Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་གནས་དྲུག་པའི་ཚིག་དོན།next

ཆོས་མངོན་པ་མཛོད་ཀྱི་གནས་དྲུག་པའི་ཚིག་དོན།

ཆོས་མངོན་པ་མཛོད་ཀྱི་གནས་དྲུག་པའི་ཚིག་དོན་བཞུགས།

གསུམ་པ་ཐོབ་བྱ་འགོག་ལམ་གྱི་བདེན་པ་གཏན་ལ་དབབ་པ་ལ། ལམ་གྱི་རྣམ་གཞག །རྟེན་གང་ཟག་གི་རྣམ་གཞག །ལམ་གྱི་ཁྱད་ཆོས་གཞན་བཤད་པ་དང་གསུམ། དང་པོ་ལ། ལམ་གྱི་ངོ་བོ། དམིགས་པ། སྒོམ་ཚུལ་དང་གསུམ། དང་པོ་ནི། བདེན་པ་མཐོང་བ་དང་བསྒོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་ལ་གཉིས། དང་པོ་ནི། ལམ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། བདེན་པ་མངོན་སུམ་དུ་གསར་དུ་མཐོང་བའི་ལམ་དང་། རྟོགས་ཟིན་བསྒོམས་པར་བྱས་པའི་ལམ་གཉིས་ཀྱིས་ཉོན་མོངས་སྤངས་པ་ཞེས་བཤད་པའི་ལམ་གཉིས་ཡོད་པའི་ཕྱིར། སྒོམ་པའི་ལམ་ནི་ཆོས་ཅན། ཁྱོད་ལའང་རྣམ་པ་གཉིས་ཡོད་དེ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་འཇིག་རྟེན་བའི་ཟག་བཅས་སྒོམ་ལམ་དང་། འཇིག་རྟེན་ལས་འདས་པའི་ཟག་མེད་སྒོམ་ལམ་གཉིས་ཡོད་པའི་ཕྱིར། མཐོང་བ་ཞེས་བྱ་བའི་ལམ་ཆོས་ཅན། ཁྱོད་ཟག་མེད་འདས་ལམ་ཁོ་ན་ཡིན་ཏེ། ཁམས་གསུམ་གྱི་ཉོན་མོངས་པའི་གཉེན་པོ་ཁྱད་པར་ཅན་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཡོད་ཟེར་ན། དེ་མེད་པར་ཐལ། སྐད་ཅིག་མ་བཅུ་དྲུག་ནི་མཉམ་གཞག་ཐུན་གཅིག་ཡིན་པར་བཤད་ཅིང་། དེའི་བཅུ་དྲུག་པ་སྒོམ་ལམ་ཉིད་ཡིན་པའི་ཕྱིར། ཁ་ཅིག །ཟག་མེད་འཕགས་ལམ་ལ་མཉམ་གཞག་གིས་ཁྱབ་ཟེར་ན། འཕགས་པའི་རྒྱུད་ཀྱི་རྗེས་ཐོབ་ཡེ་ཤེས་སུ་གྱུར་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལམ་བདེན་ཡིན་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག ཟག་བཅས་སྒོམ་ལམ་དེ་སྒོམ་ལམ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་ཟག་མེད་འཕགས་ལམ་མ་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་སྒོམ་ལམ་ཡིན་པའི་ཕྱིར། ཁ་ཅིག །སྡུག་བདེན་ཡིན་ན། སྡུག་བསྔལ་ཡིན་པས་ཁྱབ་ཟེར་ན། ཟག་བཅས་ཀྱི་ཚོར་པ་བདེ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཟག་བཅས་ཀྱི་ཕུང་པོ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བདེ་བ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། ཁྱབ་སྟེ། སོ་སྐྱེའི་རྒྱུད་ལ་བདེ་བ་ཡོད་པའི་ཕྱིར། དེར་ཐལ། དེས་དགེ་བ་བྱས་པའི་རྣམ་སྨིན་བདེ་བ་མྱོང་བ་ཡོད་པའི་ཕྱིར། ཁ་ཅིག །ཕྱི་རོལ་པའི་རྒྱུད་ལ་ལམ་ཡོད་པར་ཐལ། དེའི་རྒྱུད་ལ་སྒོམ་ལམ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་འཇིག་རྟེན་པའི་ཟག་བཅས་སྒོམ་ལམ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ལམ་ཞུགས་ཀྱི་ཕྱི་རོལ་པ་མེད་པའི་ཕྱིར། གཉིས་པ་ལ། བདེན་བཞི་དང་། བདེན་གཉིས་བཤད་པ་གཉིས། དང་པོ་ལ། དངོས་དང་། ཟག་བཅས་རྣམས་སྡུག་བདེན་དུ་བཤད་པ་གཉིས། དང་པོ་ནི། བདེན་པ་དག་ནི་བཞིར་བཤད་དོ། །སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་བྱུང་། འདིར་བདེན་པ་དག་ནི་ཆོས་ཅན། ཁྱོད་ལ་བཞིར་བཤད་དེ། སྡུག་བསྔལ་གྱི་བདེན་པ། ཀུན་འབྱུང་གི་བདེན་པ། དེ་བཞིན་དུ་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་སྟེ་དེ་ལྟར་ན་བཞི་ཡོད་པའི་ཕྱིར། དེ་བཞིའི་གོ་རིམ་དེ་ལྟར་བསྟན་པའི་རྒྱུ་མཚན་ཡོད་དེ། དེ་དག་བདེན་བཞིའི་ཡུལ་ཅན་མངོན་རྟོགས་སྐྱེ་བའི་རིམ་པ་ལྟར་བསྟན་པའི་ཕྱིར། འདིར་བཤད་མ་ཐག་པའི་གོ་རིམ་བཞིན་དུ་མདོ་ལས་ཀྱང་བཤད་པ་ཡིན་ཏེ། མདོ་ལས། དགེ་སློང་དག་འདི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ཀྱིས་རིམ་པ་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། ཡིད་འོང་ཡིད་དུ་མི་འོང་དང་། །དེ་ལས་ཟག་བཅས་གཞན་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་བྱུང་། ཟག་བཅས་ཀྱི་ཚོར་བ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་སྟེ་མི་བདེ་བའམ་སྡུག་བསྔལ་དང་གཉིས་པོ་དེ་ལས་གཞན་པའི་ཚོར་བ་བཏང་སྙོམས་རྣམས་གསུམ་དང་། མཚུངས་ལྡན་མ་ཡིན་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་མ་ལུས་པ་ཆོས་ཅན། སྡུག་བསྔལ་ཞེས་མདོ་ལས་བཤད་པའི་རྒྱུ་མཚན་ཡོད་དེ། སྡུག་བསྔལ་ཉིད་གསུམ་པོ་ཅི་རིགས་དང་ལྡན་ཞིང་འབྲེལ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་ཀྱི། སྡུག་བསྔལ་ཁོ་ན་ཡིན་པའི་སྒོ་ནས་བཤད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བྱུང་། ཀུན་རྫོབ་བདེན་པ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་དེ། གང་ལ་བཅོམ་པའམ་བློ་ཡིས་ཆོས་གཞན་སོ་སོར་བསལ་བ་ན་དེར་འཛིན་གྱི་བློ་མི་འཇུག་པའི་ཆོས་དེ་དེའི་མཚན་ཉིད་དང་། ཀུན་རྫོབ་ཏུ་གྲུབ་ཚད་གཉིས་ཀ་ཡིན་པའི་ཕྱིར། དཔེར་ན། བུམ་པ་དང་། བུམ་ནང་གི་ཆུ་བཞིན་ཏེ། བུམ་པ་ནི་ཐོ་བས་བཅོམ་པ་ན་བུམ་པའི་བློ་འདོར། བུམ་ཆུ་ཡང་ཆུ་དེའི་ཁ་དོག་དྲི་རོ་རེག་བྱ་སོ་སོར་བསལ་བ་ན་ཆུར་འཛིན་པའི་བློ་འདོར་བའི་ཕྱིར་རོ། །དེ་གཉིས་ཆོས་ཅན། ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། འདིར་ཀུན་རྫོབ་ནི་ཐ་སྙད་པའི་ཤེས་པ་འཁྲུལ་མ་འཁྲུལ་ཅི་རིགས་ལ་བྱེད་པ་ཡིན་ལ། ཁྱོད་དེའི་ངོ་བོར་བདེན་པས་ཀུན་རྫོབ་བདེན་པ་ཞེས་བཞག་པའི་ཕྱིར། ཀུན་རྫོབ་ཏུ་གྲུབ་ཚད་ཡོད་དེ། ཐ་སྙད་དུ་ཡོད་པ་དེ་དེ་ཡིན་པའི་ཕྱིར། དོན་དམ་བདེན་པ་ཆོས་ཅན་ཁྱོད་ཀྱིས་མཚན་ཉིད་ལ་ཡོད་དེ། སྔ་མ་ལས་གཞན་བཅོམ་བསལ་གང་རུང་གིས་དེར་འཛིན་པའི་བློ་མི་འདོར་བའི་ཆོས་དེ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། གཟུགས་དང་ཚོར་བ་འདུ་ཤེས་སོགས་སེམས་སེམས་བྱུང་རང་རྐྱ་བ་རྣམས་ཆོས་ཅན། དོན་དམ་བདེན་པ་ཡིན་ཏེ། བཅོམ་གཞིག་བྱས་ཀྱང་གཟུགས་ཚོར་སོགས་ཀྱི་བློ་མི་འདོར་བའི་ཕྱིར། གཟུགས་ཚོར་སོགས་ཆོས་ཅན། དོན་དམ་བདེན་པ་ཞེས་བྱ་སྟེ། དོན་དམ་པ་ནི་འཕགས་པའི་ཡེ་ཤེས་ཡིན་ལ། དེའི་ཡུལ་གྱི་དོན་དུ་ཡོད་ཅིང་བདེན་པས་དེ་ལྟར་དུ་བརྗོད་པའི་ཕྱིར། གསུམ་པ་ལམ་སྒོམ་ཚུལ་ལ། ལམ་ལ་འཇུག་ཚུལ་གྱི་སྒོ་ནས་མདོར་བསྟན་པ་དང་། ལམ་སྒོམ་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཚུལ་གནས་ཐོབ་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དག་གཉིས་ཀ་དོན་ཡུལ་ཅན། །ཅེས་བྱུང་། བདེན་པ་མངོན་པར་རྟོགས་པའི་ལམ་ཆོས་ཅན། ཁྱོད་ལ་འཇུག་ཚུལ་གྱི་ཁྱད་པར་བཞི་ཡོད་དེ། དང་པོ་ཁོ་ནར་ཚུལ་ཁྲིམས་ལ་གནས་དགོས། དེ་ནས་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་དང་། དེ་ནས་དེའི་དོན་ལ་བསམ་པ་དང་ལྡན་པ་དང་། དེ་ནས་ཏིང་ངེ་འཛིན་བསྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ཡིན་པའི་ཕྱིར། ཐོས་པ་དང་སོགས་པས་བསམ་པ་དང་བསྒོམས་པ་ལས་བྱུང་བའི་བློ་རྣམས་ནི་ཆོས་ཅན། སོ་སོའི་ངོ་བོ་བཞག་ཏུ་ཡོད་དེ། གཞུང་དེའི་མིང་ཙམ་ལ་དམིགས་པའི་ཤེས་རབ་དེ་ཐོས་བྱུང་གི་ཤེས་རབ་དང་། དེའི་མིང་དང་དོན་གཉིས་ཀ་ལ་དམིགས་པའི་ཤེས་རབ་དེ་བསམ་བྱུང་གི་ཤེས་རབ་དང་། དོན་ཁོ་ན་ལ་དམིགས་པས་རབ་ཏུ་ཕྱི་བའི་ཡུལ་ཅན་གྱི་ཤེས་རབ་དེ་བསྒོམས་བྱུང་གི་ཤེས་རབ་ཏུ་འཇོག་པའི་ཕྱིར། དེ་ནི་བྱེ་སྨྲའི་ལུགས་ཡིན་ལ། སློབ་དཔོན་རང་ལུགས་ཡོད་དེ། ཡིད་ཆེས་པའི་ལུང་ཚད་མ་ལས་དང་པོར་སྐྱེས་པའི་ཤེས་རབ་དེ་ཐོས་བྱུང་དང་། དེ་ནས་བརྟགས་ཤིང་དཔྱད་པ་ལས་བྱུང་བའི་ཤེས་རབ་དེ་བསམ་བྱུང་དང་། ཏིང་ངེ་འཛིན་ཞི་གནས་ཡན་ཆད་ལས་སྐྱེས་པའི་ཤེས་རབ་དེ་བསྒོམས་བྱུང་དུ་བཞེད་པའི་ཕྱིར། གཉིས་པ་ལ། ལམ་སྒོམ་པའི་གང་ཟག །སྒོམ་པའི་ཚུལ་དང་གཉིས། དང་པོ་ལ། གང་ཟག་གི་ངོ་བོ་མི་མཐུན་ཕྱོགས་དང་བཅས་པ། དེ་ལ་ལྡན་པའི་ཡོན་ཏན། དེ་རིགས་སུ་འཇོག་ཚུལ་དང་གསུམ། དང་པོ་ནི། བསྲིང་གཉིས་དང་ལྡན་ཆོག་ཤེས་དང་། །འདོད་ཆེན་ཅན་ལ་མ་ཡིན་ནོ། །རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་ལ་འདོད་འདོད་ཆེན་ཅན། །ཞེས་བྱུང་། །སྒོམ་ལ་བརྩོན་པའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་སྒོམ་པ་རྫོགས་པའི་ཐབས་གཉིས་ཡོད་དེ། འདུ་འཛིན་ཐག་བསྲིང་ནས་གཅིག་པུར་གནས་པ་དང་། མི་དགེ་བའི་རྣམ་རྟོག་ཐག་བསྲིང་བ་གཉིས་དང་ལྡན་ན་རྫོགས་པར་འགྱུར་བའི་ཕྱིར། དེ་གཉིས་འདོད་ཆུང་ཆོག་ཤེས་དང་ལྡན་པ་ལ་སླ་ཞིང་། གང་ཟག་གང་ལ་དཀའ་བ་ཡོད་དེ། འདོད་ཆེན་ཅན་ལ་དཀའ་ཞིང་སླ་བ་མ་ཡིན་པའི་ཕྱིར། མངོན་པ་བ་ན་རེ། ཆོག་མི་ཤེས་པ་དང་འདོད་ཆེན་ཅན་གྱིི་ངོ་བོ་ཡོད་དེ། རྙེད་པ་གང་གྲུབ་ཀྱིས་མི་ཆོག་པར་བཟང་པོ་ཡང་ཡང་འདོད་ཅིང་སྲེད་པ་ནི་ཆོག་མི་ཤེས་པ་དང་། མ་རྙེད་པ་ངག་ལ་གདུང་ཞིང་འདོད་པ་ཆེ་བ་ནི་འདོད་ཆེན་ཅན་ཡིན་པའི་ཕྱིར་ཟེར། སློབ་དཔོན་ན་རེ། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། བཟང་པོ་དང་མང་པོ་མ་རྙེད་ན་ཡིད་མི་བདེ་བ་ནི་ཆོག་མི་ཤེས་པ་དང་། དེ་ལྟ་བུ་མ་རྙེད་པས་དེ་ལ་འདོད་ཞེན་ཆེ་བ་ནི་འདོད་ཆེན་ཅན་ཡིན་པར་གསུང་། གཉིས་པ་ནི། བཟློག་པ་དེ་ཡི་གཉེན་པོ་དག །དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །ཅེས་བྱུང་། དེ་ལས་བཟློག་པ་འདོད་ཆུང་ཆོག་ཤེས་དག་ཆོས་ཅན། བཟློག་ཟླ་དེ་ཡི་གཉེན་པོ་ཡིན་ཏེ། དེ་གཉིས་དངོས་སུ་འཇོམས་བྱེད་ཡིན་པའི་ཕྱིར། དེ་གཉིས་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། ཁམས་གསུམ་དུ་གཏོགས་པ་རེ་དང་དྲི་མེད་འཕགས་ལམ་གྱིས་བསྡུས་པ་རེ་ཡོད་པའི་ཕྱིར། གསུམ་པ་རིགས་སུ་འཇོག་ཚུལ་ནི། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་ནི་ཆོག་ཤེས་བདག་ཉིད་དོ། །གསུམ་གྱིས་ཚུལ་བསྟན་ཐ་མའི་ལས། །བདག་གི་བདག་འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །ཞེས་བྱུང་། འདོད་ཆུང་ཆོག་ཤེས་གཉིས་ཆོས་ཅན། །མ་ཆགས་པ་ཡིན་ཏེ། ཆགས་པའི་འགལ་ཟླ་སྟེ་གཉེན་པོ་ཡིན་པའི་ཕྱིར། མ་ཆགས་པ་ཆོས་ཅན། འཕགས་པའི་རིགས་ཡིན་ཏེ། འཕགས་པ་དང་དེའི་ཆོས་རྣམས་སྐྱེ་བའི་གཞི་ཡིན་པས་ན་རིགས་ཞེས་བྱ་བའི་ཕྱིར་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། དེ་བཞིན་དུ་བསོད་སྙོམས་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། སྤོང་བ་དང་སྒོམ་པ་ལ་དགའ་བའི་འཕགས་རིགས་བཞི་མདོ་ལས་གསུངས་པ་དེ་དག་ལས་དང་པོ་གསུམ་ནི་ཆོས་ཅན། མ་ཆགས་པ་ཡིན་ཏེ། འདོད་ཆུང་ཆོག་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། དེ་གཉིས་ཀྱིས་ནི་འཕགས་པའི་རིགས་ཀྱི་ཚུལ་བསྡུས་ལ། ཐ་མ་སྤོང་བ་དང་སྒོམ་པ་ལ་དགའ་བ་ཆོས་ཅན། ཁྱོད་ཀྱི་བྱེད་ལས་ཡོད་དེ། ཁྱོད་ཀྱིས་བདག་གིར་འཛིན་པ་དང་བདག་ཏུ་འཛིན་པའི་དངོས་པོ་འདོད་པ་དེ་ཡི་དུས་གཉིས་ཀ་དང་བཅས་གཏན་ཏུ་ཞི་བར་བྱེད་ལ། དང་པོ་གསུམ་གྱིས་ནི་ཆོས་གོས་སོགས་ཀྱི་དངོས་པོ་ལ་བདག་གིར་འཛིན་པའི་འདོད་པ་ཉིད་ཞི་བར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་སྒོམ་ཚུལ་དངོས་ལ། ཞི་གནས་དང་། ལྷག་མཐོང་སྒོམ་ཚུལ་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་དབུགས་འབྱུང་དྲན་པ་ཡི། །འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །ཞེས་བྱུང་། འདི་ལ་ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ནི། དེ་ལྟར་རིགས་དང་ལྡན་པས། བསྒོམ་པ་དེ་ལ་འཇུག་ཚུལ་ཡོད་དེ། འདོད་ཆགས་ཤས་ཆེ་བས་མི་སྡུག་པ་སྒོམ་པ་ལ་འཇུག །རྣམ་རྟོག་ཤས་ལྷག་པར་ཆེ་བ་རྣམས་ཀྱིས་ནི། དབུགས་ཚུར་རྔུབ་པ་དང་ཕྱིར་འབྱུང་བ་དྲན་པ་སྒོམ་པར་བྱེད་པ་ལ་འཇུག་པའི་ཕྱིར། གཉིས་པ་ནི། ཐར་པར་བགྲོད་པའི་གཤེགས་ཤུལ་གྱི་མངོན་རྟོགས་དེ། ཐར་ལམ་གྱི་མཚན་ཉིད་དང་སྒྲ་བཤད་ཀྱང་ཡིན་ལ། དེ་ལ་ནི་རྟེན་གྱི་སྒོ་ནས་ནི་ཉན་རང་སོགས་ཀྱི་ལམ་གསུམ། དེ་རེ་རེ་ལའང་ཚོགས་ལམ་སོགས་ལྔ་ལྔ་ཡོད་ཅིང་། འདིར་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ནོ། །ཚོགས་ལམ་ལ་ནི་ཐོས་བྱུང་དང་བསམ་སྦྱོར་ཤུགས་ཆེ་ཡང་། དེར་མ་ངེས་ཏེ། ཚོགས་ལམ་སྐད་ཅིག་ཐ་མ་ནི་བསྒོམ་བྱུང་གཙོ་ཆེ་བའི་ཕྱིར། དེར་ཐལ། དེར་ཞི་གནས་གཙོ་ཆེ་བའི་ཕྱིར། སྦྱོར་ལམ་སོགས་གསུམ་ལ་ནི་བསྒོམ་བྱུང་གཙོ་ཆེ་ཡང་ཐོས་བསམ་མེད་པ་ནི་མིན་ཏེ། འཕགས་པ་སློབ་པ་ཐོས་བསམ་ལའང་འཇུག་དགོས་པའི་ཕྱིར། སྒོམ་ཚུལ་ནི་འཆད་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། མི་སྡུག་པ་སྒོམ་ཚུལ་དང་། དབུགས་རྔུབ་འབྱུང་དྲན་པ་སྒོམ་ཚུལ་གཉིས། དང་པོ་ལ། དེ་སྒོམ་ཚུལ་དང་། དེའི་རྣམ་གཞག་གཉིས་དང་པོ་ནི། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །རྐང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་པ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཞེས་བྱུང་། མི་སྡུག་པའི་ཏིང་ངེ་འཛིན་ཆོས་ཅན། ཁྱོད་སྒོམ་པའི་ཡུལ་གྱི་སྒོ་ནས་བཞི་ཡོད་དེ། རྣམ་པར་བསྔོས་པ་དང་། རྣམ་པར་ཟོས་པའམ་འཐོར་བ་དང་། རྣམ་པར་འབུས་གཞིག་པ་དང་། རོ་ལ་དམིགས་ནས་སྒོམ་པ་རྣམས་སུ་ཡོད་པའི་ཕྱིར། དེ་བཞི་གང་གི་གཉེན་པོར་སྒོམ་པའི་ཚུལ་ཡོད་དེ། ཁ་དོག་དང་དབྱིབས་དང་རེག་བྱ་དང་བསྙེན་བཀུར་ལ་ཆགས་པའི་གཉེན་པོར་སྒོམ་པར་བྱེད་པའི་ཕྱིར། གང་གིས་སྒོམ་པ་ཡོད་དེ། ཆགས་བཅས་ཐམས་ཅད་ཀྱིས་བསྒོམ་པར་བྱར་རུང་བའི་ཕྱིར། སྒོམ་པ་དེ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། རང་གི་རྐང་པའི་མཐེ་བོང་ངམ་དཔྲལ་བའི་རུས་པ་ཟག་ནས་ལྷུང་བའི་རྗེས་ཀྱི་རུས་པ་ཀེང་རུས་ལྟར་དཀར་ལྷག་གེར་ཡོད་པར་མོས་ཤིང་། དེ་ནས་དེ་བཞིན་དུ་ལུས་ཀྱི་རུས་པ་ཐམས་ཅད་དང་། གཙུག་ལག་ཁང་ལྟ་བུ་ནས་ཕྱིའི་རྒྱ་མཚོའི་བར་དུ་ཀེང་རུས་ཀྱིས་ཁྱབ་པར་སྤྲོ་ཞིང་། སྡུད་པའི་ཚེ་ཚུར་རིམ་གྱིས་བསྡུས་ནས་རང་ཉིད་གཅིག་པུའི་ལུས་ཀེང་རུས་སུ་མོས་པར་བྱེད་པ་ནི་ལས་དང་པོ་པའི་སྒོམ་ཚུལ་དང་། རྐང་རུས་བོར་ནས་ལྷག་མར་མོས་ཤིང་དེ་བཞིན་དུ་ཐོད་པའི་ཕྱེད་ཀ་བཏང་སྟེ་ཕྱེད་ཀ་གཞན་སྒོམ་པ་ནི་ཡོངས་སུ་སྦྱང་བར་བྱས་པའི་སྒོམ་ཚུལ་དུ་བཤད། ཐོད་པའི་ཕྱེད་སྒོམ་པ་ཡང་བོར་ནས་སྨིན་མའི་བར་ཙམ་ཀེང་རུས་སུ་སེམས་འཛིན་པའི་ཚུལ་གྱིས་སྒོམ་པ་ནི། མི་སྡུག་པའི་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་སྒོམ་ཚུལ་ཡིན་པའི་ཕྱིར། གཉིས་པ་ནི། མི་སྡུག་མི་ཆགས་ས་བཅུ་དང་། དམིགས་པ་འདོད་སྣང་མིས་སྐྱེད་དོ། །ཞེས་བྱུང་། མི་སྡུག་བསྒོམ་པའི་ཏིང་ངེ་འཛིན་ཆོས་ཅན། རང་བཞིན་དང་སེམས་རྟེན་དང་དམིགས་པ་དང་ལུས་རྟེན་བཅས་བཞི་ཡོད་དེ། ངོ་བོ་མ་ཆགས་པ་དང་། སེམས་རྟེན་བསམ་གཏན་བཞི་དང་དེའི་ཉེར་བསྡོགས་བཞི་དང་བསམ་གཏན་ཁྱད་པར་ཅན་དང་འདོད་སེམས་ཏེ་ས་བཅུ་དང་། དམིགས་པ་ཁ་ཕྱིར་བལྟས་འདོད་པའི་སྣང་བ་ཁ་དོག་སོགས་ལ་དམིགས་པ་དང་། རྟེན་གླིང་གསུམ་གྱི་མིས་སྐྱེད་པར་བྱེད་པ་རྣམས་སུ་ཡོད་པའི་ཕྱིར། འདིར་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱིས་མི་སྡུག་པ་སྒོམ་ཚུལ་མི་འཆད་པའི་རྒྱུ་མཚན་ཡོད་དེ། མི་སྡུག་པ་བསྒོམ་པ་ནི་གཟུགས་ལ་དམིགས་པ་ཡིན་ལ། གཟུགས་མེད་ཀྱིས་གཟུགས་ལ་མི་དམིགས་པའི་ཕྱིར། གསུམ་པ་དབུགས་རྔུབ་འབྱུང་དྲན་པ་སྒོམ་པ་ལ། དེའི་རྣམ་གཞག་དང་། སྒོམ་ཚུལ་དྲུག་བཤད་པ་དང་། དེའི་ཡུལ་བཤད་པ་དང་གསུམ། དང་པོ་ནི། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །ཤེས་རབ་ས་ལྔ་སྤྱོད་ཡུལ་རླུང་། །འདོད་རྟེན་ཕྱི་པའི་མ་ཡིན་ནོ། །ཞེས་བྱུང་། དབུགས་ནི་རླུང་ཡིན་ལ། རྔུབ་པ་ནང་དུ་འཇུག་པ་དང་། འབྱུང་བ་ཕྱིར་འབྱུང་བ་སྟེ་དེ་ལྟར་དྲན་པ་ནི་ཆོས་ཅན། ཁྱད་པར་དྲུག་དང་ལྡན་ཏེ། ངོ་བོ་ཤེས་རབ་དང་། སེམས་རྟེན་བསམ་གཏན་གྱི་ཉེར་བསྡོགས་གསུམ་དང་བསམ་གཏན་ཁྱད་པར་ཅན་དང་འདོད་པའི་ས་ལྔ་དང་། སྤྱོ་ཡུལ་ལམ་དམིགས་པ་རླུང་དང་། ལུས་རྟེན་འདོད་པ་དང་། ཐོབ་ཚུལ་སྦྱོར་བྱུང་དང་། ཡིད་བྱེད་ཆགས་བྲལ་བྱེད་པའི་ཚུལ་གྱིས་བྱེད་པའི་ཕྱིར། ཕྱི་རོལ་པས་འདི་སྒོམ་པ་མིན་ཏེ། ནང་པ་ཁོ་ནའི་ཡིན་པའི་ཕྱིར། གཉིས་པ་སྒོམ་ཚུལ་དྲུག་གི་ཁྱད་པར་ནི། བགྲང་བ་ལ་སོགས་རྣམ་པ་དྲུག །ཅེས་བྱུང་། དབུགས་རྔུབ་འབྱུང་ཆོས་ཅན། སྒོམ་ཚུལ་ཁྱད་པར་དྲུག་དང་ལྡན་ཏེ། བགྲང་བ་དང་ལ་སོགས་པས་རྗེས་འགྲོ་དང་། འཇོག་པ་དང་། ཉེར་རྟོག་དང་། ཡོངས་སུ་སྒྱུར་བ་དང་། ཡོངས་དག་དང་རྣམ་པ་དྲུག་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་ཡོད་དེ། བགྲང་བ་ནི་ཕྱི་ནང་དུ་རྒྱུ་བའི་གྲངས་ལ་སེམས་གཏོད་པ་དང་། རྗེས་འགྲོ་ནི་འབྱུང་རྔུབ་ཀྱི་འགྲོས་གནས་པ་ལ་དེ་གཏོང་དེ་ནས་འཇོག་པ་ནི་རླུང་སྣ་རྩེ་ནས་རྐང་པའི་བར་དུ་གནས་པ་ལ་དང་། ཉེ་བར་རྟོག་པ་ནི་འབྱུང་བཞིའི་རླུང་དང་ཕུང་པོ་ལྔར་སོ་སོར་བརྟགས་ནས་དང་། ཡོངས་སྒྱུར་ནི་རླུང་ལ་དམིགས་ནས་བློ་བསྒྱུར་ཏེ་དྲན་པ་ཉེར་གཞག་སོགས་གོང་ནས་གོང་དུ་ཞི་ལྷག་གཉིས་ཀྱིས་སྒོམ་པ་དང་། ཡོད་ས་དག་ནི་དེ་ལྟར་བསྒོམས་པས་མཐོང་སྒོམ་གྱི་དྲི་མ་དག་པ་མི་སློབ་པའི་ལམ་ལ་འཇུག་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། དབུགས་རྔུབ་དབུགས་འབྱུང་གང་ལས་ལུས། །སེམས་ཅན་ཞེས་བྱ་མ་ཟིན་པའོ། །རྒྱུ་མཐུན་ལས་བྱུང་འོག་མ་ཡི། །ཡིད་ཀྱིས་དེ་གཉིས་མི་རྟོགས་སོ། །ཞེས་བྱུང་། དབུགས་རྔུབ་པ་དང་འབྱུང་པ་གཉིས་ཆོས་ཅན། ས་ལུས་གང་གང་དུ་གཏོགས་པ་དེར་གཏོགས་ཏེ། ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དེ་གཉིས་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་ཏེ། སེམས་ཅན་གྱི་རྒྱུད་ཀྱི་ཡིན་པས་སེམས་ཅན་ཞེས་བྱ་བ་དང་། དབང་པོས་མ་ཟིན་པ་དང་། རྒྱུ་མཐུན་སྔ་མ་ལས་བྱུང་བ་དང་། ས་འོག་མ་སྤྱོད་ལམ་པ་དང་སྤྲུལ་པའི་ཡིད་ཀྱིས་མི་རྟོགས་པའི་ཁྱད་པར་དང་ལྡན་པའི་ཕྱིར། གཉིས་པ་ལྷག་མཐོང་སྒོམ་ཚུལ་ལ། ཐོག་མར་དྲན་པ་ཉེར་གཞག །དེ་ནས་དྲོད་སོགས་བཞི། དེ་ནས་བདེན་པ་མངོན་རྟོགས་བཅུ་དྲུག་སྒོམ་ཚུལ་དང་གསུམ། དང་པོ་ལ་སྤྱིར་བསྟན་པ་དང་། ཆོས་དྲན་པ་ཉེར་གཞག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཤེས་རབ་ཐོས་སོགས་ལས་བྱུང་བ། །གཞན་ནི་འབྲེལ་དང་དམིགས་པ་ལས། །རིམ་ནི་ཇི་ལྟར་སྐྱེ་བ་བཞིན། ཕྱིན་ཅི་ལོག་གི་གཉེན་པོ་བཞི། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ཞི་གནས་གྲུབ་པར་གྱུར་པ་ཡི་གང་ཟག་ཆོས་ཅན། ཁྱོད་ཀྱིས་དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། དེ་ཡང་དྲན་པ་ཉེར་གཞག་བསྒོམ་པར་བྱ་བ་ཡིན་ལ་དེས་ལྷག་མཐོང་འགྲུབ་པར་འགྱུར་བའི་ཕྱིར། དྲན་པ་ཉེར་གཞག་ཆོས་ཅན། དམིགས་པའི་སྒོ་ནས་བཞི་ཡོད་དེ། ལུས་དང་ཚོར་བ་དང་སེམས་དང་དེ་གསུམ་ལས་གཞན་པའི་ཆོས་རྣམས་ལ་དམིགས་ནས་རང་གི་ངོ་བོ་རང་མཚན་དང་། དེ་དག་གི་བྱས་མི་རྟག་བདག་མེད་པའི་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བརྟགས་ནས་བསྒོམས་པར་བྱེད་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། རང་བཞིན་དྲན་ཉེར་གཞག །འབྲེལ་པ་དྲན་པ་ཉེར་གཞག །དམིགས་པ་དྲན་པ་ཉེར་གཞག་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཡོད་དེ། ལུས་སོགས་ལ་རྗེས་སུ་ལྟ་བའི་ཤེས་རབ་ཐོས་སོགས་ཏེ་བསམ་པ་དང་བསྒོམས་པ་ལས་བྱུང་བ་རྣམས་དང་པོ་དང་། གཞན་དེ་དག་དང་མཚུངས་ལྡན་དུ་གྱུར་པའི་སེམས་བྱུང་འདུ་ཤེས་སོགས་གཉིས་པ། འབྲེལ་བ་དྲན་པ་ཉེར་གཞག་དང་། རང་བཞིན་གྱི་དྲན་པ་ཉེར་གཞག་དང་འབྲེལ་བའི་དྲན་པ་ཉེར་གཞག་གཉིས་ཀྱི་དམིགས་པའི་དྲན་པ་ཉེར་གཞག་དེ་དམིགས་པ་དྲན་པ་ཉེར་གཞག་ཡིན་པའི་ཕྱིར། དམིགས་པ་ལ་བཞི་ཡོད་དེ། ལུས་ཚོར་སེམས་ཆོས་ལ་དམིགས་པའི་དེ་བཞི་ཡོད་པའི་ཕྱིར། དེ་རེ་རེ་ལའང་གསུམ་གསུམ་ཡོད་དེ། རང་དང་གཞན་དང་གཉིས་ཀའི་རྒྱུད་ལ་དམིགས་པ་གསུམ་གསུམ་ཡོད་པའི་ཕྱིར། དེ་བཞིའི་གོ་རིམ་ནི་ཡོད་དེ། ཇི་ལྟར་སྐྱེ་བའི་རིམ་པ་དང་མཐུན་པར་བཞག་པའི་ཕྱིར། དེར་ཐལ། སྔ་མ་སྔ་མ་རགས་ལ་ཕྱི་མ་ཕྱི་མ་ཕྲ་བའི་ཕྱིར། བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། གཙང་བ་དེ་རྟག་བདག་གི་ཕྱིན་ཅི་ལོག་བཞིའི་གཉེན་པོར་རིམ་པར་བཞག་པའི་ཕྱིར། དེར་ཐལ། ལུས་དྲན་པ་ཉེར་གཞག་ནི་ལུས་གཙང་འཛིན་ཕྱིན་ཅི་ལོག་གི་གཉེན་པོ་དང་། ཚོར་བ་དྲན་ཉེ་ནི་བདེར་འཛིན་ཕྱིན་ཅི་ལོག་གི་གཉེན་པོ་དང་། སེམས་དྲན་ཉེར་གཞག་ནི་རྟག་འཛིན་ཕྱིན་ཅི་ལོག་གི་གཉེན་པོ་དང་། ཆོས་དྲན་ཉེ་ནི་བདག་འཛིན་ཕྱིན་ཅི་ལོག་བདེ་གཉེན་པོ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ནི་ཆོས་དྲན་ཉེར་གཞག་པ། །སྤྱི་ལ་དམིགས་པ་ལ་གནས་ཏེ། དེ་དག་ལ་ནི་མི་རྟག་དང་། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །ཞེས་བྱུང་། ལུས་དྲན་ཉེ་སོགས་གསུམ་པོ་དེ་ནི་དམིགས་པ་དེ་ལྟར་མ་འདྲེས་པ་ཡིན་ལ། ཆོས་དྲན་པ་ཉེར་གཞག་ནི་ཆོས་ཅན། འདྲེས་པའི་སྤྱི་ལ་དམིགས་ནས་གནས་ཏེ། ལུས་སོགས་དེ་དག་ལ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ལྟ་བའི་ཕྱིར། དེ་དག་ནི་ཚོགས་ལམ་ཆེན་པོ་ནས་བསྒོམ་པའི་དབང་དུ་བྱས་སོ། །གཉིས་པ་ལ། སྦྱོར་ལམ་སྐབས་ཀྱི་སྒོམ་ཚུལ། དྲོད་སོགས་སྐྱེ་རིམ་གྱི་སྒོམ་ཚུལ་དང་ཁྱད་ཆོས། ཞར་ལ་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་དང་གསུམ། དང་པོ་ལ། སྐྱེ་རིམ་གྱི་ཚུལ་དང་། ཕུང་པོ་དུ་ཡོད་དང་། ངེས་ཚིག་གསུམ། དང་པོ་ནི། དེ་ལས་དྲོ་བར་གྱུར་པ་འབྱུང་། །དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་བཅུ་དྲུག་དྲོ་བ་ལས། །རྩེ་མོ་དེ་ཡང་དེ་དང་འདྲ། །གཉིས་ཀ་ཆོས་ཀྱི་རྣམ་པ་གཏོད། །གཞན་དག་གིས་ཀྱང་འཕེལ་བར་བྱེད། །དེ་ལས་བཟོད་པ་གཉིས་དེ་བཞིན། །ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག་ཅེས་བྱུང་། སྦྱོར་ལམ་བཞིའི་དང་པོ་སྦྱོར་ལམ་དྲོ་བར་གྱུར་པ་ཆོས་ཅན། སྐྱེ་ཚུལ་ཡོད་དེ། ཚོགས་ལམ་དུ་ཆོས་དྲན་པ་ཉེར་གཞག་བསྒོམས་པ་དེ་ལས་འབྱུང་བའི་ཕྱིར། སྦྱོར་ལམ་དྲོད་དེ་ནི་ཆོས་ཅན། དམིགས་པ་དང་རྣམ་པའི་ཁྱད་པར་ཡོད་དེ། དམིགས་དང་བདེན་བཞིའི་སྤྱོད་ཡུལ་ཅན་དང་རྣམ་པ་མི་རྟག་སོགས་བཅུ་དྲུག་པོ་ཅི་རིགས་ལ་དམིགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དྲོ་བ་དེ་ལས་སྦྱོར་ལམ་རྩེ་མོ་འབྱུང་ཞིང་། རྩེ་མོ་དེ་ཡང་ཆོས་ཅན། དམིགས་རྣམ་གྱི་ཁྱད་པར་ཡོད་དེ། སྦྱོར་ལམ་དྲོད་དེ་དང་འདྲ་བའི་ཕྱིར། དྲོད་རྩེ་གཉིས་ཀ་ཆོས་ཅན། བདེན་བཞི་ལ་ཆོས་དྲན་པ་ཉེར་གཞག་གི་རྣམ་པ་གཏོད་པའམ་འགོད་ལ། དྲན་པ་ཉེར་གཞག་གཞན་དག་གིས་ཀྱང་འཕེལ་བར་བྱེད་དེ། ཆུང་འབྲིང་ཆེན་པོ་གསུམ་དུ་རིམ་གྱིས་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར། སྦྱོར་ལམ་བཟོད་པ་ཆོས་ཅན། རྩེ་མོ་དེ་ལས་ཁྱོད་སྐྱེ་བ་ཡིན་ཏེ། དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། བཟོད་པ་ལ་ཆུང་འབྲིང་ཆེན་པོ་གསུམ་ལས་ཆུང་འབྲིང་གཉིས་ཆོས་ཅན། དམིགས་རྣམ་གྱི་ཁྱད་པར་ཡོད་དེ། སྔ་མ་རྩེ་མོ་དེ་བཞིན་དུ་ཡིན་པའི་ཕྱིར། སྦྱོར་ལམ་བཟོད་པ་ཆུང་འབྲིང་ཆེན་པོ་ཐམས་ཅད་ཆོས་ཅན། གང་གིས་འཕེལ་བར་བྱེད་པ་ཡོད་དེ། ཆོས་དྲན་པ་ཉེར་གཞག་གིས་འཕེལ་བར་བྱེད་པའི་ཕྱིར། སྦྱོར་ལམ་བཟོད་པ་ཆེན་པོ་ཆོས་ཅན། དམིགས་རྣམ་ཡོད་དེ། འདོད་པར་གཏོགས་པའི་སྡུག་བསྔལ་གྱི་བདེན་པ་ཡུལ་དུ་བྱེད་ཅིང་རྣམ་པ་ཕྱི་མ་གཉིས་ཡིད་ལ་བྱེད་པའི་ཕྱིར། དེ་ནི་ཆོས་ཅན། དམིགས་རྣམ་དེ་ལྟར་ཡིན་ཀྱང་རྣམ་པ་གཅིག་ཏུ་མ་ངེས་ཏེ། སྡུག་བདེན་གྱི་རྣམ་པ་བཞི་གང་རུང་གི་རྣམ་པ་ཅན་གྱི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་ཆོས་ཅན། དམིགས་རྣམ་བཟོད་པ་ཆེན་པོ་དེ་བཞིན་དུ་ཡིན་ཏེ། དམིགས་པ་འདོད་པའི་སྡུག་བདེན་ལ་དམིགས་པ་དང་། རྣམ་པ་སྡུག་བདེན་གྱི་རྣམ་པ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་བཞི་གང་རུང་གི་རྣམ་པ་ཅན་ལ། རྒྱུན་ནི་སྐད་ཅིག་མ་ཡིན་པའི་ཕྱིར། སྦྱོར་ལམ་བཞི་སོ་སོའི་སྒྲ་དོན་ཡོད་དེ། བདག་མེད་རྟོགས་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱི་མེའི་དྲོད་འབྱུང་བས་དྲོད་དང་། དགེ་བ་གཡོ་བའི་རྩེ་མོར་བྱིན་པས་རྩེ་མོ་དང་། བདེན་པ་ལ་བཟོད་པའི་མི་སྐྲག་པས་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་པས་ན་ཆོས་མཆོག་ཞེས་བྱ་བའི་ཕྱིར། སྤྱིར་བདེན་བཞིའི་རྣམ་པ་བཅུ་དྲུག་ཡིན་ཡང་ཁམས་གསུམ་གྱི་སྒོ་ནས་བཞི་བཅུ་རྩ་བརྒྱད་དང་། དེ་དག་ལ་དམིགས་པའི་སྦྱོར་ལམ་དང་པོ་གསུམ་ལ་ཆུང་འབྲིང་ཆེན་པོ་གསུམ་ཅི་རིགས་ཀྱི་སྒོ་ནས་ཕྱེ་ན་མང་དུ་ཡོད་ཀྱང་། ལུགས་འདིར་ཆོས་མཆོག་ལ་དེ་གསུམ་གྱི་དབྱེ་བ་མི་བྱེད་དེ། དེ་ནི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། ཐམས་ཅད་ཕུང་པོ་ལྔ། ཐོབ་པ་མ་གཏོགས་ཞེས་བྱུང་། ངེས་འབྱེད་ཆ་མཐུན་གྱི་གཙོ་བོ་དྲན་པ་ཉེར་གཞག་ཡིན་པས་ཤེས་རབ་ཡིན་ཡང་འཁོར་དང་བཅས་ན་ཐམས་ཅད་ཕུང་པོ་ལྔ་པ་ཅན་ཡིན་ཏེ། གཟུགས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པའི་ཕྱིར། ངེས་འབྱེད་ཆ་མཐུན་གྱི་ཐོབ་པ་ཆོས་ཅན། ངེས་འབྱེད་དེར་མ་གཏོགས་ཏེ། འཕགས་པ་ལའང་ཁྱོད་རྒྱུད་ལྡན་ཡོད་པའི་ཕྱིར། གསུམ་པ་ངེས་ཚིག་ནི། ངེས་འབྱེད་ཆ་མཐུན་རྣམ་པ་བཞི། ཞེས་བྱུང་སྦྱོར་ལམ་བཞི་པོ་དེ་ཆོས་ཅན། ངེས་འབྱེད་ཆ་མཐུན་ཞེས་བྱ་སྟེ། ངེས་འབྱེད་ནི་འཕགས་ལམ་ཡིན་ལ། དེའི་ཆ་ཤས་མཐོང་ལམ་གྱི་ཕྱོགས་གཅིག་དང་མཐོང་ལམ་དེ་འདྲེན་བྱེད་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། གྲངས་ནི་རྣམ་པ་བཞི་ཡིན་ཏེ། སྔར་བཤད་པ་ལྟར་ཡིན་པའི་ཕྱིར། གཉིས་པ་ལ། ངོ་བོའི་ཁྱད་པར། རྟེན་གྱི་དང་། བྲལ་ཐོབ་ཀྱི་དང་། དེ་ལྡན་པའི་ཡོན་ཏན་དང་། ལམ་གཞན་དུ་འཇུག་ཚུལ་ལྔ། དང་པོ་ནི། བསྒོམས་བྱུང་། ཞེས་བྱུང་། སྔར་བཤད་པའི་དངོས་བསྟན་གྱི་སྦྱོར་ལམ་བཞི་ཆོས་ཅན། ཐོས་བྱུང་བསམ་བྱུང་བསྒོམས་བྱུང་གསུམ་པོ་གང་རུང་ཡིན་ཏེ། བསྒོམས་བྱུང་ཁོ་ན་ཡིན་པའི་ཕྱིར་གཉིས་པ་ལ། སེམས་རྟེན་དང་། ལུས་རྟེན་གཉིས། དང་པོ་ནི། མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ། །གཉིས་ནི་འོག་ནའང་ཡོད་པའམ། ཞེས་བྱུང་། སྦྱོར་ལམ་ཆོས་ཅན། ས་གང་ལ་བརྟེན་པ་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་དང་། ཁྱད་པར་དུ་བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་པའི་དངོས་གཞིའི་ས་རྣམས་ལ་བརྟེན་པའི་ཕྱིར། ཁ་ཅིག་དྲོད་རྩེ་གཉིས་འོག་ས་འདོད་སེམས་ལ་བརྟེན་པའང་ཡོད་ཅེས་འདོད་དེ། འམ་ནི་དཔྱད་བྱར་བཞེད་པའི་དོན་ཡིན་པའི་ཕྱིར། གཉིས་པ་ནི། འདོད་རྟེན་ཆོས་མཆོག་བུད་མེད་ཀྱི། །གཉིས་ཀའི་རྟེན་ཅན་འཐོབ་པར་འགྱུར། །ཞེས་བྱུང་། སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་ལུས་རྟེན་ཡོད་དེ། འདོད་པའི་རྟེན་ཅན་གྱི་གླིང་གསུམ་གྱི་མིའི་རྟེན་ལ་བཟོད་པ་ཆེན་པོ་མ་ཡིན་པའི་སྦྱོར་ལམ་དང་པོ་གསུམ་དང་། ཕྱི་མས་ལྷ་དག་ནི་ནང་དུ་མངོན་དུ་བྱེད་པ་ཡོད་ལ། བཟོད་པ་ཆེན་པོ་དང་ཆོས་མཆོག་ཆེན་པོ་ནི་ལྷའི་ནང་དུའང་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་ཆོས་ཅན། ཐོབ་ཚུལ་གྱི་ཁྱད་པར་ཡོད་དེ། སྔར་སྐྱེས་པའི་རྟེན་ལ་ཐོབ་པས་ནི་ཕྱིས་བུད་མེད་ཀྱི་རྟེན་ལ་མངོན་དུ་འགྱུར་བ་དང་། སྔར་བུད་མེད་ཀྱི་རྟེན་ལ་ཐོབ་པས་ནི་ཕྱིས་སྐྱེས་པའི་རྟེན་ལ་ཐོབ་པ་ཡོད་པས་སྐྱེས་པ་བུད་མེད་གཉིས་ཀའི་རྟེན་ཅན་ལ་ཐོབ་པ་ཡོད་ཅིང་། སྐྱེ་བ་བརྗེས་པ་དང་མཚན་འགྱུར་པ་ལས་ཀྱང་དེ་ལྟར་དུ་ཐོབ་པར་འགྱུར་བ་ཡོད་པའི་ཕྱིར། གསུམ་པ་བྲལ་ཐོབ་ཀྱི་ཁྱད་པར་ནི། འཕགས་པ་དེ་དག་ས་བོན་ནས། གཏོང་ངོ་འཕགས་མིན་འཆི་བས་སོ། །དང་པོ་གཉིས་ཡོངས་ཉམས་པས་ཀྱང་། །དངོས་གཞི་དེ་ལ་བདེན་པ་མཐོང་། །རྣམ་པར་ཉམས་ན་སྔོན་མེད་ཐོབ། །ཉམས་པ་གཉིས་ནི་མི་ལྡན་པ། །ཞེས་བྱུང་། སྦྱོར་ལམ་དེ་དག་ཆོས་ཅན། གང་གིས་གཏོང་བ་ཡོད་དེ། འཕགས་པས་ནི་ས་དྲུག་གང་རུང་ལ་བརྟེན་པའི་ས་དེ་དག་བོར་ནས་སམ་འཕོས་ནས་ཐོབ་པ་གཏོང་། འཕགས་མིན་སོ་སྐྱེས་ནི་འཆི་འཕོས་པས་སྦྱོར་ལམ་དེའི་ཐོབ་པ་གཏོང་བའི་ཕྱིར། སྦྱོར་ལམ་དང་པོ་གཉིས་ཆོས་ཅན། །གཏོང་རྒྱུ་གཞན་ཡོད་དེ། ལོག་ལྟས་ཡོངས་སུ་ཉམས་པར་བྱས་ནས་ཀྱང་གཏོང་བའི་ཕྱིར། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྦྱོར་ལམ་ཐོབ་པ་དེ་ཆོས་ཅན། ཚེ་དེ་ཉིད་ལ་བདེན་པ་མངོན་སུམ་དུ་འགྱུར་ཏེ། ཡིད་སྐྱོ་ཤས་ཆེ་བས་མཐོང་ལམ་དུ་ཚེ་དེར་འཇུག་ནུས་པའི་ཕྱིར། རྣམ་པར་ཉམས་པ་དེ་ཆོས་ཅན། སླར་ཐོབ་པའི་ཚེ་སྔོན་མེད་པ་ཉིད་འཐོབ་ཀྱི་བཏང་བ་ནི་ཐོབ་པ་མིན་ཏེ། མ་འདྲེས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ཉམས་པ་ཆོས་ཅན། སླར་ཐོབ་ཚུལ་གཉིས་ཡོད་དེ། གང་ཉམས་པའི་འཕྲོ་ནས་སྐྱེད་པ་དང་། གང་ཉམས་པ་དེ་སླར་གཞི་ནས་སྐྱེད་པ་གཉིས་ཡོད་པའི་ཕྱིར། ཡོངས་ཉམས་དང་རྣམ་ཉམས་ཀྱི་གང་ཟག་གཉིས་ཆོས་ཅན། སྦྱོར་ལམ་གང་ཉམས་པ་དེ་དང་མི་ལྡན་པ་ཡིན་ཏེ། དེ་ལས་ཉམས་པའི་གང་ཟག་ཡིན་པའི་ཕྱིར། བཞི་པ་ནི། རྩེ་མོ་ཐོབ་པ་རྩ་མི་ཆད། བཟོད་ཐོབ་ངན་སོང་མི་འགྲོའོ། ། ཞེས་བྱུང་། སྦྱོར་ལམ་དེ་དག་ཆོས་ཅན། ཁྱོད་ཐོབ་པ་ལ་ཡོན་ཏན་ཁྱད་པར་བ་ཡོད་དེ། ཁྱོད་ལས་དྲོད་ཐོབ་ལ་མ་ཉམས་པ་ལྟ་ཞོག །ཉམས་ཀྱང་སོར་ཆུད་དེ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། རྩེ་མོ་ཐོབ་པ་ནི་མཚམས་མེད་སོགས་བྱེད་པ་ཡོད་ཀྱང་དགེ་རྩ་མི་ཆད། བཟོད་པ་ཐོབ་པའི་ཚེ་ངན་སོང་དུ་སྐྱེ་བའི་རྒྱུ་མི་གསོག་པས་ངན་སོང་དུ་མི་འགྲོ་ལ། ཆོས་མཆོག་གི་ཚེ་བདེན་པ་མཐོང་བ་ལ་ཉེ་བའི་ཕྱིར། ལྔ་པ་ནི། གཉིས་སློང་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་བྱུང་། དྲོད་དང་རྩེ་མོ་གཉིས་ལ་གནས་པ་ཆོས་ཅན། སློབ་མ་སྟེ་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་ནི་སངས་རྒྱས་སུ་འགྱུར་བ་ཡོད་དེ། ཉན་རང་གང་རུང་དུ་རིགས་ངེས་པས་མ་ཁྱབ་པས་བྱང་སེམས་ཀྱི་ལམ་དུ་འཇུག་པ་ཡོད་པའི་ཕྱིར། དྲོད་རྩེ་བཟོད་པ་གསུམ་ལ་གནས་པ་ཆོས་ཅན། རང་གི་རིགས་ལས་ལོག་ནས་གཞན་དུ་འགྱུར་བ་ཡང་ཡོད་དེ། རང་རྒྱལ་དུ་འགྱུར་བ་ཡོད་པའི་ཕྱིར། གསུམ་པ་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་ནི། སྟོན་དང་བསེ་རུ་བྱང་ཆུབ་བར། བསམ་གཏན་མཐའ་སྟན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །མྱུར་བ་སྲིད་པ་གསུམ་གྱི་ཐར། ཐོས་བསམ་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་དུ་འཕེན་པར་བྱེད། །ཅེས་བྱུང་། རང་རྒྱལ་རིགས་དེས་དང་བསེ་རུ་ལྟ་བུ་ནི་རིགས་ལས་ལྡོག་པ་མེད་དེ། སྟོན་པ་དང་བསེ་རུ་ལྟ་བུའི་རང་རྒྱལ་གཉིས་ཀྱིས་དྲོད་ནས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་གྱི་ལམ་ཀུན་བསམ་གཏན་གྱི་མཐའ་བཞི་པའི་དངོས་གཞི་ལ་བརྟེན་ནས་སྟན་གཅིག་ལ་སྐྱེད་པར་བྱེད་པའི་ཕྱིར། དང་པོ་ནས་ངེས་འབྱེད་ཆ་མཐུན་སྐྱེད་པ་མིན་ཏེ། དེ་ཡི་སྔོན་དུ་ཐར་པ་ཆ་མཐུན་ཚོགས་ལམ་སྐྱེད་དགོས་པའི་ཕྱིར། ཉན་ཐོས་བརྩོན་འགྲུས་ཤིན་ཏུ་ཆེ་ཞིང་མྱུར་བ་ཆོས་ཅན། ཁྱོད་སྲིད་པ་སྟེ་ཚེ་གསུམ་གྱིས་འཁོར་བ་ལས་ཐར་བར་འགྱུར་ཏེ། ཚེ་དང་པོར་ཐར་ཆ། གཉིས་པ་ལ་ངེས་ཆ། གསུམ་པ་ལ་འཕགས་ལམ་རྫོགས་པར་སྐྱེད་ནུས་པའི་ཕྱིར། ཐར་པ་ཆ་མཐུན་དེ་ཆོས་ཅན། ངོ་བོ་ཡོད་དེ། ཐོས་བསམ་ལས་བྱུང་བ་གཙོ་ཆེ་བའི་ཕྱིར། དེ་ཆོས་ཅན། ལས་གསུམ་གྱིས་བསྡུས་པ་ཡོད་ཀྱང་ཡིད་ལས་གཙོ་ཆེ་སྟེ། བྱང་ཆུབ་འདོད་པའི་ཡིད་ལས་ཉིད་གཙོ་ཆེ་བའི་ཕྱིར། དེ་ཆོས་ཅན། རྟེན་གང་ལ་སྐྱེ་བ་ཡོད་དེ། གླིང་གསུམ་གྱི་མི་ཡི་ནང་དུ་འཕེན་པ་སྟེ་སྐྱེད་པར་བྱེད་པའི་ཕྱིར། གསུམ་པ་བདེན་པ་མངོན་རྟོགས་བཅུ་དྲུག་སྒོམ་ཚུལ་ལ། སྐྱེ་རིམ། གྲངས་ངེས། ས་གང་ལ་བརྟེན་པ། སྤོང་གཉེན་གྱི་ལམ་གང་ཡིན་བཤད་པ་དང་བཞི། དང་པོ་ནི། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལ་དེ་ནས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། །བདེན་པ་གསུམ་ལ་དེ་བཞིན་ནོ། །ཞེས་བྱུང་། འཇིག་རྟེན་པ་ཡི་ཆོས་མཆོག་ཆོས་ཅན། ཁྱོད་ལས་འཕགས་ལམ་སྐད་ཅིག་མ་བཅུ་དྲུག་རིམ་གྱིས་སྐྱེ་སྟེ། དང་པོར་སྡུག་བསྔལ་ལ་དམིགས་པའི་ཆོས་ཀྱི་བཟོད་པ་ཟག་པ་མེད་པ་འདོད་པའི་སྡུག་བསྔལ་ལ་དམིགས་ནས་སྐྱེ་ཞིང་། དེ་ནས་ནི་སྡུག་བདེན་དེ་ཉིད་ལ་དམིགས་པའི་སྡུག་བསྔལ་ཆོས་ཤེས་སྐྱེ། དེ་བཞིན་དུ་སྡུག་བསྔལ་གྱི་ལྷག་མ་ཁམས་གོང་གི་སྡུག་བསྔལ་ལ་དམིགས་པའི་རྗེས་བཟོད་སྐྱེ། དེ་ནས་དེ་ལ་དམིགས་པའི་རྗེས་ཤེས་སྐྱེ་ལ། བདེན་པ་གཞན་གསུམ་ལའང་དེ་བཞིན་དུ་སྦྱོར་བ་ཡིན་པའི་ཕྱིར། སྦྱོར་ཚུལ་ཡོད་དེ། སྡུག་བསྔལ་ཆོས་ཤེས་ཀྱི་མཇུག་ཏུ་འདོད་པའི་ཀུན་འབྱུང་ཆོས་བཟོད་དང་། ཀུན་འབྱུང་ཆོས་ཤེས། དེ་ནས་ཁམས་གོང་མའི་ཀུན་འབྱུང་རྗེས་བཟོད་དང་། ཀུན་འབྱུང་རྗེས་ཤེས། དེ་ནས་འདོད་པའི་འགོག་པ་ཆོས་བཟོད་དང་ཆོས་ཤེས། དེ་ནས་གོང་མའི་འགོག་པ་རྗེས་བཟོད་དང་རྗེས་ཤེས། དེ་ནས་འདོད་པའི་ལམ་ཆོས་བཟོད་དང་ཆོས་ཤེས། དེ་ནས་གོང་མའི་ལམ་རྗེས་བཟོད་དང་རྗེས་ཤེས་རྣམས་རིམ་གྱིས་སྐྱེ་བའི་ཕྱིར། གཉིས་པ་གྲངས་ངེས་ནི། དེ་ལྟར་བདེན་པ་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ་རྣམ་གསུམ་མོ། །མཐོང་དམིགས་བྱ་བ་ཞེས་བྱའོ། །ཞེས་བྱུང་། དེ་ལྟར་བཤད་པའི་བདེན་པ་མངོན་རྟོགས་འདི་ཆོས་ཅན། ཟག་མེད་ཀྱི་སེམས་བཅུ་དྲུག་ཏུ་ངེས་ཏེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཏུ་ངེས་པའི་ཕྱིར། རྣམ་པ་གསུམ་གསུམ་དུའང་འགྱུར་ཏེ། མཐོང་བའི་མངོན་རྟོགས། དམིགས་པའི་མངོན་རྟོགས། བྱ་བའི་མངོན་རྟོགས་ཞེས་བྱ་བ་གསུམ་ཡོད་པའི་ཕྱིར། དེར་ཐལ། བདེན་པ་མཐོང་བའི་སྒོ་ནས་དང་པོ། མཚུངས་ལྡན་གྱི་སེམས་བྱུང་རྣམས་གཉིས་པ། བྱ་བ་ཉིད་མངོན་པར་རྟོགས་པ་ནི་གསུམ་པ་ཡིན་པའི་ཕྱིར། སྤྱི་དོན་གྱིས་བཤད་ན་འདོད་ཚུལ་མང་ཡང་། སྐྱེ་ཚུལ་ལ། འདིར་མངོན་རྟོགས་བཅུ་དྲུག་པོ་ཐམས་ཅད་རིམ་ཅན་དུ་སྐྱེ་བར་འདོད་ཅིང་། གཞན་དག་བཟོད་པ་བརྒྱད་ཅིག་ཅར་དང་། ཤེས་པ་བརྒྱད་ཅིག་ཅར་དུ་སྐྱེ་བར་འདོད་པ་དང་མི་འདྲའོ། །གསུམ་པ་སེམས་རྟེན་ནི། དེ་ནི་ཆོས་མཆོག་དང་གཅིག་ཞེས་བྱུང་། བདེན་པ་མངོན་པར་རྟོགས་པའི་སེམས་དེ་ཆོས་ཅན། ཁྱོད་ཀྱི་སེམས་རྟེན་ཡོད་དེ། སྦྱོར་ལམ་ཆོས་མཆོག་དང་སེམས་རྟེན་ས་གཅིག་པའི་ཕྱིར། དེར་ཐལ། བསམ་གཏན་ས་དྲུག་ལ་བརྟེན་ཅིང་། ཆོས་མཆོག་དང་མཉམ་གཞག་ཐུན་གཅིག་གིས་བསྡུས་པའི་ཕྱིར། བཞི་པ་གཉེན་པོ་དང་སྤོང་ལམ་བཤད་པ་ནི། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། དེ་ལས་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་བྱུང་། སྐད་ཅིག་བཅུ་དྲུག་པོ་དེ་དག་ཆོས་ཅན། གཉིས་སུ་འདུ་བ་སྟེ། བཟོད་པ་བརྒྱད་བར་ཆད་མེད་ལམ་དང་། ཤེས་པ་བརྒྱད་རྣམ་གྲོལ་ལམ་དུ་གོ་རིམ་བཞིན་འཇོག་པའི་ཕྱིར། དེར་ཐལ། དང་པོ་བརྒྱད་ནི་རང་གི་སྤང་བྱ་དངོས་སུ་སྤོང་བ་ལ་གཞན་གྱིས་བར་དུ་གཅོད་མི་ནུས་ཤིང་། ཕྱི་མ་བརྒྱད་ནི་སྤང་བྱ་དེ་དག་ལས་རྣམ་པར་གྲོལ་བའི་སྒོ་ནས་དེ་ལྟར་བཞག་པའི་ཕྱིར། དེ་དག་ལས་སྐད་ཅིག་སྔ་མ་བཅོ་ལྔ་པོ་ནི་ཆོས་ཅན། མཐོང་བའི་ལམ་ཡིན་ཏེ། བདེན་པའི་རྣམ་པ་སྔར་མངོན་སུམ་མ་མཐོང་བ་གསར་དུ་མཐོང་བའི་ལམ་ཡིན་པའི་ཕྱིར། བཅུ་དྲུག་པ་ཆོས་ཅན། དེ་མིན་ཏེ། མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ་ཡིན་པའི་ཕྱིར། དེ་དག་ལས་གཉེན་པོ་དང་སྤོང་ལམ་གྱི་ཁྱད་པར་ཡོད་དེ། བཟོད་པ་བརྒྱད་ནི་སྤང་བྱའི་གཉེན་པོ་ཡིན་པས་གཉེན་པོའི་ལམ་དང་། ཤེས་པ་བརྒྱད་ནི་སྤང་པ་ལ་དབང་བསྒྱུར་བས་སྤོང་ལམ་དུ་འཇོག་པའི་ཕྱིར། གཉིས་པ་གང་ཟག་གི་རྣམ་གཞག་ལ། ཞུགས་གནས་ཀྱི་རྣམ་གཞག་སྤྱིར་བསྟན་པ། ནང་ཚན་གྱི་སྒོ་ནས་བདུན་དུ་དབྱེ་བ། གང་ཟག་གི་རིགས་བསྡུས་པ་དང་གསུམ། དང་པོ་ལ། རྒྱུན་ཞུགས་དང་ཆགས་བྲལ་སྔོན་སོང་གི་རྣམ་གཞག་དང་། འབྲས་བུ་རིམ་གྱིས་པའི་རྣམ་གཞག་གཉིས། དང་པོ་ནི། དབང་པོ་རྣོ་རྟུལ་དེ་དག་ཏུ། དད་དང་ཆོས་ཀྱི་རྗེས་འབྲང་བ། །སྒོམ་པའི་སྤང་བྱ་མ་སྤངས་པ། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པ་དེ་ཡི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་བྱུང་། མངོན་རྟོགས་དེ་དག་ཏུ་གནས་པའི་གང་ཟག་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ། དབང་པོ་རྣོ་བ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དབང་རྟུལ་དད་པའི་རྗེས་འབྲང་གཉིས་ཡོད་པའི་ཕྱིར། དེ་གཉིས་ལས་སྔོན་སྒོམ་པའི་སྤང་བྱ་གཅིག་ཀྱང་མ་སྤངས་པ་ནི་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ལ། དེ་གཅིག་ནས་རྣམ་པ་ལྔའི་བར་བཅོམ་པ་དེ་ཡང་དེ་ལ་ཞུགས་པ་ཡིན་ཏེ། རྒྱུན་ཞུགས་ཞུགས་པ་ཡིན་པའི་ཕྱིར། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དྲུག་པ་ནས་དགུ་པ་ཚུན་ཆད་དེ་བརྒྱད་པ་ཟད་པ་དེ་ཆོས་ཅན། འབྲས་བུ་གཉིས་པ་ཕྱིར་འོང་ལ་ཞུགས་པ་ཡིན་ཏེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ཡིན་པའི་ཕྱིར། མཐོང་ལམ་གྱི་སྔོན་དུ་འདོད་པ་ལ་ཆགས་པ་དང་བྲལ་བའམ། ཡང་ན་གོང་མ་ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བ་དེ་ཆོས་ཅན། འབྲས་བུ་གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་ཡིན་ཏེ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་ཡིན་པའི་ཕྱིར། ཞུགས་པ་དེ་གསུམ་པོ་གང་ཞིག་འབྲས་བུ་དེ་གསུམ་གང་ཐོབ་པའི་ཕྱིར་ཞུགས་པ་དེ་ཆོས་ཅན། བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པ་དེའི་ཚེ་འབྲས་གནས་གསུམ་དུ་རིམ་པར་འཇོག་སྟེ། དེའི་ཚེ་རྒྱུན་ཞུགས་སོགས་གསུམ་གྱི་འབྲས་བུ་གང་ཡིན་པ་དེ་ཐོབ་པར་འཇོག་པའི་ཕྱིར། དེའི་ཚེ་དབང་པོ་རྣོ་རྟུལ་དེ་དག་ཆོས་ཅན། དད་པ་དང་ཆོས་ཀྱི་རྗེས་འབྲང་ཞེས་མི་བྱ་སྟེ། དབང་རྟུལ་ལ་དད་པས་མོས་པ་དང་དབང་རྣོན་ལ་མཐོང་བས་ཐོབ་པ་ཞེས་བྱ་བའི་ཕྱིིར། འབྲས་བུ་ཐོབ་པས་ནི་འབྲས་བུ་གོང་མ་ཐོབ་པའི་ཕྱིར་དུ་མི་བརྩོན་པ་དེ་ཆོས་ཅན། འབྲས་གནས་གོང་མ་དེའི་ཞུགས་པ་མ་ཡིན་ཏེ། འབྲས་བུ་ཁྱད་པར་ཅན་གྱི་ཞུགས་པའི་ལམ་ཐོབ་པ་མེད་པ་དེ་ཡི་ཕྱིར། གཉིས་པ་ལ་སྤང་བྱ་སྤོང་ཚུལ་དང་། ཞུགས་གནས་ཀྱི་རྣམ་གཞག་དངོས་གཉིས། དང་པོ་ནི། ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་བྱུང་། འདོད་པ་ནས་སྲིད་རྩེའི་བར་གྱི་ས་དང་ས་ཆོས་ཅན། ཁྱོད་ལ་ཉེས་པ་རྣམ་པ་དགུ་དགུ་ཡོད་དེ། སྒོམ་སྤང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དང་། དེ་རེ་རེ་ལའང་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་ཡོད་པའི་ཕྱིར། དེ་བཞིན་དུ་སྒོམ་ལམ་གྱི་ཡོན་ཏན་ཆོས་ཅན། དགུ་རྣམས་ཡོད་དེ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་རེ་རེ་ལའང་། །ཆུང་ངུ་དང་འབྲིང་དང་ཆེ་རྣམས་ཀྱི་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཐ་དད་དུ་དབྱེ་བ་ཡོད་པའི་ཕྱིར། གཉིས་པ་ལ། རྒྱུན་ཞུགས་ཞུགས་འབྲས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཞུགས་གནས་དང་བཞི། དང་པོ་ལ་གཉིས་ཀྱི་ཞུགས་པ་བཤད་ཟིན་ཅིང་། འབྲས་གནས་ལ། ཙམ་པོ་པ་དང་། ཁྱད་པར་ཅན་གཉིས། དང་པོ་ནི། འབྲས་གནས་སྒོམ་སྤང་བྱ་མ་ཟད། རེ་ལྟར་ཐོགས་ན་ལན་བདུན་པ། ཞེས་བྱུང་། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། འབྲས་བུ་ལ་གནས་པ་གང་ཞིག །སྒོམ་པའི་སྤང་བྱ་གཅིག་ཀྱང་མ་ཟད་པ་དེ་ནི། རྒྱུན་ཞུགས་རེ་ལྟར་ཐོགས་པ་སྟེ་མཆོག་ཏུའམ་རབ་ཏུ་ཐོགས་ན་འདོད་པར་སྐྱེ་སྲིད་ལན་བདུན་ལེན་པའི་རིགས་ཅན་གྱི་རྒྱུན་ཞུགས་ཡིན་པའི་ཕྱིར། དེ་ལ་ཡང་ངེས་མ་ངེས་གཉིས་ཡོད། རྒྱུན་ཞུགས་ཀྱི་སྒྲ་དོན་ཡོད་དེ། ཐར་ལམ་གྱི་རྒྱུན་ལ་དང་པོར་ཞུགས་པའི་རིགས་ཅན་ཡིན་པས་ན་དེར་བརྗོད་པའི་ཕྱིར། གཉིས་པ་ནི། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་བྱུང་། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ཆོས་ཅན། འཇོག་ཚུལ་ཡོད་དེ། འབྲས་བུ་གོང་མ་ཐོབ་ཕྱིར་དུ་ཞུགས་པ་གང་ཞིག །འདོད་པའི་སྒོམ་སྤང་ཉོན་མོངས་རྣམ་པ་གསུམ་མམ། རྣམ་པ་བཞི་ལས་གྲོལ་བ་དང་། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང་། འདོད་པའི་ལྷའམ་མིའི་ཚེ་གཉིས་སམ་གསུམ་ལས་ཤིང་། ལྷ་མི་གང་རུང་གི་རིགས་ནས་རིགས་སུ་སྐྱེ་བ་ལེན་པའི་རིགས་ཅན་དེ་དེ་ཡིན་པའི་ཕྱིར། གཉིས་པ་ལ། ཕྱིར་འོང་ཞུགས་པ་དང་འབྲས་གནས་གཉིས། དང་པོ་ནི། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །ཞེས་བྱུང་། གཉིས་པ་རིམ་གྱིས་པའི་ཕྱིར་འོང་ཆོས་ཅན། ཁྱོད་ཀྱི་ཞུགས་པ་ཡོད་དེ། འབྲས་གནས་གང་ཞིག །སྒོམ་སྤང་གཅིག་ནས་རྣམ་པ་ལྔའི་བར་བཅོམ་པ་གང་ཡིན་པ་དེ་དེ་ཡིན་པའི་ཕྱིར། གཉིས་པ་ལ། ཙམ་པོ་བ་དང་། ཁྱད་པར་ཅན་གཉིས། དང་པོ་ནི། རྣམ་པ་དྲུག་པ་ཟད་གྱུར་པ། དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་བྱུང་། ལན་ཅིག་ཕྱིར་འོང་པའི་འབྲས་གནས་ཆོས་ཅན། འཇོག་ཚུལ་ཡོད་དེ། འབྲས་གནས་བཞི་གང་རུང་གང་ཞིག །སྒོམ་སྤང་རྣམ་པ་དྲུག་པ་ཟད་པར་གྱུར་པས་རབ་ཏུ་ཕྱེ་བའི་གང་ཟག་དེ་ནི་དེ་ཡིན་པའི་ཕྱིར། གཉིས་པ་ནི། ཉེས་ཆ་བདུན་ནམ་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། ཞེས་བྱུང་། ཕྱིར་འོང་བར་ཆད་གཅིག་པ་ཆོས་ཅན། འཇོག་ཚུལ་ཡོད་དེ། འདོད་པའི་ཉེས་པའི་ཆུ་བདུན་ནམ་བརྒྱད་ཟད་པ། དེའི་གཉེན་པོ་ཐོབ་པ། དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་དང་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་བར་ཆད་གཅིག་གིས་ཆོད་པའི་ཕྱིར་འོང་དེ་དེ་ཡིན་པའི་ཕྱིར། གསུམ་པ་ལ། ཞུགས་པ་དང་། འབྲས་གནས་གཉིས། དང་པོ་ནི། གསུམ་པ་ལ་ནི་ཞུགས་པའང་ཡིན། ཞེས་བྱུང་། ཕྱིར་འོད་འབྲས་གནས་དེ་ཆོས་ཅན། གསུམ་པ་ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པའང་ཡིན་ཏེ། དེ་ཐོབ་ཕྱིར་དུ་བརྩོན་པའི་ཕྱིར་འོད་འབྲས་གནས་ཁྱད་པར་ཅན་ཡིན་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་དགུ་ཟད་པ་ཕྱིར་མི་འོང་། ཞེས་བྱུང་། ཕྱིར་མི་འོང་འབྲས་གནས་དེ་ཆོས་ཅན། ཁྱོད་ཐོབ་པའི་དུས་ཡོད་དེ། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དེས་འདོད་ཉོན་དགུ་པ་དེ་ཉིད་སྤངས་ཤིང་ཟད་པའི་ཚེ་ཁྱོད་དུ་གྱུར་པ་ཡིན་པའི་ཕྱིར། གཉིས་པ་ལ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ། མཐོང་ཆོས་ཞི། ཉེར་འགྲོ་དགུར་དབྱེ་བ། ཚེ་ཡོངས་གྱུར། ལུས་མངོན་བྱེད་དང་དྲུག །དང་པོ་ལ། རྩ་བའི་སྒོ་ནས་ལྔར་དབྱེ་བ་དང་། གོང་འཕོ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས་ཞེས་བྱུང་། ཕྱིར་མི་འོང་དེ་ནི་ཆོས་ཅན། ཁྱོད་ལ་དབྱེ་ན་ལྔ་ཡོད་དེ། བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་བར་འདའ་བ་དང་། གཟུགས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་དེ་མངོན་དུ་བྱེད་པའི་སྐྱེས་ནས་འདའ་བ་དང་། སྐྱེས་ནས་འབད་བརྩོན་འདུ་བྱེད་དང་བཅས་པས་དེ་མངོན་དུ་བྱེད་པའི་འདུ་བྱེད་དང་བཅས་ཏེ་འདའ་བ་དང་། འབད་རྩོལ་ཆེན་པོ་མེད་པར་དེ་མངོན་དུ་བྱེད་པའི་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་ལྔ་རྣམས་སུ་ཡོད་པའི་ཕྱིར། རྒྱས་པར་ནི་གཞན་དུ་ཤེས་སོ། །གཉིས་པ་ནི། དེ་ནི། །བསམ་གཏན་སྤེལ་ནས་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་བྱུང་། ཕྱིར་མི་འོང་གོང་འཕོ་དེ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། བསམ་གཏན་སྤེལ་སྒོམ་བྱས་ནས་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། གཞན་དེ་མ་བྱས་པར་སྲིད་པའི་རྩེ་མོའི་བར་འགྲོ་བ་གཉིས་ཡོད་པའི་ཕྱིར། གཟུགས་ཉེར་འགྲོའི་ཕྱིར་མི་འོང་དེ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། གཟུགས་ཀྱིི་གནས་གཉིས་གསུམ་ཙམ་གཟུང་ནས་གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འཕར་བ་དང་། གནས་གཙང་དུ་སྐྱེས་ཀྱང་འགའ་ཞིག་བརྒལ་ནས་འོག་མིན་དུ་འཇུག་པའི་ཕྱེད་དུ་འཕར་བ་དང་། ཚངས་ཆེན་མ་གཏོགས་པའི་གཟུགས་ཀྱི་གནས་ཐམས་ཅད་དུ་འཕོས་ནས་འོག་མིན་དུ་འཇུག་པའི་གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། ཞེས་བྱུང་། གཞན་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་ཆོས་ཅན། ཁྱོད་རྣམ་པ་བཞི་ཡོད་དེ། སྐྱེ་འདའ་བ་ནས་གོང་འཕོའི་བར་བཞི་ཡོད་པའི་ཕྱིར། གསུམ་པ་མཐོང་ཆོས་ཞི་ནི། གཞན་ནི་འདི་ལ་མྱ་ངན་འདའ། ཞེས་བྱུང་། གཞན་ཕྱིར་མི་འོང་མཐོང་ཆོས་ཞི་ཆོས་ཅན། བཞག་ཏུ་ཡོད་དེ། ཉེར་འགྲོ་གཉིས་ལས་གཞན་པའི་ཕྱིར་མི་འོང་མཐོང་ལམ་ཐོབ་པའི་ཚེ་འདི་ལ་མྱ་ངན་ལས་འདའ་བ་དེ་དེ་ཡིན་པའི་ཕྱིར། བཞི་པ་ལ། དགུར་བཤད་པ་དང་། དེ་ཡི་ཁྱད་པར་དང་། དམ་པའི་འགྲོ་བ་བདུན་དང་གསུམ། དང་པོ་ནི། གསུམ་ལའང་རྣམ་པ་གསུམ་ཕྱིན་ནས། །གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །ཅེས་བྱུང་། གཟུགས་སུ་ཉེར་འགྲོ་ཆོས་ཅན། ཁྱོད་ལ་དབྱེ་ན་དགུར་ཡོད་པར་བཤད་དེ། བར་འདའ་བ་དང་། སྐྱེ་འདའ་བ་དང་། གོང་དུ་འཕོ་བ་གསུམ་ལ་ཡང་རྣམ་པ་གསུམ་གསུམ་དུ་ཕྱེ་ནས་དགུར་ཡོད་པའི་ཕྱིར། དེར་ཐལ། དང་པོ་ལ་མྱུར་བར་དང་། མྱུར་བ་མིན་པར་དང་། དུས་རིང་ནས་འདའ་བ་གསུམ། གཉིས་པ་ལ་སྐྱེས་ཙམ་ནས་དང་། འདུ་བྱེད་དང་བཅས་ཏེ་དང་། འདུ་བྱེད་མེད་པར་འདའ་བ་གསུམ། གསུམ་པ་ལ་འཕར་བ་དང་། ཕྱེད་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། དེ་དག་གི་ནི་ཁྱད་པར་རྣམས། །ལས་དང་ཉོན་མོངས་བྱེ་བྲག་ལ། །ཞེས་བྱུང་། ཕྱིར་མི་འོང་དགུ་པོ་དེ་དག་གི་ཆོས་ཅན། ཁྱད་པར་རྣམས་དེ་ལྟར་འབྱུང་བའི་རྒྱུ་མཚན་ཡོད་དེ། ལས་དང་དབང་པོ་དང་ཉོན་མོངས་པའི་བྱེ་བྲག་ལས་བཞག་པའི་ཕྱིར། དེར་ཐལ། དང་པོ་གསུམ་མངོན་པར་འགྲུབ་པའི་ལས་ཀྱི་དང་། བར་པ་གསུམ་སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། ཕྱི་མ་གསུམ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་། ཡང་རིམ་པ་བཞིན་དབང་པོ་རྣོ་འབྲིང་རྟུལ་གསུམ་དང་། ཡང་རིམ་པ་བཞིན་ཉོན་མོངས་ཆུང་འབྲིང་ཆེན་པོ་གསུམ་གྱི་བྱེ་བྲག་གམ་ཁྱད་པར་གྱིས་བཞག་པའི་ཕྱིར། གསུམ་པ་ནི། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་དེ། །ཞེས་བྱུང་། མདོ་ལས་བསྟན་པའི་སྐྱེས་བུ་དམ་པའི་འགྲོ་བ་དེ་ཆོས་ཅན། ཁྱོད་ལ་བདུན་དུ་ཡོད་དེ། སྔར་གྱི་དགུ་པོ་དེ་ལས་གོང་དུ་འཕོ་བ་མ་ཕྱེ་བར་གཅིག་ཏུ་བགྲང་བས་བདུན་དུ་ཡོང་བའི་ཕྱིར། དེ་ཆོས་ཅན། དམ་པ་ཞེས་བྱ་སྟེ། དམ་པ་དགེ་བ་ཁོ་ནར་འཇུག་ཅིང་། དམ་མིན་མི་དགེ་བ་ལ་མི་འཇུག་པའི་ཕྱིར། ཕྱིར་མི་འོང་ཞེས་བྱ་སྟེ། འདོད་པ་ལས་སོན་ཞིང་རང་ས་དང་འོག་སར་ཚེ་ཕྱི་མར་སླར་མི་འོང་བའི་འགྲོ་བ་ཡིན་པའི་ཕྱིར། ལྔ་པ་ཚེ་ཡོངས་གྱུར་པ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། ཁམས་གཞན་དུ་ནི་འགྲོ་བ་མེད། །དེ་དང་གོང་མར་སྐྱེས་པ་ན། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཞེས་བྱུང་། འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་བུ་གང་རུང་ཐོབ་ནས་འདོད་པའི་ཚེ་གཉིས་པར་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་ཕྱིར་མི་འོང་ཞིག་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁམས་གཞན་དུ་ནི་འགྲོ་བ་མེད་དེ། འདོད་པའི་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། དེ་དང་ཁམས་གོང་མར་སྐྱེས་པའི་འཕགས་པ་ཆོས་ཅན། ཡོངས་སུ་ཉམས་དང་དབང་པོ་འཕོ་བ་མི་བསྟེན་ཏེ། མི་ཉམས་པ་དང་དབང་པོ་མི་འཕོ་བའི་རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར། གཉིས་པ་ནི། དང་པོ་བཞི་པ་སྤེལ་བར་བྱེད། སྐད་ཅིག་མ་ནི་བསྲེས་པས་འགྲུབ། །སྐྱེ་དང་གནས་པར་བྱ་ཕྱིར་དང་། ཉོན་མོངས་བས་ནི་འཇིག་ཕྱིར་ཡང་། །དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་བྱུང་། ཕྱིར་མི་འོང་དང་དགྲ་བཅོམ་ཁ་ཅིག་ཆོས་ཅན། ཁྱོད་ཀྱིས་བསམ་གཏན་སྤེལ་སྒོམ་བྱེད་པའི་ཚེ་དང་པོར་བསམ་གཏན་བཞི་པ་སྤེལ་བར་བྱེད་པ་ཡིན་ཏེ། དེ་བསམ་གཏན་གཞན་གྱི་མཆོག་ཡིན་པའི་ཕྱིར། སྤེལ་ཚུལ་ཡོད་དེ། བསམ་གཏན་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་དང་། དེ་ལས་བཟློག་པ་སོགས་སྐད་ཅིག་མ་རེ་རེ་བཞིན་བསྲེས་པས་འགྲུབ་པའི་ཕྱིར། དགོས་པ་ཡོད་དེ། གནས་གཙང་དུ་སྐྱེ་བ་དང་། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། ཉོན་མོངས་མ་སྤངས་པའི་དབང་རྡུལ་འགའ་ཞིག་ཉོན་མོངས་པས་ནི་འཇིག་པ་དེ་ཞི་བའི་ཕྱིར་ཡང་སྒོམ་པར་བྱེད་པའི་ཕྱིར། བསྒོམ་ཚུལ་ལྔར་ངེས་ཏེ། གནས་གཙང་མར་སྐྱེ་བའི་གནས་ལ་མི་ཆེ་བ་སོགས་ལྔ་ཁོ་ན་ཡིན་པས་དེར་སྐྱེ་བའི་རྒྱུ་བསམ་གཏན་སྤེལ་སྒོམ་བྱེད་ཚུལ་དེ་ནི་རྣམ་པ་ལྔ་ཁོ་ནར་ངེས་པའི་ཕྱིར། སྤེལ་སྒོམ་ཆོས་ཅན། ཁྱོད་ལ་ལྔ་ཡོད་དེ། ཆུང་ངུ་གསུམ་དུ་སྤེལ་བ། འབྲིང་དྲུག་ཏུ་སྤེལ་བ། ཆེན་པོ་དགུར་སྤེལ་བ། ཤིན་ཏུ་ཆེ་བ་བཅུ་གཉིས་སུ་སྤེལ་བ། ཤིན་ཏུ་ཆེས་ཆེར་བཅོ་ལྔར་སྤེལ་བ་རྣམས་སུ་ཡོད་པའི་ཕྱིར། དྲུག་པ་ན། འགོག་པ་ཐོབ་པའི་ཕྱིར་མི་འོང་། ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས་བྱུང་། ཕྱིར་མི་འོང་ལུས་མངོན་བྱེད་ཆོས་ཅན། བཞག་ཏུ་ཡོད་དེ། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་དེ་ཕྱིར་མི་འོང་ལུས་ཀྱིས་མངོན་དུ་བྱེད་པར་འདོད་པའི་ཕྱིར། ལུས་ཀྱིས་མངོན་དུ་བྱེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སེམས་སམ་ཚོར་འདུ་འགག་པའི་ལུས་ལ་བརྟེན་ནས་སྙོམས་འཇུག་དེ་སྐྱེ་བའི་ཕྱིར། སྤྱིར་ཕྱིར་མི་འོང་ལ་དབྱེ་ན་ཁྲི་ཉིས་སྟོང་དགུ་བརྒྱ་དང་དྲུག་ཅུ་ཡོད་དེ། ཕྱིར་མི་འོང་བར་འདའ་བ་སོགས་རིགས་ལྔ་པོ་རེ་རེ་ལའང་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་རེ་ཡོད་པར་རང་འགྲེལ་ལས་བཤད་པའི་ཕྱིར། བཞི་པ་དགྲ་བཅོམ་ཞུགས་འབྲས་ལ། ཞུགས་པ་དང་། འབྲས་གནས་གཉིས། དང་པོ་ནི། སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་བྱུང་། དགྲ་བཅོམ་ཞུགས་པ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། བསམ་གཏན་དང་པོའི་སྒོམ་སྤང་གཅིག་སྤངས་གནས་སྲིད་རྩེའི་བར་གྱི་སྒོམ་སྤང་གི་ཆ་བརྒྱད་པ་ཟད་པའི་ཕྱིར་མི་འོང་རྣམས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་པའི་ཕྱིར་དང་། སྲིད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་པའི་འབྲས་གནས་གཞན་དེ་ཡང་དེ་ཡིན་པའི་ཕྱིར། བར་ཆད་མེད་ལམ་དེ་ཆོས་ཅན། རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་ཡིན་ཏེ། རྫས་ཀྱི་རྡོ་རྗེ་ཕ་ལམ་ལྟར་ཉོན་མོངས་པ་ཐམས་ཅད་འཇོམས་ཤིང་འབིགས་པའི་སྒོམ་ལམ་བར་ཆད་མེད་ལམ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་འབྲས་གནས་ལ། དངོས་དང་། ཁྱད་ཆོས་དང་། དབྱེ་བ་གསུམ། དང་པོ་ན། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། ཞེས་བྱུང་། དགྲ་བཅོམ་འབྲས་གནས་ཆོས་ཅན། ཁྱོད་ཐོབ་པའི་དུས་ཡོད་དེ། སྲིད་ཉོན་དགུ་པ་དེ་ཟད་པའི་བྲལ་བ་ཐོབ་པ་དང་ལྷན་ཅིག་ཟག་པ་ཟད་པའི་ཤེས་བསྐྱེད་པ་དེའི་ཚེ་ཐོབ་པ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ཁྱོད་ཀྱི་ཞུགས་པ་དེས་ལམ་དེའི་གོང་དུ་སློབ་མི་དགོས་པའི་རང་ལམ་གྱི་མི་སློབ་པའི་ལམ་གསར་དུ་ཐོབ་པའི་ཕྱིར། གཉིས་པ་ལ། ཆགས་བྲལ་གྱི་རྣམ་གཞག་དང་། དགེ་སྦྱོང་ཚུལ་གྱི་རྣམ་གཞག་གཉིས། དང་པོ་ལ། གང་གིས་ཆགས་པ་དང་བྲལ་བའི་ལམ་དང་། དྲལ་ཐོབ་སྐྱེ་ཚུལ། ས་གང་གི་གང་ལ་ཆགས་པ་དང་བྲལ་བ། འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་བཤད་པ་བཞི། དང་པོ་ནི། འཇིག་རྟེན་འདས་ཀྱིས་སྲིད་རྩ་ལས། ཆགས་བྲལ་གཞན་ནི་རྣམ་པ་གཉིས། ཞེས་བྱུང་། ཤེས་བྱ་ཆོས་ཅན། ལམ་གང་གིས་གང་ལ་ཆགས་པ་དང་བྲལ་བར་བྱེད་ཚུལ་ཡོད་དེ། འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་སྲིད་རྩེ་ལས་ཆགས་པ་དང་བྲལ་བར་བྱེད་པ། སྲིད་རྩེ་ལས་གཞན་པའི་ཉོན་མོངས་བརྒྱད་ནི་འཇིག་རྟེན་ལས་འདས་མ་འདས་ཀྱི་སྒོམ་ལམ་རྣམ་པ་གཉིས་ཀྱིས་ཆགས་བྲལ་བྱེད་པ་ཡོད་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་པ་བྲལ་བའི་ཐོབ་རྣམ་གཉིས། ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང་། །བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །སྲིད་རྩེའི་བྱེད་ལས་རྣམ་གྲོལ་དང་། །གོང་དུ་སྐྱེས་པ་བཞིན་མི་ལྡན། ཞེས་བྱུང་། འཕགས་པ་འཇིག་རྟེན་པ་ཡི་ལམ་གྱིས་འདོད་ཆགས་དང་བྲལ་བར་གྱུར་པ་ཆོས་ཅན། ཁྱོད་ལ་འཕགས་པའི་བྲལ་བའི་ཐོབ་པ་འཇིག་རྟེན་ལས་འདས་མ་འདས་རྣམ་པ་གཉིས་ཡོད་དེ། འཇིག་རྟེན་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་གཉིས་ཡོད་པའི་ཕྱིར། ཁ་ཅིག་ན་རེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བ་རྣམ་པ་གཉིས་ཡོད་དེ། ལམ་གོང་མ་བཏང་བ་ལ་དེའི་ཉོན་མོངས་དང་མི་ལྡན་པ་ཡོད་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། འདས་ལམ་གྱིིས་སྲིད་རྩེའི་ཕྱེད་ལས་རྣམ་པར་གྲོལ་བའི་ཕྱིར་མི་འོང་འགའ་ཞིག་དབང་པོ་འཕོས་པ་ན་ལམ་སྔ་མ་བཏང་ཞིང་འཇིག་རྟེན་པའི་བྲལ་ཐོབ་མེད་ཀྱང་སྲིད་རྩེའི་ཉོན་མོངས་སླར་མི་ལྡན་པ་དང་། འདོད་པར་ཆགས་བྲལ་གྱི་སོ་སྐྱེ་བསམ་གཏན་དང་པོ་ཡན་གྱི་གོང་དུ་སྐྱེས་པ་ལ་འདོད་པའི་ཉོན་མོངས་དང་བྲལ་བའི་ཐོབ་པ་ཟག་བཅས་བཏང་བས་བྲལ་ཐོབ་མེད་ཀྱང་འདོད་ཉོན་སླར་མི་ལྡན་པ་བཞིན་ཡོད་པའི་ཕྱིར། གསུམ་པ་ནི། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་པ་ནི་འདོད་ཆགས་བྲལ། །ས་གསུམ་ལས་རྒྱལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །གོང་མའི་ཉེར་བསྡོགས་ལས་མིན་འཕགས། །བརྒྱད་ཀྱི་རང་གོང་ས་ལས་རྒྱལ། །ཞེས་བྱུང་། ཟག་མེད་ཀྱི་ས་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཟག་མེད་དང་། དང་པོའི་དངོས་གཞི་ཟག་མེད་ཙམ་ཁྱད་གཉིས་དང་། བསམ་གཏན་ཕྱི་མ་གསུམ་གྱི་དངོས་གཞི་ཟག་མེད་དང་། གཟུགས་མེད་གསུམ་གྱི་ཟག་མེད་གསུམ་དང་དགུ་ཡོད་པའི་ཕྱིར། དེ་ལས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་ཡིས་ཆོས་ཅན། འདོད་པ་ནས་སྲིད་རྩེའི་བར་གྱི་ས་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར་བྱེད་ནུས་ཏེ། བར་ཆད་མེད་ལམ་གྱི་བདག་ཉིད་དང་འབྲེལ་བའི་སྒོ་ནས་དེ་ལྟར་ནུས་པའི་ཕྱིར་ཏེ། དེས་འདོད་པ་དང་བསམ་གཏན་དང་པོ་གཉིས་ཏེ་ས་འོག་མ་གསུམ་ལམ་འདོད་ཆགས་དང་བྲལ་ནས་རྒྱལ་བའི་རྣམ་གྲོལ་ལམ་ཐོབ་པའི་ཚེ། རྣམ་གྲོལ་ལམ་གཉིས་ཐོབ་སྟེ། བསམ་གཏན་གྱི་དངོས་གཞིའམ། ཉེར་བསྡོགས་ལས་མཐོང་སྟེ་རྣམ་གྲོལ་ལམ་ཐ་མའི་ངོ་བོར་སྐྱེ་བའི་ཕྱིར། བསམ་གཏན་བཞི་སོགས་གོང་མ་ལ་ཆགས་པ་དང་བྲལ་བའི་རྣམ་གྲོལ་ལམ་ཆོས་ཅན། ཐ་མའི་ཉེར་བསྡོགས་ལས་སྐྱེ་བ་མིན་ཏེ། དངོས་གཞི་ཁོ་ན་ལས་སྐྱེ་བ་ཡིན་པའི་ཕྱིར། འཕགས་པའི་ཟག་མེད་ཀྱི་བསམ་གཏན་བཞི་དང་གཟུགས་མེད་དང་པོ་གསུམ་དང་དངོས་གཞི་ཟག་མེད་བརྒྱད་ཆོས་ཅན། ཁྱོད་ཀྱིས་རང་ས་དང་གོང་ས་ལས་རྒྱལ་བར་བྱེད་ཀྱི། འོག་ས་ལས་མིན་ཏེ། དེ་ལས་སྔར་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར། བཞི་པ་དམིགས་རྣམ་ལ། འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་དང་། འཇིག་རྟེན་ལས་འདས་པའི་མཐར་གྲོལ་ལམ་སྐྱེ་ཚུལ་གཉིས། དང་པོ་ནི། འཇིག་རྟེན་པ་ཡི་རྣམ་གྲོལ་དང་། །བར་ཆད་མེད་ལམ་གོ་རིམ་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །གོང་དང་འོག་མའི་སྦྱང་ཡུལ་ཅན། །ཞེས་བྱུང་། འཇིག་རྟེན་པ་ཡི་རྣམ་གྲོལ་ལམ་དང་དེའི་བར་ཆད་མེད་ལམ་གཉིས་ཆོས་ཅན། དམིགས་རྣམ་ཡོད་དེ། གོ་རིམ་བཞིན་དུ་སྔ་མས་ས་གོང་མ་ལ་ཞི་བ་དང་གྱ་ནོམ་པ་སོགས་ཀྱི་རྣམ་པ་ཅན་གྱི་ངོ་བོར་སྤྱོད་ཡུལ་དུ་བྱེད་ལ། ཕྱི་མས་ནི་ས་འོག་མ་ལ་རགས་པ་དང་དམན་པ་སོགས་ཀྱི་རྣམ་པའི་སྒོ་ནས་སྤྱོད་ཡུལ་དུ་བྱེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་མི་གཡོ་ཟད་ཤེས་ལས། མི་སྐྱེའི་བློ་གྲོས་གལ་ཏེ་མིན། །ཟད་པ་ཤེས་སམ་མི་སློབ་ལྟ། །དེ་ནི་དགྲ་བཅོམ་ཐམས་ཅད་ལ། །ཞེས་བྱུང་། གལ་ཏེ་དགྲ་བཅོམ་པ་དེ་ཆོས་ཅན། མི་གཡོ་བའི་ཆོས་ཅན་ཡིན་ན་ཟད་པ་ཤེས་པ་ལས་མི་སྐྱེ་བའི་བློ་གྲོས་ཏེ་ཤེས་པ་སྐྱེ་ལ། གལ་ཏེ་དེ་མིན་ན་དེ་ལས་ཟད་པ་ཤེས་པའི་རྒྱུན་ནམ། མི་སློབ་པའི་ཡང་དག་པའི་ལྟ་བ་གང་རུང་སྐྱེ་སྟེ། དེ་ལྟར་འབྱུང་བའི་རྒྱུ་ཆད་པའི་ཕྱིར། མི་སློབ་པའི་ལྟ་བ་དེ་ནི་ཆོས་ཅན། མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་ལའང་ཡོད་དེ། དགྲ་བཅོམ་པ་ཐམས་ཅད་ལ་ཡོད་པའི་ཕྱིར། གཉིས་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ། ངོ་བོ་དབྱེ་བ་དང་བཅས་པ་དང་། མདོ་དང་འགལ་བའི་རྩོད་པ་སྤངས་པ་དང་། མ་ཁྱབ་སྙམ་པའི་དོགས་གཅོད་དང་། འཐོབ་པའི་ཚུལ་བཞི། དང་པོ་ནི། དགེ་སློང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དང་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་བྱུང་། དགེ་སྦྱོང་གི་ཚུལ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། དྲི་མེད་དེ་ཟག་མེད་བར་ཆད་མེད་ལམ་ལ་འཇོག་པའི་ཕྱིར། བར་ཆད་མེད་ལམ་དེ་ཆོས་ཅན། དགེ་སྦྱོང་གི་ཚུལ་ཡིན་ཏེ། རང་རྒྱུད་ལྡན་གྱི་གང་ཟག་དོན་དམ་པའི་དགེ་སྦྱོང་དུ་འཇོག་བྱེད་ཀྱི་ཚུལ་ཏེ་ལམ་ཡིན་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་ཡོད་དེ། འདུས་བྱས་རྣམ་གྲོལ་ལམ་དང་འདུས་མ་བྱས་འགོག་བདེན་གཉིས་ཡོད་པའི་ཕྱིར། གཉིས་པོ་དེ་དག་ཆོས་ཅན། རེ་རེ་ལའང་བརྒྱད་ཅུ་རྩ་དགུ་རེ་ཡོད་དེ། མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་བརྒྱད་དང་། ས་དགུའི་སྒོམ་སྤང་སྤངས་པའི་རྣམ་གྲོལ་ལམ་དགུ་དགུ་བརྒྱད་ཅུ་རྩ་གཅིག །ཟད་པ་འགོག་བདེན་དང་བཅས་པ་རྣམས་ལའང་དེ་ལྟར་ཡོད་པའི་ཕྱིར། སྤྱི་དོན་གྱིས་ཅུང་ཟད་བཤད་ན། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། འབྲས་བུ་ཡིན་པས་མ་ཁྱབ་སྟེ། འདུས་མ་བྱས་འགོག་བདེན་རྣམས་འབྲས་བུ་མ་ཡིན་པའི་ཕྱིར། དགེ་སྦྱོང་གི་འབྲས་བུ་ཐོབ་པའི་གང་ཟག་ཡིན་ན། འབྲས་བུ་བཞི་གང་རུང་དང་ལྡན་པས་མ་ཁྱབ་སྟེ། དགེ་སྦྱོང་གི་འབྲས་བུ་ཐོབ་པའི་སངས་འཕགས་ཡོད་པའི་ཕྱིར། རྒྱུན་ཞུགས་ཞུགས་པ་ལ་སོ་སྐྱེ་མེད་དེ། འདིར་ཞུགས་པ་བཞི་པོ་གང་རུང་ལའང་འཕགས་པས་ཁྱབ་པའི་ཕྱིར། ཉན་ཐོས་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་རྒྱུན་ཞུགས་འབྲས་གནས་མེད་དེ། རྒྱུན་ཞུགས་འབྲས་གནས་ལ་སྒོམ་ལམ་པས་ཁྱབ་པའི་ཕྱིར། དེར་ཐལ། འབྲས་གནས་དང་པོ་གསུམ་ལ་སྒོམ་ལམ་པས་ཁྱབ་པའི་ཕྱིར། དེར་ཐལ། ཆགས་བྲལ་སྔོན་སོང་གི་འབྲས་གནས་ལ་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་དགོས་ཤིང་། དེ་ཉིད་སྐབས་འདིར་སྒོམ་ལམ་དུ་འཇོག་པའི་ཕྱིར། འབྲས་བུ་བཞི་གང་རུང་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཉན་ཐོས་ཡིན་ན། དེ་གང་རུང་གི་ཞུགས་པ་ཡིན་པས་མ་ཁྱབ་སྟེ། དེ་དག་ཐོབ་ཕྱིར་བརྩོན་བཞིན་པའི་ཉན་ཐོས་ཚོགས་ལམ་པ་ཡོད་པའི་ཕྱིར། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་དང་ཕྱིར་མི་འོང་གང་རུང་གི་ཞུགས་པ་ཡིན་ན། མཐོང་ལམ་པ་ཡིན་པས་ཁྱབ། བར་པ་གཉིས་ཀྱི་རིམ་གྱིས་པའི་ཞུགས་པ་ཡིན་ན། སྒོམ་ལམ་པ་ཡིན་པས་ཁྱབ་སྟེ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དང་། ཕྱི་འོང་འབྲས་གནས་ཁྱད་པར་ཅན་ལ་སྒོམ་ལམ་པས་ཁྱབ་པའི་ཕྱིར། གཉིས་པ་ནི། འབྲས་བུ་བཞིར་རྣམ་བཞག་པ་ནི། རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་བསྡོམས་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་བྱུང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་བརྒྱད་ཅུ་རྩ་དགུར་བཤད་པ་དེ་ཆོས་ཅན། །མདོ་ལས་འབྲས་བུ་བཞིར་བཤད་པ་དང་འགལ་བའི་སྐྱོན་མེད་དེ། བཞིར་རྣམ་པར་བཞག་པ་ནི་རྒྱུ་མཚན་དག་ནི་རྣམ་པ་ལྔ་སྲིད་པའི་ཕྱིར། གང་ཞེ་ན་ཡོད་དེ། འབྲས་བུ་ལ་རང་གི་ཞུགས་ལམ་སྔོན་དུ་བཏང་བ་དང་། ཞུགས་པ་ལས་གཞན་པའི་འབྲས་གནས་ཀྱི་ལམ་ཐོབ་པ་དང་། མཐོང་སྤང་ཐམས་ཅད་ཟད་པ་བསྡོམས་པའི་ཐོབ་པ་གཅིག་རྙེད་པ་དང་། སྡུག་བསྔལ་ཆོས་ཤེས་སོགས་ཤེས་པ་བརྒྱད་ཚན་ཐོབ་པ་དང་། རྣམ་པ་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་ཐོབ་པ་ལྔ་ཡོད་པའི་ཕྱིར། གསུམ་པ་དོགས་གཅོད་ནི། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཆོས་ཀྱིས་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་བྱུང་། ཁོ་ན་རེ། ཆགས་བྲལ་སྔོན་སོང་གི་བར་པ་གཉིས་ཁྱི་འབྲས་བུ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུར་ཇི་ལྟར་རུང་ཞེ་ན། དེ་གཉིས་ཆོས་ཅན། དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་བའི་སྐྱོན་མེད་དེ། འཇིག་རྟེན་པའི་ཐོབ་འབྲས་ཙམ་མ་ཡིན་པར་འཇིག་རྟེན་པའི་ཐོབ་འབྲས་ནི་མཐོང་ལམ་གྱི་བྲལ་འབྲས་དེར་བསྲེས་པ་དང་ཟག་མེད་ཀྱི་ཐོབ་པ་ཡང་འཛིན་པའི་ཕྱིར། དགེ་སྦྱོང་གི་ཚུལ་དེ་ཉིད་ཆོས་ཅན། ཚངས་པའི་ཚུལ་ཞེས་བྱ་སྟེ། མྱང་འདས་ནི་ཚངས་པ་ཡིན་ལ། དེ་ཐོབ་བྱེད་ཀྱི་ཚུལ་ལམ་ལམ་ཡིན་པའི་ཕྱིར། ཚངས་པ་ཡི་འཁོར་ལོ་ཆོས་ཅན། སྐོར་བ་པོ་ཡོད་དེ། ཚངས་པ་བཅོམ་ལྡན་འདས་ཀྱིས་བསྐོར་བའི་ཕྱིར། མཐོང་ལམ་གྱི་ངོ་བོར་གྱུར་པའི་འཕགས་ལམ་ཡན་ལག་བརྒྱད་ཆོས་ཅན། ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར། དེར་ཐལ། འཁོར་ལོ་རིན་པོ་ཆེ་ནི་དེ་ལ་རྟེན་པར་བྱེད་པའི་ལྟེ་བ་དང་། སྡུད་ཅིང་མྱུར་བར་འགྲོ་སོགས་ཀྱི་མུ་ཁྱུད་དང་། གཅོད་པར་བྱེད་པའི་རྩིབས་སོགས་གསུམ་ཡོད་པ་དེ་བཞིན་དུ། འདིར་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ལྟེ་བ་དང་མཚུངས། ཡང་དག་པའི་ལྟ་བ་རྟོག་པ་རྩོལ་བ་གསུམ་ནི་རྩིབས་དང་མཚུངས། ཡང་དག་པའི་དྲན་པ་ཏིང་ངེ་འཛིན་གཉིས་ནི་མུ་ཁྱུད་དང་མཚུངས་པའི་ཕྱིར། བཞི་པ་འཐོབ་ཚུལ་ནི། འདོད་པར་གསུམ་ཐོབ་ཐ་མ་ནི། གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཅེས་འབྱུང་ཕྱིར་རོ། །ཞེས་བྱུང་། འབྲས་བུ་བཞི་པོ་དེ་ཆོས་ཅན། ཁམས་གསུམ་གང་གི་རྟེན་ལ་ཐོབ་པ་ཡོད་དེ། འདོད་པར་འབྲས་བུ་དང་པོ་གསུམ་ཐོབ་ཅིང་། འབྲས་བུ་ཐ་མ་དགྲ་བཅོམ་པའི་འབྲས་བུ་ནི་ཁམས་གསུམ་གྱི་རྟེན་དུ་ཐོབ་པ་ཡོད་པའི་ཕྱིར། འབྲས་བུ་དང་པོ་དང་ཆགས་བྲལ་སྔོན་སོང་གི་བར་པ་གཉིས་དང་གསུམ་ཁམས་གོང་དུ་གསར་དུ་ཐོབ་པ་མེད་དེ། དེ་ན་མཐོང་ལམ་གསར་དུ་ཐོབ་པ་མེད་པའི་ཕྱིར་ཏེ། དེ་ན་སྐྱོ་ཤས་ཆེན་པོ་མི་སྐྱེ་བའི་ཕྱིར། དེ་ནི་རིགས་པའི་སྒྲུབ་བྱེད་ཡིན་ལ། ལུང་གི་སྒྲུབ་བྱེད་ཀྱང་ཡོད་དེ། མདོ་ལས་ཕྱིར་མི་འོང་བར་དོར་འདའ་བ་སོགས་ལྔ་པོ་འདིར་ལམ་ལ་རྩོམ་ཞིང་ལམ་གོང་མ་དེ་མཐར་ཕྱིན་ཅེས་འབྱུང་བའི་ཕྱིར་རོ། །གསུམ་པ་དགྲ་བཅོམ་འབྲས་གནས་ཀྱི་དབྱེ་བ་ལ། མཚན་གཞིའི་སྒོ་ནས་དྲུག་ཏུ་དབྱེ་བ། གཉིས་སུ་བསྡུ་བ། རིགས་དང་འབྲས་བུ་གང་ལས་ཉམས་པ། རིགས་ཀྱི་དབྱེ་བ་དེ་གཞན་ལ་སྦྱང་བ། ཉམས་པའི་དབྱེ་བ། དབང་པོ་འཕོ་ཚུལ། དགྲ་བཅོམ་དགུར་དབྱེ་བ་དང་བདུན། དང་པོ་ནི། དགྲ་བཅོམ་དྲུག་འདོད་ཅེས་བྱུང་། དགྲ་བཅོམ་པ་ཆོས་ཅན། ཁྱོད་ལ་དྲུག་ཏུ་ཡོད་པར་འདོད་དེ། ཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི་ཆོས་ཅན། རྗེས་སུ་སྲུང་བའི་ཆོས་ཅན། གནས་པ་མི་བསྐྱོད་པ་དང་རྟོགས་པའི་སྐལ་བ་ཅན་དང་མི་གཡོ་བའི་ཆོས་ཅན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། དེ་དག་ལས། ལྔ་ནི་དད་པའི་མོས་ལས་སྐྱེས། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །མི་གཡོ་ཆོས་ཅན་མི་གཡོ་བ། །དེ་སྦྱོར་དེ་དུས་མི་སྦྱོར་གྲོལ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། ཁ་ཅིག་དང་པོ་ནས་དེའི་རིགས། ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་བྱུང་། དགྲ་བཅོམ་དེ་དག་རྣམས་ལས་མི་གཡོ་བའི་ཆོས་ཅན་མ་གཏོགས་པའི་དང་པོ་ལྔ་ཆོས་ཅན། རྒྱུ་ཡོད་དེ། རང་རྒྱུ་དད་པ་སེམས་པ་ལས་སྐྱེས་པའི་ཕྱིར། ལྔ་པོ་དེ་དག་ཆོས་ཅན། རྣམ་གྲོལ་དུས་དང་སྦྱོར་ཞེས་བྱ་སྟེ། མྱང་འདས་མངོན་དུ་བྱེད་པ་ལ་ཡོ་བྱད་དང་ནད་མེད་པ་དང་ཡུལ་གྱི་ཁྱད་པར་ལ་ལྟོས་པའི་ཕྱིར། མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་ཆོས་ཅན། རྣམ་གྲོལ་དུས་དང་མི་སྦྱོར་བ་ཞེས་བྱ་སྟེ། དབང་པོ་མི་གཡོ་ཞིང་ཉོན་མོངས་པས་ཀྱང་མི་གཡོ་བ་དེའི་ཕྱིར། དེ་ནི་ཆོས་ཅན། གང་ལས་བྱུང་བ་ཡོད་དེ། མཐོང་བས་ཐོབ་པའི་རྒྱུ་ལས་བྱུང་བའི་ཕྱིར། དྲུག་པོ་དེ་དག་ཆོས་ཅན། དང་པོ་ནས་དེ་དང་དེའི་རིགས་ཅན་དུ་མ་ངེས་ཏེ། ཁ་ཅིག་དང་པོ་ནས་དེའི་རིགས་ཅན་དང་། ཁ་ཅིག་དང་པོ་ཉམས་པའི་ཆོས་ཅན་ཡིན་ཡང་དབང་པོ་སྦྱང་བ་ལས་གཞན་དུ་འགྱུར་བ་ཡོད་ཅིང་མི་གཡོ་བའི་ཆོས་ཅན་དུ་འགྱུར་བ་ཡང་ཡོད་པའི་ཕྱིར། གསུམ་པ་ནི། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་བྱུང་། དགྲ་བཅོམ་ལྔ་ཆོས་ཅན། རིགས་དང་འབྲས་བུ་ལས་ཉམས་ཚུལ་གྱི་ཁྱད་པར་ཡོད་དེ། བཤད་ཚུལ་གཉིས་སྣང་བ་ལས་གཅིག་ནི་ཉམས་པའི་ཆོས་ཅན་སོགས་བཞི་ནི་རིགས་ལས་ཉམས་པ་ཡོད། ལྔ་པོ་འབྲས་བུ་ལས་ཉམས་པར་འགྱུར་བ་ཡོད་ཀྱང་། རང་གི་འབྲས་བུ་གང་དང་པོར་ཐོབ་པ་ལས་ཉམས་པར་འགྱུར་བ་ཡོད་པ་མ་ཡིན་པའི་ཕྱིར། བཤད་ཚུལ་ཅུང་མི་འདྲ་བ་ཡོད་དེ། དང་པོ་ཉམས་པའི་ཆོས་ཅན་ནི་རིགས་དམའ་ཤོས་ཡིན་པས་དེ་ལས་ཉམས་པ་མེད་ཅིང་། འཆི་བར་སེམས་པ་སོགས་བཞི་རིགས་ལས་ཉམས་པ་ཡོད་པའི་ཕྱིར། ཕྱི་མ་ནི་རང་འགྲེལ་དང་མཐུན་ནོ། །བཞི་པ་ལ། དངོས་དང་། ལམ་གང་ལས་དབང་པོ་འཕོ་བ་གཉིས། དང་པོ་ནི། སློབ་དང་འཕགས་མིན་རིག་དྲུག་ལྡན། ཞེས་བྱུང་། འཕགས་པ་སློབ་པ་དང་འཕགས་མིན་སོ་སྐྱེ་ཆོས་ཅན། ཉམས་པའི་ཆོས་ཅན་ནས་མི་གཡོ་བའི་བར་རིགས་དྲུག་དང་ལྡན་ཏེ། དགྲ་བཅོམ་དྲུག་གི་རིགས་ཅན་རེ་རེ་ཡོད་པའི་ཕྱིར། གཉིས་པ་ནི། མཐོང་བ་ལ་ནི་འཕོ་བ་མེད། །ཅེས་བྱུང་། ལམ་གཞན་ལ་དབང་པོ་འཕོ་བ་ཡོད་ཀྱང་མཐོང་བའི་ལམ་ཆོས་ཅན། ཁྱོད་ལ་གནས་པ་ལ་དབང་པོ་འཕོ་བ་མེད་དེ། ཡུན་ཐུང་བས་དབང་པོ་མི་འཕོ་ཞིང་དེའི་སྦྱོར་བ་མེད་པའི་ཕྱིར། ལྔ་པོ་ནི། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །སྟོན་ལ་ཐ་མ་མི་གཡོ་བ། །བར་མའང་གཞན་ལ་རྣམ་གསུམ་མོ། །འབྲས་ལས་ཉམས་པ་འཆི་བ་མེད། །བྱ་བ་མ་ཡིན་དེ་མི་བྱེད། །ཅེས་བྱུང་། ཡོངས་སུ་ཉམས་པ་དེ་ཆོས་ཅན། །རྣམ་པ་གསུམ་ཞེས་བྱ་བ་ཡིན་ཏེ། ཡོན་ཏན་ཐོབ་པ་ཤོང་བ་ནི། །ཐོབ་པ་ལས་ཉམས་པ་དང་། །ཐོབ་བྱ་མ་ཐོབ་པ་ནི་མ་ཐོབ་པ་ལས་ཉམས་པ་དང་། ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཉེར་སྤྱད་ལས་ཉམས་པ་གསུམ་ཡོད་པའི་ཕྱིར། སྟོན་པ་ཆོས་ཅན། དེ་གསུམ་གྱི་ཐ་མ་ཉེར་སྤྱོད་ལས་ཉམས་པ་ཡོད་དེ། འགོག་སྙོམས་ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཕྱིར། དེར་ཐལ། སེམས་ཅན་ཡལ་བར་མི་འདོར་བའི་སྙིང་རྗེ་ཆེན་པོས་བཅིངས་པའི་ཕྱིར། མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་ཆོས་ཅན། བར་མ་ཐོབ་པ་ལས་ཉམས་པ་ཡོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སོགས་མ་ཐོབ་པའི་ཉིན་ཐོས་ཡིན་པའི་ཕྱིར། དགྲ་བཅོམ་གཞན་ཆོས་ཅན། ཉམས་པ་རྣམ་པ་གསུམ་ཡོད་དེ། འབྲས་བུ་ལས་ཉམས་པ་སོགས་གསུམ་ཡོད་པའི་ཕྱིར། གལ་ཏེ་དགྲ་བཅོམ་པ་ཉམས་ནས་འཁོར་བར་སྐྱེ་བར་འགྱུར་སྲིད་དམ་སྙམ་ན། དེ་མེད་པར་ཐལ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་ནི་འབྲས་བུ་དེ་སོར་མ་ཆུད་བར་དུ་འཆི་བ་མེད་ཅིང་། འབྲས་བུ་དང་འགལ་བའི་བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་ཏེ། རྩལ་པོ་ཆེ་འདྲེད་ཀྱང་རྡེག་མི་འཆའ་བ་བཞིན་ནོ། །དྲུག་པ་དབང་པོ་འཕོ་ཚུལ་ནི། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའི་ཤིན་ཏུ་བསྟེན་ཕྱིར་རོ། །མཐོང་བས་ཐོབ་པ་རེ་རེའོ། །ཟག་མེད་མི་ཡི་ནང་དུ་འཕེལ། །མི་སློབ་ས་དགུ་ལ་བརྟེན་ཏེ། སློབ་པ་དྲུག་ལ་གང་གི་ཕྱིར། །འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །ཞེས་བྱུང་། གོང་གི་དགྲ་བཅོམ་དེ་དག་ལས་གང་གིས་འཕོ་ཚུལ་གྱི་ཁྱད་པར་ནི། རྟོགས་པའི་སྐལ་པ་ཅན་མི་གཡོ་བར་དབང་པོ་འཕོ་ན་ཟག་མེད་ཀྱི་ལམ་བཅོ་བརྒྱད་དགོས་ཏེ། རྣམ་གྲོལ་ལམ་དགུ་དང་བར་ཆད་མེད་ལམ་དགུ་དགོས་པའི་ཕྱིར་ཏེ། དབང་པོ་རྟུལ་པོའི་རིགས་ཏེ་གོམས་པ་ཤིན་ཏུ་བསྟེན་པས་བཟློག་དཀའ་བའི་ཕྱིར། དད་མོས་པ་མཐོང་ཐོབ་པར་དབང་པོ་འཕོ་བ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་རུང་རེ་རེས་ཆོག་སྟེ། དབང་པོ་འཕོ་སླ་བའི་ཕྱིར། སློབ་པ་འཕགས་པ་ཆོས་ཅན། དབང་པོ་འཕོ་ཚུལ་ཡོད་དེ། ཟག་མེད་ཀྱི་ལམ་ལ་བརྟེན་ནས་འཕོ་ཤིང་། རྟེན་མིའི་ནང་དུ་འཕེལ་བར་འགྱུར་བའི་ཕྱིར། མི་སློབ་པ་ཆོས་ཅན། གང་ལ་བརྟེན་ནས་དབང་པོ་འཕོ་བ་ཡོད་དེ། ཟག་མེད་མི་ལྕོགས་མེད་པ་ནས་གཟུགས་མེད་དང་པོ་གསུམ་ཚུན་གྱི་དགུ་གང་རུང་ལ་བརྟེན་ནས་འཕོ་བའི་ཕྱིར། སློབ་པ་ཕྱིར་འོང་དང་ཕྱིར་མི་འོང་དང་མོས་པ་གཉིས་ཆོས་ཅན། དབང་པོ་འཕོ་ཚུལ་ཡོད་དེ། ཟག་མེད་ཀྱི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་འཕོ་བའི་ཕྱིར། དེ་དག་གི་དབང་པོ་ཆོས་ཅན། དེ་ལྟར་འཕོ་བའི་རྒྱུ་མཚན་ཡོད་དེ། རྒྱུ་མཚན་གང་གི་ཕྱིར་ན། དབང་རྟུལ་གྱི་དབང་པོ་འཕེལ་བས་རང་གི་ལམ་དང་འབྲས་བུ་ཁྱད་པར་ཅན་བཏང་སྟེ་དབང་རྣོན་གྱི་འབྲས་བུ་ཕྱི་མ་འཐོབ་པར་འགྱུར་བའི་ཕྱིར། བདུན་པ་དགྲ་བཅོམ་དགུར་དབྱེ་བ་ནི། དེ་དགུ་དབང་པོ་རྣམ་དགུ་ཅན། །གང་ཟག་བདུན་པོ་སྦྱོར་བ་དང་། །དབང་པོ་སྙོམས་འཇུག་རྣམ་གྲོལ་དང་། །གཉིས་ཀས་བྱས་པའོ་ཞེས་བྱུང་། དགྲ་བཅོམ་ཆོས་ཅན། ཁྱོད་ལ་དབང་པོའི་བྱེ་བྲག་གི་དགུར་དབྱེ་བ་ཡོད་དེ། རང་རྒྱལ་དགྲ་བཅོམ་དང་རྫོགས་པའི་སངས་རྒྱས་དང་ཉན་ཐོས་བདུན་རྣམས་སུ་ཡོད་པའི་ཕྱིར། དགུ་པོ་དེ་ཆོས་ཅན། དབང་པོ་རྣམ་པ་དགུ་པ་ཅན་ཡིན་ཏེ། དབང་པོ་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་བར་སོ་སོར་ཡོད་པའི་ཕྱིར། ཉན་ཐོས་ཀྱི་གང་ཟག་བདུན་པོ་དེ་ཆོས་ཅན། སྦྱོར་བ་དང་དབང་པོ་དང་སྙོམས་འཇུག་དང་རྣམ་གྲོལ་དང་གཉིས་ཀའི་ཆ་ནས་རྫོགས་པའམ་ཤེས་པར་འཇོག་པ་ཡིན་ཏེ། དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས་སྦྱོར་བ་དང་། དད་མོས་ཐོབ་གཉིས་དབང་པོ་དང་། ལུས་མངོན་བྱེད་སྙོམས་འཇུག་དང་། ཉོན་མོངས་ལས་རྣམ་པར་གྲོལ་བ་ཙམ་ནི་ཤེས་རབ་ཀྱི་རྣམ་པར་གྲོལ་བ་དང་། ཉོན་མོངས་ལས་གོལ་བ་དང་འགོག་པ་ཐོབ་པ་གཉིས་ཀ་བྱས་པའི་ཆ་ནས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་མཛད་པའི་ཕྱིར། གསུམ་པ་ལ་གང་ཟག་གི་རིགས་བསྡུ་བ་དང་། རྣམ་གྲོལ་གྱི་ཁྱད་པར་གཉིས། དང་པོ་ནི། དེ་དག་དྲུག །འདི་ལྟར་ལམ་གསུམ་ལ་གཉིས་གཉིས། ཞེས་བྱུང་། གང་ཟག་བདུན་པོ་དེ་དག་ཆོས་ཅན། རྫས་ཀྱི་སྒོ་ནས་དྲུག་ཏུ་འགྱུར་ཏེ། འདི་ལྟར་མཐོང་སྒོམ་མི་སློབ་ལམ་གསུམ་ལ་གཉིས་གཉིས་འཇོག་པའི་ཕྱིར། དེར་ཐལ། མཐོང་ལམ་ལ་རྗེས་འབྲང་གཉིས། སྒོམ་ལམ་ལ་དད་མོས་དང་མཐོང་ཐོབ་གཉིས། མི་སློབ་ལམ་ལ་དུས་ཀྱི་རྣམ་གྲོལ་དང་། དུས་མི་སྦྱོོར་གྱི་རྣམ་པར་གྲོལ་བ་གཉིས་འཇོག་པའི་ཕྱིར། གཉིས་པ་ནི། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །ཞེས་བྱུང་། འགོག་པའི་སྙོམས་འཇུག་ཐོབ་པའི་དགྲ་བཅོམ་པ་ཆོས་ཅན། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། ཉོན་མོངས་སྤངས་ཤིང་སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པའི་དགྲ་བཅོམ་དེ་ཆོས་ཅན། ཅིག་ཤོས་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། ཤེས་རབ་ཀྱིས་ཉོན་མོངས་པ་ཙམ་ལས་གྲོལ་བའི་དགྲ་བཅོམ་ཡིན་པའི་ཕྱིར། བཞི་པ་ཡན་ལག་གི་རྫོགས་ཚུལ་ནི། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱིས། །སློབ་པ་རྫོགས་པ་ཞེས་བྱའོ། །གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། །ཞེས་བྱུང་། སློབ་པ་ཆོས་ཅན། རྫོགས་བྱེད་ཀྱི་ཆོས་གསུམ་ཡོད་དེ། སྙོམས་འཇུག་དང་དབང་པོ་དང་འབྲས་བུ་རྣམས་ཀྱིས་རྫོགས་པ་ཞེས་བྱ་བར་འཇོག་པའི་ཕྱིར་ཏེ། ཕྱིར་མི་འོང་དད་མོས་པ་ལུས་མངོན་བྱེད་མིན་པ་ནི་འབྲས་བུ་ཁོ་ནས་རྫོགས། མཐོང་ཐོབ་ཆགས་བྲལ་མིན་པ་ནི་དབང་པོ་ཁོ་ནས་རྫོགས། ལུས་མངོན་བྱེད་མིན་པའི་ཕྱིར་མི་འོང་མཐོང་ཐོབ་པ་ནི་འབྲས་བུ་དང་དབང་པོས་རྫོགས། དད་མོས་ལུས་མངོན་བྱེད་ནི་འབྲས་བུ་དང་སྙོམས་འཇུག་གིས་རྫོགས། མཐོང་ཐོབ་ལུས་མངོན་བྱེད་ནི་འབྲས་བུ་དབང་པོ་སྙོམས་འཇུག་གསུམ་གྱིས་རྫོགས་པའི་ཕྱིར། མི་སློབ་པ་ཆོས་ཅན། ཆོས་གཉིས་ཀྱིས་རྫོགས་ཏེ། དབང་པོ་དང་སྙོམས་འཇུག་གིས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །གསུམ་པ་ལམ་གྱི་ཁྱད་ཆོས་གཞན་བཤད་པ་ལ། ལམ་གྱི་དབྱེ་བ་སྤྱིར་བསྟན་པ། བྱང་ཆུབ་ཀྱི་ཕྱོགས་བྱེ་བྲག་ཏུ་བཤད་པ། ལམ་གྱིས་ཐོབ་པའི་རྣམ་གྲོལ་ལམ་ངོས་བཟུང་བ་དང་གསུམ། དང་པོ་ལ། རིགས་བསྡུས་བཞིར་བཤད་པ་དང་། དཀའ་སླ་མྱུར་བུལ་བཞིར་བཤད་པ་གཉིས། དང་པོ་ནི། མདོར་ན་ལམ་ནི་རྣམ་བཞི་སྟེ། ཁྱད་པར་ཅན་དང་རྣམ་གྲོལ་དང་། །བར་ཆད་མེད་དང་སྦྱོར་ཞེས་བྱ། །ཞེས་བྱུང་། ལམ་གྱི་ཁྱད་པར་མང་དུ་བཤད་པ་དག་ལས་མདོར་བསྡུ་ན་འབྲས་བུ་ཐོབ་བྱེད་ཀྱི་ལམ་ནི་ཆོས་ཅན། ཁྱོད་ལ་རྣམ་པ་བཞི་ཡོད་དེ། ཁྱད་པར་གྱི་ལམ་དང་། རྣམ་གྲོལ་ལམ་དང་། བར་ཆད་མེད་པའི་ལམ་དང་། སྦྱོར་བའི་ལམ་ཞེས་བྱ་བ་བཞི་ཡོད་པའི་ཕྱིར། དང་པོ་དང་ཕྱི་མ་གཉིས་ཀྱི་ཁྱད་པར་ཡོད་དེ། རྣམ་གྲོལ་ལམ་ཡན་ཆད་ནི་ཁྱད་པར་གྱི་ལམ་དང་། བར་ཆད་མེད་ལམ་ལ་འཇུག་པའི་ལམ་ནི་སྦྱོར་བའི་ལམ་ཡིན་ལ། བར་པ་གཉིས་སླ་བའི་ཕྱིར། གཉིས་པ་ནི། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་ནི་དཀའ་བ་ཡིན། །བློ་རྟུལ་མངོན་ཤེས་བུལ་བ་སྟེ། ཅིག་ཤོས་ཀྱི་ནི་མངོན་ཤེས་མྱུར། །ཞེས་བྱུང་། ལམ་དེ་ཆོས་ཅན། ཁྱོད་ལ་དཀའ་སླ་མྱུར་བུར་བཞི་ཡོད་དེ། །སེམས་རྟེན་དང་དབང་པོའི་སྒོ་ནས་དེ་ལྟར་ཡོད་པའི་ཕྱིར། སའི་སྒོ་ནས་དཀའ་སླ་གཉིས་ཡོད་དེ། བསམ་གཏན་གྱི་དངོས་གཞི་བཞི་ཡན་ལག་གིས་ཟིན་པ་དང་ཞི་ལྷག་ཆ་སྙོམས་པ་ནི་ལམ་རྣམས་བསྐྱེད་པ་སོགས་སླ་ལ། ས་གཞན་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་དང་ཉེར་བསྡོགས་བརྒྱད་དག་ནི་ལྷག་མཐོང་ཤས་ཆེ་བས་ལམ་དཀའ་ཞིང་། གཟུགས་མེད་ཀྱི་དངོས་གཞི་བཞི་ནི་ཞི་གནས་ཤས་ཆེ་བས་ལམ་དཀའ་བའི་ཕྱིར། དཀའ་སླ་དེ་གཉིས་ཆོས་ཅན། ཁྱོད་ལ་མྱུར་བུལ་གཉིས་རེ་ཡོད་དེ། བློ་རྟུལ་པོ་ནི་མངོན་ཤེས་བུལ་པ་སྟེ། ཅིག་ཤོས་རྣོན་པོ་ནི་མངོན་ཤེས་མྱུར་བ་དང་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། མིང་གི་སྒོ་ནས་དབྱེ་བ་དང་། རྫས་ཀྱི་སྒོ་ནས་བསྡུ་བ། སྡེ་ཚན་གྱི་གོ་རིམ། ངོ་བོའི་ཁྱད་པར། ས་གང་གིས་བསྡུས་པ། ཞར་བྱུང་ཤེས་ནས་དད་པ་ཐོབ་ཚུལ་དང་དྲུག །དང་པོ་ནི། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། །མིང་གི་སྒོ་ནས་ཞེས་བྱུང་། ཐེག་གསུམ་རང་རང་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཆོས་ཅན། རང་རང་གི་བྱང་ཆུབ་གསུམ་པོ་གང་ཡིན་པ་དེ་ཞེས་བྱ་སྟེ། རང་རང་གི་སྤང་བྱ་ཉོན་མོངས་པ་སྤངས་ཤིང་ཐོབ་བྱ་རྫོགས་པའི་ལམ་ཡིན་པའི་ཕྱིར། དྲན་པ་ཉེར་གཞག་སོགས་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་ཆོས་ཅན། བྱང་ཆུབ་དེའི་ཕྱོགས་དང་མཐུན་པ་ཞེས་བྱ་སྟེ། དེ་སྐྱེད་པ་དང་མཐུན་པའི་ལམ་ཉིད་ཡིན་པའི་ཕྱིར། སོ་བདུན་པོ་ཆོས་ཅན། མིང་གི་སྒོ་ནས་འཇོག་ཚུལ་ཡོད་དེ། དྲན་པ་ཉེར་གཞག་བཞི་ནས་འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་དུ་འཇོག་པའི་ཕྱིར། གཉིས་པ་ནི། རྫས་སུ་བཅུ། དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །དྲན་པ་ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། །གཙོ་བོ་སྨོས་པ་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་བྱུང་། སོ་བདུན་པོ་དེ་དག་ཆོས་ཅན། རྫས་སུ་བཅུར་འདུ་བ་ཡིན་ཏེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། དགའ་བ་དང་། རྟོག་པ་དང་། ཚུལ་ཁྲིམས་དང་། ཤིན་ཏུ་སྦྱངས་པ་དང་བཅུར་འདུ་བའི་ཕྱིར་ཏེ། དྲན་པ་ཉེར་གཞག་བཞི་ཤེས་རབ་དང་། ཡང་དག་སྤོང་བ་བཞི་བརྩོན་འགྲུས་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ཏིང་ངེ་འཛིན་དུ་འདུ་ཞིང་། དད་སོགས་དབང་སྟོབས་ཀྱི་རྫས་ལྔ་དང་། བྱང་ཆུབ་ཡན་ལག་ལྔའི་རྫས་དང་བཅུར་འདུ་བའི་ཕྱིར། དྲན་ཉེ་ཤེས་རབ་ཏུ་བཤད་པ་སོགས་ནི་གཙོ་བོ་སྨྲོས་པ་ཡིན་གྱིི་དེར་ངེས་ནས་ནི་མིན་ཏེ། དྲན་པ་ཉེར་གཞག་སོགས་དེ་དག་ནི་རང་རང་གི་སྦྱོར་བ་དེའི་སྟོབས་ཀྱིས་བྱུང་བའི་ཡོན་ཏན་སེམས་བྱུང་ཀུན་ཀྱང་དེ་ཉིད་ཡིན་པའི་ཕྱི། གསུམ་པ་ནི། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །མཐོང་དང་སྒོམ་ལ་རབ་ཏུ་ཕྱེ། །ཞེས་བྱུང་། བྱེ་སྨྲ་ན་རེ། སོ་བདུན་གྱི་སྡེ་ཚན་བདུན་ནི་ཆོས་ཅན། འཇོག་པའི་གོ་རིམ་ཡོད་དེ། ལས་ནི་དང་པོ་པ་ཚོགས་ལམ་པ་དག་དང་། ངེས་འབྱེད་ཆ་མཐུན་རྣམས་དང་། མཐོང་ལམ་དང་། སྒོམ་ལམ་རྣམས་ལ་གོ་རིམ་བཞིན་དུ་བཞག་པའི་ཕྱིར། དེར་ཐལ། དྲན་ཉེ་ཚོགས་ལམ། ཡང་དག་སྤོང་བ་དྲོད་དང་། རྫུ་འཕྲུལ་རྐང་པ་རྩེ་མོ་དང་། དབང་པོ་བཟོད་པ་དང་། སྟོབས་རྣམས་ཆོས་མཆོག་ནས་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་ལམ་དང་འཕགས་ལམ་ཡན་ལག་རྣམས་མཐོང་ལམ་ལ་རབ་ཏུ་ཕྱེ་ནས་བཞག་པའི་ཕྱིར། སློབ་དཔོན་སོགས་ན་རེ། གོ་རིམ་ཡོད་དེ། གཞན་ཕལ་ཆེར་འདྲ་བ་ལ་དྲན་ཉེ་སོགས་སྡེ་ཚན་གསུམ་ནི་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་དང་། དབང་སྟོབས་གཉིས་དྲོད་དང་བཟོད་པ་ནས་སྐྱེ་བར་འཇོག་པའི་ཕྱིར། བཞི་པ་ནི། བྱང་ཆུབ། ཡན་ལག་ལམ་ཡན་ལག །ཟག་པ་མེད་གཞན་རྣམ་གཉིས་སོ། །ཞེས་བྱུང་། བྱང་ཆུབ་ཀྱི་ཡན་ལག་དང་འཕགས་ལམ་ཡན་ལག་ཆོས་ཅན། ཟག་མེད་ཡིན་ཏེ། འཕགས་ལམ་ཟག་མེད་ཡིན་པའི་ཕྱིར། དེ་ལས་གཞན་ཆོས་ཅན། རྣམ་པ་གཉིས་ཡོད་དེ། ཟག་བཅས་ཟད་མེད་གཉིས་ཡོད་པའི་ཕྱིར་ཏེ། ལམ་བདེན་ཡིན་མིན་གཉིས་ཡོད་པའི་ཕྱིར། ལྔ་པ་ནི། བསམ་གཏན་དང་པོ་ཐམས་ཅད་ན། །མི་ལྕོགས་མེད་ན་དགའ་མ་གཏོགས། །གཉིས་པ་ན་ནི་རྟོག་མ་གཏོགས། །གཉིས་ན་དེ་གཉིས་མ་གཏོགས་པ། །བསམ་གཏན་པར་ནའང་གཟུགས་མེད་པ། །གསུམ་ནའང་དེ་དང་ཚུལ་ཡན་ལག །བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། ། ཞེས་བྱུང་། སྡེ་ཚན་བདུན་པོ་དེ་ཆོས་ཅན། ཁམས་དང་ས་གང་ན་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། བསམ་གཏན་དང་པོ་ན་སོ་བདུན་པོ་ཐམས་ཅད་ཡོད། མི་ལྕོགས་མེད་ན་དགའ་བ་མ་གཏོགས་པའི་སོ་དྲུག །བསམ་གཏན་གཉིས་པ་ན་ནི་ཡང་དག་པའི་རྟོག་པ་མ་གཏོགས་པའི་སོ་དྲུག །བསམ་གཏན་གསུམ་པ་དང་བཞི་པ་གཉིས་ན་དགའ་རྟོག་དེ་གཉིས་མ་གཏོགས་པའི་སོ་ལྔ་དང་། དེ་བཞིན་དུ་བསམ་གཏན་གྱི་བར་ཉེར་བསྡོགས་གསུམ་དང་དང་པོ་ཁྱད་པར་ཅན་གསུམ་ནའང་དེ་དང་འདྲ་ལ། གཟུགས་མེད་དང་པོ་གསུམ་ནའང་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་སྟེ། འཕགས་ལམ་ཡན་ལག་གི་ངོ་བོར་གྱུར་པའི་ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་དང་དགའ་རྟོག་གཉིས་མིན་པ་སོ་གཉིས། འདོད་ཁམས་དང་སྲིད་རྩེ་ན་བྱང་ཆུབ་ཡན་ལག་དང་ལམ་ཡན་ལག་གཉིས་མ་གཏོགས་པའི་ཉེར་གཉིས་ཡོད་པའི་ཕྱིར། འདིར་བཤད་པ་ནི་སས་བསྡུས་ཀྱི་དབང་དུ་བྱས་པ་ཡིན་གྱི། འདོད་ཁམས་པའི་གང་ཟག་གི་རྒྱུད་ལ་བྱང་ཆུབ་དང་འཕགས་ལམ་གྱི་ཡན་ལག་མེད་པའི་དོན་མིན་ལ། གཟུགས་མེད་ནས་ཡང་དག་པའི་ངག་སོགས་གསུམ་མེད་པར་བཤད་པ་ནི། ལུགས་འདིར་དེ་གསུམ་པོ་གཟུགས་ཅན་དུ་འདོད་པའི་དབང་དུ་བྱས་པ་ཡིན་ཏེ་ཞིབ་ཆ་གྱིས་ཤིག །དྲུག་པ་ནི། བདེན་གསུམ་མཐོང་བ་ཚུལ་ཁྲིམས་ཆོས་ལ་ཤེས་ནས་དད་པ་འཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང་། །དེ་ཡི་དགེ་འདུན་དག་ལ་ཡང་། །ཆོས་བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །རྫས་སུ་གཉིས་ཏེ་དད་པ་དང་། །ཚུལ་ཁྲིམས་དྲི་མ་མེད་པ་ཡིན། །ཞེས་བྱུང་། མདོ་ལས་ཆོས་ཤེས་ནས་དད་པ་ཐོབ་ཚུལ་ལ་བཞི་བཤད་དེ། བདེན་པ་དང་པོ་གསུམ་མངོན་སུམ་དུ་མཐོང་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་འཐོབ། ལམ་བདེན་མངོན་སུམ་དུ་རྟོགས་ན་སངས་རྒྱས་དང་དེ་ཡི་ཉན་ཐོས་ཀྱི་དགེ་འདུན་དག་ལ་ཡང་ཤེས་ནས་དད་པ་ཐོབ་པར་བཤད་པའི་ཕྱིར། དེའི་དམིགས་ཡུལ་གྱི་ཆེས་ཆོས་ཅན། བཞག་ཏུ་ཡོད་དེ། བདེན་པ་དང་པོ་གསུམ་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་རྣམས་ནི་དེ་ཡིན་པའི་ཕྱིར། དད་པའི་ཡུལ་གྱི་ཁྱད་པར་ཆོས་ཅན། བཞིར་བཤད་ཀྱང་རྫས་སུ་གཉིས་ཡིན་ཏེ། དཀོན་མཆོག་སོགས་ལ་དད་པ་ནི་དད་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་ཕྱོགས་གཉིས་སུ་འདུ་བ་ཡིན་པའི་ཕྱིར། དེ་ལྟ་བུའི་དད་པ་ཆོས་ཅན། ཟག་མེད་ཡིན་ཏེ། ཡང་དག་པའི་དོན་ལེགས་པར་རྟོགས་ནས་ཡིད་ཆེས་པའི་དྲི་མ་མེད་པའི་དད་པ་ཡིན་པའི་ཕྱིར། གསུམ་པ་ལམ་གྱིས་ཐོབ་པའི་རྣམ་གྲོལ་ལམ་ལ། རྣམ་གྲོལ་ལམ་གྱི་དབྱེ་བ། ཐོབ་ཚུལ། འདུས་མ་བྱས་ཀྱི་རྣམ་གྲོལ་བྱེ་བྲག་ཏུ་བཤད་པ། ཡིད་འབྱུང་དང་ཆགས་བྲལ་གྱི་ཁྱད་པར་དང་བཞི། དང་པོ་ནི། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་གྲོལ་མ་བཤད་དེ་རྣམ་གཉིས། །ཉོན་མོངས་བཅོམ་པ་འདུས་མ་བྱས། །མོས་པ་འདུས་བྱས་ཡན་ལག་ནི། །དེ་ཡིན་དེ་ཉིད་རྣམ་གྲོལ་གཉིས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སློབ་པའི་ཡན་ལག་ཏུ་ཡང་དག་པའི་རྣམ་གྲོལ་ལམ་དང་ཡང་དག་པའི་ཤེས་པ་མ་བཤད་པའི་རྒྱུ་མཚན་ཡོད་དེ། སློབ་པ་ནི་ཉོན་མོངས་པས་བཅིངས་པའི་ཕྱིར། ཁྱབ་སྟེ། ཡང་དག་པའི་ཤེས་པ་ནི་འདིར་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་འཇོག་པའི་ཕྱིར། རྣམ་གྲོལ་ལམ་དེ་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ། ཉོན་མོངས་རྣམས་བཅོམ་པའི་འདུས་མ་བྱས་སོ་སོར་བརྟགས་འགོག་དང་། མི་སློབ་པའི་མོས་པ་འདུས་བྱས་ཀྱི་རྣམ་གྲོལ་གཉིས་ཡོད་པའི་ཕྱིར། མི་སློབ་པའི་མོས་པ་རྣམ་གྲོལ་ལམ་ཆོས་ཅན། མི་སློབ་པའི་ལམ་ཡན་ལག་ཡིན་ཏེ། དེའི་མངོན་རྟོགས་དེ་ཡིན་པའི་ཕྱིར། འདུས་བྱས་རྣམ་གྲོལ་ལམ་དེ་ཉིད་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཞེས་མདོ་ལས་གསུངས་པ་ལྟར་ཡོད་པའི་ཕྱིར། གཉིས་པ་ལ། སེམས་གང་རྣམ་པར་གྲོལ་བ་དང་། ལམ་གང་གིས་རྣམ་པར་གྲོལ་བ་གཉིས། །དང་པོ་ནི། བྱང་ཆུབ་ཇི་སྐད་བཤད་ཤེས་པ། །མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་བྱུང་། སེམས་རྣམ་པར་གྲོལ་བར་འགྱུར་བ་དང་གྲོལ་བའི་དུས་ཆོས་ཅན། སོ་སོར་བཞག་ཏུ་ཡོད་དེ། བྱང་ཆུབ་ཇི་སྐད་བཤད་པའི་ཤེས་པ་མི་སློབ་པའི་སེམས་ནི་དུས་གསུམ་ལས་མ་འོངས་པ་སྐྱེ་བར་འགྱུར་ན་དེ་སྒྲིབ་པ་ལས་ནི་རྣམ་པར་གྲོལ་བར་འགྱུར་བ་དེ་ཡིན་ལ། མི་སློབ་པའི་སེམས་སྐྱེས་ཟིན་པའི་ཚེ་སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་དེ་ཡིན་པའི་ཕྱིར། དེར་ཐལ། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་པ་ན་སེམས་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་འགྱུར་བའི་དུས་ཡིན་ལ། དེས་ཉོན་མོངས་པ་སྤངས་པ་ན་དེ་ལས་རྣམ་པར་གྲོལ་བ་ཡིན་པའི་ཕྱིར། གཉིས་པ་ནི། འགག་པར་འགྱུར་བའི་ལམ་གྱིས་ནི། དེ་ཡི་སྒྲིབ་པ་རབ་ཏུ་སྤོོང་། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ལམ་གང་གིས་མི་སློབ་ལམ་སྐྱེ་བའི་སྒྲིབ་པ་སྤོང་བར་བྱེད་པ་ཡོད་དེ། རྡོ་རྗེ་ལྟ་བུའི་ལམ་འགག་བཞིན་པ་ཁམས་འགག་པར་འགྱུར་བའི་ལམ་གྱིས་ནི་དེ་ཡི་སྒྲིབ་པ་རབ་ཏུ་སྤོང་བར་བྱེད་པའི་ཕྱིར། གསུམ་པ་ནི། འདུས་མ་བྱས་ཉིད་ཁམས་ཞེས་བྱ། །འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །སྤངས་པའི་ཁམས་ནི་གཞན་དག་གོ །འགེག་པའི་ཁམས་ཞེས་བྱ་བ་གཞི། །ཞེས་བྱུང་། རྣམ་གྲོལ་འདུས་མ་བྱས་ཉིད་ཀྱི་ཁམས་ཞེས་བྱ་བ་དེ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། སྤངས་པའི་ཁམས་དང་། འདོད་ཆགས་ཀུན་ཟད་པ་འདོད་ཆགས་དང་བྲལ་བའི་ཁམས་དང་། དེ་ལས་གཞན་པའི་ཟག་བཅས་སྤངས་པའི་ཁམས་དག་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འདོད་པའི་འདོད་ཆགས་ལས་གཞན་པའི་ཉོན་མོངས་སྤངས་པའི་སྤངས་པ་དེ་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། འདོད་པའི་འདོད་ཆགས་ཀུན་སྤངས་པའི་སྤངས་པ་དེ་དེ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་དག་ལས་གཞན་པའི་ཟག་བཅས་སྤངས་པའི་སྤངས་པ་དེ་དེ་ཡིན་པའི་ཕྱིར། འགོག་པའི་ཁམས་ཞེས་བྱ་བ་ཆོས་ཅན། བཞག་ཏུ་ཡོད་དེ། གཞིའི་ཟག་བཅས་ཐམས་ཅད་སྤངས་པའི་འགོག་པ་དེ་དེ་ཡིན་པའི་ཕྱིར། འོན་ཀྱང་འདིར་གཞི་ཞེས་པ་གྲངས་ཀྱི་བཞི་ལ་བྱེད་པ་དང་། འགོག་པའི་ཁམས་དེ་ཁམས་གསུམ་གྱི་ནང་དུ་འདྲེན་མི་འདྲེན་གཉིས་སྟེ་བརྟགབཞི་པ་ནི། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང་གང་གིས་སྤོང་འགྱུར་བ། །ཀུན་གྱིས་འདོད་ཆགས་བྲལ་བར་འགྱུར། །དེ་ལྟར་ན་ནི་མུ་བཞི་སྲིད། །ཅེས་བྱུང་། ཤེས་བྱ་ཆོས་ཅན། སྤང་བྱ་གང་ལ་ལམ་གང་གིས་ཡིད་འབྱུང་སྐྱེད་ཅིང་སྤོང་བ་ཡོད་དེ། སྡུག་བསྔལ་བདེན་པ་ལ་ཆོས་བཟོད་དང་ཆོས་ཤེས་དང་། རྒྱུ་ཀུན་འབྱུང་ལ་རྗེས་བཟོད་དང་རྗེས་ཤེས་རྣམས་ཀྱིས་འཁོར་བ་ལ་ཡིད་འབྱུང་སྐྱེད་པར་བྱེད་ཅིང་ངོ་སྐལ་གྱི་སྒྲིབ་པ་སྤོང་བར་འགྱུར་བ་ཀུན་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར། དེ་ལྟར་ན་མངོན་རྟོགས་དེ་ལ་ཡིད་འབྱུང་ཞིང་ཉོན་མོངས་མི་སྤོང་བ་དང་། དེ་ལས་བཟློག་པ་དང་གཉིས་ཀ་ཡིན་དང་མིན་པའི་མུ་ནི་བཞི་སྲིད་དེ། སྡུག་ཀུན་ལ་དམིགས་པའི་ཤེས་པ་བཞི་ནི་ཡིད་འབྱུང་བའི་ལམ་ཡིན་ལ། འདོད་ཆགས་དང་བྲལ་བའི་ལམ་མ་ཡིན། སྡུག་ཀུན་གྱི་བཟོད་པ་བཞི་ནི་གཉིས་ཀ་ཡིན། འགོག་ལམ་གྱི་བཟོད་པ་བཞི་ནི་ཆགས་བྲལ་གྱི་ལམ་ཡིན་ལ། ཡིད་འབྱུང་བའི་ལམ་མ་ཡིན། འགོག་ལམ་གྱི་ཤེས་པ་བཞི་ནི་གཉིས་ཀ་མ་ཡིན་པའི་མུ་ཡིན་པའི་ཕྱིར། གནས་དྲུག་པ་བཤད་ཟིན་ཏོ། །བཀྲ་ཤིས། དགེའོ།། །།


previousཆོས་མངོན་པ་མཛོད་ཀྱི་གནས་དྲུག་པའི་ཚིག་དོན།next