Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་གནས་ལྔ་པའི་ཚིག་འགྲེལ།next

ཆོས་མངོན་པ་མཛོད་ཀྱི་གནས་ལྔ་པའི་ཚིག་འགྲེལ།

ཆོས་མངོན་པ་མཛོད་ཀྱི་གནས་ལྔ་པའི་ཚིག་འགྲེལ་བཞུགས།

གཉིས་པ་ཉོན་མོངས་པའི་ཀུན་འབྱུང་བཤད་པ་ལ། སྤང་བྱ་ཕྲ་རྒྱས་ཉོན་མོངས་བཤད་པ། དེ་ཇི་ལྟར་སྤོང་ཚུལ་བཤད་པ། སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ་དང་གསུམ། དང་པོ་ལ། དབྱེ་བ། སྐྱེ་ཚུལ། རྣམ་གྲངས་དང་གསུམ། དང་པོ་ལ། ངོ་བོའི་སྒོ་ནས། རྣམ་པའི་སྒོ་ནས། བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྩ་བ་དང་། ནང་ཚན་དང་། གཉེན་པོའི་སྒོ་ནས་དབྱེ་བ་གསུམ། དང་པོ་ལ། ཚིག་དོན། སྤྱི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། །འདོད་ཆགས་དབྱེ་བས་བདུན་དུ་བཤད། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་བྱུང་། སྲིད་པའི་རྩ་བ་ཆོས་ཅན། ཁྱོད་ལ་ངོ་བོའི་སྒོ་ནས་དྲུག་ཡོད་དེ། ཕྲ་རྒྱས་དྲུག་ཡོད་པའི་ཕྱིར། དེར་ཐལ། འདོད་ཆགས་ཕྲ་རྒྱས་དང་། དེ་བཞིན་དུ་ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཡང་དག་པ་མ་ཡིན་པའི་ལྟ་བ་དང་། ཐེ་ཚོམ་ཉོན་མོངས་པ་དྲུག་ཡོད་པའི་ཕྱིར། དེ་དྲུག་ཀྱང་ཆོས་ཅན། ཁྱོད་ལ་བདུན་དུའང་བཤད་དེ། འདོད་པ་དང་སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་དེ་ལྟར་ཡོད་པའི་ཕྱིིར། ཁམས་གོང་མ་གཉིས་ལས་སྐྱེས་པའི་འདོད་ཆགས་ཆོས་ཅན། སྲིད་པའི་འདོད་ཆགས། ཞེས་གཅིག་ཏུ་བྱ་སྟེ། ཕལ་ཆེར་སྙོམས་འཇུག་ལ་ཆགས་པའི་ཁ་ནི་ནང་དུ་བལྟས་པར་མཚུངས་པའི་ཕྱིར། སྲིད་པའི་འདོད་ཆགས་ཞེས་བཤད་པའི་རྒྱུ་མཚན་ཡོད་དེ། སྲིད་པ་སྟེ་འཁོར་བའི་ཁྱད་པར་ལ་ཆགས་ཀྱང་དེར་ཐར་པའི་འདུ་ཤེས་འབྱུང་བས་དེ་བཟློག་པར་བྱ་བའི་ཕྱིར་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་ལ། ཉོན་མོངས་ཀྱི་མཚན་ཉིད། སྒྲ་བཤད། ཕྱེད་ལས། དབྱེ་བ་དང་བཞི། དང་པོ་ཡོད་དེ། རང་དང་མཚུངས་ལྡན་གྱི་སེམས་རྒྱུད་མ་ཞི་བར་བྱེད་པ་རིགས་གནས་ཀྱི་སེམས་བྱུང་དེ། ཉོན་མོངས་པའི་མཚན་ཉིད་དུ་རིགས་པའི་ཕྱིར། གཉིས་པ་ཡོད་དེ། སེམས་བློང་བློང་པོར་བྱེད་པས་སམ་མ་ཞི་བར་བྱེད་པས་ན་ཉོན་མོངས་ཞེས་བྱ་ལ། རྗེས་སུ་འབྲེལ་བའི་ཉོན་མོངས་པ་ཕྲ་བའང་རྒྱས་པར་བྱེད་པས་ན་ཕྲ་རྒྱས་ཞེས་བྱ་བའི་ཕྱིར། གསུམ་པ་ཡོད་དེ། ཉོན་མོངས་པ་སོགས་ཀྱི་རྒྱུན་བརྟན་པ་དང་། གནས་པར་བྱེད་པ་སོགས་བཅུ་ཡོད་པའི་ཕྱིར། བཞི་པ་ཡོད་དེ། ངོ་བོའི་སྒོ་ནས་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ་དང་། རྣམ་པར་སྒོ་ནས་བཅུ་དང་། ཁམས་ཀྱི་སྒོ་ནས་གོ་བརྒྱད་ཡོད་པའི་ཕྱིར། གསུམ་པ་མཐའ་དཔྱད་པ་ལ། ཁ་ཅིག །རྩ་ཉོན་དྲུག་པོ་གང་རུང་ཡིན་ན། ཕྲ་རྒྱས་ཡིན་པས་ཁྱབ་ཟེར་ན། སྐད་ཅིག་ཐ་མའི་ཉོན་མོངས་དྲུག་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྩ་ཉོན་ཡིན་པའི་ཕྱིར། འདོད་ན་མིན་དེ། གཞན་རྒྱས་པར་མི་བྱེད་ཅིང་། རང་ཉིད་ཀྱང་རྒྱས་པར་མི་འགྱུར་བའི་ཕྱིར་དེར་ཐལ། རྒྱུན་ཆད་ཁ་མའི་དེ་ཡིན་པའི་ཕྱིར། ཁ་ཅིག །ཕྲ་རྒྱས་ཀྱི་དོན་ལ་འདོད་ཚུལ་མི་མཐུན་པ་མང་ཟེར་ན། དེ་ཡོད་པར་ཐལ། བྱེ་སྨྲས་ཉོན་མོངས་ལ་འདོད། གནས་མ་བུ་པས་ཉོན་མོངས་ཀྱི་ཐོབ་པ་ལ་དེར་བཏགས་པར་འདོད། སློབ་དཔོན་དང་མདོ་སྡེ་པས་ཉོན་མོངས་ཀྱི་ས་བོན་ལ་དེར་བཏགས་པར་འདོད་ཅེས་རང་འགྲེལ་ལས་བཤད་པའི་ཕྱིར། ཁ་ཅིག །འདིར་བསྟན་ཕྲ་རྒྱས་ལ་སྒོམ་སྤང་གིས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། མཐོང་སྤང་ཕྲ་རྒྱས་ཀྱང་ཡོད་པའི་ཕྱིར། དེར་ཐལ། གཞུང་འདི་དེ་གཉིས་ཐུན་མོང་དུ་འཆད་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། ལྟ་བ་ལྔ་སྟེ་འཇིག་ཚོགས་དང་། །ལོག་དང་མཐར་འཛིན་ལྟ་བ་དང་། །ལྟ་བ་དང་ནི་ཚུལ་ཁྲིམས་དང་། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཞེས་བྱུང་། ཕྲ་རྒྱས་ཆོས་ཅན། ཁྱོད་ལ་ནང་ཚན་གྱིས་དབྱེ་ན་བཅུ་ཡོད་དེ། ལྟ་བ་ལྔ་དང་ལྟ་མིན་ལྔ་ཡོད་པའི་ཕྱིར། དེར་ཐལ། འཇིག་ཚོགས་ལ་ལྟ་བའི་འཇིག་ལྟ་དང་། ལོག་ལྟ་དང་། མཐར་འཛིན་གྱི་ལྟ་བ་དང་། ལྟ་བ་མཆོག་འཛིན་གྱི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་ལྔ་དང་། ལྟ་མིན་ལྔ་དང་བཅུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། བཤད་པ་ལྟར་འདོད་ཆགས་སོགས་ལྔ་ཡོད་པའི་ཕྱིར་གསུམ་པ་ལ། དངོས་དང་། གཉེན་པོས་སྤང་བྱ་སྤོང་ཚུལ་གཉིས། དང་པོ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་དེ་གཉིས། དང་པོ་ལ། མཐོང་ལམ་དང་སྒོམ་ལམ་གྱི་སྤང་བྱ་གཉིས། དང་པོ་ནི། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་བྱུང་། ཤེས་བྱ་ཆོས་ཅན། འདོད་ན་ཕྲ་རྒྱས་དེ་དག་སུམ་ཅུ་རྩ་དྲུག་ཡོད་དེ། སྡུག་བསྔལ་མཐོང་སྤང་ལ་ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་བཅུ་དང་། སོགས་ཀྱིས་ཀུན་འབྱུང་དང་འགོག་པ་མཐོང་སྤང་ལ་འཇིག་ལྟ་དང་མཐར་ལྟ་དང་ཚུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གསུམ་མ་གཏོགས་པའི་གཞན་བདུན་བདུན་དང་། ལམ་མཐོར་སྤང་ལ་འཇིག་ལྟ་དང་མཐར་ལྟ་གཉིས་མ་གཏོགས་པའི་གཞན་བརྒྱད་ཡོད་པའི་ཕྱིར། འདོད་པའི་ཕྲ་རྒྱས་དེ་ཆོས་ཅན། མཐོང་སྤང་ཡིན་ཏེ། མཐོང་བའི་ལམ་གྱིས་རིམ་པ་བཞིན་དུ་སྤོང་བར་བྱེད་དགོས་པའི་ཕྱིར། གཉིས་པ་ནི། བཞི་ནི་སྒོམ་པའི་སྤང་བྱ་ཡིན། ཞེས་བྱུང་། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་ནི་ཆོས་ཅན། སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཡིན་ཏེ། བདེན་པ་མཐོང་བ་ཙམ་གྱིས་སྤོོང་མི་ནུས་ཀྱི། ཕྱིས་རིམ་གྱིས་སྤོང་བར་བྱེད་དགོས་པའི་ཕྱིར་ཏེ། དེ་དག་བཅུ་དང་བདུན་བདུན་བརྒྱད། ཅེས་པའི་གཞུང་གིས་མཐོང་སྤང་དངོས་སུ་བསྟན་ནས་སྒོམ་སྤང་ཉིད་དངོས་སུ་འཆད་པར་བྱེད་པའི་ཕྱིར། སྒོམ་སྤང་ཡིན་ན། འདིའི་དངོས་བསྟན་གྱི་སྒོམ་སྤང་ཡིན་པས་མ་ཁྱབ་སྟེ། ཁམས་གོང་མའི་སས་བསྡུས་ཀྱི་སྒོམ་སྤང་དེ་འདིའི་དངོས་བསྟན་གྱི་དེ་མ་ཡིན་པའི་ཕྱིར་ཏེ། འདིས་འདོད་པའི་སྒོམ་སྤང་ཉིད་འཆད་པར་མཛད་པའི་ཕྱིར། དེར་ཐལ། གོང་མའི་སས་བསྡུས་པའི་དེ་བཞི་མེད་པའི་ཕྱིར། དེར་ཐལ། དེའི་སས་བསྡུས་པའི་ཁོང་ཁྲོ་མེད་པའི་ཕྱིར། གཉིས་པ་ནི། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །ཞེས་བྱུང་། གཟུགས་ཁམས་གྱིས་ས་བསྡུས་པའི་ཕྲ་རྒྱས་སྒོམ་སྤངས་ཆོས་ཅན། ཁྱོད་ལ་སོ་གཅིག་རེ་ཡོད་དེ། ཁོང་ཁྲོ་ལྔ་མ་གཏོགས་པའི་སོ་གཅིག་དེ་དག་ཉིད་ཡོད་ཅིང་། གཟུགས་མེད་ནའང་དེ་དང་འདྲ་བའི་ཕྱིར། དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །ཅེས་པ་ནི་དོན་བསྡུ་བ་ཡིན་ཏེ། འདོད་པ་ན་སོ་དྲུག་དང་གོང་མ་གཉིས་ན་སོ་གཅིག་མ་ཡོད་པའི་ཁྱོན་བསྡོམས་འཆད་པར་བྱེད་པའི་ཕྱིར། ཀུན་འབྱུང་འགོག་པ་གཉིས་ལ་དམིགས་ནས་ལོག་པར་ཞུགས་པའི་ལྟ་བ་གསུམ་མི་འོང་སྟེ། འཇིག་ལྟས་ནི་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་འཇུག་མཐར་ལྟས་ཕུང་པོ་དེ་དག་རྟག་ཆད་གང་རུང་ལྟ། ཚུལ་ཞུགས་མཆོག་འཛིན་གྱི་ནི་ཕུང་པོ་ལ་འདག་གྲོལ་སོགས་སུ་ལྟ་བས་སྡུག་བདེན་ཉིད་ལ་དམིགས་པ་ཡིན་པའི་ཕྱིར། ལམ་མཐོང་སྤང་ལ་འཇིག་ལྟ་མཐར་ལྟ་གཉིས་མི་འཇོག་སྟེ། དེ་གཉིས་ཀྱིས་ཉེར་ལེན་གྱི་ཕུང་པོ་ལ་དམིགས་དགོས་པའི་ཕྱིར། ཚུལ་ཞུགས་མཆོག་འཛིན་ཀྱང་མི་འཇོག་སྟེ། དེས་ལམ་ངན་པ་ལ་ལམ་མཆོག་ཏུ་དམིགས་ནས་འཇུག་པའི་ཕྱིར། གཉིས་པ་ནི། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དག་སྒོམ་གཉིས་ཀྱིས། །བཟོད་པས་གཞོམ་མིན་སྒོམ་ཁོ་ནས། །ཞེས་བྱུང་། །ཕྲ་རྒྱས་རྣམས་མཐོང་ལམ་ཁོ་ནས་སྤོང་མི་ནུས་པས། དེ་ལ་གཉིས་ཡོད་པའི་སྲིད་རྩེ་ལས་སྐྱེས་པའི་སྡུག་ཀུན་འགོག་ལམ་བཞིའི་མཐོང་སྤང་ཕྲ་རྒྱས་ཆོས་ཅན། མཐོང་བས་སྤང་བར་བྱ་བ་ཁོ་ན་ཉིད་ཡིན་ཏེ། སྡུག་བསྔལ་ཆོས་བཟོད་ལ་སོགས་པ་བཞི་ཡིས་གཞོམ་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། དེ་བཞིས་བདེན་པ་མངོན་སུམ་དུ་མཐོང་བ་ཙམ་གྱིས་ཁྱོད་སྤོང་ནུས་པའི་ཕྱིར། སྲིད་རྩེའི་ལྷག་མ་འདོད་པ་དང་ཁམས་གོང་མ་ལས་སྐྱེས་པའི་ཕྲ་རྒྱས་ཆོས་ཅན། མཐོང་ལམ་དང་སྒོམ་ལམ་གཉིས་ཀྱིས་སྤོང་བར་བྱེད་དེ། འདས་ལམ་གྱིས་སྤོང་བའི་ཚེ་མཐོང་ལམ་གྱིས་སྤོང་ཞིང་། སོ་སྐྱེས་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བ་ཡང་ཡོད་པའི་ཕྱིར། མཐོང་ལམ་བཟོད་པས་གཞོམ་བྱ་མིན་པའི་ལྟ་མིན་བཞི་ཆོས་ཅན། སྒོམ་སྤང་ཁོ་ན་ཡིན་ཏེ། འཇིག་རྟེན་པའི་སྒོམ་ལམ་དང་འདས་པའི་སྒོམ་ལམ་ཅི་རིགས་ཀྱིས་སྤོང་པའི་ཕྱིར། ཁྱད་པར་ཡོད་དེ། སྔ་མས་སྲིད་རྩེའི་དེ་སྤོང་མི་ནུས་ཤིང་། ཕྱི་མས་ཐམས་ཅད་སྤོང་ནུས་པའི་ཕྱིར། གཉིས་པ་ལ། ལྟ་བ་དང་ང་རྒྱལ་བཤད་པ་གཉིས། དང་པོ་ལ། དངོས་དང་། དོགས་གཅོད་གཉིས། དང་པོ་ནི། བདག་དང་བདག་གིར་རྟག་ཆད་དང་། །མིང་དང་དམན་ལ་མཆོག་ལྟ་དང་། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་དག་ལྟ་བ་ལྔ་ཡིན་ནོ། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ལྟ་བ་ངན་པ་དེ་དག་ཆོས་ཅན། ཁྱོད་ལ་ལྔ་ཡོད་དེ། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་འཇིག་ལྟ། དེ་ལ་དམིགས་ནས་རྟག་ཆད་གང་རུང་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་མཐར་ལྟ། ལས་རྒྱུ་འབྲས་སོགས་ཡོད་པའི་དོན་ལ་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་ལོག་ལྟ། ལྟ་བ་དམན་པ་ལ་དམིགས་ནས་འདག་པ་དང་གྲོལ་བྱེད་མཆོག་ཏུ་འཛིན་པའི་ལྟ་ངན་དེ་ལྟ་བ་མཆོག་འཛིན་གྱི་ལྟ་བ། དབང་ཕྱུག་སོགས་སྣོད་བཅུད་ཀྱི་རྒྱུ་མིན་པ་དང་། ཚུལ་ཞུགས་ངན་པ་སོགས་ལམ་མིན་པ་ལ་རྒྱུ་དང་ལམ་དེར་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ཡིན་ན། དེ་གཉིས་ཀ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ལྟ་བ་ཡིན་པས་ཁྱབ་ཟེར་ན། ཚུལ་ཁྲིམས་ངན་པ་ཙམ་ལ་མཆོག་ཏུ་འཛིན་པའི་ལྟ་ངན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག །ལྟ་བ་ལྔ་པོ་དེ་ལྟ་བ་ཡིན་ཟེར་ན། རེ་ཞིག་དེ་མི་འཐད་པར་ཐལ། ལྟ་ངན་ལྟ་བར་མི་རུང་བའི་ཕྱིར། དེར་ཐལ། ཤེས་རབ་ཉོན་མོངས་ཅན་ཤེས་རབ་ཏུ་མི་རུང་བ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་རབ་ཉོན་མོངས་ཅན་དང་ལོག་ལྟ་རྒྱུད་ལྡན་ཡིན་ན་ཤེས་རབ་ཅན་ཡིན་པས་ཁྱབ་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན་ཧ་ཅང་ཐལ་སྙམ་སྟེ་དཔྱད་པར་བྱའོ། །གཞན་ཡང་། དེ་ལྔ་ལྟ་བ་མ་ཡིན་པར་ཐལ། གངས་སྤེལ་ལས། ལོག་པར་དམིགས་པའི་ཤེས་རབ་ཐམས་ཅད་ནི་ལྟ་བ་མི་འདོད་དོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ལམ་དང་འགོག་པ་མཐོང་སྤང་གང་རུང་ཡིན་ན། འགོག་ལམ་གང་རུང་ལ་དམིགས་པས་ཁྱབ་པར་ཐལ། སྤང་བྱ་དེ་དག་ཡུལ་ལ་དམིགས་ནས་ལོག་པར་འཇུག་ཚུལ་གྱི་སྒོ་ནས་འཇོག་པའི་ཕྱིར་ན་མ་ཁྱབ་སྟེ། འགོག་ལམ་མཐོང་སྤང་དུ་གྱུར་པའི་འདོད་ཆགས་ང་རྒྱལ་ལྟ་བུས་དེ་གང་རུང་ལ་དམིགས་ནས་མི་འཇུག་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱིས་ཡུལ་ཁྱད་པར་ཅན་ལ་མ་དམིགས་པར་ཟག་བཅས་ཀྱིས་ཁྱད་པར་ལ་དམིགས་ནས་འཇུག་པའི་ཕྱིར། གཉིས་པ་ནི། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། །རྟག་བདག་ཕྱིན་ཅི་ལོག་པ་ཡིན། །རབ་ཏུ་འཇུག་པས་དེ་ཕྱིར་དེ། །ལྟ་བ་གསུམ་ལམ་ཕྱིན་ཅི་ལོག ། བཞི་ཚན་ཕྱིན་ཅི་ལོག་ཕྱིར་དང་། །ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། །སེམས་དང་འདུ་ཤེས་དེའི་དབང་གིས། །ཞེས་བྱུང་། དབང་ཕྱུག་སོགས་འགྲོ་བའི་རྒྱུ་མིན་པ་ལ་རྒྱུར་མངོན་པར་ཞེན་པ་དེ་ཆོས་ཅན། སྡུག་ཀུན་མཐོང་སྤང་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ལ་ལོག་པར་ཞུགས་པའི་ཕྱིར་ཏེ། དབང་ཕྱུག་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པར་ཞེན་པ་ཡིས་རབ་ཏུ་འཇུག་པས་དེའི་ཕྱིར། ཁྱབ་སྟེ། དེ་འདྲ་བ་སྡུག་བསྔལ་ཆོས་བཟོད་ཀྱིས་སྤོང་བར་བྱེད་པའི་ཕྱིར། འཇིག་ལྟ་ལོག་ལྟ་མཐར་འཛིན་གྱི་ལྟ་བ་སྟེ་ལྟ་བ་གསུམ་ལས་ཕྱེ་བའི་ཕྱིན་ཅི་ལོག་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། མི་རྟག་པ་ལ་རྟག་པར་ལྟ་བ་དང་། མི་གཙང་བ་ལ་གཙང་བར་ལྟ་བ་དང་། སྡུག་བསྔལ་ལ་བདེ་བར་ལྟ་བ་དང་། བདག་མེད་པ་ལ་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་དང་བཞི་ཡོད་པའི་ཕྱིར། ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞིར་ཕྱེ་བ་ཡིན་ཏེ། མཐར་ལྟ་ལ་རྟག་འཛིན། མཆོག་འཛིན་ལ་གཙང་བ་དེའི་འཛིན་པ་གཉིས། འཇིག་ལྟ་ལ་བདག་ལྟ་བཞག་པའི་ཕྱིར། ཕྱིན་ཅི་ལོག་བཞི་ཚན་གཅིག་པོ་ཆོས་ཅན། ཕྱིན་ཅི་ལོག་ཏུ་འཇོག་པའི་རྒྱུ་མཚན་ཡོད་དེ། དམིགས་པ་ལ་ཕྱིན་ནི་ལོག་པའི་ཕྱིར་དང་། དེར་ངེས་པར་རྟོག་པའི་ཕྱིར་དང་། སྒྲོ་འདོགས་པའི་ཕྱིར་རོ། ཁྱབ་སྟེ། ལྟ་བ་གཞན་དང་ཚུལ་ཞུགས་མཆོག་འཛིན་སོགས་ཀྱིས་དེ་ལྟར་སྒྲོ་མི་འདོགས་པའི་ཕྱིར། མདོ་ལས་སེམས་ཕྱིན་ཅི་ལོག་དང་འདུ་ཤེས་ཕྱིན་ཅི་ལོག་ཅེས་གསུངས་པ་དང་མི་འགལ་ཏེ། དེ་གཉིས་ལྟ་བ་ཕྱིན་ཅི་ལོག་དེའི་དབང་གིས་ཕྱིན་ཅི་ལོག་ཏུ་འགྱུར་བ་ལ་དགོངས་པའི་ཕྱིར། གཉིས་པ་ང་རྒྱལ་ལ། དབྱེ་བ་དང་། སྤོང་ཚུལ་དོགས་གཅོད་བཅས་པ་གཉིས། དང་པོ་ནི། ང་རྒྱལ་བདུན་ནམ་དགུ་གསུམ་མོ། །ཞེས་བྱུང་། ང་རྒྱལ་ཆོས་ཅན། ཁྱོད་ལ་དུ་མ་ཡོད་དེ། འདི་དང་བདག་རིགས་སོགས་མཉམ་མོ་སྙམ་དུ་སེམས་པའི་མཉམ་པའི་ང་རྒྱལ་དང་དེ་ལས་བདག་ལྷག་གོ་སྙམ་པའི་ལྷག་པའི་ང་རྒྱལ་དང་། ཁྱད་པར་འཕགས་པ་དེ་ལས་ཀྱང་བདག་འཕགས་སོ་སྙམ་པའི་ང་རྒྱལ་ལས་ང་རྒྱལ་དང་། ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་པའི་ང་རྒྱལ་དང་། ཡོན་ཏན་གྱི་ཁྱད་པར་དེ་མ་ཐོབ་ཀྱང་ཐོབ་སོ་སྙམ་པའི་མངོན་པར་ང་རྒྱལ་དང་། ཁྱད་འཕགས་དེ་ལས་ཅུང་ཟད་དམན་ནོ་སྙམ་པའི་ཅུང་ཟད་སྙམ་པའི་ང་རྒྱལ་དང་། ཡོན་ཏན་མིན་ལ་ཡོན་ཏན་དུ་རློམ་པའི་ལོག་པའི་ང་རྒྱལ་དང་བདུན་ཡོད་ཅིང་། བསྟན་བཅོས་དག་ལས། བདག་མཆོག་ཡིན་ནོ། །བདག་དང་འདྲའོ། །བདག་དམན་ནོ། །བདག་པས་མཆོག་གོ །བདག་པས་དམན་ནོ། ། བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ། །བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ་ཞེས་དགུ་གསུངས་པ་རྣམས་ནི། ང་རྒྱལ་དང་ལྷག་པའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་གྱིས་བསྡུས་པའི་ཕྱིར། དེ་དག་འགའ་ཞིག་ནི་ང་རྒྱལ་དངོས་མིན་ཏེ། དེའི་རྣམ་པ་ལྟ་བུ་ལ་ང་རྒྱལ་དུ་བཏགས་པའི་ཕྱིར། ང་རྒྱལ་དུ་འགྲོ་བ་ལ་ཉོན་མོངས་པས་ཀུན་ནས་བསླངས་པ་ཞིག་དགོས་ཀྱི། བདག་མཆོག་གོ་སྙམ་པ་ལྟ་བུ་ཙམ་ནི་ང་རྒྱལ་མིན་ཏེ། ཡིན་ན་སངས་རྒྱས་ལའང་ང་རྒྱལ་ཡོད་པར་ཐལ་བའི་ཕྱིར། གཉིས་པ་ནི། མཐོང་དང་སྒོམ་པས་ཟད་བྱ་བ། །སྒོམ་པས་སྤང་བར་བྱ་བ་ནི། །གསོད་དང་ཀུན་ནས་དཀྲིས་པའོ། །དེ་བཞིན་འཇིག་སྲེད་འཕགས་པ་ལ། ། རྣམ་སོགས་ངའོ་སྙམ་མི་འབྱུང་། །ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །མི་དགེའི་འགྱོད་པ་འདམ་ཡིན་ནོ། །ཞེས་བྱུང་། ང་རྒྱལ་བདུན་པོ་དེ་རྣམས་ཆོས་ཅན། ཁྱོད་ལ་མཐོང་ལམ་དང་སྒོམ་པའི་ལམ་གྱིས་ཟད་པར་བྱ་བའི་ཆ་གཉིས་ཡོད་དེ། མཐོང་སྤང་རྣམས་མཐོང་ལམ་དང་། སྒོམ་སྤང་རྣམས་སྒོམ་ལམ་གྱིས་སྤོང་བའི་ཕྱིར། སྒོམ་པས་སྤང་བར་བྱ་བ་ནི་ཆོས་ཅན། ཁྱེད་ལ་དུ་མ་ཡོད་དེ། གསོད་པ་ལ་སོགས་པ་ལུས་ངག་གི་མི་དགེ་བ་རྣམས་དང་། དེ་དག་གི་ཀུན་སློང་ཀུན་ནས་དཀྲིས་པ་དང་། དེ་བཞིན་དུ་བདག་མྱུར་དུ་ཤི་ན་སྙམ་པའི་འཇིག་སྲེད་དང་། སྔར་གྱི་ང་རྒྱལ་གྱི་རྣམ་པ་བདུན་དང་། སོགས་ཀྱིས་བདག་བུད་མེད་ལྟ་བུར་སྐྱེས་ན་སྙམ་པའི་སྐྱེ་སྲེད་དང་། ངའོ་སྙམ་པའི་ང་རྒྱལ་རྣམས་འཕགས་པ་ལ་མངོན་གྱུར་དུ་མི་འབྱུང་ཡང་སྒོམ་སྤང་ཡིན་པའི་ཕྱིར། དེ་དག་འཕགས་པ་ལ་མངོན་གྱུར་དུ་མི་འབྱུང་སྟེ། དེ་དག་ནི་ཉོན་མོངས་ཅན་གྱི་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། ། འཕགས་པ་ལ་མི་དགེ་བའི་འགྱོད་པའང་མངོན་གྱུར་དུ་མི་འབྱུང་སྟེ། དེ་ལ་ཐེ་ཚོམ་ཡོད་ཀྱང་ཐེ་ཚོམ་ཉོན་མོངས་ཅན་མེད་པའི་ཕྱིར་གཉིས་པ་རྣམ་པའི་སྒོ་ནས་དབྱེ་བ་ལ། ཀུན་འགྲོ་ཡིན་མིན་གྱི་སྒོ་ནས། ཟག་མེད་ལ་དམིགས་མ་དམིགས་ཀྱི་སྒོ་ནས། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས། མི་དགེ་བ་དང་ལུང་མ་བསྟན་གྱི་སྒོ་ནས། དུས་གསུམ་ལ་ཕྲ་རྒྱས་ཀྱི་སྒོ་ནས་དབྱེ་བ་དང་ལྔ། དང་པོ་ནི། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །དེ་དག་ལས་ཀུན་གོང་དུ་དམིགས། །ལྟ་བ་གཉིས་པོ་མ་གཏོགས་པའི། །དེ་དག་དང་ནི་ལྷན་ཅིག་གང་། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཞེས་བྱུང་། །སྡུག་བསྔལ་མཐོང་སྤང་ལྔ་དང་། རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལོག་ལྟ་དང་ལྟ་བ་མཆོག་འཛིན་གཉིས་རེ་དང་། དེ་བཞིན་དུ་སྡུག་ཀུན་མཐོང་སྤང་གི་ཐེ་ཚོམ་གཉིས་རེ་དང་། ཐེ་ཚོམ་གང་ཡིན་པ་དེ་དང་ལྷན་ཅིག་པའི་མ་རིག་པ་དང་། རྩ་ཉོན་གཞན་དང་མ་འདྲེས་པའི་མ་རིག་པ་གཉིས་རེ་སྟེ་ཁམས་གསུམ་ན་བཅུ་གཅིག་དེ་ཡོད་པའི་སོ་གསུམ་གང་ཡིན་པ་དེ་ཆོས་ཅན། རང་སའི་སྤང་བྱ་རིགས་ལྔ་ལ་འགྲོ་བའི་སྐལ་མཉམ་ཀུན་འགྲོ་ཡིན་ཏེ། དེ་ལྔ་ལ་དམིགས་ནས་རྒྱས་པར་འགྱུར་བའི་ཕྱིར། བཅུ་གཅིག་པོ་དེ་དག་ལས་དགུ་ཁམས་གོང་དུ་དམིགས་པ་ཡིན་ཏེ། འཇིག་ལྟ་མཐར་ལྟ་གཉིས་མ་གཏོགས་པ་གཞན་རྣམས་ཀྱིས་དེར་དམིགས་པའི་ཕྱིར། ཀུན་འགྲོ་དེ་དག་དང་ལྷན་ཅིག་འབྱུང་བའི་སེམས་སེམས་བྱུང་གང་ཡིན་པ་དེ་ཡང་ཆོས་ཅན། ཀུན་འགྲོ་ཡིན་ཏེ། དེ་དག་དང་དམིགས་རྣམ་མཚུངས་པར་འཇུག་པའི་ཕྱིར། ཀུན་འགྲོ་དེ་དག་གི་ཐོབ་པ་ཆོས་ཅན། ཕྲ་རྒྱས་ཀུན་འགྲོར་མ་གཏོགས་ཏེ། ཁྱོད་དང་ཀུན་འགྲོ་རྣམས་འབྲས་བུ་མི་མཚུངས་པའི་ཕྱིར། གཉིས་པ་ལ། ཟག་མེད་ལ་དམིགས་པ་དང་། དེ་ལ་མ་དམིགས་པ་གཉིས། དང་པོ་ནི། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང་། །ལྡན་དང་འབའ་ཞིག་མ་རིག་དང་། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །རང་གི་ས་པའི་འགོག་པ་དང་། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ཞེས་བྱུང་། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ལོག་ལྟ་དང་། ཐེ་ཚོམ་དེ་དག་དང་། དེ་དག་དང་མཚུངས་ལྡན་གྱི་མ་རིག་པ་དང་། འབའ་ཞིག་པ་མ་འདྲེས་པའི་མ་རིག་པ་དང་དྲུག་ནི་ཆོས་ཅན། ཟག་མེད་ཀྱི་སྤྱོད་ཡུལ་ཅན་ཡིན་ཏེ། རང་གི་ས་པའི་གོག་པ་དང་ལམ་ལ་དམིགས་པའི་ཕྱིར། ལམ་ལ་དམིགས་པའི་ཚེ་འདོད་པའི་ཚེ་འདོད་པའི་ལོག་ལྟ་སོ་དྲུག་གི་དམིགས་པ་བསམ་གཏན་བཞི་དང་མི་ལྕོགས་མེད་དང་ཁྱད་པར་ཅན་ཏེ་བསམ་གཏན་ས་དྲུག་དང་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་དང་། ཁམས་གོང་གི་དེས་ལམ་ལ་དམིགས་པ་ན་མི་ལྕོགས་མེད་པ་ནས་སྲིད་རྩེའི་བར་གྱི་ས་དགུའི་རྗེས་ཤེས་དང་ཕྱོགས་མཐུན་པའི་གོང་གི་ལམ་རྣམས་ལ་དམིགས། ས་དྲུག་དང་ས་དགུའི་ལམ་ནི་རང་རང་གི་ས་དེའི་ཕན་ཚུན་གྱི་རྒྱུ་བྱེད་པའི་སྤྱོད་ཡུལ་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར། གཉིས་པ་ནི། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཞི་དང་དག་དང་མཆོག་གྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་ཡིན། །ཞེས་བྱུང་། འདོད་ཆགས་ཆོས་ཅན། ཁྱོད་ཀྱིས་ཟག་མེད་འགོག་ལམ་ལ་དམིགས་པ་ཡིན་ཏེ། ཁྱོད་ཟག་བཅས་ལ་གཙོ་བོར་དམིགས་པས་ཐར་འདོད་ཀྱིས་གཅིག་ཏུ་སྤང་བྱ་ཡིན་པའི་ཕྱིར། ཞེ་སྡང་ཆོས་ཅན། ཁྱོད་ཀྱིས་དེ་ལ་དམིགས་པ་མིན་ཏེ། འགོག་ལམ་ནི་གནོད་པ་མི་བྱེད་པའི་རང་བཞིན་ཅན་ཡིན་ལ། ཁྱོད་ནི་གནོད་པར་སེམས་པ་ཅན་ཡིན་པའི་ཕྱིར། ང་རྒྱལ་ཆོས་ཅན། ཁྱོད་ཀྱིས་ཀྱང་དེ་ལ་དམིགས་པ་མ་ཡིན་ཏེ། འགོག་ལམ་ནི་ཞི་བ་ཡིན་ལ། ཁྱོད་ནི་ཁེངས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཚུལ་ཞུགས་མཆོག་འཛིན་ཆོས་ཅན། ཁྱོད་ཀྱིས་ཀྱང་དེ་ལ་དམིགས་པ་མིན་ཏེ། འགོག་ལམ་རྣམ་པར་དག་པ་ཡིན་ལ། ཁྱོད་ཀྱི་ས་ནི་མ་དག་ལ་གཙོ་བོར་དམིགས་ནས་མཆོག་ཏུ་འཛིན་པའི་ཕྱིར། ལྟ་བ་མཆོག་འཛིན་ཆོས་ཅན། ཁྱོད་ཀྱིས་ཀྱང་འགོག་ལམ་ལ་དམིགས་པ་མ་ཡིན་ཏེ། ཁྱོད་ཀྱིས་དམན་པ་ལ་མཆོག་ཏུ་འཛིན་པ་ཡིན་ལ། འགོག་ལམ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པས་ཁྱོད་ཀྱི་ཡུལ་མིན་པའི་ཕྱིར། གསུམ་པ་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་དབྱེ་བ་ནི། ཕྲ་རྒྱས་ཀུན་ཏུ་འགྲོ་བ་ནི། དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་དང་རིས་སུ། །ཟག་མེད་གོང་མའི་ཡུལ་ཅན་མིན། ། བདག་གིར་མ་བྱས་གཉེན་པོའི་ཕྱིར། །གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེ་མཚུངས་ལྡན་སྒོ་ནས། །ཞེས་བྱུང་། ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་ནི་ཆོས་ཅན། དམིགས་པའི་སྒོ་ནས་ཁམས་རང་གི་ས་པའི་རྣམ་པ་ལྔ་པོ་ཐམས་ཅད་དུ་ནི་རྒྱས་པར་འབྱུང་བ་ཡིན་ཏེ། རང་སའི་དེ་རྣམས་ནི་ལྟ་བས་བདག་གིར་བྱས་པའི་ཕྱིར། ཀུན་འགྲོ་མ་ཡིན་པའི་ཕྲ་རྒྱས་ཆོས་ཅན། དམིགས་པའི་སྒོ་ནས་རང་གི་སར་རང་གི་རིས་ཁོ་ན་ལ་རྒྱས་པར་འགྱུར་གྱི། །རིས་གཞན་དུ་མི་རྒྱས་ཏེ། སྡུག་བསྔལ་མཐོང་སྒོམ་གྱི་སྤང་བྱ་རྣམས་རང་སའི་སྡུག་བསྔལ་མཐོང་སྒོམ་གྱི་སྤང་གི་རིས་ཁོ་ན་ལ་རྒྱས་པར་འགྱུར་བ་སོགས་ཡིན་པའི་ཕྱིར། ཕྲ་རྒྱས་ཀུན་འགྲོ་མ་ཡིན་པ་ལ་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་བ་ཡང་ཡོད་དེ། ཟག་མེད་ལ་དམིགས་པ་དང་། གོང་མ་ལ་དམིགས་པའི་ཡུལ་ཅན་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་མ་ཡིན་པའི་ཕྱིར། དེར་ཐལ། ཟག་མེད་ནི་བདག་ལྟས་བདག་གིར་མ་བྱས་པའི་ཕྱིར་ཏེ། ཟག་མེད་དེ་དག་གི་གཉེན་པོ་ཡིན་པའི་ཕྱིར། ཕྲ་རྒྱས་གང་ཞིག་སེམས་བྱུང་ཚོར་བ་སོགས་གང་དང་མཚུངས་པར་ལྡན་པའི་ས་མང་པོ་དེ་ནི་ཆོས་ཅན། དེ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བ་ཡིན་ཏེ། ཕྲ་རྒྱས་དང་མཚུངས་ལྡན་གྱི་ཉོན་མོངས་ཅན་ཡིན་པའི་ཕྱིར། བཞི་པ་ལ། དབྱེ་བ་སྤྱིར་བསྟན་པ། དེ་དག་ཏུ་འཇོག་པའི་རྩ་བ་ངོས་བཟུང་བ། དྲི་བ་དང་ལན་གྱིས་གཏན་ལ་དབབ་པ་དང་གསུམ། དང་པོ་ནི། གོང་མ་ཐམས་ཅད་ལུང་མ་བསྟན། །འདོད་ན་འཇིག་ཆོགས་ལྟ་བ་དང་། མཐར་འཛིན་ལྷན་ཅིག་མ་རིག་པ། །ལྷག་མ་རྣམས་འདིར་མི་དགེ་བའོ། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ཐམས་ཅད་ཆོས་ཅན། ལུང་མ་བསྟན་ཡིན་ཏེ། སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། སྒྲིབ་པ་ཡིན་ཡང་། ས་དེའི་ཏིང་ངེ་འཛིན་གྱི་ནུས་པས་བཏུལ་བས་རྣམ་སྨིན་སྡུག་བསྔལ་འབྱིན་པ་མེད་པའི་ཕྱིར། འདོད་པ་ན་འཇིག་ཚོགས་ལྟ་བ་དང་མཐར་འཛིན་གྱི་ལྟ་བ་དང་། དེ་གཉིས་དང་ལྷན་ཅིག་པའི་མཚུངས་ལྡན་གྱི་མ་རིག་པ་ཆོས་ཅན། སྒྲིབ་ལུང་མ་བསྟན་ཡིན་ཏེ། རྣམ་སྨིན་མ་འབྱིན་པའི་རིགས་ཅན་གྱི་སྒྲིབ་པ་ཡིན་པའི་ཕྱིར། དེ་གསུམ་གྱི་ལྷག་མ་འདོད་ཆགས་སོགས་རྣམས་ཆོས་ཅན། འདོད་པ་འདིར་མི་དགེ་བ་ཡིན་ཏེ། རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། མི་དགེ་བའི་རྩ་བ་ཡིན་ན། མི་དགེ་བ་ཡིན་པས་ཁྱབ་ཟེར་ན། དེའི་རྩ་བར་གྱུར་པའི་མ་རིག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཕྲ་རྒྱས་མ་རིག་པ་ཡོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། མ་རིག་པ་ཡིན་པའི་ཕྱིར། ཁ་ཅིག །འདོད་ཆགས་ཡིན་ན། མི་དགེ་བ་ཡིན་པས་ཁྱབ་ཟེར་ན། གོང་མའི་འདོད་ཆགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླ། ཁ་ཅིག །འདོད་པའི་མི་དགེ་བ་ཡིན་ན། རྣམ་སྨིན་འབྱིན་པས་ཁྱབ་ཟེར་ན། བཤགས་པས་འདགས་ངེས་ཀྱི་མི་དགེ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། ཁྱབ་སྟེ། ཁམས་གོང་ན་མི་དགེ་བ་མེད་པའི་ཕྱིར། འདོད་ན་སླའོ། །གཉིས་པ་ལ། འདོད་པའི་ཉོན་མོངས་མི་དགེ་བ་དང་། ཁམས་གོང་གི་ཉོན་མོངས་ལུང་མ་བསྟན་དུ་འཇོག་པའི་རྩ་བ་གཉིས། དང་པོ་ནི། འདོད་ན་འདོད་ཆགས་ཁོང་ཁྲོ་དང་། །རྨོངས་རྣམས་མི་དགེའི་རྩ་བ་ཡིན། །ཞེས་བྱུང་འདོད་པ་ན་མི་དགེ་བའི་རྩ་བ་ཡིན་པ་ཡོད་དེ། དེའི་འདོད་ཆགས་དང་ཁོང་ཁྲོ་དང་ལྟ་བ་དང་པོ་གཉིས་དང་མཚུངས་ལྡན་མ་ཡིན་པའི་རྨོངས་པ་རྣམས་དེའི་རྩ་བ་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཆེ་བའི་ལུགས་དང་། ཉི་འོག་པའི་ལུགས་གཉིས། དང་པོ་ནི། ལུང་མ་བསྟན་པའི་རྩ་བ་གསུམ། དེ་ནི་སྲེད་དང་མ་རིག་བློ། །རྣམ་གཉིས་མཐོང་འཇུག་ཕྱིར་དེ་ལས། གཞན་མིན་ཞེས་བྱུང་། ལུང་མ་བསྟན་པའི་རྩ་བ་དེ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། ལུང་མ་བསྟན་གྱི་སྲེད་པ་དང་དེའམ་རིག་པ་དང་། རྣམ་པར་སྨིན་པའི་བློ་ཤེས་རབ་གསུམ་ཡོད་པའི་ཕྱིར། དེ་ལས་གཞན་ཐེ་ཚོམ་དང་ང་རྒྱལ་ནི། དེའི་བྱ་བར་མ་ཡིན་ཏེ། སྔ་མ་ནི་རྣམ་པ་གཉིས་སུ་འཇུག་ཅིང་། ཕྱི་མ་ནི་རྣམ་པ་མཐོ་བར་འཇུག་པའི་ཕྱིར་ཟེར། གཉིས་པ་ནི། བཞི་ཞེས་ཉི་འོག་པ། དེ་དག་སྲེད་ལྟ་ང་རྒྱལ་རྨོངས། ། བསམ་གཏན་ས་གསུམ་མ་རིག་ལས། །ཞེས་བྱུང་། ལུང་མ་བསྟན་གྱི་རྩ་བ་དེ་དག་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་རྨོངས་པ་བཞི་ཡོད་པའི་ཕྱིར། དེར་ཐལ། སྲེད་ལྟ་ང་རྒྱལ་ཤས་ཆེ་བའི་བསམ་གཏན་ས་གསུམ་ཡང་མ་རིག་པའི་དབང་ལས་དེ་ལྟར་འགྱུར་བའི་ཕྱིར་ཟེར་རོ། །གསུམ་པ་དྲི་ལན་གྱིས་གཏན་ལ་ཕབ་པ་ནི། མགོ་གཅིག་པ་དང་རྣམ་ཕྱེ་དང་། དྲི་དང་བཞག་པ་ལུང་བསྟན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། ། བདག་གཞན་ལ་སོགས་ལྟ་བུ་ཡིན། །ཞེས་བྱུང་། འདིར་དྲི་བ་དེ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་དང་། རྣམ་པར་ཕྱེ་ནས་ལུང་བསྟན་པ་དང་། དྲི་བས་ལུང་བསྟན་པ་དང་། བཞག་པར་བྱ་བའི་དྲི་བ་དང་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། སེམས་ཅན་འདི་རྣམས་འཆི་བར་འགྱུར་རམ་ཞེས་འདྲི་ན་འཆི་བར་འགྱུར་ཞེས་ལུང་བསྟན་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སེམས་ཅན་རྣམས་ཉོན་མོངས་ཀྱིས་སྐྱེའམ་ཞེ་ན་ཉོན་མོངས་ཅན་རྣམས་དེའི་དབང་གིས་སྐྱེའོ། །ཉོན་མོངས་སྤངས་པ་རྣམས་ནི་མི་སྐྱེ་ཞེས་རྣམ་པར་སྐྱེ་ནས་ལུང་བསྟན་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཅི་མི་འདི་དམན་ནམ་ཁྱད་པར་འཕགས་ཞེས་འདྲི་ན། གང་ལ་ལྟོས་ཏེ་འདྲི་ཞེས་དྲིས་ནས་ལྷ་ལས་ལྟོས་ཏེ་ཟེར་ན་དམན་ལ། ངན་སོང་ལས་ལྟོས་ཏེ་ཟེར་ན་ཁྱད་པར་དུ་འཕགས་ཞེས་ལུང་བསྟན་པར་བྱ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ཕུང་པོ་རྣམས་བདག་ལས་གཞན་ནམ་གཞན་མིན་ཞེས་སོགས་ཁྱད་གཞི་གང་ཟག་གི་བདག་ལ་བསམས་ནས་འདྲི་བའི་ཚེ་ལན་ལུང་མི་སྟོན་པར་བཞག་པར་བྱ་བ་ལྟ་བུ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་པས་དེར་གྲུབ་པའི་བདག་ནི་ཕུང་པོ་དང་གཅིག་དང་ཐ་དད་གང་དུའང་མི་རིགས་པའི་ཕྱིར། ལྔ་པ་དུས་གསུམ་ལ་ཕྲ་རྒྱས་ལྡན་ཚུལ་གྱི་སྒོ་ནས་དབྱེ་བ་ལ། ཕྲ་རྒྱས་ཀྱི་དམིགས་ཡུལ། དུས་གསུམ་ལྡན་ཚུལ་ལམ་དེའི་རྣམ་གཞག་བསྟན་པ། སྤང་བྲལ་གྱིི་ཁྱད་པར་བཤད་པ། སེམས་ཀྱི་དམིགས་པ་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ལ། དམིགས་ཡུལ་ངེས་ཅན་གྱི་ཉོན་མོངས་དང་། ངེས་མེད་ཀྱི་ཉོན་མོངས་གཉིས། དང་པོ་ནི། འདས་དང་ཉེར་གནས་འདོད་ཆགས་དང་། ཁོང་ཁྲོ་ང་རྒྱལ་དག་གིས་ནི། །གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །ཡིད་ཀྱི་དེ་དག་མ་འོངས་པས། །ཀུན་དང་གཞན་གྱི་རང་དུས་པ། །མི་སྐྱེ་རྣམས་ཀྱི་ཐམས་ཅད་དང་། །ཞེས་བྱུང་། འདས་པ་དང་ད་ལྟ་བར་ཉེ་བར་གནས་པའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དག་གིས་ནི་ཆོས་ཅན། ཁྱོད་རང་གང་ལ། རང་ཉིད་སྐྱེས་ནས་མ་སྤངས་ཀྱི་བར་དུ་ཡུལ་འདོད་སོགས་དངོས་པོ་དེ་དང་དེ་རང་རྒྱུད་ལྡན་གྱི་གང་ཟག་དེ་ལ་ལྡན་པར་བྱེད་པ་ཡིན་ཏེ། རང་གིས་མཚན་ཉིད་པའི་ཉོན་མོངས་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་པོ་དེ་དག་ཆོས་ཅན། ཁྱོད་ཀྱིས་ཡུལ་མ་འོངས་པའི་དུས་གསུམ་པོ་ཀུན་དང་ལྡན་པར་བྱེད་དེ། ཡུལ་གང་ལ་དེ་སྐྱེས་ལ་མ་སྤངས་ཤིང་། ཡིད་ཀྱི་ཡུལ་ནི་དུས་གསུམ་པ་ཡིན་པའི་ཕྱིར། ཡིད་ལས་གཞན་པའི་དབང་ཤེས་དང་དེའི་འཁོར་གྱི་ཉོན་མོངས་རྣམས་ཆོས་ཅན། ཁྱོད་ཀྱིས་རང་དང་དུས་མཉམ་པའི་ཡུལ་དུས། སོ་སོ་ཁོ་ན་དང་ལྡན་པར་བྱེད་དེ། མ་འོངས་པས་མ་འོངས་པ་དང་། དེ་བཞིན་དུ་ད་ལྟ་བ་དང་འདས་པ་ལའང་སོ་སོར་ལྡན་པར་བྱེད་པའི་ཕྱིར། མི་སྐྱེ་བའི་ཆོས་ཅན་གྱི་མིང་ཅན་དབང་ཤེས་རྣམས་ཆོས་ཅན། ཡུལ་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་པར་བྱེད་དེ། ཡུལ་དེ་གསུམ་ལ་དམིགས་པས་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར། གཉིས་པ་ནི། ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ཞེས་བྱུང་། དེ་དག་གི་ལྷག་མ་ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་ཀུན་ཆོས་ཅན། ཁྱོད་རང་ཡུལ་དུས་གསུམ་པའི་དངོས་པོ་ཀུན་དང་ལྡན་ཏེ། དེ་དག་སྐྱེས་ལ་མ་སྤངས་ཤིང་ཉོན་མོངས་སྤྱི་བ་ཞེས་བྱ་བ་དེ་ཡིན་པའི་ཕྱིར། གསུམ་པ་ལ། དུས་གསུམ་རྫས་ཡོད་དུ་གྲུབ་ཚུལ། དུས་གསུམ་གྱི་འཇོག་ཚུལ། དེ་ལ་མདོ་སྡེ་པས་གཅོད་བྱེད་བརྗོད་པ། བྱེ་བྲག་སྨྲ་བས་ལན་བཏབ་ཚུལ་དང་བཞི། དང་པོ་ལ། ལུང་དང་རིགས་པའི་སྒྲུབ་བྱེད་གཉིས། དང་པོ་ནི། དུས་རྣམས་ཀུན་ཏུ་ཡོད་བཤད་ཕྱིར། ཞེས་བྱུང་། དུས་གསུམ་པོ་ཆོས་ཅན། རྣམ་པ་ཀུན་ཏུ་རྫས་སུ་ཡོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གལ་ཏེ་འདས་པའི་གཟུགས་ཞིག་ཡོད་པར་མ་གྱུར་ན་ཞེས་སོགས་ཀྱིས་ཁྱོད་རྫས་ཡོད་དུ་བཤད་པའི་ཕྱིར། གཉིས་པ་ནི། གཉིས་ཀྱི་ཡུལ་ཡོད་ཕྱིར་འབྲས་ཕྱིར། །དེ་ཡོད་སྨྲ་བའི་ཕྱི་ཐམས་ཅད། །ཡོད་པར་སྨྲ་བར་འདོད་ཅེས་བྱུང་། ད་ལྟ་བར་མ་ཟད། འདས་མ་འོངས་གཉིས་ཆོས་ཅན། རྫས་སུ་ཡོད་དེ། ཁྱོད་གཉིས་ལ་དམིགས་པའི་རྣམ་ཤེས་ཀྱི་ཡུལ་དངོས་པོ་བ་ཡོད་པའི་ཕྱིར་དང་། འདས་པའི་ལས་ཀྱི་འབྲས་བུ་བསྐྱེད་པ་ཡོད་པར་མཐོང་བའི་ཕྱིར། གཞི་ཐམས་ཅད་ཡོད་པར་སྨྲ་བས་དུས་གསུམ་རྫས་ཡོད་དུ་འདོད་དེ། དེ་རྫས་ཡོད་དུ་འདོད་པར་ཁ་ཆེ་བ་སྨྲ་བའི་ཕྱིར། གཉིས་པ་ནི། དེ་དག །རྣམ་བཞི་དངོས་དང་མཚན་ཉིད་དང་། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། གསུམ་པ་བཟང་སྟེ་བྱ་བ་ཡིས། །དུས་རྣམས་རྣམ་གཞག་ཅེས་བྱུང་། ཡོད་སྨྲའི་ལུགས་ལ་དེ་དག་ཀྱང་རྣམ་པ་བཞིར་འདོད་ཚུལ་ཡོད་དེ། དངོས་པོ་གཞན་དུ་འགྱུར་བ་དང་། དེ་བཞིན་དུ་མཚན་ཉིད་དང་། གནས་སྐབས་དང་། སྔ་ཕྱི་གཞན་དང་གཞན་དུ་འགྱུར་ཞེས་བྱ་བར་སྨྲ་བ་བཞི་ཡོད་པའི་ཕྱིར། དང་པོ་ནི་བཙུན་པ་ཆོས་སྐྱོབ་ཀྱི་ལུགས་ཡིན་ཏེ། དེས་མྱུ་གུ་ལྟ་བུ་མ་འོངས་པ་ནས་ད་ལྟར་བ་དང་ད་ལྟ་བ་ནས་མ་འོངས་པར་འཇུག་པའི་ཚེ་རྫས་གཞན་དུ་མི་འགྱུར་ཡང་དངོས་པོ་གཞན་དུ་འགྱུར་བར་འདོད་པའི་ཕྱིར། དཔེར་ན། གསེར་སྣོད་བཅོམ་ནས་རྒྱན་བྱས་ཚེ་གསེར་གྱི་མདོག་མི་འགྱུར་བ་དང་། འོ་མ་ཞོར་འགྱུར་བའི་ཚེ་རོ་ནུས་འགྱུར་ཀྱང་ཁ་དོག་མི་འགྱུར་བ་བཞིན་ནོ། །གཉིས་པ་ནི་དབྱངས་སྒྲོགས་ཀྱི་ལུགས་ཡིན་ཏེ། དེས་དེ་ལྟར་འཇུག་པའི་ཚེ་མྱུ་གུ་དེ་དུས་གསུམ་ཆར་ལྡན་ཡང་མཚན་ཉིད་གང་ཤས་ཆེ་བའི་སྒོ་ནས་མཚན་ཉིད་གཞན་དུ་འགྱུར་བར་འདོད་པའི་ཕྱིར། དཔེར་ན། སྐྱེས་པ་གཅིག་བུད་མེད་གཅིག་ལ་ཆགས་པའི་ཚེ་བུད་མེད་གཞན་ལ་ཆགས་པ་དང་མ་བྲལ་ཡང་དེ་ལ་ཆགས་ཞེས་བརྗོད་པ་བཞིན་ནོ། །གསུམ་པ་དབྱིག་བཤེས་ཀྱི་ལུགས་ཡིན་ཏེ། དུས་གསུམ་གནས་སྐབས་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཞིང་། སྔར་ལྟར་འཇུག་པའི་ཚེ་བྱ་བ་མ་སྐྱེས་པ་མ་འོངས་པ་དང་། བྱ་བ་སྐྱེས་ལ་མ་འགགས་པ་ད་ལྟར་བ་དང་། བྱ་བ་ཞིག་པ་འདས་པ་སྟེ་གནས་སྐབས་གཞན་དུ་འགྱུར་བར་འདོད་པའི་ཕྱིར། དཔེར་ན། རྩིས་ཀྱི་རིལ་བུ་གཅིག་ནི་གཅིག་དང་བརྒྱ་སྟོང་སོགས་ཀྱི་ཤོ་མིག་གི་གོ་སར་བཞག་པ་ན་གཅིག་དང་བརྒྱ་སོགས་སུ་བརྗོད་པ་བཞིན་ནོ། །བཞི་པ་ནི་སངས་རྒྱས་ལྷའི་ལུགས་ཡིན་ཏེ། དེས་དེ་ལྟར་འཇུག་པའི་ཚེ་སྔ་ཕྱི་བར་གསུམ་ལ་འདས་མ་འོངས་ད་ལྟ་བ་གསུམ་དུ་འཇོག་པས་གཞན་དང་གཞན་དུ་འགྱུར་བར་འདོད་པའི་ཕྱིར། དཔེར་ན། བུད་མེད་གཅིག་རང་གི་མ་ལ་ལྟོས་ནས་བུ་མོ་དང་རང་གི་བུ་མོ་ལ་ལྟོས་ནས་མ་དང་རང་ཉིད་དེའི་བར་དུ་འཇོག་པ་བཞིན་ནོ་ཞེས་ཟེར་རོ། །དེའི་དང་པོ་མི་འཐད་དེ། ཕྱི་རོལ་གྲངས་ཅན་གྱི་འདོད་པ་དང་མཚུངས་པའི་ཕྱིར། གཉིས་པ་ཡང་མི་འཐད་དེ། དུས་གསུམ་གྱིི་མཚན་ཉིད་འཆོལ་བར་འགྱུར་བའི་ཕྱིར། བཞི་པ་ཡང་མི་འཐད་དེ། དུས་གསུམ་རེ་རེ་ཡང་དུས་གསུམ་ཆར་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་ལུགས་གསུམ་པ་ནི་ཅུང་ཟད་བཟང་སྟེ། བྱ་བ་མི་བྱེད་པས་མ་འོངས་པ་དང་། བྱེད་པའི་ཚེ་ད་ལྟ་བ་དང་། བྱས་ནས་འགགས་པ་འདས་པ་དག་གསུམ་པོ་དེ་ཡི་སྒོ་ནས་དུས་གསུམ་པོ་རྣམས་རྣམ་པར་བཞག་པའི་ཕྱིར། གསུམ་པ་ནི། གེགས་སུ་བྱེད། །དེ་ཡང་ཇི་ལྟར་གཞན་མ་ཡིན། དུས་གསུམ་མེ་རུང་དོ་བཞིན་དུ། །ཡོད་ན་ཅིའི་ཕྱིར་མ་སྐྱེས་ཞིག །ཞེས་བྱུང་། མདོ་སྡེ་པ་ན་རེ། གསུམ་པ་དེ་ཅུང་ཟད་བཟང་ཡང་སྐྱོན་ཡོད་དེ། འདས་མ་འོངས་གཉིས་ཀྱིས་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པར་ཐལ། དེ་གཉིས་ཀྱིས་འབྲས་བུ་སྤང་པ་ལ་གེགས་བྱེད་པ་མེད་པའི་ཕྱིར། བྱ་བ་འདས་མ་འོངས་ད་ལྟར་བ་གང་ཡིན་པ་དེ་གང་ཇི་ལྟར་བྱ་བ་ལ་ཡང་བྱ་བ་གཞན་ཞིག་ཡོད་པ་མ་ཡིན་པར་ཐལ། འདས་པ་སོགས་གང་ཡང་མིན་པའི་འདུས་མ་བྱས་ཡིན་པའི་ཕྱིིར། དེར་ཐལ། བྱ་བ་འདས་ཟིན་ནས་མེད་པ་དེ་དུས་སུ་མི་རུང་ཞིང་། གང་ལ་བྱ་བ་མི་བྱེད་པའི་མ་འོངས་པ་ནི་དངོས་པོར་བརྗོད་དུ་མི་རུང་བའི་ཕྱིར། ཅིའི་ཕྱིར་མ་འོངས་པ་ནི་མ་སྐྱེས་ཤིང་འདས་པ་ནི་ཞིག་པ་མ་ཡིན་པར་ཐལ། ད་ལྟ་བ་བཞིན་དུ་དེ་གཉིས་ཀྱང་ཡོད་བའི་ཕྱིར་ཟེར། བཞི་པ་ནི། ཆོས་ཉིད་དག་ནི་ཟབ་པ་ཡིན། ཞེས་བྱུང་། བྱེ་བྲག་སྨྲ་བ་ན་རེ། མདོ་སྡེ་པའི་རྩོད་པ་དེ་ཁོ་བོ་ཅག་ལ་མི་གནོད་པར་ཐལ། འདས་མ་འོངས་དེ་ལྟར་འཇོག་ཏུ་ཡོད་པའི་ཆོས་ཉིད་དེ་གནས་ལུགས་ལ་ནི་རྟོགས་དཀའ་ཞིང་ཟབ་པ་ཡིན་པས་རྟོག་གེ་ཙམ་གྱི་ཡུལ་མ་ཡིན་པའི་ཕྱིིར་རོ། །གསུམ་པ་སྤང་བྲལ་གྱི་ཁྱད་པར་ནི། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་བྱུང་། སྐབས་འདིར་སྤང་བྱ་དེ་དང་བྲལ་ན་སྤངས་པས་ཁྱབ་ཀྱང་། སྤངས་ན་བྲལ་བས་མ་ཁྱབ་སྟེ། སྡུག་བསྔལ་ཤེས་པ་གཉིས་སྐྱེས་ལ་ཀུན་འབྱུང་ཤེས་པས་སྐྱེས་པའི་སྡུག་བསྔལ་མཐོང་སྤང་སྤངས་ཀྱང་། ཀུན་འགྲོ་ལྷག་མ་ཀུན་འབྱུང་མཐོང་སྤང་རྣམས་ཀྱིས་དམིགས་པའི་སྡུག་བསྔལ་མཐོང་སྤང་དང་ལྡན་པའི་ཕྱིར་ཏེ། དེས་མཐོང་སྤང་གཞན་ལ་འགྲེ་བའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་ཚེ་འདོད་པའི་སས་བསྡུས་པའི་སྒོམ་སྤང་དང་པོའི་རྣམ་པ་སྟེ་ཆེན་པོའི་ཆེན་པོ་སོགས་སྤངས་ཀྱང་དེ་དང་ལྡན་པ་ཡོད་དེ། སྒོམ་སྤང་ཆེན་པོ་དེའི་ཡུལ་ཅན་ལྷག་མ་ཆུང་ངུའི་སྐོར་རྣམས་མ་སྤངས་བར་དུ་དེ་དག་གིས་དམིགས་པས་ཆེན་པོ་དང་ཡང་ལྡན་པར་འགྱུར་བའི་ཕྱིར། བཞི་པ་སེམས་ཀྱི་དམིགས་པ་བཤད་པ་ནི། སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །གཟུགས་ཁམས་ལས་སྐྱེས་རང་གི་ངང་། །འོག་གསུམ་གོང་གཅིག་དྲི་མེད་ཀྱིའང་། །གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཟག་མེད་ཁམས་གསུམ་མཐའ་གསུམ་དང་། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཞེས་བྱུང་། སྤྱིར་སྡུག་བསྔལ་མཐོང་སྤང་སོགས་སྤང་བྱ་རིགས་ལྔ་ལྔ་སྟེ་ལྔ་དང་ཟག་མེད་དང་བཅས་པའི་ཆོས་བཅུ་དྲུག་ཡོད་པས། དེ་རྣམས་ཀྱི་ཡུལ་ཅན་ཡང་བཅུ་དྲུག་ཡོད་དེ། དེ་ཡང་སྡུག་བསྔལ་མཐོང་སྤང་དང་རྒྱུ་ཀུན་འབྱུང་མཐོང་སྤང་དང་། གོམས་པ་སྟེ་སྒོམ་པ་ཡི་ལམ་གྱིས་སྤང་བར་བྱ་བ་དང་འདོད་ཁམས་ལས་སྐྱེས་པ་ཆོས་ཅན། སེམས་ལྔའི་སྤྱོད་ཡུལ་ལམ་དམིགས་པ་སྟེ། འདོད་པ་རང་གི་སས་བསྡུས་སྡུག་ཀུན་མཐོང་སྤང་གཉིས་དང་འདོད་པའི་སྒོམ་སྤང་སྟེ་གསུམ་དང་། གཟུགས་སུ་གཏོགས་པའི་སྒོམ་སྤང་གཅིག་དང་། དྲི་མེད་ཆོས་ཤེས་ཀྱི་ཕྱོགས་རྣམ་ཤེས་ཀྱི་སྤྱོད་ཡུལ་རང་ཡིན་པའི་ཕྱིར། གཟུགས་ཁམས་སུ་སྐྱེས་པའི་སྡུག་ཀུན་མཐོང་སྤང་དང་སྒོམ་སྤང་གསུམ་པོ་ཆོས་ཅན། སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་སའི་སྡུག་ཀུན་མཐོང་སྤང་གི་སེམས་གཉིས་དང་སྒོམ་སྤང་གི་སེམས་གཅིག་སྟེ་གསུམ་དང་། འོག་མའི་འདོད་ཁམས་ཀྱི་མཐོང་སྤང་གི་ཀུན་འགྲོ་དང་མཚུངས་ལྡན་གྱི་སེམས་གཉིས་དང་སྒོམ་སྤང་གི་སེམས་གཅིག་སྟེ་གསུམ་དང་། གོང་མ་གཟུགས་མེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པ་གཅིག་དང་དྲི་མེད་ཀྱིི་ཤེས་པའི་སྤྱོད་ཡུལ་འང་གཅིག་ཡིན་པའི་ཕྱིར། གཟུགས་མེད་ལས་སྐྱེས་པའི་སྤང་བྱ་གསུམ་པོ་ཆོས་ཅན། རྣམ་ཤེས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་དུ་གཏོགས་པའི་སྡུག་ཀུན་མཐོང་སྤང་གཉིས་དང་སྒོམ་སྤང་གཅིག་སྟེ་གསུམ་གསུམ་དང་། ཟག་མེད་ཀྱི་སྤྱོད་ཡུལ་གཅིག་ཡིན་པའི་ཕྱིར་འགོག་པ་དང་ལམ་གྱི་མཐོང་བས་སྤང་བྱ་ཀུན་ཆོས་ཅན། རྣམ་ཤེས་དུ་མའི་སྤྱོད་ཡུལ་ཡིན་ཏེ། འདོད་པར་སྔར་བཤད་པའི་སེམས་ལྔའི་སྟེང་དུ་འགོག་ལམ་རང་གི་སེམས་གྲགས་པ་སྟེ་བསྟན་པའི་རྣམ་ཤེས་དྲུག་དང་། གཟུགས་ཁམས་ཀྱི་བརྒྱད་བཤད་པའི་སྟེང་དུ་རང་གི་དེ་བསྣན་པས་དགུ་དང་། གཟུགས་མེད་ཀྱི་བཅུར་བཤད་པའི་སྟེང་དུ་རང་གི་དེ་བསྣན་པས་བཅུ་གཅིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར། ཟག་མེད་ཆོས་ཅན། རྣམ་ཤེས་བཅུའི་སྤྱོད་ཡུལ་ཡིན་ཏེ། ཁམས་གསུམ་ན་སྤང་བྱ་མཐའ་སྡེ་ཐ་མ་འགོག་ལམ་མཐོང་སྤང་གཅིག་དང་སྒོམ་སྤང་གཅིག་སྟེ་གསུམ་གསུམ་དང་། ཟག་པ་མེད་པའི་སེམས་ཀྱི་སྤྱོད་ཡུལ་གཅིག་ཡིན་པའི་ཕྱིར། གསུམ་པ་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་ནི། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་བྱུང་། ཉོན་མོངས་ཅན་གྱི་ཕྲ་རྒྱས་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ། ཕྲ་རྒྱས་དེ་རྒྱས་པར་འགྱུར་བ་དང་། མི་རྒྱས་ཀྱང་ཕྲ་རྒྱས་དང་བཅས་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། སྤངས་པ་ནི་རྒྱས་པ་མིན་གྱི། ཉོན་མོངས་ཅན་མ་ཡིན་པ་མ་སྤངས་པ་ནི་རྒྱས་པར་འགྱུར་བའི་ཕྱིིར། གཉིས་པ་སྐྱེ་ཚུལ་ལ། སྐྱེ་བའི་གོ་རིམ་དང་དེའི་རྒྱུ་གཉིས། དང་པོ་ནི། རྨོངས་ལས་ཐེ་ཚོམ་དེ་ནས་ནི། ལོག་ལྟ་དེ་ནས་འཇིག་ཚོགས་ལྟ། །དེ་ནས་མཐར་འཛིན་དེ་ནས་ནི། །ཚུལ་ཁྲིམས་མཆོག་འཛིན་དེ་ནས་ལྟ། རང་གི་ལྟ་ལ་ང་རྒྱལ་ཆགས། །གཞན་ལ་ཞེ་སྡང་དེ་ལྟར་རིམ། །ཞེས་བྱུང་། ཉོན་མོངས་ཕྲ་རྒྱས་རྣམས་ཆོས་ཅན། ཁྱོད་སྐྱེ་བའི་རིམ་པ་ཡོད་དེ། དང་པོར་བདེན་བཞིའི་དོན་ལ་རྨོངས་པ་སྐྱེ། དེ་ལས་དེ་ཡོད་དམ་མེད་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་སྐྱེ། དེ་ནས་རྒྱུ་མཚན་ཕྱིན་ཅི་ལོག་ལ་བརྟེན་ནས་དེ་དག་མེད་པ་དང་མིན་སྙམ་པའི་ལོག་ལྟ་སྐྱེ། དེ་ནས་ཕུང་པོ་ལ་བདག་ཏུ་ལྟ་བའི་འཇིག་ཚོགས་ལ་ལྟ་བ་སྐྱེ། དེ་ནས་དེ་ལ་རྟག་ཆད་དུ་ལྟ་བའི་མཐར་འཛིན་གྱི་ལྟ་བ་སྐྱེ། དེ་ནས་དེས་དག་པར་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་སྐྱེ། དེ་ནས་ལྟ་ངན་ལ་མཆོག་ཏུ་འཛིན་པའི་ལྟ་བ་མཆོག་འཛིན་སྐྱེ། དེ་ལ་བརྟེན་ནས་རང་གི་ལྟ་བ་ལ་ང་རྒྱལ་དང་འདོད་ཆགས་དང་། གཞན་གྱི་ལྟ་བ་ལ་ཞེ་སྡང་སྟེ་དེ་ལྟར་རིམ་པ་བཞིན་དུ་སྐྱེ་བའི་ཕྱིིར། གཉིས་པ་ནི། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་བྱུང་། ཕྲ་རྒྱས་དེ་རྣམས་ཆོས་ཅན། རྒྱུ་དང་ཡུལ་དང་སྦྱོར་བ་གསུམ་ལས་སྐྱེ་སྟེ། ཕྲ་རྒྱས་ཉོན་མོངས་སྤངས་པ་མ་ཡིན་ཞིང་ལྡན་པ་དང་། ཉོན་མོངས་སྐྱེ་བའི་ཡུལ་གཟུགས་སྡུག་མི་སྡུག་ནི་ཉེ་བར་གནས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྦྱོར་བ་དང་རྒྱུ་ནི་གསུམ་ཚང་བ་ལས་སྐྱེ་བའི་ཕྱིར། གསུམ་པ་རྣམ་གྲངས་ལ། མདོ་ལས་གསུངས་པ། བསྟན་བཅོས་ལས་གསུངས་པ། ཞར་བྱུང་མཚུངས་ལྡན་བཤད་པ། སྤང་བྱ་སྒྲིབ་པ་ལྔ་བཤད་པ་དང་བཞི། དང་པོ་ལ། སོ་སོར་བཤད་པ་དང་། ངེས་ཚིག་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ། ཟག་པ་དང་། ཆུ་བོ། སྦྱོར་བ། ཉེ་ལེན་དང་གསུམ། དང་པོ་ལ། འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པ་གསུམ། དང་པོ་ནི། འདོད་ན་གཏི་མུག་མ་གཏོགས་པའི། །ཉོན་མོངས་ཀུན་དང་དཀྲིས་བཅས་ཟག །ཅེས་བྱུང་། འདོད་པ་ན་གཏི་མུག་མ་གཏོགས་པའི་ཉོན་མོངས་སོ་གཅིག་དང་ཀུན་དཀྲིས་བཅུ་དང་བཅས་པ་ཆོས་ཅན། འདོད་པའི་ཟག་པ་ཡིན་ཏེ། འདོད་པའི་ཡོན་ཏན་སོགས་ཅི་རིགས་ལ་དམིགས་པའི་འཁོར་བར་ཟག་བྱེད་ཡིན་པའི་ཕྱིར། ཁྱོན་ཞེ་གཅིག་ཡིན་ཏེ། ལྟ་བ་བཅུ་གཉིས། ཐེ་ཚོམ་བཞི། ཆགས་སྡང་ང་རྒྱལ་གསུམ་ལ་ལྔ་ལྔ་སྟེ་སོ་གཅིག་ངོ་ཚ་ཁྲེལ་མེད་སོགས་བཅུ་རྣམས་ཡིན་པའི་ཕྱིར། གཉིས་པ་ནི། གཟུགས་དང་གཟུག་ནི་མེད་པ་ན། ཕྲ་རྒྱས་ཁོ་ན་སྲིད་པའི་ཟག །དེ་ལུང་མ་བསྟན་ཁ་ནང་བལྟས། །མཉམ་བཞག་ས་པའི་ཕྱིར་གཅིག་བྱས། །ཞེས་བྱུང་། གཟུགས་དང་གཟུགས་མེད་པའི་ཁམས་ན་མ་རིག་པ་བཅུ་བོར་པའི་ལྷག་མ་ཕྲ་རྒྱས་ལྟ་བ་བཅུ་གཉིས། ཐེ་ཚོམ་བཞི། འདོད་ཆགས་ང་རྒྱལ་ལྔ་ལྔ་སྟེ་ཉེར་དྲུག་རེ་བཅས་པའི་ཕྲ་རྒྱས་ལྔ་བཅུ་རྩ་གཉིས་ཆོས་ཅན། སྲིད་པའི་ཟག་པ་ཡིན་ཏེ། ཕལ་ཆེར་གོང་སའི་ཉོན་མོངས་ལ་དམིགས་པའི་རིགས་གནས་ཀྱི་ཟག་པ་ཡིན་པའི་ཕྱིར། ཁོ་ནའི་དོན་ཡོད་དེ། ཀུན་དཀྲིས་གཅོད་པའི་ཆེད་ཡིན་པའི་ཕྱིར། གོང་མ་གཉིས་ཀྱི་ཕྲ་རྒྱས་ལ་སྲིད་པའི་ཟག་པ་ཞེས་གཅིག་ཏུ་བྱས་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་ཀ་སྒྲིབས་ལུང་མ་བསྟན་དུ་འདྲ་ཞིང་། ཁ་ནང་དུ་བསྡུས་པ་འདྲ་བ་དང་། མཉམ་གཞག་གི་ས་བར་ཡང་འདྲ་བའི་ཕྱིར། གསུམ་པ་ནི། རྩ་བ་མ་རིག་ཡིན་པས་ན། །ལོགས་ཤིག་ཏུ་ནི་ཟག་པར་བསྟན། །ཞེས་བྱུང་། མ་རིག་པའི་ཟག་པ་ཆོས་ཅན། བཞག་ཏུ་ཡོད་དེ། ཁམས་གསུམ་གྱི་མ་རིག་པ་ལྔ་ལྔ་སྟེ་བཅོ་ལྔ་པ་དེ་དེ་ཡིན་པའི་ཕྱིར། མ་རིག་པ་ཆོས་ཅན། ཁྱོད་ལོགས་ཤིག་ཏུ་ཟག་པར་བསྟན་པའི་རྒྱུ་མཚན་ཡོད་དེ། ཟག་པ་གཞན་ཐམས་ཅད་ཀྱི་རྩ་བ་ཡིན་པས་ན་དེ་ལྟར་བསྟན་པའི་ཕྱིར། གཉིས་པ་ནི། ཆུ་བོ་སྦྱོར་བའང་དེ་བཞིན་དུ། །ལྷ་རྣམས་གསལ་ཕྱིར་ལོགས་ཤིག་བསྟན། །ཟག་པ་མ་ཡིན་གྲོགས་མེད་རྣམས། །འཇོག་པའི་རྗེས་སུ་མི་མཐུན་ནོ། །ཞེས་བྱུང་། ཆུ་བོ་དང་སྦྱོར་བ་གཉིས་ཆོས་ཅན། ཁྱོད་ལ་བཞི་བཞི་ཡོད་དེ། ཟག་པ་འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པ་གསུམ། དེ་བཞིན་དུ་འདོད་སྲིད་མ་རིག་པའི་ཆུ་བོ་གསུམ་དང་། དེ་གསུམ་གྱི་སྦྱོར་བ་གསུམ་དང་། ལྟ་བའི་ཆུ་བོ་དང་སྦྱོར་བ་རེ་རེ། བསྣན་ནས་བཞི་བཞིར་བྱེད་པའི་ཕྱིར། ལྟ་བ་རྣམས་ནི་ལྟ་བའི་ཆུ་བོ་དང་སྦྱོར་བ་ཞེས་ལོགས་ཤིག་ཏུ་བསྟན་པའི་རྒྱུ་མཚན་ཡོད་དེ། དམིགས་རྣམ་གསལ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། བྱེ་སྨྲ་ན་རེ། ཟག་པར་ལྟ་བ་རྣམས་ལོགས་སུ་མ་བསྟན་པའི་རྒྱུ་མཚན་ཡོད་དེ། ཟག་པའི་ངེས་ཚིག་ནི་འཇོག་བྱེད་ཡིན་ལ། གྲོགས་མེད་པའི་ལྟ་བ་རྣམས་འཇོག་པའི་རྗེས་སུ་མི་མཐུན་པའི་ཕྱིར། ལོ་ཞེས་པའི་དོན་ཡོད་དེ། སློབ་དཔོན་རང་ཉིད་དེ་ལྟར་མི་བཞེད་པའི་ཕྱིར། གསུམ་པ་ཉེར་ལེན་ནི། ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་རྣམ་གཉིས་ལྟ་རྣམ་གཉིས། ཕྱེ་བའི་ཕྱིར་རོ་མ་རིག་པ། འཛིན་པ་བྱེད་པ་མིན་ཕྱིར་བསྲེས། །ཅེས་བྱུང་ཉེར་ལེན་རྣམས་ཆོས་ཅན། རྣམ་པ་བཞི་ཡོད་དེ། གོང་དུ་ཇི་སྐད་བཤད་པ་ཉིད་ཀྱི་འདོད་པའི་སྦྱོར་བ་ཉེར་དགུ་མ་རིག་པ་ལྔ་དང་བཅས་པའི་སོ་བཞི་པོ་འདོད་པ་ཉེ་བར་ལེན་པ་དང་། སྲིད་པའི་སྦྱོར་བ་ཉེར་བརྒྱད་མ་རིག་པ་བཅུ་དང་བཅས་པའི་སོ་བརྒྱད་ནི་བདག་ཏུ་ལྟ་བ་ཉེ་བར་ལེན་པ་རྣམ་པ་གཉིས་དང་། ལྟ་བའི་སྦྱོར་བ་ལ་ཚུལ་ཞུགས་མཆོག་འཛིན་དྲུག་དོར་བའི་ལྷག་མ་སུམ་ཅུ་ནི་ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་བཞུགས་མཆོག་འཛིན་དྲུག་ནི་ཚུལ་ཞུགས་མཆོག་འཛིན་ཉེ་བར་ལེན་པ་སྟེ་རྣམ་པ་གཉིས་སུ་ཕྱེ་བས་དེ་ལྟར་ཡོད་པའི་ཕྱིར། མ་རིག་པ་འདོད་པ་དག་བདག་ཏུ་ལྟ་བ་ཉེར་ལེན་གཉིས་སུ་བསྲེས་ནས་སྟོན་པའི་རྒྱུ་མཚན་ཡོད་དེ། ཉེར་ལེན་ནི་སྲིད་པ་འཛིན་པའི་དོན་ཡིན་པས། མ་རིག་པ་རྐྱང་པས་སྲིད་པ་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་མི་གསལ་བའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་ངེས་ཚིག་ནི་གང་ཕྱིར་དེ་དག་ཕྲ་བ་དང་། །རྗེས་འབྲང་རྣམ་གཉིས་རྒྱས་འགྱུར་དང་། རྗེས་སུ་འབྲང་བ་དེ་ཡི་ཕྱིར། །ཕྲ་རྒྱས་དག་ཏུ་བཤད་པ་ཡིན། །དེ་དག་འཇོག་བྱེད་ཟག་བྱེད་དང་། །འཕྱར་བར་བྱེད་དང་འཕྱར་བྱེད་དང་། ཉེ་བར་འཛིན་ཕྱིར་ཟག་ལ་སོགས། །དེ་དག་གི་ནི་ངེས་ཚིག་ཡིན། །ཞེས་བྱུང་། རྩ་ཉོན་དེ་དག་ཆོས་ཅན། ཕྲ་རྒྱས་དག་ཏུ་བཤད་པའི་ངེས་ཚིག་གི་དོན་ཡོད་དེ། རྟོགས་དཀའ་བས་ཕྲ་བ་དང་། ཐོབ་པ་དང་རྗེས་སུ་འབྲེལ་བ་དང་། དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱི་སྒོ་ནས་རྒྱས་པར་འགྱུར་བ་དང་། བཟློག་པ་ལ་འབད་ཀྱང་རྗེས་སུ་འབྲང་བར་འགྱུར་བ་དེ་ཡི་ཕྱིར། ཉོན་མོངས་དེ་དག་ཆོས་ཅན། ཁྱོད་ལ་ཟག་པ་སོགས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཁོར་བར་འཇོག་པར་བྱེད་པ་དང་། ཟག་པར་བྱེད་པ་དང་། སྐྱེ་གནས་བཞིར་འཁྱེར་བ་དང་། དེར་འཛིན་པའམ་འབྱར་བར་བྱེད་པ་དང་། ཉེ་བར་འཛིན་པར་བྱེད་པའི་ཕྱིར་ན་ཟག་པ་དང་སོགས་པས་ཆུ་བོ་དང་སྦྱོར་བ་དང་། ཉེ་བར་ལེན་པ་ཞེས་པ་ནི་དེ་དག་གི་ངེས་ཚིག་གི་དོན་ཡིན་པའི་ཕྱིར། གཉིས་པ་བསྟན་བཅོས་ལས་བཤད་པའི་རྣམ་གྲངས་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་དག་ཀུན་ཏུ་སྦྱོར་སོགས་ཀྱི། །དབྱེ་བས་ཡང་རྣམ་ལྔར་བཤད་དོ། །ཞེས་བྱུང་། ཕྲ་རྒྱས་དེ་དག་ཆོས་ཅན། ཡང་རྣམ་པ་ལྔར་བཤད་དེ། ཀུན་ཏུ་སྦྱོར་བ་དང་། སོགས་ཀྱིས་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་ཉོན་དང་། ཀུན་དཀྲིས་ཀྱི་དབྱེ་བས་དེ་ལྟར་དུ་བཤད་པའི་ཕྱིར། གཉིས་པ་ལ། ཀུན་སྦྱོར། འཆིང་བ། ཉེ་ཉོན། ཀུན་དཀྲིས་དང་བཞི། དང་པོ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། རྫས་དང་མཆོག་འཛིན་འདྲ་བའི་ཕྱིར་རོ། །ལྟ་གཉིས་ཀུན་ཏུ་སྦྱོར་གཞན་ནོ། །གང་ཕྱིར་གཉིས་ཀ་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། ཕྲག་དོག་སེར་སྣ་དེ་དག་ལས། །ལོགས་ཤིག་ཏུ་ནི་ཀུན་སྦྱོར་བསྟན། །ཞེས་བྱུང་། ལྟ་བ་མཆོག་འཛིན་དང་ཚུལ་ཐུགས་མཆོག་འཛིན་གྱི་ལྟ་བ་གཉིས་ཆོས་ཅན། ལྟ་བའི་ཀུན་ཏུ་སྦྱོར་བ་གཞན་གསུམ་ལས་གཞན་པའི་ཀུན་སྦྱོར་གཅིག་ཏུ་བཤད་པའི་རྒྱུ་མཚན་ཡོད་དེ། ལྟ་བའི་ཀུན་སྦྱོར་གཞན་དག་དང་རྫས་བཅོ་བརྒྱད་བཅོ་བརྒྱད་དུ་འདྲ་བ་དང་། རྫས་དང་མཆོག་ཏུ་འཛིན་པ་འདྲ་བས་ཀུན་སྦྱོོར་གཅིག་ཏུ་བྱས་པའི་ཕྱིར། ཕྲག་དོག་དང་སེར་སྣ་ཆོས་ཅན། ཀུན་སྦྱོར་བརྒྱད་བཤད་པ་དེ་དག་གི་ནང་ནས་ལོགས་ཤིག་ཏུ་ཀུན་སྦྱོར་དགུའི་གྲངས་གཉིས་སུ་བསྟན་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་གཉིས་ཀ་མཐའ་གཅིག་ཏུ་མི་དགེ་བ་རང་དབང་ཅན་ཡིན་པ་དེ་ཡི་ཕྱིར། ཉིས་པ་ཞར་བྱུང་ལ། ཐ་མའི་ཆ་མཐུན་ལྔ། ཀུན་སྦྱོར་གསུམ། གོང་མའི་ཆ་མཐུན་ལྔ་བཤད་པ་དང་གསུམ། དང་པོ་ནི། ཐ་མའི་ཆ་དང་མཐུན་རྣམ་ལྔ། །གཉིས་ཀྱིས་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །ཅེས་བྱུང་། ཀུན་སྦྱོར་ལ་ཐ་མའི་ཆ་དང་མཐུན་པ་ལྔ་ཡོད་དེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། འཇིག་ལྟ་དང་། ཚུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་ཉོན་མོངས་ཅན་རྣམས་སུ་ཡོད་པའི་ཕྱིར། དེ་ལྔའི་བྱེད་ལས་ཡོད་དེ། དང་པོ་གཉིས་ཀྱིས་འདོད་པའི་ཁམས་ལས་མི་འདའ་བར་བྱེད་ཅིང་། ཕྱི་མ་གསུམ་པོ་ཡིས་ནི་ཁམས་གོང་མར་ལན་གཅིག་སྐྱེས་ཀྱང་འདོད་པར་ཕྱིར་ཟློག་པར་བྱེད་པའི་ཕྱིར། གཉིས་པ་ལ། བྱེ་སྨྲ་དང་མདོ་སྡེ་པའི་ལན་གཉིས། དང་པོ་ནི། སྒོ་དང་རྩ་བས་བསྡུས་ཕྱིར་གསུམ། ཞེས་བྱུང་། རྒྱུན་ཞུགས་ཀུན་སྦྱོར་ཐ་མ་གསུམ་གྱི་མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་ནས་སྟོན་པའི་རྒྱུ་མཚན་ཡོད་དེ། སྡུག་བདེན་སོགས་ཡུལ་གྱི་རྣམ་པ་ནི་གཅིག་དང་གཉིས་དང་བཞི་སྟེ་རྣམ་པ་སུམ་ཚན་བྱས་པའི་སྒོ་ཡིན་པ་དང་། ཀུན་སྦྱོར་དེ་གསུམ་ནི་མཐོང་སྤང་གི་རྩ་བ་ཡིན་པས་དེས་བསྡུས་པར་གྲགས་པའི་ཕྱིར། གཉིས་པ་ནི། འགྲོ་མི་འདོད་དང་ལམ་ནོར་དང་། ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པར་བགྲོད་ལ་གེགས་བྱེད་ཕྱིར། །དེ་ལ་ཕྱིར་ན་གསུམ་བསྟན་ཏོ། །ཞེས་བྱུང་། རྒྱུན་ཞུགས་ཀྱིས་ཀུན་སྦྱོར་དེ་གསུམ་སྤངས་པའི་འབྲས་བུ་ཐོབ་པར་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ཐར་པར་བགྲོད་པའི་གེགས་བྱེད་པའི་གཙོ་བོ་ལ་གསུམ་པོ་དེ་སྙེད་ཅིག་ཏུ་ངེས་པ་དེ་ཡི་ཕྱིར་ན་ཀུན་སྦྱོར་གསུམ་བསྟན་པའི་ཕྱིར། དེར་ཐལ། འཇིག་ལྟས་ཐར་པར་འགྲོ་མི་འདོད་པར་བྱེད་པ་དང་། ཚུལ་ཞུགས་མཆོག་འཛིན་གྱི་ས་ལམ་ནོར་བ་དང་། ཐེ་ཚོམ་གྱི་ས་ལམ་ལ་ཐེ་ཚོམ་ཟ་བར་བྱེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། གསུམ་པ་ནི། གོང་མའི་ཆ་དང་མཐུན་ལྔ་ནི། གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །ཞེས་བྱུང་། ཀུན་ཏུ་སྦྱོར་བ་གོང་མའི་ཆ་དང་མཐུན་པ་ཆོས་ཅན། ཁྱོད་ལ་ལྔ་ཡོད་དེ། གཟུགས་དང་གཟུགས་མེད་ཁམས་ལས་སྐྱེས་པའི་འདོད་ཆགས་གཉིས་དང་། གད་པ་དང་། ང་རྒྱལ་དང་། རྨོངས་པ་མ་རིག་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་འཆིང་བ་བཤད་པ་ནི། ཚོར་བའི་དབང་གིས་འཆིང་བ་གསུམ། ཞེས་བྱུང་། འཆིང་བ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། ཚོར་བ་བདེ་བའི་དབང་གིས་འདོད་ཆགས་ཀྱི་འཆིང་བ། སྡུག་བསྔལ་གྱི་དབང་གིས་ཞེ་སྡང་གི་འཆིང་བ། བཏང་སྙོམས་ཀྱི་དབང་གིས་གཏི་མུག་གི་འཆིང་བ་གསུམ་ཡོད་པའི་ཕྱིར། གསུམ་པ་ཉེ་ཉོན་ནི་ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་འདུ་བྱེད་ཕུང་ཞེས་པ། །གང་དེའང་ཉེ་བའི་ཉོན་མོངས་དེ། །དེ་དག་ཉོན་མོངས་ཞེས་མི་བྱ། །ཞེས་བྱུང་། རྩ་བའི་ཉོན་མོངས་ལས་གཞན་པའི་ཉོན་མོངས་ཅན་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་བཤད་ཅིང་འཆད་པར་འགྱུར་བའི་ཁྲོ་བ་དང་ངོ་ཚ་མེད་པ་སོགས་ཉི་ཤུ་གང་ཡིན་པ་དེའང་ཆོས་ཅན། ཉོན་མོངས་ཡིན་ཏེ། ཉེ་བའི་ཉོན་མོངས་ཡིན་པའི་ཕྱིར། དེ་དག་ཆོས་ཅན། ཁྱོད་ལ་རྩ་བའི་ཉོན་མོངས་ཞེས་མི་བྱ་སྟེ། རྩ་ཉོན་དང་ཉེ་བའི་ཉོན་མོངས་ཙམ་ཡིན་པའི་ཕྱིར། བཞི་པ་ཀུན་དཀྲིས་ལ། དངོས་དང་། ཞར་བྱུང་དྲི་མ་དྲུག་བཤད་པ་དང་ཁྱད་ཆོས་བཤད་པ་གསུམ། དང་པོ་ལ། དབྱེ་བ་དང་། རྒྱུ་གང་ལས་བྱུང་བ་གཉིས། དང་པོ་ལ། བསྟན་བཅོས་རབ་ཏུ་བྱེད་པ་ནས་བཤད་ཚུལ་དང་། བྱེ་བྲག་སྨྲ་བའི་ལུགས་གཉིས། དང་པོ་ནི། ངོ་ཚ་མེད་དང་ཁྲེལ་མེད་དང་། །ཕྲག་དོག་སེར་སྣ་རྒོད་པ་དང་། །འགྱོད་དང་རྨུགས་དང་གཉིད་དང་ནི། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད། །ཞེས་བྱུང་། ཀུན་དཀྲིས་ཆོས་ཅན། ཁྱོད་ལ་བརྒྱད་ཡོད་དེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཕྲག་དོག་དང་། སེར་སྣ་དང་། རྒོད་པ་དང་། འགྱོད་པ་དང་། རྨུགས་པ་དང་། གཉིད་དང་བཅས་པའི་ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་ཡོད་པའི་ཕྱིར། གཉིས་པ་རྒྱུ་ནི། ཁྲོ་དང་འཆབ་པོའོ་ཞེས་བྱུང་། བྱེ་སྨྲ་ན་རེ། དེ་ལ་བཅུ་ཡོད་དེ། སྔ་མ་བརྒྱད་ཀྱི་སྟེང་དུ་ཁྲོ་བ་དང་འཆབ་པ་གཉིས་བསྣན་པས་བཅུ་ཡོད་པའི་ཕྱིར། གཉིས་པ་ནི། འདོད་ཆགས་ཀྱིས། ངོ་ཚ་མེད་རྒོད་སེར་སྣ་བསླང་། །འཆབ་པ་རྩོད་དོ་མ་རིག་ལས། །རྨུགས་དང་གཉིད་དང་ཁྲེལ་མེད་དོ། །ཐེ་ཚོམ་ལས་འགྱོད་ཁྲོ་བ་དང་། །ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང་། །ཞེས་བྱུང་། ངོ་ཚ་མེད་པ་དང་རྒོད་པ་དང་སེར་སྣ་གསུམ་ཆོས་ཅན། རྒྱུ་གང་ལས་བྱུང་བ་ཡོད་དེ། འདོད་ཆགས་ཀྱིས་ཀུན་ནས་བསླང་བས་དེ་དང་ཉེ་ཞིང་དེ་ལས་བྱུང་བའི་ཕྱིར། འཆབ་པའི་རྒྱུ་ལ་རྩོད་དེ། ཁ་ཅིག་མ་རིག་པ་ལས་བྱུང་ཟེར་ལ། གཞན་དག་སྲེད་པ་དང་འདོད་ཆགས་ལས་ཀྱང་བྱུང་ཞེས་ཟེར་བའི་ཕྱིར། རྨུགས་པ་དང་གཉིད་དང་ཁྲེལ་མེད་གསུམ་ཆོས་ཅན། མ་རིག་པ་ལས་བྱུང་སྟེ། དེས་ཀུན་ནས་བསླང་བའི་ཕྱིར། འགྱོད་པ་ཆོས་ཅན། ཐེ་ཚོམ་ལས་བྱུང་སྟེ། དེས་ཀུན་ནས་བསླང་བའི་ཕྱིར། ཁྲོ་བ་ཕྲག་དོག་ཆོས་ཅན། ཁོང་ཁྲོའི་རྒྱུ་ལས་བྱུང་སྟེ། དེས་ཀུན་ནས་བསླང་ཞིང་དེ་དང་ཉེ་བའི་ཕྱིར་གཉིས་པ་ལ། དབྱེ་བ་དང་། རྒྱུ་གཉིས། དང་པོ་ནི། གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་འཁོན་འཛིན་དང་། །རྣམ་འཚེའོ་ཞེས་བྱུང་། ཀུན་དཀྲིས་བཅུ་ལས་གཞན་ཡང་ཉོན་མོངས་པའི་དྲི་མ་ཆོས་ཅན། ཁྱོད་ལ་དྲུག་ཡོད་དེ། སྒྱུ་དང་གཡོ་དང་རྒྱགས་པ་དང་དེ་བཞིན་དུ་འཚིག་པ་དང་འཁོན་འཛིན་དང་རྣམ་པར་འཚེ་བ་དང་དྲུག་ཡོད་པའི། དེ་དྲུག་ཆོས་ཅན། དྲི་མ་ཞེས་བྱ་སྟེ། ལུས་ལས་དྲི་ངན་འབྱུང་བ་ལྟར་ཁྱོད་རྩ་ཉོན་ལས་བྱུང་བའི་ཉོན་མོངས་ཡིན་པའི་ཕྱིར། དེ་རྣམས་ཀྱི་ཁྱད་པར་ཡོད་དེ། སྒྱུ་ནི་གཞན་འདྲིད་པ་དང་། གཡོ་ནི་སེམས་གྱ་གྱུ་དང་། འཚིག་པ་ནི་ཉེས་པ་དམ་པོར་འཛིན་པ་དང་། འཁོན་འཛིན་ནི་མནར་སེམས་དང་། །རྣམ་འཚེ་ནི་གཞན་ལ་ཐོ་འཚམ་པ་ཞིག་ཡིན་པའི་ཕྱིར། གཉིས་པ་རྒྱུ་ནི། སྒྱུ་དང་རྒྱགས་པ་ནི། འདོད་ཆགས་ལས་སྐྱེས་འཁོན་འཛིན་དང་། །རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་དང་ལྟ་དང་མཆོག་འཛིན་ལས། །གཡོན་ལྟ་བས་ཀུན་ནས་བསླང་། །ཞེས་བྱུང་། དེ་དྲུག་ཆོས་ཅན། རྒྱུ་རྩ་ཉོན་གང་ལས་བྱུང་བ་ཡོད་དེ། སྒྱུ་དང་རྒྱགས་པ་ནི་འདོད་ཆགས་ལས་སྐྱེས། འཁོན་དུ་འཛིན་པ་དང་རྣམ་འཚེ་ནི་ཁོང་ཁྲོ་ལས་སྐྱེས། འཚིག་པ་ནི་ལྟ་བ་མཆོག་འཛིན་ལས་སྐྱེས། གཡོན་ལྟ་བ་ངན་པས་ཀུན་ནས་བསླང་བའི་ཕྱིར། གསུམ་པ་ཁྱད་ཆོས་ལ། མཐོང་སྒོམ་གྱི་སྤང་བྱའི་ཁྱད་པར། དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་དང་གསུམ། དང་པོ་ནི། དེ་ལས་ངོ་ཚ་མེད་པ་དང་། ཁྲེལ་མེད་རྨུགས་གཉིད་རྒོད་རྣམ་གཉིས། །དེ་ལས་གཞན་ནི་སྒོམ་སྤང་བྱ། །རང་དབང་དེ་བཞིན་དྲི་མ་རྣམས། །ཞེས་བྱུང་། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་གཉིད་དང་རྒོད་པ་ལྔ་ཆོས་ཅན། ཁྱོད་ལ་མཐོང་སྒོམ་གྱི་སྤང་བྱ་རྣམ་པ་གཉིས་ཡོད་དེ། མཐོང་སྒོམ་རང་རང་གི་སྤང་བྱ་དང་མཚུངས་ལྡན་གཉིས་ཡོད་པའི་ཕྱིར། དེ་ལས་གཞན་ཕྲག་དོག་སེར་སྣ་ཁོང་འཆབ་པ་འགྱོད་པ་ལྔ་ཆོས་ཅན། སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། མ་རིག་པ་ཙམ་དང་མཚུངས་ལྡན་གྱི་ཉོན་མོངས་རང་དབང་ཅན་ཡིན་པའི་ཕྱིར། དེ་བཞིན་དུ་གཡོ་དང་སྒྱུ་སོགས་དྲི་མ་དྲུག་པོ་རྣམས་ཆོས་ཅན། སྒོམ་སྤང་ཡིན་ཏེ། རང་དབང་ཅན་གྱི་ཉོན་མོངས་ཡིན་པའི་ཕྱིར། གཉིས་པ་ནི། འདོད་ན་མི་དགེ་གསུམ་རྣམ་གཉིས། །དེ་ཡན་ཆད་ནི་ལུང་མ་བསྟན། །ཞེས་བྱུང་། དེ་དག་ལས་མི་དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར་ཡོད་དེ། འདོད་པར་ཉོན་མོངས་ཅན་གྱི་གཉིད་རྨུགས་རྒོད་གསུམ་ལ་མི་དགེ་བ་དང་ལུང་མ་བསྟན་གྱི་ཆ་རྣམ་པ་གཉིས་ཡོད་ཅིང་། དེ་ཡན་ཆད་དེ་ཁམས་གོང་ན་ནི་ཀུན་དཀྲིས་དང་དྲི་མ་རྣམས་ནི་ལུང་མ་བསྟན་ཡིན་པའི་ཕྱིར། གསུམ་པ་ནི། འདོད་པ་དང་བསམ་གཏན་དང་པོ་ན། གཡོ་སྒྱུ་ཚངས་པས་འདྲིད་ཕྱིིར་རོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །གཞན་དག་འདོད་ཁམས་ལས་སྐྱེས་པ། །ཞེས་བྱུང་། ཀུན་དཀྲིས་དང་དྲི་མ་དེ་དག་ལས་ཁམས་གང་ན་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། གཡོ་སྒྱུ་གཉིས་འདོད་པ་དང་བསམ་གཏན་དང་པོ་ན་ཡོད་ཅིང་། དང་པོ་དེར་ཚངས་པས་གཡོ་སྒྱུས་གཞན་འདྲིད་པའི་ཕྱིར་དང་། རྨུགས་རྒོད་རྒྱགས་པ་ནི་ཁམས་གསུམ་ན་དང་། དེ་ལྔ་ལས་གཞན་ངོ་ཚ་མེད་པ་སོགས་བཅུ་གཅིག་དག་ནི་འདོད་ཁམས་ལས་སྐྱེས་པ་ཁོ་ན་ཡིན་པའི་ཕྱིར། གསུམ་པ་མཚུངས་ལྡན་ལ། གཙོ་སེམས་གང་ལ་མཚུངས་པར་ལྡན་ཚུལ་དང་ཚོར་བ་གང་དང་མཚུངས་པར་ལྡན་པ་གཉིས། དང་པོ་ནི། མཐོང་སྤང་བྱ་གཉིད་ང་རྒྱལ་བཅས། །ཡིད་ཀྱི་རྣམ་ཤེས་ས་པ་ཡིན། ཉེ་བའི་ཉོན་མོངས་རང་དབང་ཡང་། །གཞན་ནི་རྣམ་ཤེས་དྲུག་རྟེན་ཅན། །ཞེས་བྱུང་། ཉོན་མོངས་དེ་དག་ལས་མཐོང་བས་སྤང་བྱའི་ཉོན་མོངས་ཐམས་ཅད་དང་སྒོམ་སྤང་གཉིད་དང་ང་རྒྱལ་བཅས་པ་ཆོས་ཅན། ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ཏེ། དེ་ཁོ་ནའི་འཁོར་དུ་འབྱུང་བའི་ཕྱིར། ཉེ་བའི་ཉོན་མོངས་རང་དབང་ཅན་ཕྲག་དོག་སེར་སྣ་འགྱོད་ཁྲོ་འཆབ་ཆོས་ཅན། ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ཏེ། རྟགས་དེའི་ཕྱིར། གཞན་འདོད་ཆགས་ཁོང་ཁྲོ་སོགས་རྩ་ཉོན་དང་ཉེ་ཉོན་ངོ་ཚ་མེད་ཁྲེལ་མེད་རྨུགས་རྒོད་བག་མེད་ལེ་ལོ་མ་དད་པ་རྣམས་ཆོས་ཅན། རྣམ་ཤེས་དྲུག་གི་རྟེན་ཅན་ཡིན་ཏེ། དེ་དག་གི་འཁོར་དུ་འབྱུང་བའི་ཉོན་མོངས་ཡིན་པའི་ཕྱིར། གཉིས་པ་ལ། རྩ་ཉོན་ཚོར་བ་གང་དང་། ཉེ་ཉོན་ཚོར་བ་དང་གང་དང་མཚུངས་པར་ལྡན་ཚུལ་གཉིས། དང་པོ་ལ། འདོད་པ་དང་། ཁམས་གོང་མའི་མཚུངས་པར་ལྡན་ཚུལ་གཉིས། དང་པོ་ནི། བདེ་བ་དག་དང་འདོད་ཆགས་སུ། ། མཚུངས་ལྡན་ཞེ་སྡང་བཟློག་པའོ། །མ་རིག་པ་དག་ཐམས་ཅད་དང་། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། །ཡིད་མི་བདེ་དང་ཐེ་ཚོམ་མོ། །གཞན་ཡིད་བདེ་དང་འདོད་ལས་སྐྱེས། བཏང་སྙོམས་དང་ཀུན་ཞེས་བྱུང་། རྩ་ཉོན་འདོད་ཁམས་ཀྱི་ཉོན་མོངས་དང་ཆོར་བ་བདེ་སྡུག་སོགས་གང་དང་མཚུངས་པར་ལྡན་ཚུལ་ཡོད་དེ། འདོད་ཆགས་ནི་ལུས་དང་ཡིད་ཀྱི་བདེ་བ་དག་དང་མཚུངས་ལྡན་དུ་འཇུག་པ་ཡོད། ཞེ་སྡང་ནི་དེ་ལས་བཟློག་པ་ལུས་ཡིད་ཀྱི་སྡུག་བསྔལ་དང་ཡི་དམ་བདེ་བ་དག་དང་། མ་རིག་པ་དག་ནི་ཚོར་བ་བདེ་སྡུག་བཏང་སྙོམས་ཐམས་ཅད་དང་། མེད་ལྟ་ནི་ཡིད་བདེ་བ་དང་སྡུག་བསྔལ་གཉིས་དང་། ཐེ་ཚོམ་ནི་ཡིད་མི་བདེ་བ་དང་། གཞན་རྩ་ཉོན་གཞན་པ་ལྟ་བ་བཞི་དང་ང་རྒྱལ་ནི་རང་གི་གྲོགས་ཡིད་བདེ་དང་ལྷན་ཅིག་མཚུངས་ལྡན་དུ་འཇུག་པའི་ཕྱིར། དེ་རྣམས་ཆོས་ཅན། ཁམས་གང་དུ་སྐྱེས་ཚུལ་ཡོད་དེ། འདོད་པ་ལས་སྐྱེས་པའི་ཕྱིར། དམིགས་བསལ་ཚོར་བ་བཏང་སྙོམས་ཕྲ་རྒྱས་བཅུ་པོ་ཀུན་དང་སོ་སོར་མཚུངས་ལྡན་དུ་སོང་བ་ཞིག་ཡོད་དེ། དམིགས་རྣམ་མི་གསལ་བས་དེ་རྣམས་ལྷན་ཅིག་འཇུག་པ་མི་འགལ་བའི་ཕྱིིར། གཉིས་པ་ནི། ས་གོང་མ། ས་ཇི་བཞིན་དུ་རང་རང་དང་། །ཞེས་བྱུང་། ས་གོང་མ་གཟུགས་གཟུགས་མེད་ཀྱི་ཕྲ་རྒྱས་རྣམས་ཆོས་ཅན། ས་གང་ན་ཚོར་བའི་དབང་པོ་ཇི་ལྟ་བ་བཞིན་རང་རང་གི་གྲོགས་ཚོར་བ་དང་མཚུངས་པར་ལྡན་པ་ཡོད་དེ། བསམ་གཏན་དང་པོ་ན་མིག་རྣ་བ་ལུས་གསུམ་གྱི་རྣམ་ཤེས་ཀྱི་བདེ་བའི་འདོད་ཆགས་དང་ལྡན་པ། དེ་ཡན་ན་ཉོན་མོངས་ཅན་ཕལ་ཆེར་དང་ཚོར་བ་བཏང་སྙོམས་དང་ལྡན་པའི་ཕྱིར། གཉིས་པ་ནི། འགྱོད་དང་ཕྲག་དོག་ཁྲོ་བ་དང་། །རྣམ་འཚེ་འཁོན་དུ་འཛིན་པ་དང་། འཚེག་པ་ཡིད་མི་བདེ་བ་དང་། །སེར་སྣ་དག་ནི་བཟློག་པ་ཡིན། །གཡོ་དང་སྒྱུ་དང་འཆབ་དང་གཉིད། །གཉིས་ཀ་དང་ལྡན་བདེ་དག་དང་། །རྒྱགས་པ་བཏང་སྙོམས་ཀུན་ཏུ་འགྲོ། །བཞི་པོ་གཞན་ནི་ལྔ་དག་དང་། །ཞེས་བྱུང་། ཉེ་ཉོན་ཚོར་བ་གང་དང་མཚུངས་ལྡན་དུ་འཇུག་ཚུལ་ཡོད་དེ། འགྱོད་པ་དང་ཕྲག་དོག་དང་ཁྲོ་བ་དང་རྣམ་འཚེ་དང་འཁོན་དུ་འཛིན་པ་དང་འཚིག་པ་དྲུག་ནི་རང་གི་གྲོགས་ཡིད་མི་བདེ་བ་དང་མཚུངས་ལྡན་དུ་འཇུག ། སེར་སྣ་ནི་དེ་ལས་བཟློག་པ་ཡིད་བདེ་དང་། གཡོ་དང་སྒྱུ་དང་འཆབ་པ་དང་གཉིད་བཞི་ནི་སྐབས་འགར་ཡིད་བདེ་མི་བདེ་གཉིས་ཀ་གང་རུང་དང་མཚུངས་ལྡན་དང་། བསམ་གཏན། གསུམ་པ་མན་ཆད་ཡིད་བདེ་དང་། གསུམ་པ་དེ་བདེ་བའི་དབང་པོ་དག་དང་རྒྱགས་པ་དང་མཚུངས་ལྡན་དང་། ཚོར་བ་བཏང་སྙོམས་ནི་ཁམས་གསུམ་པོ་ཀུན་ཏུ་འགྲོ་ཞིང་། གཞན་ངོ་ཚ་མེད་པ་ཁྲེལ་མེད་རྨུགས་རྒོད་བཞི་པོ་ནི་ཚོར་བ་ལྔ་པོ་དག་དང་མཚུངས་ལྡན་དུ་འཇུག་པའི་ཕྱིར་རོ། །བཞི་པ་སྒྲིབ་པ་ལྔ་ནི། འདོད་ན་སྒྲིབ་རྣམས་མི་མཐུན་དང་། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཕུང་པོ་གནོད་བྱེད་དང་། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་བྱུང་། མདོ་ལས་སྒྲིབ་པ་ལྔ་ཞེས་གསུངས་པ་ཡོད་དེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་རྨུགས་དང་། རྒོད་འགྱོད་དང་། ཐེ་ཚོམ་ཉོན་མོངས་ཅན་ལྔ་ཡིན་པའི་ཕྱིར། གཉིད་རྨུགས་གཉིས་པོ་ནི་འདིར་སྒྲིབ་པ་རིགས་གཅིག་ཏུ་འཇོག་ཅིང་། འགྱོད་རྒོད་གཉིས་ཀྱང་གཅིག་ཏུ་འདྲེན་པའི་རྒྱུ་མཚན་ཡོད་དེ། དེ་དག་གི་འགལ་ཟླ་མི་མཐུན་ཕྱོགས་དེ་གཉེན་པོ་དང་ཟས་དང་བྱ་བ་གསུམ་གཅིག་པའི་ཕྱིར། གཉིད་རྨུགས་གཉིས་ཀྱིས་དེ་གསུམ་གཅིག་སྟེ། དེ་གཉིས་ཀྱི་གཉེན་པོ་ཁྱད་པར་བ་ནི་སྣང་བའི་འདུ་ཤེས་སུ་གཅིག །ཟས་རྨྱ་བ་དང་མི་དགའ་བ་དང་བྱ་རྨྱང་དང་ཁ་ཟས་ཚོད་མི་ཟིན་པ་བཞི་ཡང་གཅིག །བྱ་བ་ཡང་སེམས་ཞུམ་པར་གཅིག་པའི་ཕྱིར། འགྱོད་རྒོད་གཉིས་ཀྱི་དེ་གསུམ་ཡང་གཅིག་སྟེ། གཉེན་པོ་ནི་ཞི་གནས། ཟས་ནི། སྔར་དགོད་པ་དང་རྩེས་པ་སོགས་དྲན་ནས་རྣམ་པར་རྟོག་པ་ཡང་གཅིག །བྱ་བ་ནི་སེམས་མ་ཞི་བར་བྱེད་པར་གཅིག་པའི་ཕྱིར། སྒྲིབ་པ་ལྔ་པོ་དེ་ལས་འདོད་པ་ལ་འདུན་པ་སོགས་གསུམ་གྱི་གཉེན་པོ་སོགས་གསུམ་སོ་སོ་བ་ཡིན་ཏེ། འདོད་འདུན་གྱི་གཉེན་པོ་མི་སྡུག་པ། ཟས་སྡུག་པའི་མཚན་མ། གནོད་སེམས་ཀྱི་གཉེན་པོ་བྱམས་པ། ཟས་ཁོང་ཁྲོ། །ཐེ་ཚོམ་གྱི་གཉེན་པོ་རྟེན་འབྲེལ་རྟོགས་པ། ཟས་དུས་གསུམ་ཡིན་ལ། བྱ་བ་ཡང་རིམ་པ་བཞིན་དུ་སྲིད་པ་རྒྱས་པ་དང་། སེམས་མ་ཞི་བར་བྱེད་པ་དང་། ཡིན་ཚུལ་མི་རྟོགས་པ་ལྟ་བུ་ཡིན་པའི་ཕྱིར། སྒྲིབ་པ་ལ་ལྔ་ཉིད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། འདོད་འདུན་དང་གནོད་སེམས་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། གཉིད་རྨུགས་གཉིས་ཀྱི་ཤེས་རབ་ལ་གནོད། འགྱོད་རྒོད་གཉིས་ཀྱིས་ཏིང་ངེ་འཛིན་སྐྱེས་བ་ལ་གནོད་པར་བྱེད། ཐེ་ཚོམ་གཅིག་གིས་ནི་དེ་གསུམ་ལ་གནོད་པའི་དབང་དུ་བྱས་ནས་བཞག་པའི་ཕྱིར། གཉིས་པ་སྦོང་བྱེད་གཉེན་པོ་བཤད་པ་ལ། གཉེན་པོ་གང་གིས་སྤང་བྱ་གང་སྤོང་བ་གཉེན་པོའི་དབྱེ་བ། ཐག་སྲིང་པའི་གཉེན་པོ། །རྟེན་གྱི་གཉེན་པོ་བཤད་པ་དང་བཞི། དང་པོ་ནི། དམིགས་པས་ཡོངས་སུ་ཤེས་པ་དང་། །དེ་ལ་དམིགས་པ་ཡང་དག་པར། །ཟས་དང་དམིགས་པས་སྤངས་པས་སོ། །གཉེན་པོ་སྐྱེས་པས་ཟད་པར་འགྱུར། །ཞེས་འབྱུང་། ཉོན་མོངས་དེ་རྣམས་ཆོས་ཅན། །སྤོང་ཚུལ་ཡོད་དེ། །དམིགས་པ་བདེན་པ་བཞི་ལ་དམིགས་པའི་སྒོ་ནས་ཡོངས་སུ་ཤེས་པས་སྤོང་བ་དང་། དེ་ལ་དམིགས་པའི་བྱེད་པ་ཡང་དག་པར་སྤོང་བས་ཟད་པ་དང་། དེ་ལ་དམིགས་པ་སྤངས་པའི་སྒོ་ནས་སྤོང་བ་དང་གཉེན་པོ་སྐྱེས་པས་ཟད་པར་འགྱུར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། གཉེན་པོ་རྣམ་བཞི་སྤོང་བ་དང་། །གཞི་དང་སྲིད་ཉིད་རྣམ་པར་ནི། །སུན་འབྱིན་ཞེས་བྱ་དམིགས་པ་ལས། །ཉོན་མོངས་པ་ནི་སྤང་བྱར་འདོད། །ཅེས་བྱུང་། ཉོན་མོངས་པའི་གཉེན་པོ་ཆོས་ཅན། ཁྱོད་ལ་རྣམ་པ་བཞི་ཡོད་དེ། སྤོང་བའི་གཉེན་པོ་དང་། གཞིའི་གཉེན་པོ་དང་། ཐག་སྲིང་བའི་གཉེན་པོ་ཉིད་དང་། རྣམ་པར་སུན་འབྱིན་པའི་གཉེན་པོ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། ཉོན་མོངས་པ་ཆོས་ཅན། གང་ལ་བརྟེན་ནས་སྤོང་ཚུལ་ཡོད་དེ། ཡུལ་གང་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་ཞེན་ཡུལ་མེད་པར་ཤེས་པ་ལས་སྤང་བར་བྱ་བར་འདོད་པའི་ཕྱིར། གཉེན་པོ་བཞིའི་ཁྱད་པར་ཡོད་དེ། བར་ཆད་མེད་ལམ་དང་པོ་རྣམས་སྤོང་བའི་གཉེན་པོ་ཡིན་ལ། སྡུག་བསྔལ་ཆོས་བཟོད་ཡན་གྱི་རྣམ་གྲོལ་དང་བར་ཆད་མེད་ལམ་ནི་གཞིའི་གཉེན་པོ། སྡུག་བསྔལ་ཆོས་ཤེས་མ་གཏོགས་པ་ཡན་ཆད་ནི་ཐག་སྲིང་བའི་གཉེན་པོ། ཁམས་གང་ལ་སྐྱོན་དུ་མཐོང་ནས་ཉོན་མོངས་དེ་སྤོང་བའི་ལམ་ནི་སུན་འབྱིན་པའི་གཉེན་པོར་འཇོག་པ་ཡིན་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་ནི། མཚན་ཉིད་མི་མཐུན་མི་མཐུན་ཕྱོགས། །ཡུལ་རྣམ་ཆད་དང་དུས་ཀྱིས་ཏེ། །འབྱུང་དང་ཚུལ་ཁྲིམས་ཕྱོོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུ། །ལན་ཅིག་ཏུ་ཟད་དེ་དག་ནི། །བྲལ་བའི་ཐོབ་པ་ཡང་དང་ཡང་། །གཉེན་པོ་སྐྱེས་དང་འབྲས་ཐོབ་དང་། །དབང་པོ་རྣམ་པར་འཕེལ་རྣམས་སུ། །ཞེས་བྱུང་། ཐག་སྲིང་བའི་གཉེན་པོ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། མཚན་ཉིད་མི་མཐུན་པས་རིང་བ། མི་མཐུན་ཕྱོགས་ཀྱིས་རིང་བ། ཡུལ་རྣམ་པར་ཆད་པས་རིང་བ། དུས་ཀྱི་སྒོ་ནས་རིང་བ་རྣམས་སུ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། འབྱུང་བ་བཞི་ལྟ་བུ་དང་པོ་དང་། ཚུལ་ཁྲིམས་དང་འཆལ་ཚུལ་ལྟ་བུ་གཉིས་པ་དང་། ཕྱོགས་ཤར་ནུབ་ཀྱི་རྒྱ་མཚོ་ལྟ་བུ་གསུམ་པ་དང་། དུས་འདས་མ་འོངས་གཉིས་རིང་བ་ཉིད་ལྟ་བུ་བཞི་པ་ཡིན་པའི་ཕྱིར། ཉོན་མོངས་ཐམས་ཅད་ནི་ཟད་ཀྱང་གཉེན་པོས་ཡང་ཡང་སྤོང་བ་མིན་གྱི་ལན་གཅིག་ཏུ་ཟད་པར་བྱེད་ལ། འོན་ཀྱང་བྲལ་བ་དེ་དག་གི་ཐོབ་པ་ནི་ཡང་དང་ཡང་དུ་འབྱུང་སྟེ་གཉེན་པོ་རྣམ་གྲོལ་ལམ་སྐྱེས་དུས་དང་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་ཐོབ་དུས་དང་། དབང་པོ་རྟུལ་པོ་དབང་རྣོན་དུ་རྣམ་པར་འཕེལ་བའི་དུས་རྣམས་སུ་བྲལ་ཐོབ་ཁྱད་པར་དུ་འགྲོ་བའི་ཕྱིར། གསུམ་པ་སྤངས་པའི་འབྲས་བུ་ཡོངས་ཤེས་ལ། དབྱེ་བ། ལམ་གང་གི་སྤང་བྱ་གང་ཡིན་པ། གྲངས་ངེས། གང་ཟག་གང་ལ་ལྡན་པ། ཐོབ་གཏོང་བཤད་པ་དང་ལྔ། དང་པོ་ནི། ཡོངས་སུ་ཤེས་དག་འདོད་པ་ན། །དང་པོ་རྣམ་གཉིས་ཟད་ལ་གཅིག །གཉིས་ཟད་པ་ནི་དེ་གཉིས་སོ། །དེ་བཞིན་གོང་མའི་དེ་གསུམ་ཉིད། །ཡོངས་སུ་ཤེས་པ་གཞན་གསུམ་སྟེ། །ཐ་མའི་ཆ་དང་མཐུན་གཟུགས་དང་། ཟག་པ་ཀུན་ཟད་ཅེས་བྱུང་། །ཡོངས་སུ་ཤེས་པ་ཆོས་ཅན། ཁྱོད་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་གཉིས་ཡོད་དེ། ཡེ་ཤེས་ཡོངས་ཤེས་དང་། སྤངས་པ་ཡོངས་ཤེས་གཉིས་ཡོད་པའི་ཕྱིར། སྤངས་པ་ཡོངས་སུ་ཤེས་པ་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། འདོད་པ་ན་དང་པོ་སྡུག་ཀུན་མཐོང་སྤང་རྣམ་གཉིས་ཟད་པ་ལ་ཡོངས་ཤེས་ཅིག །འགོག་ལམ་མཐོང་སྤངས་གཉིས་ཟད་པའི་ཡོངས་ཤེས་དེ་གཉིས། དེ་བཞིན་དུ་ཁམས་གོང་མའི་མཐོང་སྤང་སྤངས་པའི་དེ་གསུམ་ཉིད་དང་། ཡོངས་སུ་ཤེས་པ་གཞན་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་རྣམས་སུ་ཡོད་པའི་ཕྱིར། ཕྱི་མ་གསུམ་ཡོད་དེ། ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་དང་། གཟུགས་ཀྱི་ཟག་པ་ཟད་པ་དང་། ཁམས་གསུམ་གྱི་ཟག་པ་ཀུན་ཟད་པའི་ཡོངས་ཤེས་རྣམས་སུ་ཡོད་པའི་ཕྱིིར། གཉིས་པ་ནི། དྲུག་བཟོད་འབྲས། ལྷག་མ་རྣམས་ཀྱི་ཤེས་པའི་ལེན། །མི་ལྕོགས་མེད་འབྲས་ཐམས་ཅད་དེ། །བསམ་གཏན་རྣམས་ཀྱི་ལྔའམ་བརྒྱད། །ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང་། །ཐམས་ཅད་འཕགས་པའི་ལམ་གྱི་ཡིན། །འཇིག་རྟེན་པའི་གཉིས་རྗེས་ཀྱི་ཡང་། །ཆོས་ཤེས་པའི་ནི་གསུམ་ཡིན་ནོ། །དེའི་ཕྱོགས་མཐུན་གྱི་དྲུག་དང་ལྔ། །ཞེས་བྱུང་། སྤངས་པའི་ཡོངས་ཤེས་དྲུག་ཆོས་ཅན། རང་ཐོབ་བྱེད་ཀྱི་མཐོང་ལམ་བཟོད་པ་དེའི་འབྲས་བུ་ཞེས་བྱ་སྟེ། དེའི་བྲལ་འབྲས་ཡིན་པའི་ཕྱིར། ལྷག་མ་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་རྣམས་ཆོས་ཅན། ཆོས་ཤེས་པའི་འབྲས་བུ་ཞེས་བྱ་སྟེ། དེའི་བྲལ་འབྲས་ཡིན་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཆོས་ཅན། ཁྱོད་ཀྱི་བྲལ་འབྲས་དུ་མ་ཡོད་དེ། ཁྱོད་ལ་བརྟེན་ནས་ཐོབ་པའི་ཡོངས་ཤེས་དགུ་པོ་ཐམས་ཅད་དེ་ཡིན་པའི་ཕྱིར། བསམ་གཏན་གྱི་དངོས་གཞི་རྣམས་ཆོས་ཅན། ཁྱོད་ཀྱི་བྲལ་འབྲས་ཡོངས་ཤེས་ལྔ་ལྔ་ཡོད་དེ། ཁམས་གོང་གི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ། གཟུགས་ཀྱི་ཟག་པ་ཟད་པའི་དེ་གཅིག་དང་། ཟག་པ་ཀུན་ཟད་པའི་དེ་གཅིག་ཡོད་པའི་ཕྱིར་ཞེས་བྱེ་སྨྲ་ཟེར། དབྱངས་སྒྲོགས་ན་རེ། དེའི་དངོས་གཞིའི་འབྲས་བུ་བརྒྱད་ཡོད་དེ། སྔ་མ་ལྔའི་སྟེང་དུ་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡོད་པའི་ཕྱིར་ཟེར། གཟུགས་མེད་ནམ་མཁའི་ཉེ་བར་བསྡོགས་པ་ཆོས་ཅན། ཁྱོད་ཀྱི་བྲལ་འབྲས་ཡོངས་ཤེས་གཅིག་ཡིན་ཏེ། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་དེ་དེ་ཡིན་པའི་ཕྱིར། གཟུགས་མེད་ཀྱི་དངོས་གཞི་དང་པོ་གསུམ་ཆོས་ཅན། ཁྱོད་ཀྱི་བྲལ་འབྲས་ཡང་གཅིག་ཡིན་ཏེ། ཟག་པ་ཀུན་ཟད་པའི་ཡོངས་ཤེས་གཅིག་ཡོད་པའི་ཕྱིར། སྐབས་འདིའི་ཡོངས་ཤེས་ཐམས་ཅད་ཆོས་ཅན། འཕགས་པའི་ལམ་གྱི་བྲལ་འབྲས་ཡིན་ཏེ། དང་པོ་དྲུག་མཐོང་ལམ་གྱི་དང་ཕྱི་མ་གསུམ་སྒོམ་ལམ་གྱི་བྲལ་འབྲས་ཡིན་པའི་ཕྱིར། འཇིག་རྟེན་པའི་སྒོམ་པའི་ལམ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོངས་ཤེས་ཡང་གཉིས་ཡོད་དེ། དེར་གྱུར་པའི་ཐ་མའི་ཆ་མཐུན་ལྔ་སྤངས་པ་དང་གཟུགས་ཀྱི་སྒོམ་སྤང་སྤངས་པའི་དེ་གཉིས་ཡོད་པའི་ཕྱིར། སྒོམ་ལམ་རྗེས་ཤེས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོངས་ཤེས་ཡང་གཉིས་ཡིན་ཏེ། དེར་གྱུར་པའི་ཡོངས་ཤེས་ཐ་མ་གཉིས་ཡོད་པའི་ཕྱིིར། སྒོམ་ལམ་ཆོས་ཤེས་པ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོངས་ཤེས་དགུའི་ཐ་མ་གསུམ་ཡོད་པ་ཡིན་ཏེ། ཐ་མའ་ིཆ་མཐུན། གཟུགས་ཀྱི་ཟག་པ། ཟག་པ་ཐམས་ཅད་སྤངས་པའི་དེ་གསུམ་ཡོད་པའི་ཕྱིར། སྒོམ་ལམ་ཆོས་ཤེས་དེའི་ཕྱོགས་མཐུན་ཆོས་ཤེས་པའི་བཟོད་པ་རྣམས་དང་ཆོས་ཤེས་རྣམས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོངས་ཤེས་དྲུག་ཡོད་དེ། མཐོང་སྤང་དང་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་གསུམ་ཡོད་པའི་ཕྱིར། རྗེས་ཤེས་ཀྱི་ཕྱོགས་མཐུན་རྗེས་བཟོད་རྗེས་ཤེས་ཆོས་ཅན། ཁྱོད་ཀྱི་བྲལ་འབྲས་ཡོངས་ཤེས་ལྔ་ཡོད་དེ། གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང་ཡོངས་ཤེས་ཐ་མ་གཉིས་དང་ལྔ་ཡོད་པའི་ཕྱིར། གསུམ་པ་གྲངས་ངེས་ནི། བྲལ་བའི་ཐོབ་པ་ཟག་མེད་དང་། །སྲིད་རྩེ་ཉམས་པར་བྱས་པ་དང་། །རྒྱུ་གཉིས་ཀུན་དུ་བཅོམ་པའི་ཕྱིར། །ཡོངས་ཤེས་ཁམས་ལས་འདས་པ་ལས། །ཞེས་བྱུང་། སོ་སྐྱེ་ལ་ཡོངས་ཤེས་མི་འཇོག་པར་ཡོངས་ཤེས་དགུར་འཇོག་པའི་རྒྱུ་མཚན་ཡོད་དེ། བྲལ་བའི་ཐོབ་པ་ཟག་མེད་རྙེད་པ་དང་། སྲིད་རྩེའི་ཉོན་མོངས་ཀྱི་ཕྱོགས་རེ་ཉམས་པ་སྟེ་སྤངས་པར་བྱས་པ་དང་། སྲིད་རྩེའི་སྡུག་ཀུན་མཐོང་སྤང་ཀུན་འགྲོའི་རྒྱུ་གཉིས་བཅོམ་པའི་རྒྱུ་མཚན་གསུམ་གྱིས་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་དང་། རྒྱུ་གསུམ་པོ་དེ་དང་རྒྱུ་བཞི་པ་ཁམས་གསུམ་སོ་སོ་ལས་འདས་པ་སྟེ་འདོད་ཆགས་དང་བྲལ་བའི་རྒྱུ་མཚན་གྱིས་ཡོངས་ཤེས་ཐ་མ་གསུམ་བཞག་པའི་ཕྱིར། བཞི་པ་ནི། གཅིག་མིན་མཐོང་ལ་གནས་པ་ནི། །ལྔ་ཡི་བར་དང་ཡང་དག་ལྡན། །སྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ་། ཁམས་ལས་འདོད་ཆགས་བྲལ་བ་དང་། འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། ཞེས་བྱུང་། རེ་ཞིག་ལ་གཅིག་སྟེ་སོ་སྐྱེ་ནི་ཆོས་ཅན། ཡོངས་ཤེས་དང་མི་ལྡན་པ་ཁོ་ན་ཡིན་ཏེ། བྲལ་ཐོབ་ཟག་མེད་དང་མི་ལྡན་པའི་ཕྱིར། མཐོང་ལམ་ལ་གནས་པ་ཆོས་ཅན། ཡོངས་ཤེས་གཅིག་ནས་ལྔའི་བར་ཅི་རིགས་ཡང་དག་པར་ལྡན་ཏེ། མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་བར་རྒྱུ་གཉིས་བཅོམ་པ་མེད་པས་ཡོངས་ཤེས་དང་མི་ལྡན་ཅིང་། ཀུན་འབྱུང་ཆོས་ཤེས་པ་ཡོངས་ཤེས་གཅིག་དང་ལྡན། ཀུན་འབྱུང་རྗེས་ཤེས་པ་སྔ་མ་དང་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་གཉིས་དང་ལྡན། འགོག་པ་ཆོས་ཤེས་པ་སྔ་མ་གཉིས་དང་རང་གི་དེ་དང་གསུམ་དང་ལྡན། འགོག་པ་རྗེས་ཤེས་སྔ་མ་བཞི་དང་རང་གི་དེ་དང་ལྔ་དང་ལྡན་པའི་ཕྱིར། སྒོམ་ལམ་ལ་གནས་པ་ཆོས་ཅན། ཡོངས་ཤེས་དྲུག་གམ་ཡང་ན་གཅིག་གམ་གཉིས་དང་ལྡན་ཏེ། བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པ་ཆགས་བྲལ་མིན་པ་དང་ཡོངས་སུ་ཉམས་པ་ནི་མཐོང་སྤང་སྤངས་པའི་དེ་དྲུག་དང་། ཆགས་བྲལ་སྔོན་སོང་གི་ལམ་རྗེས་ཤེས་པ་ནི་ཐ་མའི་ཆ་མཐུན་སྤངས་པའི་རེ་གཅིག་དང་རིམ་གྱིས་པ་ཕྱིར་མི་འོང་ཐོབ་པའི་ཚེ་དང་། དགྲ་བཅོམ་ཐོབ་པའི་ཚེ་ཡང་ཡོངས་ཤེས་གཅིག་དང་། གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཚེ་ཐ་མ་དང་གོང་མའི་ཆ་མཐུན་གཉིས་སྤངས་པའི་དེ་གཉིས་དང་ལྡན་པའི་ཕྱིར། ཕྱིར་འོད་དང་དགྲ་བཅོམ་ཐོབ་པའི་ཚེ་ཡོངས་ཤེས་རེ་རེ་ལྡན་པའི་རྒྱུ་མཚན་ཡོད་དེ། ཕྱིར་མི་འོང་གིས་འདོད་ཁམས་ལ་ཆགས་པ་དང་བྲལ་ནས་གཟུགས་ཀྱི་དེ་དང་མ་བྲལ་བར་དུ་འབྲས་བུ་ཐོབ་པ་དེ་དག་གཅིག་ཏུ་དང་། དགྲ་བཅོམ་ཐོབ་པའི་ཚེ་ཀུན་སྦྱོར་ཐམས་ཅད་སྤངས་པའི་སྒོ་ནས་ཡོངས་ཤེས་རྣམས་གཅིག་ཏུ་བསྡོམས་པར་བྱས་པའི་ཕྱིར། ལྔ་པ་ནི། ལ་ལ་གཅིག་གཉིས་ལྔ་དང་དྲུག །གཏོང་སྟེ་ཐོབ་པ་ལྔ་མིན་ནོ། །ཞེས་བྱུང་། གང་ཟག་ལ་ལ་ནི་ཡོངས་ཤེས་གཅིག་གཏོང་པ་ཡོད་དེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ནས་ཕྱིར་མི་འོང་དུ་གྱུར་པའི་ཟག་པ་ཀུན་ཟད་ཀྱི་འབྲས་བུ་གཏོང་ཞིང་། ཕྱིར་མི་འོང་ཉམས་པས་ཀྱང་ཐ་མའི་ཆ་མཐུན་སྤངས་པའི་འབྲས་བུ་ཡོངས་ཤེས་གཅིག་གཏོང་བའི་ཕྱིར། ལ་ལ་གཉིས་གཏོང་བ་ཡོད་དེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་འདོད་ཉོན་གྱིས་ཉམས་པའི་ཚེ་ཡོངས་ཤེས་བདུན་པ་དང་བརྒྱད་པ་གཉིས་གཏོང་བའི་ཕྱིར། ལ་ལ་ལྔ་གཏོང་བ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ལམ་རྗེས་ཤེས་པས་ཐ་མའི་ཆ་མཐུན་ལྔ་སྤངས་པའི་དེ་ཐོབ་པའི་ཚེ་མཐོང་སྤང་སྤངས་པའི་ཡོངས་ཤེས་ལྔ་གཏོང་བའི་ཕྱིར། ལ་ལ་དྲུག་གཏོང་བ་ཡོད་དེ། འདོད་པ་ལ་ཆགས་པ་དང་བྲལ་བའི་མཐར་གྱིས་པ་ཉམས་ནས་ཕྱིར་འོང་དུ་གནས་འགྱུར་བའི་ཚེ་མཐོང་སྦང་སྤངས་པའི་ཡོངས་ཤེས་དྲུག་གཏོང་བའི་ཕྱིར། ཐོབ་པའི་ཚེ་གཅིག་དང་གཉིས་དང་དྲུག་ཐོབ་པ་གསུམ་ལས་གཅིག་ཐོབ་པ་ལ་ཡང་བཞི་ཡོད་དེ། རྒྱུན་ཞུགས་ཀྱིས་ཀུན་འབྱུང་ཆོས་ཤེས་ལ་གནས་པའི་ཚེ་ཡོངས་ཤེས་དགུའི་དང་པོ་གཅིག་ཐོབ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ལམ་རྗེས་ཤེས་པས་ཐ་མའི་ཆ་མཐུན་སྤངས་པའི་གཅིག་ཐོབ། སྒོམ་ལམ་ལ་རིམ་གྱིས་པས་འདོད་ཉོན་སྤངས་པའི་ཚེ་ཡང་ཆ་མཐུན་དེ་སྤངས་པའི་གཅིག་ཐོབ། དགྲ་བཅོམ་པ་ཐོབ་པའི་ཚེ་ཡང་ཡོངས་ཤེས་དགུ་པ་གཅིག་པུ་ཐོབ་པའི་ཕྱིར། གཉིས་ཐོབ་པ་ཡོད་དེ། དགྲ་བཅོམ་པ་གཟུགས་མེད་ཀྱི་ཉོན་མོངས་ཁོ་ནས་ཉམས་ན་ཐ་མའི་ཆ་མཐུན་སྤངས་པའི་དེ་དང་གཟུགས་ཀྱི་འདོད་ཆགས་སྤངས་པའི་དེ་གཉིས་ཐོབ་པའི་ཕྱིར། དྲུག་ཐོབ་པ་ལ་གཉིས་ཡོད་དེ། དགྲ་བཅོམ་པ་དང་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འདོད་ཉོན་གྱིས་ཉམས་པ་ན་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་དང་ལྡན་པར་འགྱུར་བའི་ཕྱིར། གཏོང་སྟེ་འཐོབ་པའི་ཚུལ་དེ་ལྟར་ཡིན་གྱི། ཉམས་པའི་ཡོངས་ཤེས་ལྔ་ཅིག་ཅར་ཐོབ་པ་ནི་ཡོད་པ་ཡིན་ཏེ། འདོད་པ་དང་ཆགས་བྲལ་སྔོན་དུ་འགྲོ་ལ་ནི་ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །སྤྱི་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་ཐོབ་ན། མཐོང་སྤང་སྤངས་པའི་ཡོངས་ཤེས་ཐོབ་པས་མ་ཁྱབ་སྟེ། ཁམས་འོག་མའི་མཐོང་སྤང་སྤངས་ཀྱང་གོང་མའི་མཐོང་སྤང་མ་སྤངས་པ་དུ་མ་ཡོད་པའི་ཕྱིར། གཞུང་འདི་དག་གི་དངོས་བསྟན་གྱི་ཡོངས་ཤེས་ནི་སྤངས་པ་ཡོངས་ཤེས་གཙོ་ཆེ་ཡང་ཡོངས་ཤེས་མཚན་ཉིད་པ་ལ་འདོད་པ་མི་མཐུན་པ་ཡོད་དེ། ཁ་ཅིག་ཡེ་ཤེས་ཡོངས་ཤེས་ནི་ཡོངས་ཤེས་མཚན་ཉིད་པ་ཡིན་གྱི། སྤངས་པ་ཡོངས་ཤེས་ནི་དེར་བཏགས་པ་ཙམ་དུ་བཞེད་ལ། ཁ་ཅིག་ནི་དེ་ལས་ལྡོག་སྟེ་བཞེད་ཀྱང་སྔ་མ་ལྟར་ཡིན་པའི་ཕྱིར། གནས་ལྔ་པ་ལེགས་པར་བཤད་ཟིན་ཏོ། །འདིས་ཀྱང་རྒྱལ་བའི་བསྟན་པའི་རིན་པོ་ཆེ་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།


previousཆོས་མངོན་པ་མཛོད་ཀྱི་གནས་ལྔ་པའི་ཚིག་འགྲེལ།next