལས་སོགས་གསུམ་ཡོད་དེ། འདོད་པའི་དགེ་བའི་ལས་དེ་བསོད་ནམས་ཀྱི་ལས་དང་། མི་དགེ་བའི་ལས་དེ་བསོད་ནམས་མིན་པའི་ལས་དང་། ཁམས་གོང་མར་སྐྱེས་པའི་ལས་དེ་མི་གཡོ་བའི་ལས་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། གང་གི་ཕྱིར་ན་ཁམས་གོང་མའི་སས་བསྡུས་ཀྱི་ལས་རྣམས་ནི་གོང་མའི་ས་ནི་དེ་དག་ཏུ་རྣམ་སྨིན་གྱི་འབྲས་བུ་སྨིན་པའི་ཕྱིར་ན་ས་གཞན་དུ་རྣམ་སྨིན་མི་གཡོ་བའི་ཕྱིར། དེར་ཐལ། དེ་འདོད་པའི་ལས་ནི་རྣམ་སྨིན་གཞན་དུ་གཡོ་བས་དེ་ལྟ་བུ་མ་ཡིན་པའི་ཕྱིར། གསུམ་པ་ལ། མྱོང་འགྱུར་གསུམ་དུ་དབྱེ་བ། ལྔར་དབྱེ་བ། ལས་ངེས་མ་ངེས་ཀྱི་ཁྱད་པར་བཤད་པ་གསུམ། དང་པོ་ལ། རང་ལུགས་དང་གཞན་གྱི་འདོད་པ་གཉིས། དང་པོ་ནི། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་དེ་ཡན་ཆད། སྡུག་མིན་བདེ་མིན་མྱོང་འགྱུར་བ། །སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ །ཞེས་བྱུང་། ལས་དེ་ཆོས་ཅན། ཁྱོད་ལ་སྔར་བདེ་སྡུག་བཏང་སྙོམས་མྱོང་འགྱུར་གསུམ་བཤད་པ་དེའི་ཁྱད་པར་ཡོད་དེ་འདོད་པ་ནས་བསམ་གཏན་གསུམ་པའི་བར་གྱི་ལས་དགེ་བ་དེ་བདེ་བ་མྱོང་འགྱུར་དང་། གསུམ་པ་དེ་ཡན་ཆད་ནས་སྲིད་རྩེའི་བར་གྱི་ལས་དེ་སྡུག་མིན་བདེ་མིན་མྱོང་འགྱུར་དང་། འདོད་ཁམས་འདིའི་མི་དགེ་བའི་ལས་ནི་སྡུག་བསྔལ་མྱོང་འགྱུར་གྱི་ལས་ཡིན་པའི་ཕྱིར། གཉིས་པ་ནི། འོག་ན་བར་མ་ཡོད་དོ་ཞེས་། ཁ་ཅིག་ཟེར་ཏེ་གང་གི་ཕྱིར། །བསམ་གཏན་ཁྱད་པར་རྣམ་སྨིན་ལས། སྔ་ཕྱིར་མེད་གསུམ་སྨིན་འདོད་ཕྱིར། །ཞེས་བྱུང་། བསམ་གཏན་བཞི་པ་ཆོས་ཅན། ཁྱོད་ཀྱི་འོག་གསུམ་པ་མན་ནའང་བདེ་སྡུག་གི་བར་མ་བཏང་སྙོམས་མྱོང་འགྱུར་གྱི་ལས་ནི་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ལ་རྣམ་སྨིན་གྱི་འབྲས་བུ་ཡོད་པ་ལས་ཤེས་པའི་ཕྱིར། དེར་ཐལ། དེར་ཚོར་བ་བཏང་སྙོམས་མེད་ན་བདེ་སྡུག་མེད་པས་རྣམ་སྨིན་གཏན་མེད་པར་འགྱུར་བའི་ཕྱིར་ན། སྔ་ཕྱི་མེད་པར་རྒྱུད་གཅིག་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སྨིན་པ་ཡོད་ཅེས་འདོད་རིགས་པའི་ཕྱིར་ཟེར། སློབ་དཔོན་ན་རེ། དེ་ནི་མི་འཐད་དེ། དེ་ན་སྡུག་བསྔལ་མྱོང་འགྱུར་མེད་པའི་ཕྱིར་གསུང་། གཉིས་པ་ནི། ངོ་བོ་ཉིད་དང་མཚུངས་ལྡན་དང་། །དམིགས་པ་དང་ནི་རྣམ་སྨིན་དང་། །མངོན་སུམ་དུ་ནི་འགྱུར་བ་ལས། །མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། །ཞེས་བྱུང་། མྱོང་འགྱུར་གྱི་ལས་ཆོས་ཅན། ཁྱོད་ལ་རྣམ་པ་ལྔ་ཡོད་དེ། ཚོར་བ་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་དང་། རེག་པ་མཚུངས་ལྡན་གྱིས་མྱོང་བར་འགྱུར་བ་དང་། གཟུགས་དམིགས་པས་མྱོང་བར་འགྱུར་བ་དང་། བདེ་སྡུག་རྣམ་སྨིན་གྱིས་མྱོང་བར་འགྱུར་བ་དང་། ཚོར་བ་སྡུག་བསྔལ་ལྟ་བུ་མངོན་སུམ་མྱོང་བར་འགྱུར་བའི་ལས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ཡང་ངེས་དང་མ་ངེས་པ། ཞེས་བྱུང་། མྱོང་འགྱུར་གྱི་ལས་གསུམ་པོ་དེ་ཡང་ཆོས་ཅན། རེ་རེ་ལའང་གཉིས་གཉིས་སུ་ཡོད་དེ། ངེས་པ་དང་མ་ངེས་པའི་ལས་གཉིས་རེ་ཡོད་པའི་ཕྱིར། གཉིས་པ་ལ། དབྱེ་བ་སྤྱིར་བསྟན་པ། ཁྱད་ཆོས་སོ་སོར་བཤད་པ། མྱོང་ངེས་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། དངོས་དང་། སྡེ་པ་གཞན་གྱི་འདོད་ཚུལ་གཉིས། དང་པོ་ནི། མཐོང་བའི་ཆོས་ལ་སོགས་པ་ལ། མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། ཞེས་བྱུང་། མངོན་སུམ་དུ་མྱོང་བར་འགྱུར་བའི་ལས་ཆོས་ཅན། ཁྱོད་ལ་ངེས་པ་རྣམ་གསུམ་ཡོད་དེ། མཐོང་བའི་ཆོས་ཚེ་འདི་ལ་རྣམ་སྨིན་འགོ་ཟུག་ནས་མྱོང་འགྱུར་དང་། ལ་སོགས་པས་སྐྱེ་བ་ཕྱི་མ་ལ་འགོ་བཙུགས་ཏེ་སྐྱེས་ནས་མྱོང་བ་དང་། ཚེ་གསུམ་པ་སོགས་ལ་རྣམ་སྨིན་འགོ་རྩོམ་ནས་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་རྣམ་པ་གསུམ་ཡོད་པའི་ཕྱིར། བཞིར་དབྱེར་ཡང་རུང་སྟེ། རྐྱེན་གཞན་གྱིས་མ་ངེས་པར་འགྱུར་བ་ཞིག་ཀྱང་ཡོད་པའི་ཕྱིར། དེར་ཐལ། བཤགས་པ་སོགས་ཀྱིས་མྱོང་ངེས་ཀྱི་ལས་ཀྱང་འདགས་ནུས་པར་བཤད་པའི་ཕྱིར། དེ་གསུམ་ནི་རྣམ་སྨིན་འགོ་རྩོམ་པའི་དབང་དུ་མཛད་པ་ཡིན་ཏེ། རང་འགྲེལ་ལས། རྣམ་པར་སྨིན་པ་ཚེ་རབ་གཞན་དག་ན་ཡང་ཡོད་མོད་ཀྱི། རྩོམ་པའི་དབང་གིས་མེད་དེ་ལྟར་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། །གཞན་དག་མུ་ནི་བཞི་ཞེས་ཟེར། ཞེས་བྱུང་། སྡེ་པ་ཁ་ཅིག་ན་རེ་ལས་དེ་ལ་རྣམ་པ་ལྔ་ཡོད་དེ། ངེས་པའི་ལས་གསུམ་དང་། མ་ངེས་པ་ལ་གནས་སྐབས་མ་ངེས་ཤིང་རྣམ་སྨིན་ངེས་པ་དང་། གཉིས་ཀ་མ་ངེས་པ་རྣམས་སུ་ཡོད་པའི་ཕྱིར་ཞེས་ཟེར། གཞན་དག་སྟེ་མདོ་སྡེ་པ་ན་རེ། ལས་ལ་མུ་ནི་བཞི་ཡོད་དེ། གནས་སྐབས་མ་ངེས་ལ་རྣམ་སྨིན་ངེས་པ། དེ་ལས་བཟློག་པ། གཉིས་ཀ་ངེས་པ། གཉིས་ཀ་མ་ངེས་པ་རྣམས་ཡོད་པའི་ཕྱིར་ཟེར་ཞིང་། དང་པོ་གྲུབ་སྟེ། རྣམ་སྨིན་མྱོང་བར་ངེས་ཀྱང་གནས་སྐབས་མཐོང་ཆོས་སོགས་གསུམ་པོ་གང་རུང་དུ་མྱོང་བ་མ་ངེས་པའི་ལས་རྣམས་དེ་ཡིན་པའི་ཕྱིར། གཞན་དུ་རིགས་འགྲེའོ། །དེ་ལྟར་ན་མུ་བརྒྱད་དུའང་འགྱུར་ཏེ། ངེས་མ་ངེས་རེ་རེ་ལ་བཞི་བཞི་ཡོད་པའི་ཕྱིར། སྐད་ཅིག་མ་གཅིག་ལ་རྩ་བའི་ལས་བཞི་བྱེད་པའང་སྲིད་དེ། མི་ཚངས་སྤྱོད་རང་གིས་བྱེད་ཅིང་སྲོག་གཅོད་སོགས་གསུམ་གཞན་ལ་བཅོལ་བས་དེ་ལྟར་འགྲུབ་པ་ཅིག་སྲིད་པའི་ཕྱིར་རོ། །གཉིས་པ་ནི། གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཐམས་ཅད་ན་ནི་འབེན་པ་བཞི། །དམྱལ་བ་ན་ནི་དགེ་བའི་གསུམ། །གང་ལ་འདོད་ཆགས་བྲལ་བརྟན་པའི། །བྱིས་པ་དེར་སྐྱེས་མྱོང་མི་བྱེད། །འཕགས་པ་གཞན་དུའང་མྱོང་མི་བྱེད། །འདོད་རྩེའི་མེ་བརྟག་པ་ཡང་མིན། །སྲིད་པ་བར་མ་འདོད་ཁམས་སུ། ། འཕེན་པ་རྣམ་པ་ཉི་ཤུ་གཉིས། །དེ་ནི་མཐོང་ཆོས་འབྲས་བུ་ཡིན། །དེ་ནི་རིམ་གཅིག་ཁོ་ན་ཡིན། །ཞེས་བྱུང་། ལས་གྲངས་གཞན་དང་སྐྱེས་ནས་མྱོང་བ་དང་མ་ངེས་པའི་ལས་ཆོས་ཅན། ཁྱོད་གསུམ་གྱིས་རང་གི་རིས་མཐུན་ནི་འཕེན་པར་བྱེད་ཀྱི། རིས་མི་མཐུན་མི་འཕེན་ཏེ། ལས་དེ་བྱེད་པའི་ཕུང་པོའི་རྒྱུན་ལས་གཞན་པའི་རིས་མཐུན་གྱི་ཕུང་པོ་འཕེན་པའི་ཕྱིར། འདོད་པའི་ཁམས་སོགས། ཁམས་གསུམ་པོ་ཐམས་ཅད་དང་འགྲོ་བ་ལྡན་ནི་ཆོས་ཅན། འཕེན་པ་བཞི་ཡོད་དེ། མཐོང་ཆོས་དང་སྐྱེས་ནས་དང་ལན་གྲངས་གཞན་དང་མ་ངེས་པ་རྣམས་སུ་ཡོད་པའི་ཕྱིར། དམྱལ་བ་ན་ནི་མི་དགེ་བ་བཞི་ག་ཡོད་ཅིང་དགེ་བའི་འཕེན་པ་གསུམ་ཡོད་ཀྱང་། མཐོང་ཆོས་ལ་བདེ་བ་མྱོང་འགྱུར་ནི་མེད་དེ། དེར་མཐོང་ཆོས་ཀྱི་རྣམ་སྨིན་ཡིད་འོང་འབྱིན་པ་མེད་པའི་ཕྱིར། ས་གང་ལ་འདོད་ཆགས་དང་བྲལ་བ་བརྟན་པར་བྱས་པའི་བྱིས་པ་སོ་སོ་སྐྱེ་བོ་ཆོས་ཅན། ས་དེར་སྐྱེ་བས་མྱོང་འགྱུར་གྱི་ལས་གསར་གསོག་མི་བྱེད་དེ། ས་དེ་ལ་ཆགས་བྲལ་བརྟན་པའི་གང་ཟག་ཡིན་པའི་ཕྱིར་འདིས་ལས་གཞན་གསུམ་བྱེད་སྲིད་པར་འཕངས་སོ། །དེ་འདྲ་བའི་འཕགས་པ་ཆོས་ཅན། དེར་མ་ཟད་ལན་གྲངས་གཞན་རྣམས་སུའང་མྱོང་འགྱུར་གྱི་ལས་མི་བྱེད་དེ། དེ་ལ་ཆགས་བྲལ་བརྟན་པའི་འཕགས་པ་ཡིན་པའི་ཕྱིར། འདིས་མ་ངེས་པ་དང་མཐོང་ཆོས་ཀྱི་ལས་བྱེད་སྲིད་ཡང་འཕངས་པར་རང་འགྲེལ་ལས་བཤད་དོ། །འདོད་པ་དང་སྲིད་རྩེ་ལ་ཆགས་བྲལ་མི་བརྟན་པ་ཉམས་པའི་ཆོས་ཅན་གྱི་འཕགས་པ་ཡང་ཆོས་ཅན། ས་དེར་མྱོང་འགྱུར་གྱི་ལས་མི་བྱེད་དེ། འབྲས་བུ་ལས་ཉམས་ཡང་ལས་དེ་མི་གསོག་པའི་ཕྱིར། བར་མ་དོར་ཡང་ལས་ཀྱི་འཕེན་པ་ཡོད་དེ། སྲིད་པ་བར་མ་བདེ་འདོད་ཁམས་སུ་སྐྱེ་བའི་ཚེ་བར་དོ་དང་མངལ་གྱི་གནས་སྐབས་ལྔ་དང་བཅས་པའི་གནས་སྐབས་ལྔ་དང་བཅུ་གཅིག་པོ་དེ་རེ་རེ་ལའང་ངེས་མ་ངེས་གཉིས་ཏེ། འཕེན་པ་རྣམ་པ་ཉི་ཤུ་རྩ་གཉིས་ཡོད་པའི་ཕྱིར། ཉེར་གཉིས་ལས་ངེས་པ་བཅུ་གཅིག་པོ་དེ་ནི་ཆོས་ཅན། མཐོང་ཐོས་ལ་མྱོང་བའི་འབྲས་བུ་ཅན་ཡིན་ཏེ། ཁྱོད་ཀྱི་འབྲས་བུ་བཅུ་གཅིག་གོ་དེ་ནི་རིས་གཅིག་པ་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་བའི་བར་དོ་དང་ལྷག་མ་བཅུ་ནི་ལས་གཅིག་གིས་འཕངས་པའི་ཕྱིར། གསུམ་པ་ལ། མྱོང་ངེས་སྤྱིར་བསྟན་པ། མཐོང་ཆོས་ལ་མྱོང་ངེས་བྱེ་བྲག་ཏུ་བཤད་པ། ཞར་བྱུང་གི་དོན་དང་གསུམ་དང་པོ་ནི། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་སོ། །ཞེས་བྱུང་། ངེས་པའི་ལས་ཆོས་ཅན། །དྲུག་ཡོད་དེ། ཉོན་མོངས་རབ་ཏུ་དྲག་པོའི་མི་དགེ་བ་དང་། དད་པ་རབ་ཏུ་དྲག་པོས་དགེ་བ་དང་། ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་སོགས་ལ་ཕན་གནོད་དང་། དུས་རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང་། ཕན་འདོགས་པའི་ཞིང་ཕ་མ་གསོད་པ་གང་ཡིན་པ་དེ་རྣམ་སྨིན་ངེས་པའི་ལས་ཡིན་པའི་ཕྱིར། གཉིས་པ་ནི། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པའོ། །གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་བུ་མྱོང་བར་འགྱུར། །ཞེས་བྱུང་། མཐོང་ཆོས་འབྲས་བུ་ཅན་གྱི་ལས་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། ཞིང་གི་ཁྱད་པར་དགེ་འདུན་ནམ་གང་ཟག་ཁྱད་པར་ཅན་ལ་བུད་མེད་ཅེས་སྐུར་པ་བཏབ་པས་ཚེ་དེ་ལ་མཚན་གྱུར་པ་ལྟ་བུ་དང་། བསམ་པའི་ཁྱད་པར་གླང་གི་མཚན་གཅོད་པ་ལས་ཐར་བར་བྱས་པ་ལས་ཚེ་དེར་སྐྱེས་པར་གྱུར་པ་ལྟ་བུ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྣམ་གྲངས་གཞན་ཡང་ཡོད་དེ། ས་དེའི་འདོད་ཆགས་དང་གཏན་ནས་བྲལ་བའི་ཚེ་ས་དེའི་དགེ་མི་དགེ་རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ་ནི་དེ་ས་དེར་མི་སྐྱེ་བས་རྣམ་སྨིན་ངེས་པ་མཐོང་ཆོས་ཉིད་དུ་མྱོང་བ་གང་ཡིན་པ་དེ་ལྟ་བུ་ཡོད་པའི་ཕྱིར། དེ་ཆོས་ཅན། རྣམ་གྲངས་གཞན་དྲུག་ཡོད་དེ། གཞན་གང་དག་འགོག་པ་ལ་ཞུགས་པ་དང་། བྱམས་པ་ཚད་མེད་དང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། བདེན་པ་མཐོང་བའི་ལམ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་མ་ཐག་དང་། འབྲས་བུ་དེ་ལས་ལངས་མ་ཐག་པ་དེ་ལ་ཕན་གནོད་གང་བྱས་པའི་རྣམ་སྨིན་གྱི་འབྲས་བུ་ཚེ་འདིར་འཕྲལ་དུ་མྱོང་བར་འགྱུར་བའི་ཕྱིར། གསུམ་པ་ལ། ལས་གང་གི་འབྲས་བུ་དང་། གཡེང་བའི་སེམས་ངོས་བཟུང་བ་གཉིས། དང་པོ་ནི། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །མི་དགེ་བའི་ནི་ལུས་ཀྱི་ཡིན། །ཞེས་བྱུང་། རྣམ་པར་རྟོག་པ་མེད་པ་བསམ་གཏན་ཁྱད་པར་ཅན་ནས་སྲིད་རྩེའི་བར་གྱི་དགེ་བའི་ལས་ཆོས་ཅན། ཁྱོད་ཀྱི་རྣམ་སྨིན་གྱི་འབྲས་བུ་ཚོར་བ་ནི་སེམས་ཀྱི་ཚོར་བ་ཁོ་ནར་འདོད་དེ། དེའི་བར་གྱི་སས་བསྡུས་ཀྱི་ཚོར་བ་ལ་ནི་ལུས་ཚོར་མེད་པའི་ཕྱིར། མི་དགེ་བའི་རྣམ་སྨིན་གྱི་ཚོར་བ་ནི་ལུས་ཀྱི་ཚོར་བ་ཁོ་ན་ཡིན་ཏེ། དེའི་སེམས་ཚོར་ནི་རྣམ་སྨིན་དུ་མི་འཇོག་པའི་ཕྱིར། གཉིས་པ་ནི། གཡེང་བའི་སེམས་ནི་ཡིད་སེམས་ལ། །དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། །སྐྲག་གནོད་མ་མཉམ་མྱ་ངན་གྱིས། །སྒྲ་མི་སྙན་མིན་འདོད་ལྡན་རྣམས། །ཞེས་བྱུང་། གཡེང་བ་སྟེ་སྨྱོས་པའི་སེམས་ནི་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། ངོ་བོའི་ཁྱད་པར་ཡིད་ཀྱི་སེམས་ལས་བྱུང་བ་དང་། དེ་ནི་རྒྱུ་སྔོན་གཞན་སྨྱོར་བཅུག་པའི་ལས་ཀྱི་རྣམ་སྨིན་སྐྱེས་ཡིན་པ་དང་། མི་མ་ཡིན་གྱིས་སྐྲག་པར་བྱས་པ་དང་། དེས་གནོད་པ་དང་། འབྱུང་བ་ཆ་མི་མཉམ་པ་དང་། མྱ་ངན་གྱིས་གཟིར་བ་ལྟ་བུའི་རྐྱེན་དང་ལྡན་ཞིང་། རྟེན་སྒྲ་མི་སྙན་པར་གཏོགས་པ་མ་ཡིན་པའི་འདོད་པ་དང་ལྡན་པའི་གང་ཟག་རྣམས་ལ་ཡོད་པའི་ཕྱིར། སྨྱོ་སེམས་ལ་དབང་ཤེས་མེད་དེ། དབང་ཤེས་རྣམས་རྟོག་མེད་ཡིན་པའི་ཕྱིར། གཉིས་པ་རྒྱུའི་སྒོ་ནས་དབྱེ་བ་ནི། སྐྱོན་ཡོན་སྙིགས་མར་གསུངས་པ་ནི། གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས་ཞེས་བྱུང་། མདོ་ལས་ཡོན་པོ་དང་སྐྱོན་ཅན་གྱི་ལས་དང་སྙིགས་མར་གསུངས་པའི་ལས་གསུམ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། གཡོ་སྒྱུ་དང་ཞེ་སྡང་དང་འདོད་ཆགས་ལས་སྐྱེས་པའི་ཕྱིར། གསུམ་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་བྱུང་། ལས་ནི་ཆོས་ཅན། ཁྱོད་ལ་རྣམ་པ་བཞི་ཡོད་དེ། དཀར་ལ་རྣམ་སྨིན་དཀར་བ་གཟུགས་ཀྱི་ལས་དང་། གནག་ལ་རྣམ་སྨིན་ནག་པ་མི་དགེ་བ་དང་། ལ་སོགས་ཏེ་དཀར་ནག་འདྲེས་མ་འདོད་པའི་དགེ་བའི་ལས་དང་། མི་དཀར་མི་གནག་ཅིང་རྣམ་སྨིན་མེད་པ་ཟག་མེད་ཀྱི་ལས་དང་བཅས་པའི་བྱེ་བྲག་གིས་བཞིར་དབྱེ་བ་ཡིན་པའི་ཕྱིར། གཉིས་པ་ལ། སོ་སོའི་ངོ་བོ་སྤྱིར་བསྟན་པ། ཟག་མེད་ཀྱི་ལས་བྱེ་བྲག་ཏུ་བཤད་པ། གཞན་གྱི་འདོད་པ་བརྗོད་པ་དང་གསུམ། དང་པོ་ནི། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནས་རིམ་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །ཞེས་བྱུང་། རིམ་པ་བཞིན་དུ་སྦྱར་ན་མི་དགེ་བའི་ལས་ཆོས་ཅན། གནག་ལ་རྣམ་སྨིན་གནག་པའི་ལས་ཡིན་ཏེ། ངོ་བོ་ཉོན་མོངས་ཅན་ཡིན་པས་གནག་ཅིང་། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་གནག་པའི་ཕྱིར། གཟུགས་ཁམས་ཀྱི་དགེ་བ་ཆོས་ཅན། དཀར་ལ་རྣམ་སྨིན་དཀར་བའི་ལས་ཡིན་ཏེ། ངོ་བོ་མི་དགེ་བ་དང་མ་འདྲེས་ཤིང་། རྣམ་སྨིན་ཀྱང་ཡིད་དུ་འོང་བ་འབྱིན་པས་དཀར་བའི་ཕྱིར། འདོད་ཁམས་སུ་གཏོགས་པའི་དགེ་བའི་ལས་ཉིད་ཆོས་ཅན། དཀར་ནག་གཉིས་ཀ་འདྲེས་མའི་ལས་སུ་བཤད་དེ། རང་གི་ངོ་བོ་དཀར་བ་ཡིན་ཡང་རྒྱུད་གཅིག་ལ་མི་དགེ་བ་དང་འདྲེས་པས་དཀར་ནག་འདྲེས་མ་དང་། རྣམ་སྨིན་ཡིད་འོང་འབྱིན་པས་དཀར་ཡང་རྒྱུད་གཅིག་ལ་སྡུག་བསྔལ་དང་འདྲེས་ནས་འཇུག་པས་དཀར་ནག་གཉིས་ཀ་འདྲེས་མའི་ལས་ཡིན་པའི་ཕྱིར། དཀར་ནག་འདྲེས་ཚུལ་དེ་ལྟར་ཡིན་གྱི་དགེ་བའི་ངོ་བོ་ཉིད་དཀར་ནག་འདྲེས་མ་མིན་ཏེ། དཀར་པོའི་ལས་ཁོ་ན་ཡིན་པའི་ཕྱིར། རྣམ་སྨིན་ཀྱང་དཀར་ནག་གཉིས་ཀ་འདྲེས་མ་མ་ཡིན་ཏེ། དགེ་བའི་ལས་ཀྱིས་རྣམ་སྨིན་ནག་པོ་འབྱིན་མི་སྲིད་པའི་ཕྱིར། གཉིས་པ་ནི། དེ་ཟད་བྱེད་པ་ཟག་མེད་ཡིན། །ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་ཀྱི་གང་། །སེམས་པ་རྣམ་པ་བཅུ་གཉིས་ཏེ། །ནག་པོ་ཟད་པར་བྱེད་པའི་ལས། །དགུ་པའི་སེམས་པ་གང་ཡིན་པ། །དེ་ནི་དཀར་ནག་ཟད་བྱེད་ཡིན། །དཀར་པོ་བསམ་གཏན་འདོད་ཆགས་བྲལ། །བར་ཆད་མེད་ལམ་སྐྱེས་ཐ་མས། །ཞེས་བྱུང་། ནག་པོའི་ལས་དེ་ཆོས་ཅན། ཁྱོད་ཟད་པར་བྱེད་པའི་ལས་ཡོད་དེ། ཟག་མེད་ཀྱི་ལས་དེ་དེ་ཡིན་པའི་ཕྱིར། ཟག་མེད་ཀྱི་ལས་ཆོས་ཅན། ཁྱོད་ལ་སེམས་པ་རྣམ་པ་བཅུ་གཉིས་ཡོད་དེ། མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་སེམས་པ་བཞི་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བ་ཡི་སྒོམ་ལམ་བར་ཆད་མེད་ལམ་བརྒྱད་ཀྱི་སེམས་བརྒྱད་དེ་བཅུ་གཉིས་པོ་གང་ཡིན་པ་དེ་ནག་པོ་མི་དགེ་བ་ཟད་པར་བྱེད་པའི་ལས་ཡིན་པའི་ཕྱིར། འདོད་ཆགས་དང་བྲལ་བར་བྱེད་པའི་སྒོམ་ལམ་བར་ཆད་མེད་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་ཆོས་ཅན། འདོད་པའི་སས་བསྡུས་ཀྱི་དཀར་ནག་འདྲེས་མའི་ལས་ཟད་བྱེད་ཡིན་ཏེ། དེ་འཇོམས་བྱེད་ཡིན་པའི་ཕྱིར། བསམ་གཏན་ས་དགུ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་སྒོམ་ལམ་བར་ཆད་མེད་ལམ་ཟག་མེད་དགུ་དགུ་སྐྱེས་པའི་ཐ་མ་ཆོས་ཅན། ཁྱོད་ཀྱིས་བསམ་གཏན་གྱི་སས་བསྡུས་པའི་དཀར་པོའི་ལས་འཁོར་བའི་རྒྱུ་བྱེད་པ་དེ་ཟད་པར་བྱེད་པ་ཡིན་ཏེ། ས་དེ་དག་ལ་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤོང་བར་བྱེད་པའི་ཕྱིར། སྤྱིར་དཀར་པོའི་ལས་སྤོང་བ་དང་ཟད་པར་བྱེད་མི་རིགས་པས་སྐབས་འདིར་ཞིབ་ཆ་དགོས་ཏེ། དེ་ཡང་འདོད་པའི་དགེ་བ་ལ་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་དེའི་སྐྱོན་སྦྱོང་བར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། དགེ་བ་དེའི་ངོ་བོ་སྤོང་བ་ནི་མིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེའི་རང་གི་ངོ་བོ་ནི་སྤོང་བ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། གཞན་ནི་དམྱལ་བ་མྱོང་འགྱུར་དང་། །འདོད་གཞན་མྱོང་འགྱུར་གཉིས་རིགས་ཞེས། གཞན་ནི་མཐོང་བའི་སྤང་བྱ་གནག །འདོད་པ་ལས་སྐྱེས་གཞན་དཀར་ནག །ཞེས་བྱུང་། སློབ་དཔོན་གཞན་དག་ན་རེ། ལས་དཀར་ནག་སོགས་ཀྱི་ཁྱད་པར་ཡོད་དེ། དམྱལ་བ་མྱོང་འགྱུར་གྱི་ལས་ནག་ལ་རྣམ་སྨིན་ནག་པ་དང་། གཞན་འདོད་པའི་མྱོང་འགྱུར་གྱི་ལས་ནི་དཀར་ནག་གཉིས་འདྲེས་མར་རིགས་ཞེས་འདོད་པ་དང་། ཡང་གཞན་དག་ནི་མཐོང་བ་སྟེ་མཐོང་ལམ་གི་སྤང་བྱ་ནི་གནག་པའི་ལས་དང་། འདོད་པ་ལས་སྐྱེས་པའི་མཐོང་སྤང་ལས་གཞན་སྒོམ་སྤང་ནི་དཀར་ནག་འདྲེས་མ་ཡིན་ཞེས་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། དམྱལ་བར་འཕེན་རྫོགས་ཀྱི་ལས་གཉིས་གནག །འདོད་པ་དང་གཞན་དུ་དེ་གཉིས་ཀ་དཀར་ནག་འདྲེས་ནས་འཇུག་པའི་ཕྱིར་ཞེས་དང་། གཉིས་པ་གྲུབ་སྟེ། མཐོང་སྤང་ལ་དགེ་བ་མེད་པས་ནག་ཅིང་། སྒོམ་སྤང་ལ་དགེ་སོགས་གསུམ་ག་ཡོད་པས་འདྲེས་མ་ཡིན་པའི་ཕྱིར་ཟེར་རོ། །གཉིས་པ་ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ་ལ། དབྱེ་བ་སྤྱིར་བསྟན་པ་དང་། ལས་ལམ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མི་སློབ་ལུས་ངག་ལས་ཡིད་ཉིད། །ཐུབ་པའི་གསུམ་སྟེ་གོ་རིམ་བཞིན། །ལེགས་སྤྱད་གསུམ་པོ་ཐམས་ཅད་ནི། །གཙང་བྱེད་རྣམ་པ་གསུམ་ཡིན་ནོ། །ལུས་ཀྱི་ལས་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །བརྣབ་སེམས་ལ་སོགས་ལས་མིན་ཡང་། །ཡིད་ཀྱི་ཉེས་སྤྱོད་གསུམ་དུ་འདོད། །བཟློག་པ་ལེགས་པར་སྤྱད་པ་ཡིན། །ཞེས་བྱུང་། མདོ་ལས་འབྱུང་བའི་ཐུབ་པའི་ལས་གསུམ་ཡོད་དེ། མི་སློབ་པའི་ལུས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཉིད་ལ་གོ་རིམ་བཞིན་དུ་ཐུབ་པའི་ལུས་ཀྱི་ལས་སོགས་གསུམ་དུ་འཇོག་ལ། མི་སློབ་པའི་ཡིད་ཁོ་ན་ལ་ཐུབ་པར་འཇོག་ཀྱང་དེ་ལས་ཡིན་པར་མི་འཇོག་པའི་ཕྱིར། སྒོ་གསུམ་གྱི་ལེགས་སྤྱད་གསུམ་པོ་ཐམས་ཅད་ཆོས་ཅན། གཙང་བྱེད་རྣམ་པ་གསུམ་ཡིན་ཏེ། ལུས་ངག་ཡིད་ཀྱི་དག་བྱེད་ཡིན་པའི་ཕྱིར། ལུས་ཀྱི་ལས་སོགས་ཏེ་ངག་དང་ཡིད་ཀྱི་མི་དགེ་བ་ཆོས་ཅན། ཉེས་པར་སྤྱད་པ་གསུམ་དུ་འདོད་དེ། སྒོ་གསུམ་གྱི་ཉེས་སྐྱོན་ཡིན་པའི་ཕྱིར། བརྣབ་སེམས་ལ་སོགས་ཏེ་གནོད་སེམས་ལོག་ལྟ་གསུམ་པོ་ཆོས་ཅན། ལས་མིན་ཡང་ཡིད་ཀྱི་ཉེས་སྤྱོད་གསུམ་དུ་འདོད་དེ། དེའི་ཉེས་སྐྱོན་ཡིན་པའི་ཕྱིར། ཡིད་ཀྱི་ལེགས་པར་སྤྱོད་པ་གསུམ་ཡང་ཡོད་དེ། ཡིད་ཀྱི་ཉེས་སྤྱོད་གསུམ་ལས་བཟློག་པའི་བྱ་བ་བརྣབ་སེམས་སོགས་དང་བྲལ་བའི་ལེགས་སྦྱར་དེ་དེ་ཡིན་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་བྱུང་། འདི་ལ་གཉིས། ཚིག་དོན་དང་། མཐའ་དཔྱད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ལེགས་སྤྱད་དང་ཉེས་སྤྱད་དེ་ལས་ཆེ་ལོང་སྟེ་རགས་པ་བསྡུས་ནས་དགེ་མི་དགེའི་ལས་ལམ་ནི་བཅུར་གསུངས་པ་ཡིན་ཏེ། ལེགས་སྤྱད་དང་ཉེས་སྤྱད་ཅི་རིགས་བསྡུས་ནས་དགེ་བ་བཅུ་དང་མི་དགེ་བ་བཅུར་བཤད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སྐབས་འདིའི་དངོས་བསྟན་གྱི་ལས་ཡིན་ན། ལས་ཡིན་པས་ཁྱབ་ཟེར་ན། བརྣབ་སོགས་ཡིད་ཀྱི་གསུམ་པོ་རེ་རེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདིའི་དངོས་བསྟན་གྱི་དགེ་མི་དགེའི་ལས་བཅུ་པོ་གང་རུང་ཡིན་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། བརྣབ་སེམས་ལ་སོགས་ལས་མིན་ཡང་། །ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་མི་འཐད་པར་ཐལ། དེ་གསུམ་ཉོན་མོངས་ཡིན་པའི་ཕྱིར། དེར་ཐལ། ལོག་ལྟ་ཉོན་མོངས་ཡིན་པ་གང་ཞིག །གཞན་གཉིས་ཀྱང་དེ་ཡིན་པའི་ཕྱིར། དང་པོ་དེར་ཐལ། འཇིག་ལྟ་ལོག་ལྟ་མཐར་ལྟ་སོགས་ལྟ་བ་ཉོན་མོངས་ཅན་ལྔ་ཡོད་པའི་ཕྱིར། འོན་ཀྱང་མདོ་སྡེ་པ་ཁ་ཅིག་མི་དགེ་བ་བཅུ་པོ་ལས་ཡིན་པས། ལས་ཉོན་གཉིས་མི་འགལ་བར་འདོད་དེ། བརྣབ་སེམས་སོགས་གསུམ་དེ་གཉིས་ཀ་ཡིན་པར་འདོད་པའི་ཕྱིང་གསུང་། ཁ་ཅིག །རྒྱུ་དུས་ཀྱི་ཀུན་སློང་གཉིས་གང་རུང་མི་དགེ་བས་བྱས་པའི་ལས་ཡིན་ན། མི་དགེ་བའི་ལས་ཡིན་པས་ཁྱབ་ཟེར་ན། རྒྱུའི་ཀུན་སློང་དགེ་བ་དང་དུས་ཀྱི་ཀུན་སློང་ཞེ་སྡང་གིས་བྱས་པའི་ལས་ཁྱད་པར་བ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དགེ་བ་ཡིན་པའི་ཕྱིར། དེར་ཐལ། དགེ་བས་རྒྱུའི་ཀུན་སློང་བྱས་པའི་ལས་ཡིན་པའི་ཕྱིར། ཁྱབ་ཅིང་རྟགས་གྲུབ་སྟེ། དེ་འདྲ་ཡོད་པའི་ཕྱིར། དེར་ཐལ། མི་ནག་མདུང་ཐུང་ཅན་དེད་དཔོན་སྙིང་རྗེ་ཅན་གྱིས་བསད་པའི་ཚེ་དེ་ལ་ཉེས་པ་མ་བྱུང་བར་ཕན་ཡོན་ཐོབ་པར་བཤད་པའི་ཕྱིར། གཉིས་པ་ལ། རིག་བྱེད་དང་རིག་བྱེད་མིན་པ་ངོས་བཟུང་བ། རྩ་གསུམ་དུ་བསྟན་པ། རྫོགས་བྱེད་གསུམ་དུ་བསྟན་པ། སོ་སོའི་ངོ་བོ་ཞར་བྱུང་དང་བཅས་པ་བཞི། དང་པོ་ལ། དངོས་གཞི་ལ་དོགས་གཅོད་དང་། སྦྱོར་འཇུག་ལ་དོགས་གཅོད་གཉིས། དང་པོ་ནི། མི་དགེ་དྲུག་ནི་རྣམ་རིག་མིན། །གཅིག་རྣམ་གཉིས་པོ་དེ་དག་ཀྱང་། །བྱེད་ན་དགེ་བ་བདུན་རྣམ་གཉིས། །ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །ཞེས་བྱུང་། ངག་གི་ལས་བཞི་དང་། སྲོག་གཅོད་མ་བྱིན་ལེན་ཏེ་མི་དགེ་བ་དྲུག་ནི་ཆོས་ཅན། རང་གིས་མི་བྱེད་ན་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་གཙོ་ཆེ་སྟེ། གཞན་ལ་བྱེད་དུ་བཅུག་པའི་ཚེ་དངོས་གཞི་ལ་བྱེད་དུ་འཇུག་པ་པོ་ལ་རྣམ་པར་རིག་བྱེད་མི་འབྱུང་བའི་ཕྱིར། གཅིག་འདོད་ལོག་ནི་ཆོས་ཅན། རྣམ་པ་གཉིས་དང་ལྡན་ཏེ། རིག་བྱེད་ཡིན་མིན་གཉིས་ཀ་དང་ལྡན་པའི་ཕྱིར། འདི་ནི་བཅོལ་བས་མི་རྫོགས་ཏེ། རང་གི་མ་བྱེད་པ་ལ་ལྟོས་པའི་ཕྱིར། དྲུག་པོ་དེ་དག་ནི་རང་གི་བྱེད་ན་རྣམ་རིག་ཡིན་མིན་གཉིས་ཀ་དང་ལྡན་ཏེ། མཚོན་འདེབས་པ་དང་བརྫུན་དུ་སྨྲ་བ་སོགས་ཀྱི་ཚེ་རྣམ་རིག་དང་ལྡན་ལ། དངོས་གཞི་ལ་རྣམ་རིག་མིན་པ་དང་ལྡན་པའི་ཕྱིར། ལུས་ངག་གི་དགེ་བ་བདུན་ནི་ཆོས་ཅན། རིག་བྱེད་ཡིན་མིན་རྣམ་པ་གཉིས་ཀ་དང་ལྡན་པ་འབྱུང་སྟེ། སྲོག་གཅོད་ལས་ལུས་གཟུང་བ་དང་ངག་གི་བདེན་པར་སྨྲ་བ་སོགས་ཀྱི་ཚེ་རྣམ་རིག་དང་། དེ་ལས་གཞན་གྱི་ཚེ་རྣམ་རིག་མ་ཡིན་པ་དང་ལྡན་པའི་ཕྱིར། ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། གཅིག་དང་ལྡན་ཏེ། རྣམ་རིག་མིན་པ་ཁོ་ན་དང་ལྡན་པའི་ཕྱིར། གཉིས་པ་ནི། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན་བཟློག་པ་མཇུག་ཡིན་ནོ། །ཞེས་བྱུང་། དགེ་མི་དགེ་ཉེར་བསྡོགས་ཏེ་སྦྱོར་བ་རྣམས་ཆོས་ཅན། རྣམ་པར་རིག་བྱེད་དང་ལྡན་ཏེ། ལུས་ངག་གི་བྱ་བ་ཅི་རིགས་ལ་ལྟོས་པའི་ཕྱིར། དེ་དག་གི་སྦྱོར་བ་རྣམས་ཆོས་ཅན། རྣམ་རིག་ཡིན་མིན་གཉིས་ཀ་དང་ལྡན་པའང་ཡོད་དེ། དེ་དག་ཉོན་མོངས་སམ་དང་བ་དྲག་པོས་འཇུག་པའི་ཚེ། རྣམ་རིག་དུ་མ་ཟད་རྣམ་པར་རིག་བྱེད་མིན་པ་དང་ལྡན་པར་འགྱུར་བའམ། ཡང་མི་མ་ཡིན་པར་སྦྱོར་བ་ཞན་པ་གཅིག་གིས་རྣམ་པར་རིག་བྱེད་དང་ལྡན་པར་འགྱུར་བའང་སྲིད་པའི་ཕྱིར། བདུན་པོ་དེ་དག་གི་མཇུག་གི་ཁྱད་པར་ཡོད་དེ། རང་རང་གི་ཉེར་བསྡོགས་ལས་བཟློག་པ་རང་རང་གི་མཇུག་ཏུ་འཇོག་པའི་ཕྱིར། དེང་ཐལ། སྦྱོར་བ་ལས་བཟློག་པ་སྟེ་རྣམ་རིག་མིན་པ་དང་ངེས་པར་ལྡན་ལ། རིག་བྱེད་དང་ལྡན་མི་ལྡན་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །དེ་ཡི་མཇུག་ཐོགས་ལས་བྱུང་ཕྱིར། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། །དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། །ཞེས་བྱུང་། མི་དགེ་བ་བཅུའི་སྦྱོར་བ་ཆོས་ཅན། དང་པོའི་ཀུན་སློང་དུག་གསུམ་གྱི་རྩ་བ་གསུམ་གང་རུང་ལས་སྐྱེས་པ་ཡིན་ཏེ། དེ་ཡི་མཇུག་ཐོགས་ལས་བྱུང་བའི་ཕྱིར། བརྣབ་སེམས་དང་ལ་སོགས་པ་གནོད་སེམས་ལོག་ལྟ་གསུམ་ཆོས་ཅན། དུག་གསུམ་གྱི་རྩ་བ་གང་རུང་ལས་སྐྱེས་ཏེ། རྟགས་དེའི་ཕྱིར། དགེ་བ་བཅུའི་སྦྱོར་བ་མཇུག་དང་བཅས་པ་རྣམས་ཆོས་ཅན། ཆགས་སྡང་གཏི་མུག་མེད་པ་ལས་སྐྱེས་ཏེ། དེ་ལས་བྱུང་བའི་ཕྱིར། གསུམ་པ་རྫོགས་བྱེད་གསུམ་དུ་བསྟན་པ་ལ། དངོས་གཞི་གང་ལ་བརྟེན་པ་གཉིས། དང་པོ་ནི། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཞེས་བྱུང་། ཤེས་བྱ་ཆོས་ཅན། མི་དགེ་བ་བཅུ་པོ་དེ་ཉོན་མོངས་གང་གིས་རྫོགས་པར་བྱེད་ཚུལ་ཡོད་དེ། གསོད་པ་དང་གནོད་སེམས་དང་ཚིག་རྩུབ་པོ་གསུམ་ནི་ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་ལ། ལོག་གཡེམ་དང་བརྣབ་སེམས་དང་མ་བྱིན་ལེན་གསུམ་ནི་ཆགས་པ་ཡིས་ནི་རྫོགས་པར་བྱེད་ཅིང་། ལོག་པར་ལྟ་བ་ནི་གཏི་མུག་གིས་རྫོགས་པར་བྱེད་ལ། དེ་དག་གི་ལྷག་མ་རྫུན་ཕྲ་མ་ངག་ཀྱལ་གསུམ་ནི་དུག་གསུམ་ཆར་གྱིས་རྫོགས་པར་བྱེད་པར་འདོད་པའི་ཕྱིར། གཉིས་པ་ནི། གཞི་ནི་སེམས་ཅན་ལོངས་སྤྱོད་དང་། །མིང་དང་གཟུགས་ནི་མིང་ཡིན་ནོ། །ཞེས་བྱུང་། ལས་ལམ་བཅུ་ལ་ཆ་བཞིར་བྱས་པའི་དང་པོ་གསོད་དང་གནོད་སེམས་ཚིག་རྩུབ་གསུམ་ཆོས་ཅན། བྱེད་པའི་གཞི་ནི་སེམས་ཅན་ཡིན་ཏེ། ཡུལ་སེམས་ཅན་གྱི་སོག་གཅོད་པ་སོགས་ལས་འགྲུབ་པ་ཞིག་དགོས་པའི་ཕྱིར། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན་ཆོས་ཅན། གཞི་ཡོད་དེ། གཞན་གྱིས་ལོངས་སྤྱོད་ལ་བརྟེན་ནས་འབྱུང་བའི་ཕྱིར། ལོག་ལྟ་ཆོས་ཅན། གཞི་ཡོད་དེ། མིང་དང་གཟུགས་ཀྱི་དགེ་མི་དགེ་སོགས་ལ་སྐུར་བ་འདེབས་པ་ལས་འགྲུབ་པའི་ཕྱིར། ངག་གི་བཞི་ཆོས་ཅན། གཞི་ཡོད་དེ། མིང་གི་ཚོགས་ལ་བརྟེན་ནས་འབྱུང་བའི་ཕྱིར། བཞི་པ་སོ་སོའི་ངོ་བོ་ཞར་བྱུང་དང་བཅས་པ་ལ། ལས་ལམ་སོ་སོའི་ངོ་བོ། སེམས་པ་གང་ལས་ལམ་དུ་དང་ལྷན་ཅིག་འབྱུང་བ། འགྲོ་བ་གང་ན་ལས་ལམ་དུ་ཡོད། ལས་ཀྱི་འབྲས་བུ་ཞར་བྱུང་དང་བཅས་པ་བཞི། དང་པོ་ལ། ལུས་དང་ངག་དང་ཡིད་ཀྱི་ལས་བཤད་པ་གསུམ། དང་པོ་ལ། སྲོག་གཅོད་མ་བྱིན་ལེན་ལོག་གཡེམ་གསུམ། དང་པོ་ནི། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་གསོད་པ། ཞེས་བྱུང་། ཕ་རོལ་པོ་འཆིང་བ་སོགས་གསོད་པའི་སྦྱོར་བ་བྱས་ནས་གསོད་བྱེད་གསོད་བྱའི་སྔར་ཤི་བ་དང་མཉམ་དུ་ཤི་བ་ལ་ནི་ལས་ལམ་དངོས་གཞི་འབྱུང་བ་ནི་མེད་དེ། དེའི་ཚེ་ལས་ལམ་དངོས་གཞི་འབྱུང་བའི་རྟེན་ཞིག་ཟིན་པའི་ཕྱིར། དེར་ཐལ། དེའི་ཚེ་སྦྱོར་བ་བྱེད་པའི་ལུས་རྟེན་དང་རྒྱུན་མི་གཅིག་པའི་ལུས་གཞན་ཞིག་སྐྱེས་ཟིན་པའི་ཕྱིར། དམག་ལ་སོགས་པ་བྱེད་པ་དེ་དག་གི་ནང་ནས་གཅིག་གིས་སྲོག་གཅོད་བྱས་ནའང་དེ་ཐམས་ཅད་བྱེད་པ་པོ་བཞིན་དུ་ལས་ལམ་གྱི་དངོས་གཞི་དང་ལྡན་པར་འགྱུར་ཏེ། དེ་ཐམས་ཅད་གསོད་པའི་དོན་གཅིག་ལ་ཞུགས་པར་མཚུངས་པའི་ཕྱིར། དེའི་ཚེ་གསོད་སེམས་གཏན་མེད་ན་དངོས་གཞི་མེད་དེ། གསོད་འདོད་མེད་ན་ཡན་ལག་མ་ཚང་བའི་ཕྱིར། སྲོག་གཅོད་པ་ནི་ཆོས་ཅན། ཁྱོད་ཀྱི་ལས་ལམ་དངོས་གཞི་འབྱུང་བའི་ཚད་ཡོད་དེ། གསོད་འདོད་ཀྱིས་བསམ་པས་གསད་བྱ་གཞན་བསམ་བཞིན་དུ་མ་ནོར་བར་བསད་པའི་ཚེ་དེར་འགྱུར་བའི་ཕྱིར། གཉིས་པ་ནི། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིས་བྱེད། །ཅེས་བྱུང་། མ་བྱིན་ལེན་པའི་ལས་ལམ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། གཞནགྱིས་བཟུང་བའི་ནོར་མཐུས་འཕྲོག་པ་དང་། འཇབ་བུས་བརྐུས་ནས་བདག་གིར་བྱས་པའི་ལས་ལམ་དེ་དེ་ཡིན་པའི་ཕྱིར། གསུམ་པ་ནི། བགྲོད་མིན་བགྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །ཞེས་བྱུང་། ལོག་གཡེམ་ཆོས་ཅན། ངོ་བོ་ཡོད་དེ། བགྲོད་བྱ་མིན་པ་ལ་བགྲོད་པར་འདོད་པ་ཡི་རྒྱུ་ལས་བྱུང་བའི་ལས་ལམ་ཞིག་དེ་ཡིན་པའི་ཕྱིིར། ལོག་པར་གཡེམ་པ་དེ་ཆོས་ཅན། ཁྱོད་ལ་རྣམ་པ་བཞི་ཡོད་དེ། བགྲོད་བྱ་མིན་པ་ཡུལ་གཞན་གྱི་ཆུང་མ་སོགས་དང་། ཁ་དང་བཤང་ལམ་སོགས་ལམ་མིན་པ་དང་། གཙུག་ལག་ཁང་སོགས་གནས་མིན་པ་དང་། སྦྲུམ་མ་དང་བསྙེན་གནས་སོགས་དུས་མ་ཡིན་པར་བགྲོད་པ་རྣམས་སུ་ཡོད་པའི་ཕྱིིར། གཉིས་པ་ལ། རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ་བཞི་ལས། དང་པོ་ལ། དངོས་དང་ཞར་བྱུང་གཉིས། དང་པོ་ནི། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་བྱུང་། རྫུན་ཚིག་གི་ལས་ལམ་ཆོས་ཅན། ངོ་བོ་ཡོད་དེ། སྨྲ་བ་པོས་སྨྲ་བྱའི་དོན་དེ་ལས་གཞན་དུ་འདུ་བྱེད་བསྒྱུར་ཏེ་བསམ་བཞིན་དུ་མི་བདེན་པར་སྨྲས་པའི་ཚིག་དོན་ཕ་རོལ་པོས་མངོན་པར་གོ་བའི་ལས་ལམ་དེ་དེ་ཡིན་པའི་ཕྱིར། གཉིས་པ་ནི། མིག་རྣ་ཡིད་ཀྱི་རྣམ་ཤེས་དང་། གསུམ་གྱི་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང་། །རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། །ཅེས་བྱུང་། རྫུན་ལ་ཐ་སྙད་བཅུ་དྲུག་གསུངས་པ་ཡོད་དེ། མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པ་དང་རྟོགས་པ་བཞི་ལ་མ་མཐོང་སོགས་སུ་སྨྲ་བ་བཞི་དང་། མ་མཐོང་བ་སོགས་བཞི་ལ་མཐོང་བ་སོགས་སྨྲ་བ་བཞི་སྟེ་བརྒྱད་ནི་ལོག་རྫུན་ཡིན་ལ། དེ་དག་བདེན་པར་སྨྲ་བའི་བཞི་ཚན་གཉིས་ཏེ་བརྒྱད་ནི་ཡང་དག་པའི་དོན་ཅན་ཏེ་འདིར་སྔ་མ་ཅི་རིགས་ལ་བྱེད་པའི་ཕྱིར། མཐོང་བ་སོགས་ཀྱི་ཁྱད་པར་ཡོད་དེ། མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པ་དང་། སྣ་ལྕེ་ལུས་གསུམ་གྱིི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ལ་རྟོགས་པ་ཡི་ནི་རིམ་པ་བཞིན་དུ་བཤད་པའི་ཕྱིར། གཉིས་པ་ཕྲ་མ་ནི། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་བྱུང་། ཕྲ་མའི་ལས་ལམ་ཆོས་ཅན། ངོ་བོ་ཡོད་དེ། ཕ་རོལ་མཐུན་པའི་དབྱེ་བའི་ཕྱིར་དུ་མ་འཁྲུལ་བའི་ཉོན་མོངས་ཅན་གྱི་ཚིག་གང་ཡིན་པའི་ལས་ལམ་དེ་དེ་ཡིན་པའི་ཕྱིར། གསུམ་པ་ནི། ཚིག་རྩུབ་པོ་ནི་མི་སྙན་པ། །ཞེས་བྱུང་། ཚིག་རྩུབ་ཀྱི་ལས་ལམ་ཆོས་ཅན། ངོ་བོ་ཡོད་དེ། མ་འཁྲུལ་བས་ཉོན་མོངས་ཅན་གྱི་ངག་མི་སྙན་པར་སྨྲ་བའི་དོན་ཕ་རོལ་པོས་གོ་བའི་ལས་ལམ་དེ་དེ་ཡིན་པའི་ཕྱིར། དེ་ལྟ་བུ་ནི་གཞན་ལ་ཕན་པའི་ཆེད་དུ་མ་ཡིན་པར་སྨྲས་པ་ཞིག་དགོས་ཏེ། གངས་སྤེལ་ལས། དེ་ལ་ཕན་པའི་ཕྱིར་མ་ཡིན་པའོ། །ཞེས་གསུངས་པའི་ཕྱིར་དང་། ཕན་སེམས་ཀྱིས་སྨྲས་པ་ནི་ཉོན་མོངས་ཅན་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཉོན་མོངས་ཅན་ཀུན་ཀྱལ་བ་ཉིད། །གཞན་ནི་དེ་ལས་གཞན་ཉོན་མོངས། ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན་ཞེས་བྱུང་། ཚིག་ཀྱལ་བའི་ལས་ལམ་ཆོས་ཅན། ངོ་བོ་ཡོད་དེ། སེམས་ཉོན་མོངས་ཅན་གྱིས་སྨྲས་པའི་ཚིག་ཀུན་དེ་དེ་ཡིན་པའི་ཕྱིར། སྡེ་པ་གཞན་ན་རེ། དེའི་ངོ་བོ་ཡོད་དེ། རྫུན་སོགས་གསུམ་པོ་དེ་ལས་གཞན་པའི་ཉོན་མོངས་ཅན་གྱི་ཚིག་དེ་དེ་ཡིན་པའི་ཕྱིར་ཞེས་འདོད་པའི་ཕྱིར། །དབྱེ་ན་དུ་མ་ཡོད་དེ། བཀུར་སྟི་ཐོབ་པའི་ཆེད་དུ་ཁ་གསག་བྱེད་པ་དང་། ཆགས་པས་གླུ་ལེན་པ་དང་ཟློས་གར་དང་བཞད་གད་བྱེད་པ་གསུམ་བཞི་དང་། ཕྱིའི་བསྟན་བཅོས་ངན་པ་འདོན་པ་བཞིན་ཡིན་པའི་ཕྱིར། གསུམ་པ་ལ། བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་ལས། དང་པོ་ནི། བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །ཞེས་བྱུང་། བརྣབ་སེམས་ཀྱི་ལས་ལམ་ཆོས་ཅན། ངོ་བོ་ཡོད་དེ། ལོག་པས་གཞན་གྱི་ནོར་ལ་ཆགས་པའི་ལས་ལམ་དེ་དེ་ཡིན་པའི་ཕྱིར། གཉིས་པ་ནི། གནོད་སེམས་སེམས་ཅན་ལ་སྡང་བ། ཞེས་བྱུང་། གནོད་སེམས་ཀྱི་ལས་ལམ་ཆོས་ཅན། ངོ་བོ་ཡོད་དེ། ཞེ་སྡང་བས་སེམས་ཅན་གཞན་ལ་གནོད་པར་བསམ་པའི་ལས་ལམ་དེ་དེ་ཡིན་པའི་ཕྱིར། གསུམ་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་ཞེས་བྱུང་། ལོག་པར་ལྟ་བའི་ལས་ལམ་ཆོས་ཅན། ངོ་བོ་ཡོད་དེ། དགེ་བ་དང་མི་དགེ་བ་མེད་པ་ལྟར་བས་མཚོན་པའི་ཆོས་ཅི་རིགས་ལ་སྐུར་བ་འདེབས་པའི་ཤེས་རབ་ཉོན་མོངས་ཅན་དེ་དེ་ཡིན་པའི་ཕྱིར། འདི་ལ་དབྱེ་ན་རྣམ་གྲངས་མང་སྟེ། འཕགས་པའི་གང་ཟག་ལྟ་བུ་དང་། ས་ལམ་དང་། འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པ་དང་། སྣོད་བཅུད་དབང་ཕྱུག་དང་ཚངས་པ་སོགས་ཀྱིས་བྱས་པར་ལྟ་བ་སོགས་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཀྱི་དང་པོ་ནི། འདི་ལ། །གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་བྱུང་། བརྣབ་སེམས་སོགས་ཡིད་ཀྱི་གསུམ་ཆོས་ཅན། ལས་ཀྱི་ལམ་ཡིན་ཏེ། རང་དང་མཚུངས་ལྡན་གྱི་སེམས་པ་ཡུལ་ལ་གཡོ་བར་བྱེད་པའི་བྱེད་ལས་ཅན་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་དབང་གིས་སེམས་པས་ད་ལྟར་འདུ་བྱེད་པའི་ཕྱིར། ལུས་ངག་གི་ལས་བདུན་ནི་ཆོས་ཅན། ལས་ལམ་དུ་མ་ཟད་ལས་ཀྱང་ཡིན་ཏེ། ཁྱོད་ཀུན་ནས་སློང་བའི་སེམས་པ་ནི་ཁྱོད་ལ་བརྟེན་ནས་འཇུག་པས་ན་ལས་ཀྱི་ལམ་ཡིན་ལ། ངོ་བོའི་སྒོ་ནས་ལས་ཀྱང་ཡིན་པའི་ཕྱིར། ལུས་ངག་གི་ལས་ལམ་བདུན་ལ་དངོས་གཞིས་ཁྱབ་སྟེ། དེ་དག་གི་སྦྱོར་བ་བདུན་ནི་ལས་ལམ་གྱི་ཆེད་དུ་འཇུག་པ་ཡིན་པས་ལས་ལམ་མ་ཚང་། མཇུག་བདུན་ནི་ལས་ལམ་ལས་འདས་པའི་ཕྱིར། གཉིས་པ་ལ། གཅོད་ཚུལ་དང་། འཚམས་སྦྱར་ཚུལ་གཉིས། དང་པོ་ནི། མེད་བར་ལྟ་བས་རྩ་བ་གཅོད། འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། །རྒྱུ་དང་འབྲས་ལ་སྐུར་འདེབས་པས། །ཀུན་གྱིས་རིམ་གྱིས་མི་ནང་དུ། །སྐྱེས་པ་བུད་མེད་ཀྱིས་གཅོད་དོ། །ལྟ་སྤྱོད་དེ་ནི་མི་ལྡན་པའོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། མི་དགེ་བ་གང་གིས་དགེ་བའི་རྩ་བ་གཅོད་པ་ཡོད་དེ། རྒྱུ་དང་འབྲས་བུ་སོགས་ལ་མེད་ཅེས་སྐུར་བ་འདེབས་པའི་ལོག་ལྟས་གཅོད་པར་བྱེད་པའི་ཕྱིར། གང་གཅོད་པ་ཡོད་དེ། འདོད་གཏོགས་ཀྱི་དགེ་རྩ་སྐྱེས་ནས་ཐོབ་པ་རྣམས་གཅོད་ཀྱི། གོང་མའི་དགེ་རྩ་མི་གཅོད་པའི་ཕྱིར། དེ་ཡང་ཟག་མེད་ལ་དམིགས་པས་མི་གཅོད་པ་མིན་ཏེ། ཟག་བཅས་ཟག་མེད་ཀུན་ལ་དམིགས་ཀྱང་གཅོད་པའི་ཕྱིར། དེས་ན་ཀུན་གྱིས་དོན་ལོག་ལྟ་ཀུན་གྱིས་ཞེས་མི་སྦྱོར་རོ། །གཅོད་ཚུལ་ནི་ཅིག་ཅར་དུ་མིན་ཏེ། ཆུང་འབྲིང་ཆེན་པོ་རྣམས་རིམས་ཀྱིས་གཅོད་པའི་ཕྱིར། འགྲོ་བ་གཞན་དུ་མ་ཡིན་པར་མིའི་ནང་དུ་སྐྱེས་པ་དང་བུད་མེད་ཀྱིས་གཅོད་པ་བྱེད་ཀྱི། ཟ་མ་དང་མ་ནིང་སོགས་ཀྱིས་མི་གནོད་དེ། དེ་རྣམས་བསམ་པ་མི་བརྟན་པའི་ཕྱིར། དེ་ཡང་ལྟ་བ་སྤྱད་པས་གཅོད་ཀྱི། སྲིད་པ་སྦྱང་བས་མི་གཅོད་དེ། །དེ་བསམ་པ་གཡོ་བའི་ཕྱིར། དགེ་རྩ་བཅད་དག་ནི་ཆོས་ཅན། དགེ་རྩ་དེ་དང་མི་ལྡན་པ་ཞེས་བྱ་སྟེ། དེ་དང་བྲལ་བའི་ཕྱིར། གཉིས་པ་ནི། འཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །མཚམས་མེད་བྱེད་པའི་འདི་ལ་མིན། །ཞེས་བྱུང་། དགེ་རྩ་ཆད་པ་ཆོས་ཅན། ཁྱོད་སླར་འཚམས་སྦྱོར་བའི་དུས་ཡོད་དེ། རྒྱུ་འབྲས་ལ་ཡོད་དམ་སྙམ་པའི་ཐེ་ཚོམ་དང་། ཡོད་པར་ངེས་པའི་ལྟ་བ་གང་རུང་གིས་འཚམས་སྦྱོར་བའི་ཕྱིར། འཚམས་མེད་བྱེད་པའི་དགེ་རྩ་ཆོས་ཅན། ཚེ་འདི་ལ་འཚམས་སྦྱོར་བ་མིན་ཡང་སྦྱོར་བའི་དུས་ཡོད་དེ། ཚེ་འཕོས་ནས་འཚམས་སྦྱོར་བར་འགྱུར་བའི་ཕྱིར། གཉིས་པ་སེམས་པ་གང་ལས་ལམ་དུ་དང་ལྷན་ཅིག་འབྱུང་དཔྱད་པ་ལ། མི་དགེ་བ་དང་དགེ་བའི་དབང་དུ་བྱས་པ་གཉིས། དང་པོ་ནི། མི་དགེ་བརྒྱད་ཀྱི་བར་དག་དང་། །སེམས་པ་ཅིག་ཅར་ལྷན་ཅིག་འབྱུང་། ཞེས་བྱུང་། སེམས་པ་ཆོས་ཅན། མི་དགེ་བ་དུ་དང་ལྷན་ཅིག་འབྱུང་བ་ཡོད་དེ། སྲོག་གཅོད་པ་སོགས་མི་དགེ་བ་གཅིག་ནས་བརྒྱད་ཀྱི་བར་དག་དང་ལྷན་ཅིག་ཅིག་ཅར་འབྱུང་བ་ཡོད་པའི་ཕྱིར། དེར་ཐལ། ལུས་ངག་གི་བདུན་དང་ཡིད་ཀྱི་གསུམ་གང་རུང་དང་ལྷན་ཅིག་འབྱུང་བ་ཡོད་པའི་ཕྱིར། གཉིས་པ་ནི། དགེ་བ་བཅུ་ཡི་བར་དག་དང་། །གཅིག་དང་བརྒྱད་དང་ལྔ་དང་མེད། །ཅེས་བྱུང་། སེམས་པ་ཆོས་ཅན། དགེ་བ་དུ་དང་ལྷན་ཅིག་འབྱུང་བ་ཡོད་དེ། གཅིག་ནས་བཅུ་ཡི་བར་དག་ན་ལྷན་ཅིག་འབྱུང་བའི་ཕྱིར། དེར་ཐལ། སྲོག་གཅོད་སྤོང་བ་སོགས་བཅུ་དང་ལྷན་ཅིག་འབྱུང་བ་ཡོད་པའི་ཕྱིར། དམིགས་བསལ་ཡོད་དེ། སྡོམ་པའི་དབང་དུ་བྱས་ནས་དགེ་བའི་ལས་ལམ་གཅིག་ཁོ་ན་དང་། ལྔ་ཁོ་ན་དང་བརྒྱད་ཁོ་ན་དང་ལྷན་ཅིག་འབྱུང་བ་མེད་པའི་ཕྱིར། དེར་ཐལ། སྣ་གཅིག་ཁོ་ནའི་སྡོམ་པ་གཟུགས་ཅན་མེད་པའི་ཕྱིར་དང་། སྤོང་བ་གསུམ་དང་ལྔ་ཙམ་གྱི་སྡོམ་པ་མེད་པའི་ཕྱིར། གསུམ་པ་འགྲོ་བ་གང་ན་ལས་ལམ་དུ་ཡོད་དཔྱད་པ་ལ། མི་དགེ་བ་དང་དགེ་བ་གཉིས། དང་པོ་ནི། དམྱལ་བ་ན་ནི་ཀྱལ་པ་དང་། །ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། །སྒྲ་མི་སྙན་ན་གསུམ་ཡོད་དེ། །དེ་ན་བདུན་པ་དངོས་སུ་ཡང་། །འདོད་པ་གཞན་ན་མི་དགེ་བཅུ། །ཞེས་བྱུང་། དམྱལ་བ་ཆོས་ཅན། ཁྱོད་ན་མི་དགེ་བ་གསུམ་ཡོད་དེ། ཚིག་ཀྱལ་བ་དང་ཚིག་རྩུབ་དང་གནོད་སེམས་གསུམ་མངོན་གྱུར་དང་ལྡན་པ་རྣམ་པ་གཉིས་ཀའི་སྒོ་ནས་ཡོད་པའི་ཕྱིར། དེ་ན་མི་དགེ་གཞན་གཉིས་ཀྱང་ཡོད་དེ། བརྣབ་སེམས་དང་ལོག་ལྟ་ལྡན་པའི་སྒོ་ནས་ཡོད་པའི་ཕྱིར། སྒྲ་མི་སྙན་ན་གསུམ་ཡོད་དེ། བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་ས་བོན་ལྡན་པའི་སྒོ་ནས་ཡོད་ལ། དེ་ན་བདུན་པ་ངག་ཀྱལ་མངོན་གྱུར་དུ་དངོས་སུ་ཡང་ཡོད་པའི་ཕྱིར། སྔར་བཤད་པའི་དེ་གཉིས་ན་གཞན་ཕྱོགས་མཐུན་ལྟ་བུ་ལས་ཡོངས་སུ་རྫོགས་པ་མེད་དེ། དེ་དག་གི་མཚན་ཉིད་ཚང་བ་མེད་པའི་ཕྱིར། དེ་གཉིས་ལས་གཞན་པའི་འདོད་པ་ན་མི་དགེ་བཅུ་མངོན་གྱུར་དུ་ཡོད་དེ། གླིང་གསུམ་གྱི་མི་དང་ཡི་དྭགས་དང་དུད་འགྲོ་དང་ལྷ་མིན་ལ་དེ་ལྟར་ཡོད་ཅིང་། ལྷ་ལའང་ཅི་རིགས་ཡོད་པའི་ཕྱིར། གཉིས་པ་ནི། དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པས་བདུན་ཡོད་ལྷག་བྱས་ན། །མངོན་དུ་གྱུར་པའི་སྒོ་ནས་ཀྱང་། །དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ཞེས་བྱུང་། ཡིད་ཀྱི་དགེ་བ་གསུམ་ནི་ཆོས་ཅན། ཁམས་གསུམ་དང་འགྲོ་བ་ལྔ་ཐམས་ཅད་ན་ཡོད་དེ། དེ་དག་ན་རྙེད་པ་དང་མངོན་དུ་གྱུར་པ་ཅི་རིགས་ཀྱི་སྒོ་ནས་ཡོད། གཟུགས་མེད་དང་འདུ་ཤེས་མེད་པའི་སེམས་ཅན་ལ་རྙེད་པ་སྟེ་ལྡན་པའི་སྒོ་ནས་ཡོད། དེ་དག་གི་ལྷག་མར་བྱས་པའི་ཁམས་དང་། འགྲོ་བ་དག་ན་ལུས་ངག་གི་མདུན་མངོན་དུ་གྱུར་བའི་སྒོ་ནས་ཡོད་པའི་ཕྱིར། འདི་ལྟར་ཡིན་གྱི། བདུན་པོ་སྔ་མ་དང་མི་སྦྱོོར་རོ། །ཡི་དྭགས་དང་དུད་འགྲོ་ལ་ཡིད་ཀྱི་གསུམ་ཡོད་ཀྱང་སྡོམ་པས་བསྡུས་པའི་དེ་གསུམ་མེད་པར་ཤེས་དགོས་ཏེ། དེ་དག་ན་སྡོམ་པ་མེད་པའི་ཕྱིར། དམྱལ་བ་དང་བཅས་པའི་སྒྲ་མི་སྙན་པ་ནི་མ་གཏོགས་ཏེ། དམིགས་ཀྱིས་བསལ་ནས་མངོན་གྱུར་དུ་མེད་པར་བཤད་པའི་ཕྱིར་རོ། །བཞི་པ་ལས་ཀྱི་འབྲས་བུ་ཞར་བྱུང་དང་བཅས་པ་ལ། འབྲས་བུ་དང་ཞར་བྱུང་གཉིས། དང་པོ་ནི། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང་། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཞེས་བྱུང་། དགེ་མི་དགེའི་ལས་ལམ་ཐམས་ཅད་ཆོས་ཅན། སྦྱོར་དངོས་མཇུག་གསུམ་གྱིས་འབྲས་བུ་སོ་སོར་འབྱིན་པར་འདོད་དེ། སྦྱོར་བས་རྣམ་སྨིན་གྱི་འབྲས་བུ་དང་། དངོས་གཞིས་རྒྱུ་མཐུན་གྱི་འབྲས་བུ་དང་། མཇུག་གིས་བདག་པོའི་འབྲས་བུ་འབྱིན་པའི་ཕྱིར། དེར་ཐལ། སྲོག་གཅོད་ཀྱིས་མཚོན་ཆ་སྦྱོར་བའི་ཚེ་གཞན་སྡུག་བསྔལ་བར་བྱས་པས་རྣམ་སྨིན་སྡུག་བསྔལ་བའི་ལུས་འགྲུབ། དངོས་གཞིའི་ཚེ་བསད་པས་རྒྱུ་མཐུན་ཚེ་ཐུང་། མཇུག་ཏུ་གསད་བྱ་དེ་གཟི་བྱིན་མེད་པར་བྱས་པའི་ཕྱིར་བདག་འབྲས་ས་ཕྱོགས་དང་སྨན་གཟི་མཐུ་ཆུང་བའི་ཕྱིར། དེ་བཞིན་དུ་མི་དགེ་བ་གཞན་དང་དེ་ལས་བཟློག་པའི་དགེ་བའི་འབྲས་བུ་ལའང་ཅི་རིགས་སྦྱོར་ཏེ། འདི་ནི་མཚོན་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། ལུས་དང་ངག་དང་ཆགས་ལས་སྐྱེས། །ལོག་འཚོ་སྦྱངས་དཀའི་ཕྱིར་ལོགས་ཤིག །བསྟན་ཏོ་གལ་ཏེ་ཡོ་བྱད་ལ། །ཆགས་བསླང་མདོ་དང་འགལ་ཕྱིར་མིན། །ཞེས་བྱུང་། ལོག་འཚོ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ལུས་དང་ངག་གི་ལས་ལོག་པར་ཆགས་པ་ལས་སྐྱེས་པ་ཞིག་དེ་ཡིན་པའི་ཕྱིར། ལོག་འཚོ་ཆོས་ཅན། ཁྱོད་ལོགས་ཤིག་ཏུ་བཀར་ནས་བསྟན་པའི་རྒྱུ་མཚན་ཡོད་དེ། སོ་སྐྱེས་སྦྱངས་དཀའ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། གལ་ཏེ་ཁ་ཅིག་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླངས་བའི་ལུས་ངག་ཁོ་ན་ལ་ལོག་འཚོར་འཇོག་གོ་སྙམ་ན། འཐད་པ་མིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོར་གསུངས་པ་དང་འགལ་བའི་ཕྱིར། དེར་ཐལ། མདོ་དེར་གླང་ཆེན་འཐབ་པ་དང་སྟོབས་འགྱེད་པ་སོགས་འཇིག་རྟེན་གྱི་གཡེང་བ་ལ་ལྟད་མོ་ལྟ་བ་ཡང་ལོག་འཚོར་བཤད་པའི་ཕྱིར། གསུམ་པ་ལས་གང་གིས་འབྲས་བུ་གང་འགྲུབ་ཚུལ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། དྲིར་བཅས་སྤོང་བའི་ལམ་དག་གི །ལས་ནི་ལྔ་ཡི་འབྲས་བུར་བཅས། །དྲི་མེད་བཞི་ཡིས་ཟག་བཅས་གཞན། །དགེ་དང་མི་དགེ་གང་ཡིན་པའང་། །ཟག་པ་མེད་པ་ལྷག་མ་དང་། །ལུང་བསྟན་མིན་གང་གསུམ་གྱིས་སོ། །ཞེས་བྱུང་། དྲིར་བཅས་ཏེ་ཟག་བཅས་ཉོན་མོངས་སྤོང་བ་འཇིག་རྟེན་པའི་སྒོམ་ལམ་དག་གི་སེམས་པའི་བཞི་ཆོས་ཅན། ལྔ་ཡི་འབྲས་བུར་བཅས་པ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་ཡིད་འོང་། རྒྱུ་མཐུན་གྱི་འབྲས་བུ་རིགས་འདྲ་ཕྱི་མ་དང་། སྐྱེས་བུ་བྱེད་འབྲས་རྣམ་གྲོལ་ལམ་དང་། འོག་མའི་ཉོན་མོངས་སྤངས་པའི་བྲལ་འབྲས་དང་། བདག་འབྲས་རང་ལས་གཞན་པའི་འདུས་བྱས་སྔར་མ་བྱུང་བ་འགྲུབ་པ་དང་བཅས་པའི་ཕྱིར། དྲི་མེད་སྤོང་ལམ་ཟག་མེད་བར་ཆད་མེད་ལམ་ཆོས་ཅན། འབྲས་བུ་བཞི་དང་ལྡན་ཏེ། རྣམ་སྨིན་མ་གཏོགས་པའི་འབྲས་བུ་བཞི་དང་བཅས་པའི་ཕྱིར། སྤོང་ལམ་ལས་གཞན་པའི་དགེ་བ་ཟག་བཅས་དང་མི་དགེ་བའི་ལས་གང་ཡིན་པའང་ཆོས་ཅན། འབྲས་བུ་བཞི་དང་ལྡན་ཏེ། བྲལ་འབྲས་མ་གཏོགས་བཞི་དང་ལྡན་པའི་ཕྱིར། དེ་ལས་གཞན་པའི་ཟག་པ་མེད་པ་ལྷག་མ་དང་ལུང་བསྟན་མིན་པའི་ལས་གང་ཆོས་ཅན། འབྲས་བུ་གསུམ་དང་བཅས་ཏེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་གསུམ་དང་བཅས་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། དགེ་སོགས་གསུམ་དུ་བཤད་པ། དུས་གསུམ་དུ་བཤད་པ། ཁམས་གསུམ་དུ་བཤད་པ། སློབ་སོགས་གསུམ་དུ་བཤད་པ། མཐོང་སྤང་སོགས་གསུམ་དུ་འབྲས་བུ་དུ་དང་བཅས་པ་དང་ལྔ། དང་པོ་ནི། དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་རིམ་པ་བཞིན། །ལུང་མ་བསྟན་གྱི་དགེ་ལ་སོགས། །དེ་དག་གཉིས་དང་གསུམ་དང་གསུམ། །ཞེས་བྱུང་། དགེ་བའི་ལས་ཆོས་ཅན། འབྲས་བུ་དགེ་བ་ལ་བཞི་ཡོད་དེ། རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པ་གཞན་བཞི་འབྱུང་བའི་ཕྱིར། ལ་སོགས་པས་ནི་དེའི་མི་དགེ་བ་ལ་གཉིས་ཡོད་དེ། སྐྱེས་བུ་བྱེད་འབྲས་དང་བདག་འབྲས་གཉིས་ཡོད་པའི་ཕྱིར། དེའི་ལུང་མ་བསྟན་ལ་གསུམ་ཡོད་དེ། དེ་བཞིན་དུ་རྒྱུ་མཐུན་དང་བྲལ་འབྲས་མ་གཏོགས་པ་གསུམ་ཡོད་པའི་ཕྱིར། མི་དགེ་བ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་དགེ་སོགས་གསུམ་ལས་ཅི་ཙམ་འབྱུང་བ་ཡོད་དེ། ཁྱོད་ཀྱི་འབྲས་བུ་དགེ་བ་ལ་སྐྱེས་བདག་གཉིས་དང་། མི་དགེ་བ་ལ་རྒྱུ་བདག་སྐྱེས་གསུམ་དང་། ལུང་མ་བསྟན་ལ་བྲལ་འབྲས་མ་གཏོགས་པ་བཞི་སྟེ་རིམ་པ་བཞིན་དུ་ཡོད་པའི་ཕྱིར་ཏེ། རྒྱུ་མཐུན་སྐྱེས་བདག་རྣམ་སྨིན་བཞི་ཡོད་པའི་ཕྱིར། ལུང་མ་བསྟན་ཆོས་ཅན། ཁྱོད་ཀྱི་འབྲས་བུ་དགེ་སོགས་དེ་དག་གསུམ་ལས་ཅི་ཙམ་འབྱུང་བ་ཡོད་དེ། ཁྱོད་ཀྱི་འབྲས་བུ་དགེ་བ་ལ་སྐྱེས་བདག་གཉིས་དང་། མི་དགེ་བ་ལ་རྒྱུ་བདག་སྐྱེས་གསུམ་དང་། ལུང་མ་བསྟན་ལ་རྒྱུ་མཐུན་བྱེད་འབྲས་རྣམ་སྨིན་གསུམ་ཡོད་པའི་ཕྱིར། གཉིས་པ་ལ། འདས་ད་ལྟར་མ་འོངས་པ་གསུམ་ལས། དང་པོ་ནི། འདས་པའི་ཐམས་ཅད་བཞི་ཡིན་ནོ། །བར་མ་ཡི་ནི་མ་འོངས་པའང་། །བར་མ་གཉིས་པོ་མ་སྐྱེས་པའི། །འབྲས་བུ་མ་འོངས་གསུམ་ཡིན་ནོ། །ཞེས་བྱུང་། འདས་པའི་ལས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་དུས་གསུམ་ཐམས་ཅད་དང་ལྡན་ཞིང་དེ་རྣམས་ནི་འབྲས་བུ་བཞི་དང་བཅས་པ་ཡིན་ཏེ། བྲལ་འབྲས་མ་གཏོགས་པ་བཞི་ཡོད་པའི་ཕྱིར། གཉིས་པ་བར་མ་ད་ལྟར་བ་ཡི་ལས་ནི་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མ་འོངས་པ་ཡིན་ཀྱང་བཞི་ཡོད་དེ། བྲལ་འབྲས་མ་གཏོགས་པ་བཞི་ཡོད་པའི་ཕྱིར། བར་མ་ད་ལྟར་བའི་ལས་ཆོས་ཅན། འབྲས་བུ་ད་ལྟར་བ་གཉིས་ཡོད་དེ། སྐྱེས་བདག་གི་འབྲས་བུ་གཉིས་ཡོད་པའི་ཕྱིར། མ་སྐྱེས་པ་སྟེ་མ་འོངས་པའི་ལས་ཆོས་ཅན། ཁྱོད་འབྲས་བུ་གསུམ་དང་ལྡན་ཏེ། འབྲས་བུ་མ་འོངས་པ་གསུམ་དང་ལྡན་ཏེ། ཡིན་པའི་ཕྱིར་ཏེ། རྒྱུ་བྲལ་མ་གཏོགས་པ་དང་ལྡན་པའི་ཕྱིར། གསུམ་པ་ནི། རང་གི་ས་པའི་བཞི་ཡིན་ནོ། །གཞན་གྱི་ས་པའི་གསུམ་དང་གཉིས། །ཞེས་བྱུང་། ཁམས་གསུམ་གྱི་ལས་ཆོས་ཅན། རང་གི་ས་པའི་འབྲས་བུ་སྒྲུབ་པ་ལ་བཞི་ཡོད་དེ། བྲལ་འབྲས་མིན་པ་བཞི་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་གཞན་གྱི་ས་པའི་ལས་སྒྲུབ་པ་ལ་གསུམ་མམ། གཉིས་འབྱུང་བ་ཡོད་དེ། ཟག་མེད་ཞིག་སྒྲུབ་ན་རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་གསུམ་དང་། ཟག་བཅས་སྒྲུབ་ན་སྐྱེས་བདག་གཉིས་འབྱུང་བའི་ཕྱིར། བཞི་པ་ལ། སློབ་པ་དང་མི་སློབ་པ་དང་གཉིས་ཀ་མིན་པ་གསུམ། དང་པོ་ནི། སློབ་པའི་སློབ་ལ་སོགས་པ་གསུམ། །མི་སློབ་ལས་ཀྱི་འབྲས་བུ་ནི། །སློབ་པ་ཡི་ནི་ཆོས་ལ་སོགས། །གཅིག་དང་གསུམ་དང་གཉིས་ཡིན་ནོ། །དེ་ལས་གཞན་པའི་འབྲས་བུ་ནི། །སློབ་སོགས་གཉིས་དང་གཉིས་དང་ལྔ། །ཞེས་བྱུང་། སློབ་པའི་ལས་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་སློབ་པ་ལ་སོགས་གསུམ་ལས་གང་སྐྱེས་པའི་ཁྱད་པར་ཡོད་དེ། འབྲས་བུ་སློབ་པ་སྒྲུབ་ན་རྒྱུ་སྐྱེས་བདག་གསུམ་དང་། སོགས་པས་མི་སློབ་པ་སྒྲུབ་ན་ཡང་འབྲས་བུ་དེ་གསུམ་དང་། སློབ་མི་སློབ་གཉིས་ཀ་མིན་པ་སྒྲུབ་ན་སྐྱེས་བདག་བྲལ་འབྲས་གསུམ་འབྱུང་བའི་ཕྱིར། གཉིས་པ་མི་སློབ་པའི་ལས་ཆོས་ཅན། འབྲས་བུ་སློབ་སོགས་གསུམ་ལ་ཅི་ཙམ་སྐྱེད་པ་ཡོད་དེ། སློབ་པའི་ཆོས་སྐྱེད་ན་བདག་འབྲས་གཅིག་པུ་དང་། སོགས་པས་མི་སློབ་བསྐྱེད་ན་རྒྱུ་བདག་སྐྱེས་གསུམ་དང་། སློབ་མི་སློབ་གཉིས་ཀ་མིན་པ་སྐྱེད་ན་སྐྱེས་བདག་གཉིས་འབྱུང་བ་ཡིན་པའི་ཕྱིར། གསུམ་པ་སློབ་མི་སློབ་དེ་ལས་གཞན་པའི་གཉིས་ཀ་མིན་པའི་ལས་ཆོས་ཅན། འབྲས་བུ་གསུམ་པོ་དེ་ལས་ཅི་ཙམ་སྐྱེད་པ་ཡོད་དེ། ཁྱོད་ཀྱིས་སློབ་པ་ལ་སྐྱེས་བདག་གཉིས་དང་སོགས་ཀྱིས་མི་སློབ་པ་ལའང་དེ་གཉིས་དང་། གཉིས་ཀ་མིན་པ་ལ་འབྲས་བུ་ལྔ་འབྱུང་བའི་ཕྱིར། ལྔ་པ་ནི། མཐོང་བས་སྤང་བྱའི་དེ་ལ་སོགས། །གསུམ་དང་བཞི་དང་གཅིག་ཡིན་ནོ། །སྒོམ་པས་སྤང་བར་བྱ་ལས་ཀྱི། །དེ་དག་གཉིས་དང་བཞི་དང་གསུམ། །སྤང་བྱ་མིན་པའི་དེ་དག་གཅིག །གཉིས་དང་བཞི་སྟེ་གོ་རིམ་བཞིན། །ཞེས་བྱུང་། འདི་ལ་གསུམ་གྱི་དང་པོ་ནི། མཐོང་བས་སྤང་བྱའི་ལས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་དེ་དག་གསུམ་ལས་གང་འབྱུང་བ་ཡོད་དེ། མཐོང་སྤང་ལ་རྒྱུ་སྐྱེས་བདག་གསུམ་དང་། སོགས་ཀྱིས་སྒོམ་སྤངས་ལ་བྲལ་འབྲས་མིན་པའི་བཞི་དང་། སྤང་བྱ་མིན་པ་ལ་བདག་འབྲས་གཅིག་པུ་ཁོ་ན་འབྱུང་བའི་ཕྱིར། །སྒོམ་པས་སྤང་བར་བྱ་བའི་ལས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་དེ་དག་གསུམ་ལས་གང་འབྱུང་བ་ཡོད་དེ། འབྲས་བུ་མཐོང་སྤང་ལ་སྐྱེས་པ་བདག་གཉིས་དང་། སྒོམ་སྤང་ལ་བྲལ་འབྲས་མིན་པའི་བཞི་དང་། སྤང་བྱ་མིན་པ་ལ་སྐྱེས་བདག་བྲལ་འབྲས་གསུམ་ཡོད་པའི་ཕྱིར། སྤང་བྱ་མིན་པའི་ལས་ཆོས་ཅན། ཁྱོད་ཀྱིས་གསུམ་པོ་དེ་དག་ལས་གང་སྐྱེད་པ་ཡོད་དེ། འབྲས་བུ་གོ་རིམ་བཞིན་དུ་མཐོང་སྤང་ལ་བདག་འབྲས་གཅིག་པུ་དང་། སྒོམ་སྤང་ལ་སྐྱེས་བདག་གཉིས་དང་། སྤང་བྱ་མིན་པ་རྣམ་སྨིན་མིན་པའི་བཞི་དང་ལྡན་པའི་ཕྱིར་རོ། །བཞི་པ་ལས་ཀྱི་རྣམ་གྲངས་གཞན་ནི། རིགས་མིན་བསྐྱེད་པ་ཉོན་མོངས་ཅན། ཁ་ཅིག་ཆོ་ག་ཉམས་ཞེའོ། །གཅིག་གིས་སྐྱེས་བ་གཅིག་འཕེན་ནོ། །ཡོངས་སུ་རྫོགས་བྱེད་དུ་མ་ཡིན། སེམས་མེད་སྙོམས་པ་འཇུག་པ་དག །འཕེན་བྱེད་མ་ཡིན་ཐོབ་པའང་མིན། །ཞེས་བྱུང་། རིགས་མི་རིགས་གཉིས་ཀ་མིན་པའི་ལས་གསུམ་ལས་རིགས་པ་མ་ཡིན་པའི་ལས་ཆོས་ཅན། ཡོད་དེ། ཉོན་མོངས་ཅན་གྱིས་བསྐྱེད་པའི་ལས་རྣམས་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་ཡོད་དེ། སྔ་མའི་སྟེང་དུ་འགྲོ་འདུག་ཟས་སོགས་ལ་ཆོ་ག་ལྟར་མ་བྱས་པའི་ལས་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཆོ་ག་ཉམས་པའི་ལས་མི་རིགས་པ་ཡིན་པའི་ཕྱིར་ཞེའོ། །གོང་དུ་བཤད་པའི་ལས་གཅིག་གིས་སྐྱེ་བ་གཅིག་དང་དུ་མ་གང་འཕེན་ཞེ་ན། བྱེ་སྨྲའི་གྲུབ་མཐའ་འདིར་ལས་གཅིག་ཁོ་ནས་སྐྱེ་བ་གཅིག་འཕེན་གྱི། དུ་མ་མི་འཕེན་ལ། དུ་མས་ཀྱང་གཅིག་ཙམ་ལས་འཕེན་པར་མི་འདོད་དེ། དེ་ལ་རིགས་པས་གནོད་པའི་ཕྱིར་ཟེར་ཏེ་རིགས་པ་ནི་གངས་སྤེལ་ལས་སོ། །འོ་ན་མདོ་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པར་བཤད་པ་དེ་ཇི་ལྟར་ཞེ་ན། ཁོ་ན་རེ། སྐྱོན་མེད་དེ། ལས་གཞན་གྱི་ས་བོན་གསོས་དང་། དེ་ལ་བརྟེན་ནས་སྐྱེ་བ་རྒྱུན་ཆགས་སུ་འབྱུང་བ་ལྟ་བུ་ལ་དགོངས་པའི་ཕྱིར་ཟེར། འཕེན་བྱེད་གཅིག་ཡིན་ཡང་ཡོངས་སུ་རྫོགས་བྱེད་དུ་མ་ཡོད་པ་ཡིན་ཏེ། དཔེར་ན། རི་མོ་མཁན་གཅིག་གིས་བྲིས་པ་ལ་ཚོན་སྣ་ཚོགས་ཀྱིས་རྫོགས་པར་བྱེད་པ་ལྟར། འཕེན་བྱེད་གཅིག་གི་འབྲས་བུ་དབང་པོ་ཚང་མ་ཚང་སོགས་སྣ་ཚོགས་འབྱུང་བ་ཡོད་པའི་ཕྱིར། སེམས་མེད་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དག་ཆོས་ཅན། རྣམ་སྨིན་དང་བཅས་ཀྱང་རིས་མཐུན་འཕེན་བྱེད་མ་ཡིན་ཏེ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར། དེར་མ་ཟད་ལྷན་ཅིག་ཏུ་བྱུང་བའི་ཐོབ་པའང་འཕེན་བྱེད་མིན་ཏེ། ལས་བས་ཀྱང་འབྲས་བུ་མང་བའི་ཕྱིར་དང་འབྲས་བུ་མི་གཅིག་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ། སྤང་བྱ་སྒྲིབ་པ་གསུམ། བསྟེན་བྱ་བསོད་ནམས་གསུམ། ཆ་མཐུན་དགེ་བ་གསུམ་བཤད་པ་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། འགྲོ་བ་ན་སྒྲིབ་པ་དུ་ཡོད་དང་། ལས་སྒྲིབ་བྱེ་བྲག་ཏུ་བཤད་པ་གསུམ། དང་པོ་ནི། མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་མོངས་ཤས་ཆེན་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་བྱུང་། སྒྲིབ་པ་ཆོས་ཅན། ཁྱོད་ལ་རྣམ་གྲངས་གྱིས་དབྱེ་ན་གསུམ་དུ་འདོད་དེ། ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། རྣམ་སྨིན་གྱི་སྒྲིབ་པ་དང་གསུམ་ཡོད་པའི་ཕྱིར། དེར་ཐལ། མཚམས་མེད་པ་ཡི་ལས་རྣམས་དང་པོ་དང་། ཉོན་མོངས་ཤས་ཆེན་པོའི་སྒྲིབ་པ་རྣམས་གཉིས་པ་དང་། ངན་འགྲོ་བ་རྣམས་དང་འདུ་ཤེས་མེད་པའི་སེམས་ཅན་དང་སྒྲ་མི་སྙན་པ་རྣམས་གསུམ་པས་བསྡུས་པ་ཡིན་པའི་ཕྱིར། དེ་དག་གིས་གང་ལ་སྒྲིབ་ཚུལ་ཡོད་དེ། སྡོམ་པ་དང་ལམ་ཁྱད་པར་ཅན་ཅི་རིགས་སྐྱེ་བ་ལ་སྒྲིབ་པར་བྱེད་པའི་ཕྱིར། དེ་གསུམ་གྱི་ཆེ་ཆུང་ཡོད་དེ། ཉོན་མོངས་དང་ལས་དང་རྣམ་སྨིན་གསུམ་སྔ་མ་སྔ་མ་ཆེ་བའི་ཕྱིར། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། མཚམས་མེད་ལས་སྟོབས་ཆུང་བའི་ཉོན་མོངས་དུ་མ་ཡོད་པའི་ཕྱིར། གཉིས་པ་ནི། མཚམས་མེད་གླིང་གསུམ་དག་ན་ཡོད། །ཟ་མ་སོགས་ལ་མི་འདོད་དོ། །ཕན་དག་ངོ་ཚ་ཆུང་བའི་ཕྱིར། །ལྷག་མ་འགྲོ་བ་ལྔ་དག་ན། །ཞེས་བྱུང་། མཚམས་མེད་ལྔ་ཆོས་ཅན། གང་དུ་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། སྒྲ་མི་སྙན་མིན་པའི་གླིང་གསུམ་གྱི་མི་དག་ལ་ཡོད་ཀྱི། ཟ་མ་དང་སོགས་ཀྱིས་མ་ནི་ད་ལྟ་བུ་ལ་ཡོད་པར་མི་འདོད་པའི་ཕྱིར། དེར་ཐལ། དེ་ཕན་སེམས་ཆུང་ཞིང་རྒྱུད་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར། མཚམས་མེད་ཀྱི་ལྷག་མ་ཉོན་མོངས་དང་རྣམ་སྨིན་གྱི་སྒྲིབ་པ་ཆོས་ཅན། གང་ན་ཡོད་པ་ནི་ཕྱོགས་རེ་བ་མིན་ཏེ། འགྲོ་བ་ལྔ་པོ་ཐམས་ཅད་དག་ན་ཡོད་པའི་ཕྱིར། གསུམ་པ་ལ། མཚམས་མེད་དངོས་དང་། ཉེ་བའི་མཚམས་མེད་ཞར་བྱུང་དང་བཅས་པ་གཉིས། དང་པོ་ལ། དགེ་འདུན་གྱི་དབྱེན་དང་། དེ་དག་མཚམས་མེད་ཡིན་པའི་རྒྱུ་མཚན། དེ་ལ་གཞན་གྱི་དོགས་པ་སྤང་བ། དགེ་མི་དགེའི་འབྲས་བུ་ཆེ་ཚད་བསྟན་པ་དང་བཞི། དང་པོ་ལ། དགེ་འདུན་གྱི་དབྱེན་དངོས་དང་། འཁོར་ལོའི་དབྱེན་གྱི་མཚམས་མེད་ངོས་བཟུང་བ་དང་། དེའི་ཁྱད་ཆོས་བཤད་པ་གསུམ། དང་པོ་ནི། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དག་དགེ་འདུན་ཡང་དག་ལྡན། །ཞེས་བྱུང་། དགེ་འདུན་གྱི་དབྱེན་ཆོས་ཅན། འཇོག་ཚུལ་ཡོད་དེ། དགེ་འདུན་གྱི་སྡེ་གཉིས་ཕན་ཚུན་མི་འཕྲོད་པར་བྱེད་པའི་རང་བཞིན་ལྡན་པ་མིན་པའི་ཆོས་དེ་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཉོན་མོངས་ཅན་མིན་ཏེ། ཉོན་མོངས་སྤངས་པའི་གང་ཟག་གི་རྒྱུད་ལ་ཡོད་པའི་ཕྱིར། མི་དགེ་བའང་མིན་ཏེ། ལུང་དུ་བསྟན་པ་མིན་པའི་ཆོས་ཡིན་པའི་ཕྱིར། དགེ་བ་མིན་པ་ནི་ཤེས་སླའོ། །དེ་ཆོས་ཅན། གང་ལ་ལྡན་པ་ཡོད་དེ། དགེ་འདུན་དེ་དང་དེ་ཕྱེ་བའི་དགེ་འདུན་སྡེ་ཕན་ཚུན་གཉིས་དང་ཡང་དག་ལྡན་གྱི། འབྱེད་པ་པོ་ལ་མི་ལྡན་པའི་ཕྱིར། གཉིས་པ་ནི། དེ་ཡི་ཁ་ན་མ་ཐོ་རྫུན། དེ་དང་འབྱེད་ལོ་ཡང་དག་ལྡན། །ཞེས་འབྱུང་། དགེ་འདུན་འཁོར་ལོའི་དབྱེན་གྱི་མཚམས་མེད་ཀྱི་ལས་ཆོས་ཅན། འཇོག་ཚུལ་ཡོད་དེ། དགེ་འདུན་སྡེ་གཉིས་ཕན་ཚུན་འབྱེད་པར་བྱེད་པ་དེ་ཡི་ཁ་ན་མ་ཐོ་བའི་རྫུན་ཆེན་པོའི་མཚམས་མེད་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། གང་ལ་ལྡན་པ་ཡོད་དེ། དེ་དང་འབྱེད་པ་པོ་ལྷས་སྦྱིན་ལྟ་བུ་ལ་ཡང་དག་པར་ལྡན་པའི་ཕྱིར། དགེ་འདུན་གྱི་དབྱེན་ཡིན་ན་ལུང་མ་བསྟན་ཡིན་པས་མ་ཁྱབ་སྟེ། དེའི་མཚམས་མེད་ཀྱི་ལས་རྣམས་ལུང་མ་བསྟན་མ་ཡིན་པའི་ཕྱིར། དེར་ཐལ། དེ་རྣམས་མི་དགེ་བ་ཆེན་པོ་ཡིན་པའི་ཕྱིར། གསུམ་པ་དེའི་ཁྱད་ཆོས་ལ། འབྲས་བུའི་ཁྱད་པར་དང་། གང་ཟག་གི་དང་། ཚུལ་ཇི་ལྟར་དང་། གནས་ཀྱི་ཁྱད་པར་དང་། དུས་ནམ་གྱི་ཚེ་བྱེད་པ་ལྔ། དང་པོ་ནི། བསྐལ་པར་མནར་མེད་རྣམ་སྨིན་འགྱུར། །ལྷག་པས་གནོད་པ་ལྷག་པར་འགྱུར། །ཞེས་བྱུང་། འཁོར་ལོའི་མཚམས་མེད་ཆོས་ཅན། ཁྱོད་ཀྱིས་བྱས་པའི་རྣམ་སྨིན་གྱི་འབྲས་བུ་ཡོད་དེ། བྱེད་པ་པོ་བར་གྱི་བསྐལ་པར་མནར་མེད་པའི་དམྱལ་བར་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བའི་ཕྱིར། མཚམས་མེད་གཅིག་དང་མང་པོ་བྱས་པ་ལ་ཁྱད་པར་ཡོད་དེ། གཅིག་ལས་ལྷག་བྱས་པ་དེའི་ལུས་ཇེ་ཆེར་སྐྱེེས་ནས་མཚམས་མེད་ཀྱི་གྲངས་བཞིན་དུ། སྡུག་བསྔལ་གྱི་གནོད་པ་ཡང་གཉིས་སོགས་ཆེས་ལྷག་པར་མྱོང་བར་འགྱུར་བའི་ཕྱིར། གཉིས་པ་ནི། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་ཞེས་བྱུང་། དབྱེན་དེ་ཆོས་ཅན། ཁྱོད་བྱེད་པ་པོའི་གང་ཟག་ཡོད་དེ། དགེ་སློང་ཡིན་པ། ལྟ་བ་གཙོ་བོར་སྤྱོད་པ། ཚུལ་ཁྲིམས་དང་ལྡན་པས་འབྱེད་ཀྱི། དེ་ལ་གཞན་པས་མི་ནུས་པའི་ཕྱིར། གསུམ་པ་ནི། གཞན་དུའོ་བྱིས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །ཞེས་བྱུང་། སངས་རྒྱས་དངོས་སུ་བཞུགས་པའི་གནས་དེ་ལས་གཞན་དུ་བྱིས་པ་སྟེ་སོ་སྐྱེ་རྣམས་འབྱེད་དགོས་ཏེ། སྟོན་པ་བཞུགས་པར་གཟི་བརྗིད་མི་བཟོད་ཅིང་། འཕགས་པའི་གང་ཟག་འབྱེད་མི་ནུས་པའི་ཕྱིར། བྱེ་བའི་ཚད་ཡོད་དེ། སྟོན་པ་ལས་གཞད་པའི་ལྷས་སྦྱིན་ལ་དད་པ་དང་། སྟོན་པས་བཅས་པའི་ལམ་ལས་གཞན་བསླབ་ཚིག་ལྔ་ལ་བཟོད་པ་སྟེ་འདོད་ཅིང་དང་དུ་བླངས་པ་ན་བྱེ་བ་ཡིན་པའི་ཕྱིར། བྱེད་པ་དེ་ཆོས་ཅན། ཁྱོད་ཀྱི་ཡུན་ཚད་ཡོད་དེ། ཞག་གཅིག་ལས་ལྷག་མི་གནས་པར་འདུམ་པར་འགྱུར་བའི་ཕྱིར། དབྱེན་དེ་ནི་ཆོས་ཅན། འཁོར་ལོའི་དབྱེན་དུ་འདོད་པ་ཡིན་ཏེ། མ་འདུམ་བར་དུ་ལམ་གསར་པ་མི་སྐྱེ་ཞིང་ཆོས་འཁོར་ཡང་བྱེ་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། བཞི་པ་ནི། འཛམ་གླིང་ནའོ་དགུ་སོགས་ཀྱིས། །ལས་ཀྱི་དབྱེན་ནི་གླིང་གསུམ་ན། །དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ཞེས་བྱུང་། འཁོར་ལོའི་དབྱེན་དེ་ཆོས་ཅན། འཛམ་གླིང་ཁོ་ན་ན་ཡོད་ཀྱི་གཞན་ན་མེད་དེ། །འགྲན་ཟླ་སངས་རྒྱས་མེད་པའི་ཕྱིར་གྲངས་ཉུང་མཐའ་ཡང་དགེ་སློང་དགུ་སོགས་དགོས་ཏེ། དགེ་འདུན་སྡེ་གཉིས་ལ་དགེ་སློང་བརྒྱད་དང་འབྱེད་པ་པོ་གཅིག་ཀྱང་དགོས་པའི་ཕྱིར། ལས་ཀྱི་དབྱེན་དེ་ནི་ཆོས་ཅན། གླིང་གསུམ་ན་ཡོད་དེ། བསྟན་པ་གནས་ས་ཁོ་ནར་ཡོད་པའི་ཕྱིར། དེ་ནི་ཆོས་ཅན། ཁྱོད་ལ་དགེ་སློང་བཞི་ཚན་གཉིས་ཏེ་བརྒྱ་དག་ཡན་ཆད་ཀྱིས་ཆོ་ག་སྟེ། འབྱེད་པ་པོ་ཟུར་དུ་མི་དགོས་པའི་ཕྱིར། ལྔ་པ་ནི། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང་། མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་བྱུང་། འཁོར་ལོའི་དབྱེན་དེ་ཆོས་ཅན། །དུས་དྲུག་ཏུ་མི་འབྱུང་སྟེ། སྟོན་པ་དང་པོ་སངས་རྒྱས་མ་ཐག་དང་། །མཐའ་སྟེ་ཕྱིས་མྱ་ངན་ལས་འདའ་བ་དང་། །བར་དུའང་བསྟན་པ་ལ་སྐྱོན་མ་བྱུང་བའི་བར་དང་། ཉན་ཐོས་མཆོག་ཟུང་གཅིག་མ་བྱུང་བའི་སྔ་རོལ་དང་། ཐུབ་པ་ནོངས་པ་སྟེ་མྱ་ངན་ལས་འདས་རྗེས་དང་། འཚམས་པོ་ཆེ་མ་བཅད་པའི་ནང་དག་ཏུ་ཡང་མི་འབྱུང་བའི་ཕྱིར། རྟགས་གཞན་རྣམས་སླ་ཞིང་། བཞི་པ་གྲུབ་སྟེ། དབྱེན་དེ་མཆོག་ཟུང་གཅིག་གིས་འདུམ་པར་བྱེད་དགོས་པའི་ཕྱིར། དྲུག་པ་གྲུབ་སྟེ། མཚམས་ནང་གཅིག་ཏུ་གནས་པ་ལ་ནི་དེ་མི་འབྱུང་བའི་ཕྱིར། གཉིས་པ་ནི། ཕན་འདོགས་པ་དང་ཡོན་ཏན་ཞིང་། སྤངས་དང་མེད་པར་བྱས་ཕྱིར་རོ། །ཞེས་བྱུང་། ཕ་མ་བསད་པའི་ལས་དེ་ཆོས་ཅན། འཚམས་མེད་ཀྱི་ལས་ཡིན་ཏེ། ཕན་འདོགས་པའི་ཞིང་ཁྱད་པར་བ་བསམ་པས་སྤངས་ཤིང་སྦྱོར་བས་མེད་པར་བྱས་པའི་ཕྱིར། དགྲ་བཅོམ་བསད་པ་དང་དགེ་འདུན་གྱི་དབྱེན་དང་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུར་བའི་ལས་གསུམ་ཆོས་ཅན། འཚམས་མེད་ཡིན་ཏེ། ཡོན་ཏན་གྱི་ཞིང་ཁྱད་པར་ཅན་སྤངས་ཤིང་མེད་པ་དང་ཉམས་པ་སྔར་ལྟར་བྱས་པའི་ཕྱིར། གསུམ་པ་ནི། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །གང་གི་ཟླ་མཚན་ལས་བྱུང་མ། །སངས་རྒྱས་བརྡེག་པར་སེམས་ལ་མིན། །བསྣུན་འོག་དགྲ་བཅོམ་ལ་མ་ཡིན། །འཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ཕ་མ་མཚན་གྱུར་པ་བསད་ནའང་འཚམས་མེད་དུ་འགྱུར་ཏེ། ཕ་བུད་མེད་དང་མ་སྐྱེས་པ་ལྟ་བུ་མཚན་གཞན་དུ་གྱུར་པ་གཉིས་ལ་ཡང་འཚམས་མེད་འབྱུང་བའི་ཕྱིར། བུད་མེད་ཁ་ཅིག་རང་གི་མངལ་གྱི་ནུར་ནུར་པོ་དེ་བུད་མེད་གཞན་གྱི་མངལ་དུ་བླུགས་ནས་བཙས་པའི་བུ་དེའི་མ་དངོས་གནས་པ་གང་ཞེ་ན། ཡོད་དེ། གང་གི་ཟླ་མཚན་ལས་བྱུང་བའི་བུད་མེད་དེ་དེའི་མ་དངོས་ཡིན་པས་དེ་ཉིད་བསད་ན་འཚམས་མེད་ཀྱི་ལས་འབྱུང་བའི་ཕྱིར། འོན་ཀྱང་དེ་ནི་སྐྱེད་བྱེད་ཀྱི་མའི་དབང་དུ་མཛད་པ་ཡིན་ཏེ། སྤྱིར་མ་ཙམ་ལ་ནི་སྐྱེད་བྱེད་དང་། གསོ་བྱེད་ཀྱི་མ་སོགས་དུ་མར་བརྗོད་རིགས་པའི་ཕྱིར། སངས་རྒྱས་ལ་བརྡེག་པར་སེམས་པ་ཙམ་ལ་ནི་འཚམས་མེད་མི་འབྱུང་སྟེ། སངས་རྒྱས་བཀྲོང་འདོད་མེད་ན་དེ་མི་འབྱུང་བའི་ཕྱིར། དགྲོ་བཅོམ་མ་ཐོབ་གོང་དུ་མཚོན་བསྣུན་ནས་དེའི་འོག་ཏུ་དགྲ་བཅོམ་ཐོབ་པ་ལ་ནི་དགྲ་བཅོམ་བཀྲོང་བའི་འཚམས་མེད་ཀྱི་ལས་འབྱུང་བ་མིན་ཏེ། གང་ཟག་དེས་དགྲ་བཅོམ་བཀྲོང་བའི་སྦྱོར་བ་མ་བྱས་པའི་ཕྱིར། འཚམས་མེད་ཀྱི་སྦྱོར་བ་བྱས་པ་དེས་བསམ་པ་དེ་མ་ལོག་གི་བར་ལ་ཁམས་གསུམ་གྱིི་འདོད་ཆགས་དང་བྲལ་བའི་འབྲས་བུ་བཞི་གང་རུང་ཐོབ་མི་སྲིད་དེ། ལས་སྒྲིབ་ཤིན་ཏུ་སྟོབས་ཆེ་བ་ལ་དེ་མི་སྲིད་པའི་ཕྱིར། དགྲ་བཅོམ་བསད་པའི་ལས་ཡིན་ན་འཚམས་མེད་ཀྱི་ལས་ཡིན་པས་མ་ཁྱབ་སྟེ། རྒྱུ་མཚན་གོང་དུ་བཤད་པ་ལྟར་དང་། མ་བསམ་པ་དང་ནོར་ནས་ཀྱང་དགྲ་བཅོམ་བསད་པ་ཡོད་པའི་ཕྱིར། དེ་བཞིན་དུ་ཕ་མ་བསད་པའི་ལས་ལ་ཡང་འཚམས་མེད་ཀྱི་ལས་ཀྱིས་མ་ཁྱབ་སྟེ། དེ་དག་གསོད་འདོད་གཏན་མེད་པར་སྟིས་དབང་གིས་བསད་པ་ཡོད་པའི་ཕྱིར། དེར་ཐལ། བཙོ་ལག་མཁན་གྱི་བུས་སྦྲང་བུ་བསད་པར་འདོད་ནས་ཕ་བསད་ཀྱང་ལས་ལམ་དངོས་གཞི་མ་བྱུང་བ་བཞིན་ནོ། །ཕ་ཡང་ཡིན་དགྲ་བཅོམ་པ་ཡང་ཡིན་པའི་གཞི་མཐུན་པ་བསད་ན་འཚམས་མེད་གཅིག་བྱས་པར་འཇོག་སྟེ། རྟེན་གཅིག་པའི་ཕྱིར། དེས་ན། སྲོག་གཅོད་ཀྱི་ལས་ལམ་གཅིག་ཁོ་ན་འབྱུང་གི །གཉིས་འབྱུང་བའི་དོན་མེད་དེ། བསད་བྱ་གཅིག་ཁོ་ན་ཡིན་པའི་ཕྱིར། འོ་ན། མཚམས་མེད་གཉིས་ཀྱི་ནང་ནས་གང་དུ་འཇོག་ཅེ་ན། མིང་གི་རྣམ་གྲངས་ཀྱིས་གཉིས་ཀར་འཇོག་རུང་ཡང་བྱེ་སྨྲ་ལྟར་ན་གཅིག་ཏུ་འཇོག་སྟེ། དགྲ་བཅོམ་བསད་པའི་མཚམས་མེད་ཀྱི་ལས་སུ་འདོད་པའི་ཕྱིར། སྐབས་འདིར་གྲུབ་མཐའི་ཁྱད་པར་གྱིས་ཅུང་ཟད་མི་འདྲ་བ་རེ་ཡོད་དེ། །བཞི་པ་དགེ་མི་དགེའི་འབྲས་བུ་ཆེ་ཚད་ངོས་བཟུང་བ་ནི། དགེ་འདུན་དབྱེ་ན་ཕྱིར་རྫུན་སྨྲ་བ། ཁ་ན་མ་ཐོར་བ་ཆེར་འདོད། །འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩིའི་སེམས་པ་འབྲས་རབ་ཆེ། །ཞེས་བྱུང་། འཚམས་མེད་ཀྱི་ནང་ནས་དགེ་འདུན་གྱི་དབྱེན་བྱེད་པའི་ཕྱིར་དུ་རྫུན་རླབས་པོ་སྨྲ་བའི་འཚམས་མེད་ཀྱི་ལས་དེ་ཆོས་ཅན། ཁྱོད་ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་དེ། འཚམས་མེད་གཞན་བཞི་ལས་ཀྱང་ཆེ་བའི་ཕྱིར། དེར་ཐལ། ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགྲ་བཅོམ་བསད་པ་དང་། མ་དང་ཕ་བསད་པ་སྔ་མ་སྔ་མ་ཆེ་ཡང་ཐམས་ཅད་ལས་ཁྱོད་སྡིག་ཆེ་བའི་ཕྱིར། འཇིག་རྟེན་པ་ཡི་དགེ་བ་ལ་ནི་སྲིད་རྩེའི་སེམས་དེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་རབ་ཏུ་ཆེ་སྟེ། བསྐལ་པ་ཆེན་པོ་བརྒྱད་ཁྲིར་རབ་ཏུ་ཞི་བར་གནས་པའི་ཕྱིར། གཉིས་པ་ལ། ཉེ་བའི་འཚམས་མེད་དངོས་དང་། ལས་ལམ་ཀྱི་གེགས་ངོས་བཟུང་བ་དང་། བྱང་སེམས་ངེས་གནས་བཤད་པ་གསུམ། དང་པོ་ནི། མ་དགྲ་བཅོམ་མ་སུན་ཕྱུང་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དར་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་བྱུང་། འཚམས་མེད་ཆོས་ཅན། ཁྱོད་དང་ཆ་འདྲ་བའི་ཉེ་བའི་འཚམས་མེད་ལྔ་ཡོད་དེ། མ་དགྲ་བཅོམ་མ་མི་ཚངས་བར་སྤྱད་པས་སུན་ཕྱུང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་ངེས་གནས་གསོད་པ་དང་། འཕགས་པ་སློབ་པ་གསོད་པ་དང་། དགེ་འདུན་གྱི་ཞལ་གྱི་འདུ་བའི་སྒོ་འཕྲོག་པ་དག་ནི་རིམ་པ་བཞིན་དུ་མ་དང་ཕ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་གྱི་དབྱེན་བྱས་པའི་འཚམས་མེད་དང་ཆ་འདྲ་ཞིང་། ལྔ་པ་མཆོད་རྟེན་འཇིག་པ་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཆ་འདྲ་བ་ཡིན་པའི་ཕྱིིར། གཉིས་པ་ནི། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། འཐོབ་ལ་ལས་གེགས་ཤིན་ཏུ་བྱེད། །ཅེས་བྱུང་། ཡོན་ཏན་གྱི་ཁྱད་པར་འགའ་ཞིག་འཐོབ་པ་ལ་གེགས་བྱེད་ཀྱི་གཙོ་བོ་གསུམ་ཡོད་དེ། སྦྱོར་ལམ་བཟོད་པ་ཐོབ་པ་ལ་ངན་སོང་དུ་སྐྱེ་ངེས་ཀྱི་ལས་དང་། ཕྱིར་མི་འོང་ཐོབ་པ་ལ་འདོད་ཁམས་སུ་སྐྱེ་ངེས་ཀྱི་ལས་དང་། དགྲ་བཅོམ་ཐོབ་པ་ལ་ཁམས་གོང་དུ་སྐྱེ་ངེས་ཀྱི་ལས་རྣམས་ཀྱིས་ཤིན་ཏུ་གེགས་བྱེད་པའི་ཕྱིར། དེར་ཐལ། ཡོན་ཏན་དེ་དག་ཐོབ་ན་དེ་རྣམས་སུ་གཏན་མི་སྐྱེ་བའི་ཕྱིར། གསུམ་པ་ལ། བྱང་སེམས་ངེས་གནས་ཀྱི་ཁྱད་ཆོས་དང་། སྔོན་བྱུང་སྟོན་པའི་རྣམ་ཐར་བཤད་པ་གཉིས། དང་པོ་ནི། །གང་ནས་བྱང་ཆུབ་སེམས་དཔའ་ཡིན། །གང་ནས་མཚན་གྱི་ལས་བྱེད་པ། །བདེ་འགྲོར་རིགས་མཐོར་སྐྱེ་དབང་ཚང་། །ཕོར་གྱུར་ཚེ་རབས་དྲན་མི་ལྡོག །དེ་ནི་འཛམ་གླིང་ཕོར་གྱུར་ཉིད། ། མངོན་སུམ་སངས་རྒྱས་ལ་སེམས་པ། །བསམ་པ་ལས་བྱུང་བསྐལ་པ་བརྒྱ། ། ལུས་པ་དག་ཏུ་འཕེན་པར་བྱེད། །རེ་རེའང་བསོད་ནམས་བརྒྱ་ལས་སྐྱེ། །ཞེས་བྱུང་། དུས་གང་ནས་བྱང་ཆུབ་སེམས་དཔའ་དེས་གནས་ཡིན་ཞེ་ན། ཡོད་དེ། གང་ཕན་ཆད་ནས་སངས་རྒྱས་ཀྱི་མཚན་གྱི་རྣམ་པར་སྨིན་པ་ཅན་གྱི་ལས་བྱེད་པ་དང་། ཆོས་གཟུགས་ཀྱི་སྐུ་ལ་དམིགས་པ་དང་། བྱང་ཆུབ་ལ་ངེས་པར་གཞོལ་ཅིང་སྨོན་ལམ་བཏབ་པའི་ནུས་པ་ཁྱད་པར་དུ་གྱུར་བའི་ཚེ་ངེས་གནས་ཞེས་བྱ་བའི་ཕྱིར། དེ་ཆོས་ཅན། ཡོན་ཏན་དྲུག་དང་ལྡན་ཏེ། དེ་ཕན་ཆད་དུ་བདེ་འགྲོར་སྐྱེ་ཞིང་། རིགས་མཐོན་པོར་སྐྱེ་བ་དང་། དབང་པོ་ཚང་བ་དང་། ཕོ་ཁོ་ནར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། ཕྱིར་མི་ལྡོག་པ་དྲུག་དང་ལྡན་པའི་ཕྱིར། མཚན་རྣམ་པར་སྨིན་པའི་ལས་སུ་བཤད་པ་དེ་ཆོས་ཅན། ཁྱད་པར་དྲུག་དང་ལྡན་ཏེ། གནས་འཛམ་གླིང་དང་། རྟེན་ཕོར་གྱུར་པ་ཉིད་དང་། ཡུལ་མངོན་སུམ་དུ་གྱུར་པའི་སངས་རྒྱས་མངོན་སུམ་དུ་གྱུར་པ་དང་། དམིགས་པ་སངས་རྒྱས་ལ་དམིགས་ཤིང་དོན་དུ་གཉེར་བར་སེམས་པ་དང་། ལས་དེའི་ངོ་བོ་ནི་བསམ་པ་ལས་བྱུང་བ་དང་། དུས་འཚང་རྒྱལ་ལ་བསྐལ་པ་བརྒྱ་ལུས་པ་དག་ཏུ་འཕེན་གྱི། དེ་ལས་མི་མང་བའི་ཕྱིར། མཚན་དེ་རྣམས་ཆོས་ཅན། རྣམ་སྨིན་གྱི་རྒྱུ་ཡོད་དེ། རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས་པའི་ཕྱིར། བརྒྱ་འདྲེན་ཚུལ་མི་འདྲ་བ་བཞི་ཡོད་དེ། འཕེན་རྫོགས་ཀྱི་སེམས་པ་བརྒྱ་དང་། ལས་ལམ་བཅུ་ལ་རྒྱུ་ལྔས་དམིགས་པའི་སེམས་པ་བརྒྱ་དང་། ཆོས་གཟུགས་ཀྱི་སྐུ་ལ་དམིགས་པའི་སེམས་པ་བརྒྱ་དང་། ཁམས་གསུམ་ལ་དམིགས་པའི་སྙིང་རྗེའི་སེམས་པ་བརྒྱར་འདོད་པ་དང་བཞི་ཡོད་པའི་ཕྱིར། གཉིས་པ་ལ། བསོད་ནམས་བསགས་ཚུལ་དང་། ཕར་ཕྱིན་རྫོགས་ཚུལ་གཉིས། དང་པོ་ནི། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་བྱུང་། བདག་ཅག་གི་སྟོན་པ་ཆོས་ཅན། ཁྱོད་ཀྱི་སྔོན་སློབ་ལམ་ནས་ཚོགས་གང་ཇི་ལྟར་རྫོགས་པའི་ཚུལ་ཡོད་དེ། གྲངས་མེད་གསུམ་གྱི་དང་པོར་ཤཱཀྱ་ཐུབ་པ་ཆེན་པོ་ལ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་བསྙེན་བཀུར་དང་བསྟོད་ནས་སེམས་བསྐྱེད། དེ་ནས་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བའི་མཐར་རིན་ཆེན་གཙུག་ཏོར་ཅན་གྱི་ཚེ་གྲངས་མེད་དང་པོའི་ཚོགས་རྫོགས། གཉིས་པར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བའི་ཐ་མར་མར་མེ་མཛད་ཀྱི་ཚེ་གྲངས་མེད་གཉིས་པའི་ཚོགས་རྫོགས། གསུམ་པར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བའི་ཐ་མར་རྣམ་གཟིགས་ཀྱི་ཚེ་གྲངས་མེད་གསུམ་པའི་ཚོགས་རྫོགས་པའི་ཕྱིར། གཉིས་པ་ནི། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ལ་ཏིང་འཛིན་བློའི། །ཞེས་བྱུང་། ཕར་ཕྱིན་རྫོགས་ཚུལ་ཡོད་དེ། ཐམས་ཅད་སྒྲོལ་གྱི་ཚེ་ཀུན་ལ། སྙིང་རྗེས་སྦྱིན་པ་བྱིན་པས་སྦྱིན་པ་དང་། ཆགས་བཅས་བཟོད་པ་སྨྲ་བའི་ཚེ་ཡན་ལག་བཅད་ཀྱང་བཟོད་པ་དང་ཚུལ་ཁྲིམས་དང་། སྐར་རྒྱལ་ལ་བསྟོད་པས་བརྩོན་འགྲུས་དང་། བྱང་ཆུབ་ཀྱི་དེ་མ་ཐག་པའི་སྔོན་དེར་བསམ་གཏན་ནམ་ཏིང་འཛིན་དང་བློ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པར་མཛད་པའི་ཕྱིར། གཉིས་པ་བསྟེན་བྱ་བསོད་ནམས་ཀྱི་གཞི་གསུམ་ལ། མདོར་བསྟན། རྒྱས་བཤད། ཞར་བྱུང་གསུམ། དང་པོ་ནི། གསུམ་པོ་བསོད་ནམས་བྱ་བ་དང་། །དེའི་གཞི་དཔེར་ན་ལས་ལམ་བཞིན། །ཞེས་བྱུང་། བསོད་ནམས་བྱ་བའི་གཞི་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་གསུམ་ལ། བསོད་ནམས་དང་བྱ་བ་དང་གཞི་གསུམ་རེ་རེ་ནས་ཀྱང་འཇོག་པའི་ཕྱིར། དེར་ཐལ། རྣམ་སྨིན་ཡིད་འོང་འབྱིན་པས་བསོད་ནམས། ལས་ཀྱི་རང་བཞིན་ཡིན་པས་བྱ་བ། ཀུན་སློང་གི་རྟེན་ཡིན་པས་ན་དེའི་གཞི་ཞེས་བྱ་བའི་ཕྱིར། དཔེར་ན་ལས་དང་ལམ་བཞིན་ནོ། ཁྱད་པར་ཡོད་དེ། སྦྱིན་པའི་ལུས་ངག་གི་བདུན་པོ་དེ་བསོད་ནམས་དང་བྱ་བ་དང་གཞི་གསུམ་ག་ཡིན་ལ། བསྒོམས་པ་ལས་བྱུང་བ་ལ་ཅི་རིགས་ཡོད་པའི་ཕྱིར། གཉིས་པ་ལ། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་གཞི་གསུམ། དང་པོ་ལ། ངོ་བོ་དང་དབྱེ་བ་དང་ཁྱད་ཆོས་དང་ཞར་བྱུང་དང་བཞི། དང་པོ་ནི། གང་གིས་སྦྱིན་བྱེད་དེ་སྦྱིན་པ། །མཆོད་དང་ཕན་གདགས་འདོད་པ་ཡིས། །ལུས་དང་ངག་ལས་སློང་དང་བཅས། །དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན། །ཞེས་བྱུང་། སྦྱིན་པ་ཆོས་ཅན། ཁྱོད་ཀྱི་ངོ་བོ་འཇིག་ཚུལ་ཡོད་དེ། སྦྱིན་བྱའི་དངོས་པོ་གང་གིས་སྦྱིན་པར་བྱེད་པ་དེ་དེ་ཡིན་པའི་ཕྱིར། དེའི་ཀུན་སློང་ཡོད་དེ། ཆགས་པས་སྦྱིན་པ་ཙམ་གྱི་སྦྱིན་པ་ཡོད་ཀྱང་། འདིར་ཡུལ་ཁྱད་པར་ཅན་མཆོད་པ་དང་གཞན་ལ་ཕན་གདགས་པར་འདོད་པ་ཡིས་སྦྱིན་པར་བྱེད་པའི་ལུས་དང་ངག་གི་ལས་ཀུན་སློང་དང་བཅས་པས་བྱིན་ན། སྦྱིན་པ་དེ་ནི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་དུ་འགྱུར་བར་བཤད་པའི་ཕྱིར། གཉིས་པ་ནི། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན། །ཞེས་བྱུང་། སྦྱིན་པ་ཆོས་ཅན། ཁྱོད་ལ་བདག་ཁོ་ན་དང་། གཞན་ཁོ་ནའི་དོན་གྱི་ཕྱིར་དང་། བདག་གཞན་གཉིས་ཀའི་དོན་གྱི་ཕྱིར་དང་། གཉིས་ཀ་མ་ཡིན་པའི་སྦྱིན་པ་དང་བཞི་ཡོད་དེ། སོ་སྐྱེས་མཆོད་རྟེན་ལ་ཕུལ་བ་དང་པོ་དང་། འཕགས་པ་ཆགས་བྲལ་གྱིས་ཆགས་བཅས་སོ་སྐྱེ་བ་སྦྱིན་པ་གཉིས་པ་དང་། ཆགས་བྲལ་མ་བྱས་པས་གཞན་ལ་སྦྱིན་པ་གསུམ་པ་དང་། འཕགས་པ་ཆགས་བྲལ་གྱིས་མཆོད་རྟེན་ལ་ཕུལ་བ་དེ་བཞི་པ་ཡིན་པའི་ཕྱིར། ཕྱི་མ་འདི་སྦྱིན་ཡུལ་གྱི་དབང་དུ་བྱས་ཀྱི། བསམ་པའི་དབང་ཙམ་མིན་ཏེ། སེམས་ཅན་གཞན་གྱི་དོན་དུ་དམིགས་ནས་ཀྱང་སྦྱིན་པ་ཡོད་པའི་ཕྱིར་རོ། །གསུམ་པ་ལ། མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་ནི། དེ་ཡི་ཁྱད་པར་སྦྱིན་བདག་དང་། །དངོས་དང་ཞིང་གི་ཁྱད་པར་ལས། །ཞེས་བྱུང་། སྦྱིན་པ་དེ་ཡི་ཁྱད་པར་ཆོས་ཅན། ཡོད་དེ། སྦྱིན་བདག་དང་སྦྱིན་བྱའི་དངོས་པོ་དང་། སྦྱིན་ཡུལ་ཞིང་གི་ཁྱད་པར་ལས་འབྲས་བུ་ལོངས་སྤྱོད་དེ་ལྟར་འགྱུར་བའི་ཕྱིར། གཉིས་པ་ལ། སྦྱིན་བདག་དངོས་པོ་ཞིང་གི་ཁྱད་པར་གསུམ། དང་པོ་ནི། སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། གུས་ལ་སོགས་པས་སྦྱིན་པར་བྱེད། །དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང་། །དུས་དང་བར་ཆད་མེད་པར་རྙེས། །ཞེས་བྱུང་། སྦྱིན་བདག་ཁྱད་འཕགས་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། དད་པ་ཅན་དང་སོགས་ཀྱིས་ཚུལ་ཁྲིམས་ཅན་དང་། དེ་གཉིས་ཀ་དང་ལྡན་པ་དང་། ཐོས་སོགས་ཀྱི་ཡོན་ཏན་དང་ལྡན་པ་གསུམ་ཡོད་པའི་ཕྱིར། སྦྱིན་ཚུལ་ཡོད་དེ། དད་གུས་ལ་སོགས་པའི་བསམ་པ་ཁྱད་པར་ཅན་གྱིས་སྦྱིན་པར་བྱེད་དགོས་པའི་ཕྱིར། འབྲས་བུ་ཡོད་དེ། སྦྱིན་ཚུལ་དེ་ལྟར་བྱས་པའི་རྒྱུ་མཚན་དེ་ཡི་ཕྱིར་འབྲས་བུ་ཆེན་པོ་བཞི་ཐོབ་པར་འགྱུར་བའི་ཕྱིར། དེར་ཐལ། གུས་པས་སྟེར་བས་རང་ལ་བཀུར་སྟི་དང་། རང་གི་ལག་གིས་སྟེར་བས་ལོངས་སྤྱོས་རྒྱ་ཆེན་པོ་དང་། དུས་སུ་སྟེར་བས་ལོངས་སྤྱོད་ཀྱི་ལུས་མི་ཡོལ་བ་དང་། གཞན་ལ་མི་གནོད་པར་སྟེར་བས་ལོངས་སྤྱོད་ལ་བར་ཆད་མེད་པར་རྙེད་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཁ་དོག་ལ་སོགས་ཕུན་སུམ་དངོས། །དེ་ལས་གཟུགས་བཟང་གྲགས་དང་ལྡན། ། དགའ་དང་ཤིན་ཏུ་གཞོན་ཤ་ཅན། །དུས་སུ་རེག་ན་བདེ་ལུས་འབྱུང་། །ཞེས་བྱུང་། སྦྱིན་བྱའི་དངོས་པོ་ཆོས་ཅན། ཁྱོད་འཕགས་ཚུལ་ཡོད་དེ། ཁ་དོག་ཕུན་སུམ་ཚོགས་པ་དང་ལ་སོགས་པ་དྲི་རོ་རེག་བྱ་བཟང་བའི་ཁྱད་པར་དང་ལྡན་པ་ཞིག་ཡིན་པའི་ཕྱིར། དེ་ལྟ་བུའི་དངོས་པོ་ཆོས་ཅན། ཁྱོད་བྱིན་པས་སྦྱིན་པ་ཁྱད་པར་དུ་འཕགས་ཚུལ་ཡོད་དེ། སྦྱིན་བྱ་ཁ་དོག་བཟང་བ་དེ་ལས་འབྲས་བུ་གཟུགས་བཟང་། དྲི་བཟང་བ་ལས་གྲགས་པ་རྒྱས་པ་ལྡན། རོ་བཟང་བ་ལས་དགའ་བར་འགྱུར། རེག་བྱ་བཟང་བ་ལས་ལུས་ཤིན་ཏུ་གཞོན་ཤ་ཅན་དང་དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་བའི་ཕྱིར། གསུམ་པ་ནི། འགྲོ་དང་སྡུག་བསྔལ་ཕན་འདོགས་དང་། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །མཆོག་ནི་གྲོལ་བས་གྲོལ་བའམ། །བྱང་ཆུབ་སེམས་དཔའ་ཡིས་བརྒྱད་པ། །འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སྦྱིན་པའི་ཡུལ་དེ་ལ་བཞི་ཡོད་དེ། འགྲོ་བའི་སྒོ་ནས་སྦྱིན་ཡུལ་དུད་འགྲོ་ལ་བྱིན་ན་རྣམ་སྨིན་བརྒྱ་འགྱུར་དང་། །ཚུལ་འཚལ་གྱི་མི་ལ་སྟོང་འགྱུར་དང་། སྡུག་བསྔལ་གྱི་སྒོ་ནས་ནད་པ་དང་མགོན་མེད་ལ་བསོད་ནམས་ཚད་མེད་དང་། ཕན་འདོགས་པའི་སྒོ་ནས་ཕ་མ་སློབ་དཔོན་སོགས་ལ་རྣམ་སྨིན་གཞལ་མེད་དང་། ཡོན་ཏན་གྱི་སྒོ་ནས་ཚུལ་ཁྲིམས་དང་ལྡན་པ་སོགས་ལ་རྣམ་སྨིན་འབུམ་འགྱུར་དང་། དགྲ་བཅོམ་པ་རྣམས་ལ་ཕུལ་ན་རྣམ་སྨིན་དེ་བས་ཀྱང་ཁྱད་པར་དུ་འཕགས་པའི་ཕྱིར། སྦྱིན་པའི་མཆོག་ནི་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། གྲོལ་བ་དགྲ་བཅོམ་པས་གྲོལ་བ་དགྲ་བཅོམ་པ་ལ་ཟང་ཟིང་སྦྱིན་པ་དང་། གྲོལ་བ་མིན་ཡང་བྱང་ཆུབ་སེམས་དཔའ་ཡིས་སེམས་ཅན་ཀུན་གྲོལ་ཕྱིར་སྦྱིན་པ་དང་། བརྒྱད་པ་སྟེ་སེམས་ཀྱི་རྒྱན་ལ་སོགས་པ་ཐོབ་པའི་ཕྱིར་དུ་སྦྱིན་པ་བརྒྱད་རྣམས་སུ་ཡོད་པའི་ཕྱིར། བརྒྱད་ཡོད་དེ། ཉེ་བ་ལ་སྦྱིན་པ། འཇིགས་པས་སྦྱིན་པ། བདག་ལ་བྱིན་ནས་སྦྱིན་པ། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ། ཕ་མ་སོགས་ཀྱིས་བྱིན་པས་སྦྱིན་པ། མཐོ་རིས་ཀྱི་ཆེད་དུ་སྦྱིན་པ། གྲགས་པོའི་དོན་དུ་སྦྱིན་པ་དང་། སེམས་ཀྱི་རྒྱན་དང་ཡོ་བྱད་དང་རྣལ་འབྱོར་གྱི་ཚོགས་དང་དོན་གྱི་མཆོག་ཐོབ་པའི་ཕྱིར་དུ་སྦྱིན་པ་རྣམས་སུ་ཡོད་པའི་ཕྱིར། སེམས་ཀྱི་རྒྱན་སོགས་ཀྱི་ཁྱད་པར་ཡོད་དེ། སེམས་ཀྱི་རྫུ་འཕྲུལ་དང་། ཡོ་བྱད་འཕགས་ལམ་བརྒྱད་དང་། རྣལ་འབྱོར་གྱི་ཚོགས་ཞི་གནས་དང་། དོན་གྱི་མཆོག་དགྲ་བཅོམ་གྱི་གོ་འཕང་ལྟ་བུ་ལ་བྱེད་པའི་ཕྱིར། སྦྱིན་ཡུལ་འཕགས་པ་མིན་ཡང་རྣམ་སྨིན་ཆེ་བ་ལྔ་ཡོད་དེ། ཕ་མ་གཉིས་དང་ནད་པ་དང་ཆོས་སྨྲ་བའི་གང་ཟག་དང་སྐྱེ་མཐའི་བྱང་སེམས་སྲིད་པ་ཐ་མ་པ་ལྔ་ལ་ཕུལ་བའི་ཕན་ཡོན་ནི་གཞལ་དུ་མེད་པ་ཡིན་པའི་ཕྱིར། ཆོས་སྨྲ་བ་ནི་ཕན་འདོགས་པ་དང་ཡོན་ཏན་གྱི་ཞིང་ཡིན་པས་དེ་ལ་ཕུལ་བ་ཕན་ཡོན་ཆེ་ལ། ཁྱད་པར་དུ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་པའི་རྒྱུ་མཚན་གྱིས་ཡིན་ཏེ། སྐབས་འདིའི་རང་འགྲེལ་ལས། མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པས་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བཞི་པ་ཞར་བྱུང་ལ། ལས་ཆེ་ཆུང་གི་ཁྱད་པར། བསགས་མ་བསགས་ཀྱི་ཁྱད་པར། ལས་ཀྱི་འབྲས་བུ་ལ་དོགས་པ་དཔྱད་པ་གསུམ། དང་པོ་ནི། མཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། ལས་ཀྱང་ཆུང་དང་ཆེ་བ་ཉིད། །ཞེས་བྱུང་། ལས་དེ་ཆོས་ཅན། ཁྱོད་ལ་ལྕི་ཡང་གཉིས་ཡོད་དེ། མཇུག་ཏུ་ལས་དེ་ལ་རྗེས་སུ་ཡི་རང་བ་དང་། ཕན་འདོགས་དང་ཡོན་ཏན་གྱི་ཞིང་དང་། ལས་ལམ་དེ་བྱེད་པའི་ཡུལ་གཞི་དང་། ལས་ལམ་དེའི་སྦྱོར་བ་དང་། རྫོགས་པར་བྱེད་པའི་སེམས་པ་དང་། ཀུན་སློང་གི་བསམ་པའི་ཁྱད་པར་དྲུག་པོ་དེ་དག་ཆུང་བ་དང་ཆེ་བ་ལས། ལས་ཀྱང་སྟོབས་ཆུང་བ་དང་ཆེ་བ་ཉིད་དུ་འགྱུར་བའི་ཕྱིར། གཉིས་པ་ནི། བསམ་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། ། འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་བྱུང་། བསགས་པའི་ལས་ཆོས་ཅན། འཇོག་ཚུལ་ཡོད་དེ། བསམ་བཞིན་དུ་བྱས་པ་དང་། མཇུག་རྫོགས་པར་བྱས་པ་དང་། ལས་ངན་པ་དེ་ལ་མི་འགྱོད་པ་དང་། ལས་དེ་ལ་གནོད་བྱེད་ཀྱི་གཉེན་པོ་མེད་པ་དང་། མི་དགེ་བ་ལ་འཁོར་ཡང་མི་དགེ་བ། དཔེར་ན་སྲོག་བཅད་ནས་ནོར་འཕྲོག་པའམ་དགེ་བ་ལ་སྲོག་མི་གཅོད་ཅིང་ནོར་སྟེར་བ་ལྟ་བུ་དང་། རྣམ་པར་སྨིན་པ་འབྱིན་ངེས་པའི་ལས་དྲུག་ལ་བསགས་པའི་ལས་ཞེས་བྱ་བ་ཡིན་ལ། དེ་ལས་བཟློག་པ་དྲུག་ལ་མ་བསགས་པའི་ལས་ཞེས་བྱ་བའི་ཕྱིར། བསམ་བཞིན་དུ་བྱས་པའི་ལས་ཡིན་ན་བསགས་པའི་ལས་ཡིན་པས་མ་ཁྱབ་སྟེ། གོམས་པ་ལང་ཤོར་གྱིས་རྫུན་བབ་ཅོལ་དུ་བྱས་པ་དང་། འགྲོ་བ་དེར་སྐྱེ་འགྱུར་གྱི་ལས་མ་རྫོགས་པ་ཡང་བསགས་པའི་ལས་མིན་པར་བཤད་པའི་ཕྱིར། དགེ་མི་དགེའི་འཁོར་ཁྱད་པར་བ་ཡོད་དེ། དེ་གང་རུང་བྱས་ནས་དེ་ལ་རྗེས་སུ་ཡི་རང་བ་རྣམས་དེ་ཡིན་པའི་ཕྱིར། གསུམ་པ་ནི། མཆོད་རྟེན་ལ་བཏང་རྒྱུས་བྱུང་བའི། །བསོད་ནམས་ལེན་མེད་བྱམས་སོགས་བཞིན། །རྒྱུ་ལས་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལས་འབྲས་ཡིད་འོང་། །ཞེས་བྱུང་། འདི་ལ་ཕལ་ཆེན་སྡེ་པ་དག་ན་རེ། འདོད་ཆགས་དང་བྲལ་བས་མཆོད་རྟེན་ལྟ་བུ་ལ་སྦྱིན་པ་བྱིན་པ་ལ་བསོད་ནམས་མེད་དེ། །དེས་དེ་ལ་ལོངས་སྤྱོད་པ་མེད་ཅིང་བདག་གི་དོན་གྱི་ཕྱིར་བྱིན་པའང་མིན་པའི་ཕྱིར་ཞེ་ན། དེ་ནི་མི་འཐད་དེ། མཆོད་རྟེན་དང་སྐུ་གཟུགས་ལྟ་བུ་དེ་ལེན་པ་མེད་ཀྱང་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་ཡོད་པའི་ཕྱིར། དཔེར་ན། བྱམས་པ་དང་སོགས་ཀྱིས་སྙིང་རྗེ་བསྒོམས་པ་ལས་ཕན་ཡོན་འབྱུང་བ་བཞིན་ནོ། ། གཅེར་ཕུ་བ་ན་རེ། ཆོམ་རྐུན་ལྟ་བུ་ལ་བྱིན་ན་ཕན་ཡོན་མེད་དོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། དེ་ལྟ་བུའི་ངན་པའི་ཞིང་ལའང་ཕན་སེམས་ཀྱིས་སྦྱིན་པ་བཏང་བ་ལས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པའི་ཕྱིར། དེར་ཐལ། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་མི་འཁྲུལ་བའི་ཕྱིར། དེར་ཐལ། ཞིང་བཟང་ཡང་སྲོག་གཅོད་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་གི་བདེ་བར་བྱུང་མི་སྲིད་པའི་ཕྱིར། གཉིས་པ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །སངས་རྒྱས་ཀྱི་ནི་བཅད་པ་ཡང་། །རྣམ་དག་ཡོན་ཏན་བཞི་ལྡན་ནོ། །འཆལ་ཁྲིམས་དེ་རྒྱུ་འཕན་མ་བྱུང་། །དེ་གཉེན་པོ་དང་གཞི་ལ་རྟེན། །ཞེས་བྱུང་འཆལ་བའི་ཚུལ་ཁྲིམས་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ཚུལ་ཁྲིམས་ཀྱི་ཟློག་ཟླའི་རྣམ་པར་རིག་བྱེད་མིན་པས་བསྡུས་པའི་མི་དགེ་བའི་གཟུགས་དེ་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་སྤོང་བའི་ཚུལ་ཁྲིམས་དེ་ལ་རྣམ་པ་གཉིས་ཡོད་དེ། དེར་གྱུར་པའི་རིག་བྱེད་ཡིན་མིན་གྱི་ཚུལ་ཁྲིམས་རྣམ་དག་གཉིས་ཡོད་པའི་ཕྱིར། ཚུལ་ཁྲིམས་དེས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཙམ་སྤོང་བ་མིན་ཏེ། སངས་རྒྱས་ཀྱི་ནི་བཅད་པའི་ཁ་ན་མ་ཐོ་བ་དུས་མིན་གྱི་ཟས་ཟ་བ་སོགས་ཀྱི་ཉེས་པ་ཡང་སྤོང་བའི་ཕྱིར། ཚུལ་ཁྲིམས་རྣམ་པར་དག་པ་ཆོས་ཅན། ཡོན་ཏན་བཞི་དང་ལྡན་ཏེ། འཆལ་ཁྲིམས་ཀྱིས་ནི་རང་ལ་འཕན་པ་སྟེ་སྐྱོན་མ་བྱུང་བ་དང་དེའི་རྒྱུ་ཉོན་མོངས་ཀྱིས་སྐྱོན་མ་བྱུང་བ་དང་། དེའི་གཉེན་པོ་དྲན་ཤེས་ལ་བརྟེན་པ་དང་། གཞི་མྱང་འདས་དོན་གཉེར་ལ་བརྟེན་པའི་ཁྱད་པར་དང་ལྡན་པའི་ཕྱིར། གསུམ་པ་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི། མཉམ་པར་བཞག་པའི་དགེ་བ་ནི། །བསྒོམ་པའོ་སེམས་ལ་བསྒོ་ཕྱིར་རོ། །མཐོ་རིས་དོན་དུ་ཚུལ་ཁྲིམས་དང་། །འབྲལ་བའི་དོན་དུ་བསྒོམ་གཙོའི་ཕྱིར། །ཞེས་བྱུང་། མཉམ་པར་བཞག་པའི་སེམས་རྩེ་གཅིག་པའི་དགེ་བ་ནི་ཆོས་ཅན། བསྒོམ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སེམས་རྒྱུད་ལ་ཡོན་ཏན་བསྒོ་བའི་བདག་ཉིད་དུ་བྱེད་པའི་ཕྱིར། ཚུལ་ཁྲིམས་དང་བསྒོམ་པ་ཆོས་ཅན། ཁྱོད་གཉིས་ཀྱི་འབྲས་བུ་དང་བྱེད་ལས་ཀྱི་ཁྱད་པར་ཡོད་དེ། མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་གཙོ་བོ་དང་། ཉོན་མོངས་དང་འབྲལ་བ་ངེས་ལེགས་ཀྱི་དོན་དུ་བསྒོམ་པ་གཙོ་བོར་འཇུག་པའི་ཕྱིར། བཞི་པ་ཞར་བྱུང་ལ། ཚངས་པའི་བསོད་ནམས་དང་། ཆོས་ཀྱི་སྦྱིན་པ་གཉིས། དང་པོ་ནི། བསྐལ་པར་མཐོ་རིས་གནས་དགའི་ཕྱིར། །བཞི་ཡི་ཚངས་པའི་བསོད་ནམས་ཡིན། །ཞེས་བྱུང་། ཚངས་པའི་བསོད་ནམས་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། སྔར་མེད་པའི་ས་ཕྱོགས་སུ་སངས་རྒྱས་ཀྱི་སྐུ་གདུང་མཆོད་རྟེན་བཞེངས་པ་དང་། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་ཕུལ་ནས་དེ་ཉིད་དུ་གཙུག་ལག་ཁང་བྱེད་པ་དང་། དགེ་འདུན་ཕྱེ་བ་འདུམ་པ་དང་། བྱམས་པ་ཚད་མེད་བསྐོམ་པའི་བསོད་ནམས་དང་བཞི་ཡོད་པའི་ཕྱིར། དེ་དག་ཆོས་ཅན། ཁྱོད་ལ་ཚངས་པའི་བསོད་ནམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཚངས་པ་འདུན་ན་འདོན་དང་ཚེ་རིང་ཐུང་མཉམ་པར་བསྐལ་བར་མཐོ་རིས་སུ་གནས་པར་དགའ་བའི་གང་ཟག་དེ་དག་གི་བསོད་ནམས་ཡིན་པས་ན་དེ་སྐད་དུ་བརྗོད་པའི་ཕྱིར། གཉིས་པ་ནི། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་བྱུང་། ཆོས་ཀྱི་སྦྱིན་པ་ཆོས་ཅན། ཡོད་དེ། སེམས་རྙེད་པ་དང་བཀུར་སྟི་དང་གྲགས་འདོད་སོགས་ཀྱི་ཉོན་མོངས་ཅན་མ་ཡིན་པའི་སྒོ་ནས་མདོ་དང་སོགས་ཀྱིས་བསྟན་བཅོས་ཀྱི་ཚིག་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དེ་དེ་ཡིན་པའི་ཕྱིར། གསུམ་པ་ཆ་མཐུན་གྱི་དགེ་བ་གསུམ་ནི། བསོད་ནམས་མྱ་ངན་འདས་པ་དང་། །ངེས་འབྱེད་ཆ་མཐུན་དགེ་རྣམ་གསུམ། །ཞེས་བྱུང་། ཆ་མཐུན་གྱི་དགེ་བ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། མྱང་འདས་ཀྱི་བསམ་པས་མ་ཟིན་པའི་དགེ་བ་ནི་བསོད་ནམས་ཆ་མཐུན་དང་། སྦྱོར་ལམ་མ་ཐོབ་གོང་གི་མྱ་ངན་ལས་འདས་པ་དོན་གཉེར་གྱི་བསམ་པས་ཟིན་པའི་དགེ་བ་རྣམས་ནི་ཐར་པ་ཆ་མཐུན་དངོས་སམ་དེའི་སྡེར་གཏོགས་དང་། སྦྱོར་ལམ་བཞི་ངེས་འབྱེད་ཆ་མཐུན་གྱི་དགེ་བ་ཡིན་པའི་ཕྱིར། གསུམ་པ་ལས་ཀྱི་རྣམ་གྲངས་གཞན་བསྟན་པའི་སྒོ་ནས་དོན་བསྡུ་བ་ལ། འཇིག་རྟེན་པའི་ལས་ཀྱི་རྣམ་གྲངས་དངོས་དང་། ཆོས་ཀྱི་རྣམ་གྲངས་གཞན་བསྟན་ནས་མཇུག་བསྡུ་གཉིས། དང་པོ་ནི། རིགས་པས་རབ་ཏུ་བཅུག་པའི་ལས། །རྣམ་གསུམ་ཀུན་སློང་བཅས་པ་ནི། །ཡིག་འབྲུ་རྒྱ་དང་གྲངས་བཅས་པའི། །སྙན་ངག་གྲངས་ཏེ་གོ་རིམ་བཞིན། །ཞེས་བྱུང་། རིགས་པས་ཏེ་ཐབས་ཀྱི་རབ་ཏུ་བྱེད་དུ་བཅུག་པའི་ལས་ཆོས་ཅན། རྣམ་པ་གསུམ་ཡོད་དེ། རིགས་པ་སློབ་པའི་ཐབས་ཀྱི་བྱེ་བྲག་གིས་སྒོ་གསུམ་གྱི་ལས་ཀུན་སློང་དང་བཅས་པ་གསུམ་ལ་ནི་གོ་རིམ་བཞིན་དུ་འཇོག་པའི་ཕྱིར། དེར་ཐལ། ཐབས་ཀྱིས་ཀ་ལ་སོགས་པའི་ཡིག་འབྲུའི་གཟུགས་འབྲི་བ་དང་ལྷ་ལྟ་བུའི་རྒྱ་རྐོ་བ་ལུས་ཀྱི་ལས་དང་། བགྲང་བརྩིས་དང་བཅས་པའི་སྙན་ངག་ནི་ངག་གི་ལས་དག་ཆོས་ཀྱི་རྣམ་གྲངས་སྡུད་པར་བྱེད་པའི་ཡིད་ཀྱི་ལས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སྒྲིབ་ངན་ཁ་ན་མ་ཐོ་བ། །ཉོན་མོངས་ཅན་ཆོས་དྲི་མེད་དགེ །གྱ་ནོམ་འདུས་བྱས་དགེ་བསྟེན་བྱ། །ཐར་པ་བླ་ན་མེད་པ་ཡིན། །ཞེས་བྱུང་། ཉོན་མོངས་ཅན་གྱི་ཆོས་ཆོས་ཅན། ཁྱོད་ཀྱི་རྣམ་གྲངས་ཡོད་དེ། སྒྲིབ་པ་དང་། ངན་པ་དང་། ཁ་ན་མ་ཐོ་བ་ཞེས་བྱ་བའི་ཕྱིར། དེར་ཐལ། ལམ་ལ་སྒྲིབ་བྱེད་དང་། འདོར་བྱ་དང་། ཉོན་མོངས་ཅན་དང་ལྷན་ཅིག་གནས་པའི་ཕྱིར། དྲི་མེད་ཀྱི་དགེ་བ་ཆོས་ཅན། གྱ་ནོམ་པ་ཞེས་བྱ་སྟེ། ཕུན་སུམ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར། འདུས་བྱས་ཟག་བཅས་ཀྱི་དགེ་བ་ཆོས་ཅན། རྣམ་གྲངས་ཡོད་དེ། རྒྱུད་ལ་བསྟེན་བྱ་ཞེས་བྱ་བ་ཡིན་པའི་ཕྱིར། ཐར་པ་མྱང་འདས་ཆོས་ཅན་བླ་ན་མེད་པ་ཉིད་ཡིན་ཏེ། ཆོས་གཞན་ནི་བླ་ན་ཡོད་པ་དང་བཅས་ལ། ཁྱོད་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་ཅིང་། གཅིག་ཏུ་དགེ་ཞིང་རྟག་པ་ཡིན་པའི་ཕྱིར་རོ། །གནས་བཞི་པའི་ཚིག་དོན་ལེགས་པར་བཤད་ཟིན་ཏོ།། །། སརྦ་མངྒ་ལ།། །།


previousཆོས་མངོན་པ་མཛོད་ཀྱི་གནས་བཞི་པའི་རྣམ་བཤད།next