Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་གནས་བདུན་པའི་ཚིག་འགྲེལ།next

ཆོས་མངོན་པ་མཛོད་ཀྱི་གནས་བདུན་པའི་ཚིག་འགྲེལ།

ཆོས་མངོན་པ་མཛོད་ཀྱི་གནས་བདུན་པའི་ཚིག་འགྲེལ་བཞུགས།

གཉིས་པ་མཁས་པར་བྱ་བའི་ཡོན་ཏན་གཏན་ལ་དབབ་པ་ལ། ཤེས་པའི་ཡོན་ཏན་གཏན་ལ་དབབ་པ་དང་། སྙོམས་འཇུག་གི་ཡོན་ཏན་གཏན་ལ་དབབ་པ་གཉིས། དང་པོ་ལ། ཡེ་ཤེས་ཀྱི་རང་བཞིན་དང་ལྡན་ཚུལ་དང་ཐོབ་ཚུལ་དང་ཁྱད་པར་གྱི་ཆོས་དང་བཞི། དང་པོ་ལ། བཟོད་ཤེས་དང་ལྟ་བའི་ཁྱད་པར། ཤེས་པ་བཅུའི་རྣམ་གཞག །དེ་དག་གི་ཁྱད་ཆོས་དང་གསུམ། དང་པོ་ནི། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཟད་དང་མི་སྐྱེའི་བློ་ལྟ་མིན། །དེ་ལས་གཞན་འཕགས་བློ་གཉིས་ཀ །གཞན་ཤེས་དྲུག་ནི་ལྟ་བའང་ཡིན། །ཞེས་བྱུང་། འདིར་བཟོད་པ་དང་ཤེས་པ་དང་ཡང་དག་པའི་ལྟ་བ་ཞེས་བཤད་ན་དེ་རྣམས་ཀྱི་ཁྱད་པར་ཇི་ལྟར་ཞེ་ན། དྲི་མེད་ཟག་མེད་བཟོད་པ་བརྒྱད་ཀྱི་ཤེས་རབ་རྣམས་ཆོས་ཅན། བཟོད་ཤེས་གཉིས་ཀྱི་ནང་ནས་ཤེས་པ་མ་ཡིན་ཏེ། རང་ཡུལ་ལ་མི་སྐྲག་པའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་ཀྱང་ཐེ་ཚོམ་སྤངས་པའི་ངེས་པའི་ངོ་བོར་མ་སྐྱེས་པའི་ཕྱིར། དེར་ཐལ། རང་གི་ངོ་སྐལ་གྱི་སྤང་བྱ་ཐེ་ཚོམ་སྤོང་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། ལྟ་བ་ཡིན་ཏེ། ཉེ་བར་རྟོག་ཅིང་འཚོ་བའི་ཤེས་རབ་ཡིན་པའི་ཕྱིར། ཟད་དང་མི་སྐྱེ་བ་ཤེས་པའི་བློ་ཆོས་ཅན། ལྟ་བ་མིན་ཏེ། ཉེ་བར་རྟོག་པ་མེད་ཅིང་ཡོངས་སུ་ཚོལ་བའི་རང་བཞིན་ཅན་མ་ཡིན་པའི་ཕྱིར། དེར་ཐལ། སོ་སོར་རྟོག་པ་ཙམ་ཡོད་ཀྱང་བྱ་བ་བྱས་ཟིན་པས་ཡོངས་སུ་ཚོལ་བ་མི་བྱེད་པའི་ཕྱིར། སྔ་མ་དེ་དག་ལས་གཞན་འཕགས་པའི་སྡུག་བསྔལ་ཆོས་ཤེས་སོགས་བརྒྱད་ཀྱི་བློ་ཤེས་རབ་ཆོས་ཅན། བཟོད་ཤེས་ཀྱི་ཤེས་པ་དང་ལྟ་བ་གཉིས་ཀ་ཡིན་ཏེ། རང་ཡུལ་ལ་ཐེ་ཚོམ་སྤངས་པའི་ངེས་པ་དང་ཉེ་བར་རྟོག་པའི་ངོ་བོ་ཡང་ཡིན་པའི་ཕྱིར། ཟག་མེད་ལས་གཞན་འཇིག་རྟེན་པའི་རྣམ་ཤེས་ཚོགས་དྲུག་དང་ཉོན་མོངས་པ་དང་མཚུངས་ལྡན་གྱི་མི་དགེ་བ་དང་ལུང་མ་བསྟན་གྱི་ཤེས་རབ་རྣམས་ཆོས་ཅན། ལྟ་བ་མིན་ཏེ། ལྟ་ཤེས་གཉིས་ཀྱི་ནང་ནས་ཤེས་པ་ཙམ་ཡིན་པའི་ཕྱིར། གཞན་དམིགས་བསལ་འཇིག་ལྟ་སོགས་ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་དྲུག་ནི་ཆོས་ཅན། ཀུན་རྫོབ་ཤེས་པར་མ་ཟད། ལྟ་ཤེས་གཉིས་ཀྱི་ལྟ་བའང་ཡིན་ཏེ། ཡུལ་ལ་རྟོག་ཅིང་ཚོལ་བའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་པ་ཟག་བཅས་ཟག་པ་མེད། ཅེས་བྱུང་། སྐབས་འདིར་བཤད་པའི་ཤེས་པ་ཆོས་ཅན། ཁྱོད་ལ་བཅུ་ཡོད་དེ། ཀུན་རྫོབ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་སྡུག་བསྔལ་ཤེས་པ་དང་ཀུན་འབྱུང་ཤེས་པ་དང་འགོག་པ་ཤེས་པ་དང་ལམ་ཤེས་པ་དང་སེམས་ཤེས་པ་དང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དང་བཅུ་ཡོད་པའི་ཕྱིར། བཅུ་པོ་དེ་ཐམས་ཅད་ཆོས་ཅན། བསྡུ་ན་གཉིས་སུ་འདུ་སྟེ། ཟག་བཅས་དང་ཟག་པ་མེད་པའི་ཤེས་པ་གཉིས་སུ་འདུ་བའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་མེད་རྣམ་གཉིས་ཆོས་ཅན་ནི། །རྗེས་སུ་ཤེས་པ་ཁོ་ན་ཡིན། །ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཆོས་ཞེས་བྱ་བའི་སྤྱོད་ཡུལ་ནི། །འདོད་སྡུག་བསྔལ་སོགས་རྗེས་ཤེས་པའི། །སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། །ཞེས་བྱུང་། ཤེས་པ་གཉིས་པོ་དེ་ཆོས་ཅན། ཁྱོད་ལས་ཤེས་བཅུའི་ཤེས་པ་གསུམ་དུ་འཇོག་ཚུལ་ཡོད་དེ། ཤེས་པ་དང་པོ་ཟག་བཅས་ཀུན་རྫོབ་ཤེས་པ་ཞེས་བྱ་ལ། ཟག་མེད་ལ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་རྣམ་པ་གཉིས་ཁོ་ན་ཡོད་པ་ཡིན་པའི་ཕྱིར། དང་པོ་ཀུན་རྫོབ་ཤེས་པ་ཆོས་ཅན། དམིགས་ཡུལ་ལ་ནི་ཆོས་ཐམས་ཅད་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་ཐམས་ཅད་དེ་ཡིན་པའི་ཕྱིར། ཆོས་ཤེས་པ་ཞེས་བྱ་བའི་བློ་ཆོས་ཅན། ཁྱོད་ཀྱི་སྤྱོད་ཡུལ་ཏེ་དམིགས་པ་ནི་ཡོད་དེ། འདོད་པའི་སྡུག་བསྔལ་དང་སོགས་ཀྱི་སྒྲས་ཀུན་འབྱུང་འགོག་ལམ་དག་ལ་དམིགས་པའི་ཕྱིར། རྗེས་སུ་ཤེས་པ་ཆོས་ཅན། ཁྱོད་ཀྱི་དམིགས་པ་ཡོད་དེ། ཁྱོད་ཀྱི་སྤྱོད་ཡུལ་ནི་འདོད་པའི་གོང་མའི་སྡུག་བསྔལ་སོགས་ཀྱི་བདེན་བཞི་ལ་དམིགས་པའི་ཕྱིར། གཉིས་པ་ལ། ཕ་རོལ་གྱི་སེམས་ཤེས་པ་དང་། ཟད་དང་མི་སྐྱེ་བ་ཤེས་པ་གཉིས། དང་པོ་ལ། ཆོས་ཤེས་ཀྱི་དབྱེ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་གཉིས། དང་པོ་ལ། གཉིས་ལས་བརྒྱད་དུ་དབྱེ་བ་དང་། བཞི་ལས་བཅུ་གཉིས་སུ་དབྱེ་བ་གཉིས། དང་པོ་ནི། དེ་དག་ཉིད་ལྡན་བྱེ་བྲག་གིས། །བཞི་སྟེ་ཞེས་བྱུང་། ཆོས་ཤེས་དང་རྗེས་ཤེས་དེ་དག་ཉིད་ཆོས་ཅན། ཁྱོད་ལ་བརྒྱད་དུ་དབྱེར་ཡོད་དེ། བདེན་བཞིའི་བྱེ་བྲག་གིས་རིམ་བཞིན་དུ་འོག་མ་དང་གོང་མའི་བདེན་བཞི་ལ་དམིགས་པའི་ཆོས་ཤེས་བཞི་དང་རྗེས་ཤེས་བཞི་ཡོད་པའི་ཕྱིར། གཉིས་པ་ནི། རྣམ་བཞི་དེ་དག་ནི། མི་སྐྱེ་བ་དང་ཟད་པ་ཤེས། །དེ་གཉིས་དང་པོ་སྐྱེས་པ་ནི། སྡུག་བསྔལ་རྒྱུ་རྗེས་ཤེས་པ་ཡིན། ཞེས་བྱུང་། ཆོས་དང་རྗེས་ཤེས་རྣམ་པ་བཞི་པོ་དེ་དག་ཆོས་ཅན། ཁྱོད་ལ་ནི་ཤེས་པ་བཅུ་གཉིས་རེ་ཡོད་དེ། ཆོས་ཤེས་བཞི་དང་ཆོས་ཤེས་བཞི་གང་རུང་དང་། །དེ་དག་གི་སྐྱེ་བ་ཤེས་པ་བཞི་དང་མི་སྐྱེ་བ་ཤེས་པ་བཞི་དང་བརྒྱད་དེ་བཅུ་གཉིས་རེ་ཡོད་པའི་ཕྱིར། མི་སྐྱེ་བ་དང་ཟད་པ་ཤེས་པ་དེ་གཉིས་ཆོས་ཅན། ཁྱོད་དང་པོར་སྐྱེས་པ་ནི་སྡུག་ཀུན་རྗེས་ཤེས་ཡིན་ཏེ། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་བདེན་པ་ལ་དམིགས་པའི་རྗེས་སུ་ཤེས་པ་ཞེས་བཤད་པ་དེ་ཡིན་པའི་ཕྱིར་ཏེ། སྲིད་རྩེའི་སྒོམ་སྤང་དགུ་པ་དང་སྡུག་ཀུན་ལ་དམིགས་ནས། རྡོ་རྗེེ་ལྟ་བུའི་རྗེས་སུ་དང་པོར་ཟད་པ་ཤེས་ཤིང་། དེ་ནས་མི་སྐྱེ་བ་ཤེས་ནས་སླར་ཤེས་པར་བྱར་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གཞི་ལས་ཕ་རོལ་སེམས་རིག་པ། དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ །ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན། །ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིག་སྟེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཞེས་བྱུང་། ཕ་རོལ་གྱི་སེམས་རིག་པ་དེ་ཆོས་ཅན། བཞི་ལས་བྱུང་སྟེ། ཆོས་ཤེས་རྗེས་ཤེས་ལམ་ཤེས་ཀུན་རྫོབ་ཤེས་པ་བཞི་ལས་བྱུང་ཞིང་དེའི་རང་བཞིན་ཅན་ཡིན་པའི་ཕྱིར། སེམས་ཤེས་དེ་ཆོས་ཅན། ཡུལ་ངེས་པ་ཅན་ཡིན་གྱི་ཀུན་རིག་པ་མིན་ཏེ། ཆོས་ཀྱིས་ས་འདས་པ་གོང་མའི་སེམས་མི་རིག །དབང་པོ་རྟུལ་བ་དད་མོས་ལྟ་བུས་རྣོ་བ་མཐོང་ཐོབ་ལྟ་བུའི་སེམས་མི་རིག། །གང་ཟག་སློབ་པས་དགྲ་བཅོམ་པའི་སེམས་མི་རིག་པའི་ཕྱིར་ཏེ། དེ་དག་དེའི་ཡུལ་ལས་འདས་པའི་ཕྱིར། དེ་ཆོས་ཅན། ད་ལྟར་བའི་ཡུལ་ཅན་ཁོ་ན་ཡིན་ཏེ། ཡུལ་ད་ལྟར་བ་རིག་གི་ཕ་རོལ་གྱི་སེམས་འདས་ནས་ཞིག་པ་དང་མ་སྐྱེས་པའི་མ་འོངས་པ་མི་རིག་པའི་ཕྱིར། ཁྱོད་ཕན་ཚུན་སོ་སོར་ངེས་པ་ཡིན་ཏེ། ཆོས་ཤེས་དང་རྗེས་ཤེས་ཀྱི་བློའི་ཕྱོགས་ལ་དམིགས་པས་ཕན་ཚུན་ཤེས་པ་མིན་པའི་ཕྱིར་ཏེ། ཤེས་པ་དེ་གཉིས་ཁམས་འོག་མ་དང་གོང་མའི་གཉེན་པོ་ལ་སོ་སོར་དམིགས་པའི་ཕྱིར། མཐོང་ལམ་ལ་ཕ་རོལ་གྱི་སེམས་ཤེས་མེད་ཀྱང་མཐོང་ལམ་དེ་ཆོས་ཅན། ཁྱོད་ལ་དམིགས་པའི་སེམས་ཤེས་གསུམ་ཡོད་དེ། ཉན་ཐོས་ཀྱི་སེམས་ཤེས་དེས་མཐོང་བའི་ལམ་གྱི་ཆོས་བཟོད་དང་ཆོས་ཤེས་སྐད་ཅིག་མ་དང་པོ་གཉིས་རིག་ལ། གཞན་མི་རིག །བསེ་རུ་ལྟ་བུའི་སེམས་ཤེས་ཀྱིས་དང་པོ་གཉིས་དང་བརྒྱད་པ་ཀུན་འབྱུང་རྗེས་ཤེས་དང་གསུམ་རིག་ཅིང་གཞན་མི་རི། །སངས་རྒྱས་ཀྱི་སེམས་ཤེས་ཀྱིས་འབད་རྩོལ་གྱི་སྦྱོར་བ་མེད་པར་ཀུན་གཟིགས་པའི་ཕྱིར། གཉིས་པ་ནི། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློར་འདོད་དོ། །ཅེས་བྱུང་། ཟད་དང་མི་སྐྱེ་བ་ཤེས་པའི་བློ་ཆོས་ཅན། ཁྱོད་གཉིས་ཀྱི་ཁྱད་པར་ཡོད་དེ། ཟད་པ་ཤེས་པ་ནི་བདེན་པ་རྣམས་ལས་སྡུག་བསྔལ་ཡོངས་སུ་ཤེས་སོ། །དམིགས་ཀྱིས་ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་སྒོམ་མོ་ཞེས་ངེས་པ་ཡིན་ལ། སྡུག་བསྔལ་ཡོངས་སུ་ཤེས་ཏེ་སླར་ཡོངས་སུ་ཤེས་པར་བྱར་མེད་ཅེས་པ་དང་། ལ་སོགས་ཀྱིས་ཀུན་འབྱུང་སྤངས་སོ་སླར་སྤང་བར་བྱར་མེད། འགོགས་པ་མངོན་དུ་བྱས་ཏེ་སླར་མངོན་དུ་བྱར་མེད། ལམ་བསྒོམས་ཏེ་སླར་བསྒོམ་པར་བྱར་མེད་ཅེས་ཤེས་པའི་ཡེ་ཤེས་དང་མི་སྐྱེ་བ་ཤེས་པའི་བློར་འདོར་པའི་ཕྱིར། འདི་ལྟར་ཤེས་པ་ནི་མཉམ་གཞག་གི་སྐབས་སུ་མིན་ཏེ། མཉམ་གཞག་དེས་དྲངས་པའི་ངེས་ཤེས་དེ་འདྲ་རྗེས་ཐོབ་ཏུ་སྐྱེ་བ་ལ་དགོངས་པའི་ཕྱིར་ཞེས་བྱེ་སྨྲ་འདོད་དོ། །གསུམ་པ་ཁྱད་ཆོས་ལ། ཤེས་པ་བཅུར་འཇོག་པའི་རྒྱུ་མཚན། གཉེན་པོའི་ཁྱད་པར། རྣམ་པའི་ཁྱད་པར་དང་གསུམ། དང་པོ་ནི། རང་བཞིན་དང་ནི་གཉེན་པོ་དང་། །རྣམ་པ་རྣམ་པ་སྤྱོད་ཡུལ་དང་། །སྦྱོར་དང་བྱ་བ་བྱས་ཉིད་དང་། །རྒྱུ་རྒྱས་པ་ལས་བཅུ་ཡིན་ནོ། །ཞེས་བྱུང་། འདིར་བསྟན་པའི་ཤེས་པ་དེ་ཆོས་ཅན། བསྡུས་ན་གསུམ་ཡིན་ཀྱང་བཅུར་འཇོག་པའི་རྒྱུ་མཚན་ཡོད་དེ། རང་བཞིན་ལས་ཀུན་རྫོབ་ཤེས་པ་དང་། གཉེན་པོ་ལས་ཆོས་ཤེས་དང་རྗེས་ཤེས། རྣམ་པ་ལས་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དང་། རྣམ་པ་དང་སྤྱོད་ཡུལ་དེ་དམིགས་པ་གཉིས་ཀ་ལས་འགོག་པ་དང་ལམ་ཤེས་པ་དང་། སྦྱོར་བ་ལས་ཕ་རོལ་གྱི་སེམས་ཤེས་པ་དང་། བྱ་བ་བྱས་པ་ཉིད་ལས་ཟད་པ་ཤེས་པ་དང་། རྒྱུ་རྒྱས་པ་ལས་ནི་མི་སྐྱེ་བ་ཤེས་པ་ཞག་པའི་ཕྱིར། དེར་ཐལ། དང་པོ་དེས་རང་བཞིན་ཀུན་རྫོབ་ཙམ་ཤེས། གཉིས་པ་དེ་གཉིས་ནི་འདོད་པ་དང་ཁམས་གོང་མའི་གཉེན་པོ་ཡིན། གསུམ་པ་དེ་གཉིས་དམིགས་པ་སྡུག་བདེན་ལ་དམིགས་ཀྱང་རྣམ་པ་ཐ་དད། བཞི་པ་གཉིས་དམིགས་རྣམ་གཉིས་ཀ་ཐ་དད། ལྔ་པ་ནི་སེམས་སོ་སོ་ལ་སྦྱོར་བ་སོ་སོར་དགོས། དྲུག་པ་ནི་བྱ་བ་བྱས་པའི་རྒྱུད་ལ་དང་པོ་ཁོ་ནར་སྐྱེ། བདུན་པ་ནི་རང་གི་རྒྱུ་རྒྱས་པ་ལས་བྱུང་བའི་ཕྱིར། གཉིས་པ་ནི། སྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་དེ། ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཞེས་བྱུང་། མཐོང་ལམ་ཆོས་ཤེས་འདོད་པ་དང་རྗེས་ཤེས་གོང་མའི་གཉེན་པོ་ཡིན་ཀྱང་། སྒོམ་ལམ་ཆོས་ཅན། ཁྱོད་ལ་དེར་མ་ངེས་ཏེ། ཁྱོད་ལ་འགོག་པའམ། ལམ་ལ་ཆོས་ཤེས་པ་གང་ཡིན་པ་དེ་ནི་ཁམས་གསུམ་གྱི་གཉེན་པོ་ཡིན་པ་སྲིད་པའི་ཕྱིར། དེར་ཐལ། འདོད་པའི་རྟེན་ཅན་གྱི་འཕགས་པས་འདོད་པའི་སྒོམ་སྤང་རྣམས་ཆོས་ཤེས་ཀྱིས་རིམ་པར་སྤངས་ནས་གོང་མའི་སྒོམ་སྤང་རྣམས་སྔར་འདྲིས་པའི་ལམ་དེ་ཉིད་བསྐྱེད་ནས་སྤོང་སྲིད་པའི་ཕྱིར། འདོད་པའི་ཁམས་གྱི་གཉེན་པོ་རྗེས་ཤེས་ཀྱིས་བྱེད་པ་མ་ཡིན་ཏེ། ཆོས་ཤེས་ཀྱིས་སྤང་འདོད་པར་གཉེན་པོ་བྱས་ཟིན་པའི་ཕྱིར། གསུམ་པ་ཤེས་བཅུའི་རྣམ་པའི་ཁྱད་པར་ལ། ཤེས་པ་སོ་སོའི་རྣམ་པ་དང་། རྣམ་པའི་གྲངས་ངེས། དེ་དག་གི་ཁྱད་པར། ཆོས་གཞན་བཤད་པ་དང་བཞི། དང་པོ་ནི། ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག་ཀུན་རྫོབ་ནི། །དེ་བཞིན་གཞན་དུའང་རང་རང་གི །བདེན་པའི་རྣམ་པ་བཞི་ཡིན་ནོ། །ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་། །དེ་བཞིན་དྲི་མ་དང་བཅས་ནི། །ཤེས་བྱའི་རང་གི་མཚན་ཉིད་དོ། །རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །ལྷག་མ་རྣམ་པ་བཅུ་བཞི་ཅན། །སྟོང་དང་བདག་མེད་མ་གཏོགས་སོ། །ཞེས་བྱུང་། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ཆོས་ཅན། རྣམ་པ་བཅུ་དྲུག་ཅན་ཡིན་ཏེ། མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་ཡིན་པ་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པ་ཆོས་ཅན། རྣམ་པ་དུ་མ་ཅན་ཡིན་ཏེ། སྦྱོར་ལམ་དྲོད་རྩེའི་སྐབས་སུ་སྔ་མ་དེ་བཞིན་དུ་བདེན་པའི་རྣམ་པ་བཅུ་དྲུག་ཅན་དང་། དེ་ལས་གཞན་དུའང་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ལ་དམིགས་པའི་ཕྱིར། སྡུག་བསྔལ་ཀུན་འབྱུང་འགོག་ལམ་ཤེས་པ་བཞི་ཆོས་ཅན། རྣམ་པ་བཞི་པ་ཅན་ཡིན་ཏེ། རང་གི་བདེན་པའི་རྣམ་པ་བཞི་བཞི་ལ་དམིགས་པའི་ཕྱིར། ཕ་རོལ་ཡིད་ཤེས་ལ་ཟག་པ་དང་བཅས་བྲལ་གཉིས་ཡོད་པ་ལས་ཡིད་ཤེས་དྲི་མེད་དེ་ཟག་མེད་ཀྱང་ཆོས་ཅན། བདེན་བཞི་ཤེས་པ་དེ་བཞིན་དུ་བདེན་བཞིའི་རྣམ་པ་ཅན་ཡིན་ཏེ། དེ་བཞིའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། ཕ་རོལ་གྱི་ཡིད་ཤེས་དྲི་མ་དང་བཅས་པ་ནི་ཆོས་ཅན། རང་གི་ཤེས་བྱའི་རང་གི་མཚན་ཉིད་དེ་རང་མཚན་སྤྱོད་ཡུལ་ཅན་ཡིན་ཏེ། ཕ་རོལ་གྱི་སེམས་དང་སེམས་བྱུང་གི་རྫས་ནི་རེ་རེ་ཞིག་ཁོ་ནའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། དེར་ཐལ། གང་གི་ཚེ་འདི་སེམས་སོ་སྙམ་དུ་འཛིན་པའི་ཚེ་སེམས་བྱུང་ངོ་སྙམ་དུ་མི་འཛིན་པའི་ཕྱིར། སྔར་བཤད་པའི་ལྷག་མ་ཟད་དང་མི་སྐྱེ་བའི་ཤེས་པ་གཉིས་ཆོས་ཅན། རྣམ་པ་བཅུ་བཞི་ཅན་ཡིན་ཏེ། བདེན་བཞིའི་རྣམ་པ་ལས་སྟོང་དང་བདག་མེད་མ་གཏོགས་པའི་རྣམ་པ་གཞན་བཅུ་བཞི་ལ་དམིགས་པའི་ཕྱིར། གཉིས་པ་ནི། དྲི་མེད་བཅུ་དྲུག་གཞན་ནམ་མེད། །གཞན་ཡོད་ཅེས་པ་བསྟན་བཅོས་ལས། །རྫས་སུ་རྣམ་པ་བཅུ་དྲུག་གོ །ཞེས་བྱུང་། འདིར་ལུགས་གཉིས་ལས་ཁ་ཆེ་བ་རྣམས་ན་རེ། བདེན་པའི་རྣམ་པ་དྲི་མེད་བཅུ་དྲུག་ཏུ་མ་གཏོགས་པ་གཞན་མེད་ཅེས་ཟེར་ལ། དེ་ལ་ཉི་འོག་པ་ན་རེ་བཅུ་དྲུག་ལས་གཞན་ཡོད་ཅེས་སྨྲ་སྟེ། བསྟན་བཅོས་ལས་རིགས་པས་བསྐྱེད་པའི་སྒོ་ནས་མི་རྟག་པ་དང་ཞེས་པ་ནས་རྐྱེན་ཏེ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ། །ཞེས་འབྱུང་བའི་ཕྱིར། ཁྱབ་སྟེ། གནས་ཡོད་དོ་ཞེས་པས་མཚན་ཉིད་ཡོད་པ་དང་། གཞི་ཡོད་དོ་ཞེས་པས་རྒྱུ་ཡོད་པར་བསྟན་པའི་ཕྱིར་ཟེར། རྣམ་པ་བཅུ་དྲུག་པོ་འདི་ཅི་མིང་གི་སྒོ་ནས་སམ་རྫས་སུ་བཅུ་དྲུག་ཡིན་ཞེ་ན། འདི་ལ་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། བྱེ་བྲག་ཏུ་སྨྲ་བ་ན་རེ། རྫས་སུ་ཡང་རྣམ་པ་བཅུ་དྲུག་ཡིན་ཏེ། རྣལ་འབྱོར་པ་དང་རྣམ་པ་སོ་སོར་མངོན་དུ་བྱེད་དགོས་པའི་ཕྱིར། བཅུ་དྲུག་ཏུ་བཞག་པ་ནི་མིང་གི་རྣམ་གྲངས་ཀྱི་ཡིན་མོད། དེ་ཙམ་ཞིག་མིན་ཏེ། བདེན་བཞིར་དོན་མི་འདྲ་བའི་ལྡོག་པ་བཞི་བཞི་ཡོད་པའི་ཕྱིར། དེར་ཐལ། རྐྱེན་གྱིས་འཇིག་པའི་མི་རྟག་པ་དང་། བདེ་བའི་རང་བཞིན་མིན་པ་དང་། སྐྱེ་འཇིག་ཅན་ཡིན་པ་དང་། བདག་གིས་སྟོང་པ་སོགས་དོན་མི་འདྲ་བའི་ཁྱད་པར་དུ་མ་ཡོད་པའི་ཕྱིར། གསུམ་པ་ནི། རྣམ་པ་ཤེས་རབ་དང་བཅས་པའི། །དམིགས་དང་བཅས་པས་འཛིན་པར་བྱེད། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །ཞེས་བྱུང་། སྐབས་འདིའི་ཤེས་པའི་རྣམ་པའི་ངོ་བོ་གང་ཞེ་ན། བྱེ་སྨྲ་ན་རེ། ཤེས་པའི་རྣམ་པའི་ངོ་བོ་ཡོད་དེ། ཡུལ་འཛིན་པའི་རྣམ་པ་ཅན་གྱི་ཤེས་རབ་ཡིན་པའི་ཕྱིར། ཤེས་རབ་ཁོ་ནས་འཛིན་པ་ནི་མིན་ཏེ། ཤེས་རབ་དང་བཅས་པའི་སེམས་སེམས་བྱུང་དམིགས་པ་དང་བཅས་པ་ཀུན་གྱིས་འཛིན་པར་བྱེད་པའི་ཕྱིར། རྫས་བཏགས་ཀྱི་ཡོད་པ་ཐམས་ཅད་ཆོས་ཅན། གཟུང་བྱ་ཡིན་ཏེ། ཤེས་རབ་དང་བཅས་པའི་སེམས་སེམས་བྱུང་རྣམས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། བཞི་པ་ལ། ངོ་བོ་དང་རྟེན་དང་དྲན་པ་ཉེར་གཞག་དང་དམིགས་པའི་ཁྱད་པར་དང་བཞི། དང་པོ་ནི། རྣམ་པ་རྣམ་གསུམ་གཞན་རྣམ་དབྱེ། ཞེས་བྱུང་། བདེན་པའི་རྣམ་པ་བཅུ་ཆོས་ཅན། ཁྱོད་ལ་དགེ་སོགས་གང་འཇོག་པའི་ཁྱད་པར་ཡོད་དེ། དང་པོ་ཀུན་རྫོབ་ཤེས་པ་ལ་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡོད་ཅིང་། ཤེས་པ་གཞན་རྣམ་པ་དགུ་ནི་དགེར། ཁོ་ནར་འཇོག་པའི་ཕྱིར། དང་པོ་གྲུབ་སྟེ། ཁམས་གསུམ་གྱི་ཤེས་པ་ཟག་བཅས་ཐམས་ཅད་ཀུན་རྫོབ་ཤེས་པར་འཇོག་པའི་ཕྱིར། གཉིས་པ་གྲུབ་སྟེ་སེམས་ཤེས་ནི་བསྒོམས་བྱུང་དང་ཤེས་པ་གཞན་རྣམས་ཟག་མེད་ལ་འཇོག་པའི་ཕྱིར། གཉིས་པ་ལ། སེམས་རྟེན་དང་། ལུས་རྟེན་གཉིས། དང་པོ་ནི། དང་པོ་ས་རྣམས་ཐམས་ཅད་ན། །དྲུག་ན་ཆོས་ཤེས་བྱ་དགུ་ན། རྗེས་ཤེས་བྱ་བ་དེ་བཞིན་དྲུག །གཞན་ཡིད་ཤེས་པ་བསམ་གཏན་ན། །ཞེས་བྱུང་དང་པོ་ཀུན་རྫོབ་ཤེས་པ་ཆོས་ཅན། ས་རྣམས་ཐམས་ཅད་ན་ཡོད་དེ། འདོད་པ་ནས་སྲིད་རྩེའི་བར་དུ་ཡོད་པའི་ཕྱིར། ཆོས་ཤེས་ཞེས་བྱ་བ་ཆོས་ཅན། ས་དྲུག་ན་ཡོད་དེ། བསམ་གཏན་བཞི་མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ན་ཡོད་པའི་ཕྱིར། རྗེས་ཤེས་ཞེས་བྱ་བ་ཆོས་ཅན། ས་དགུ་ན་ཡོད་དེ། བསམ་གཏན་ས་དྲུག་པོ་དེ་དང་གཟུགས་མེད་དང་པོ་གསུམ་སྟེ་དགུ་ན་ཡོད་པའི་ཕྱིར། སྡུག་ཀུན་འགོག་ལམ་བཞི་དང་ཟད་དང་མི་སྐྱེ་ཤེས་པ་དྲུག་ཆོས་ཅན། སྔར་བཤད་པ་དེ་བཞིན་དུ་ཡོད་དེ། ས་དྲུག་དང་དགུ་ནའང་ཡོད་པའི་ཕྱིར། དེར་ཐལ། ཆོས་ཤེས་རྣམས་ས་དྲུག་དང་རྗེས་ཤེས་རྣམས་ས་དགུ་ན་ཡོད་པའི་ཕྱིར། གཞན་མིང་ཤེས་པ་དེ་ཆོས་ཅན། བསམ་གཏན་བཞི་ཁོ་ན་ན་ཡོད་དེ། འོན་ཀྱང་ཉེར་བསྡོགས་དང་གཟུགས་མེད་ན་མེད་པའི་ཕྱིར། གཉིས་པ་ནི། དེ་ནི་འདོད་དང་གཟུགས་རྟེན་ཅན། །ཆོས་ཞེས་བྱ་བ་འདོད་རྟེན་ཅན། ཁམས་གསུམ་པའི་རྟེན་ཅན་གཞན། །ཞེས་བྱུང་། གཞན་སེམས་ཤེས་པ་དེ་ནི་ཆོས་ཅན། འདོད་པ་དང་གཟུགས་ཀྱི་རྟེན་ཅན་ལ་ཡིན་ཏེ། དེ་གཉིས་སུ་མངོན་དུ་བྱེད་ཀྱི་གཟུགས་མེད་ཀྱི་རྟེན་ལ་མི་བྱེད་པའི་ཕྱིར། ཆོས་ཞེས་བྱ་བ་ནི་ཆོས་ཅན། འདོད་པའི་རྟེན་ཅན་ཁོ་ན་ལ་སྐྱེའི་ཁམས་གོང་ན་མངོན་དུ་མི་བྱེད་དེ། དེ་ན་མཐོང་ལམ་མི་སྐྱེ་བའི་ཕྱིར། དེ་གཉིས་ལས་གཞན་བདེན་བཞི་ཤེས་པ་དང་རྗེས་ཤེས་དང་ཟད་མི་སྐྱེ་ཤེས་པ་བརྒྱད་ཆོས་ཅན། ཁམས་གཅིག་ཏུ་མ་ངེས་ཏེ། ཁམས་གསུམ་པ་ཡི་རྟེན་ཅན་ལ་སྐྱེ་བ་ཡོད་པའི་ཕྱིིར། གསུམ་པ་ནི། འགོག་བློ་དྲན་པ་ཉེར་གཞག་པ། གཅིག་སྟེ་ཕ་རོལ་སེམས་བློ་ནི། །གསུམ་མོ་ལྷག་མ་བཞི་ཡིན་ནོ། །ཞེས་བྱུང་། འགོག་པ་ཤེས་པའི་བློ་ཆོས་ཅན། དྲན་པ་ཉེར་གཞག་གཅིག་དང་ལྡན་ཏེ། ཆོས་དྲན་པ་ཉེར་གཞག་ཡིན་པའི་ཕྱིར། ཕ་རོལ་གྱི་སེམས་བློ་ཤེས་པ་ཆོས་ཅན། དྲན་ཉེ་གསུམ་དང་ལྡན་ཏེ། ལུས་དྲན་ཉེ་མ་གཏོགས་གསུམ་དང་ལྡན་པའི་ཕྱིར། ལྷག་མའི་ཤེས་པ་བརྒྱད་ཆོས་ཅན། དྲན་ཉེ་བཞི་དང་ལྡན་པ་ཡོད་དེ། ལུས་ཚོར་སེམས་ཆོས་བཞི་ག་ལ་དམིགས་པ་ཡོད་པའི་ཕྱིར། བཞི་པ་དམིགས་པའི་ཁྱད་པར་ལ། ཤེས་པ་ནང་ཕན་ཚུན་ཡུལ་དུ་འགྱུར་ཚུལ། ཆོས་བཅུ་དང་ཤེས་བཅུ་ཡུལ་ཡུལ་ཅན་དུ་སྦྱར་བ། ཆོས་གང་རིག་པ་དང་གསུམ། དང་པོ་ནི། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ། །བཞི་ཡི་བཅུ་ཡིན་གཅིག་གི་མིན། །ཞེས་བྱུང་། ཆོས་ཤེས་པའི་བློ་ཆོས་ཅན། ཁྱོད་ཀྱི་སྤྱོད་ཡུལ་ལ་མ་དམིགས་པ་ཡོད་དེ། རྗེས་ཤེས་མ་གཏོགས་པའི་དགུ་ཡོད་པ་ཡིན་པའི་ཕྱིར། ལམ་ཤེས་པ་དང་རྗེས་ཤེས་ཀྱི་བློ་ཆོས་ཅན། ཁྱོད་གཉིས་ཀྱི་དམིགས་པ་ལ་དགུ་དགུ་ཡོད་དེ། སྔ་མ་ལ་ཀུན་རྫོབ་ཤིས་པ་མ་གཏོགས་པ་དང་། ཕྱི་མ་ལ་ཆོས་ཤེས་མ་གཏོགས་པ་རྣམས་ཡོད་པ་ཡིན་པའི་ཕྱིར། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ཤེས་པའི་བློ་ཆོས་ཅན། ཁྱོད་གཉིས་ཀྱི་དམིགས་པ་གཉིས་ཡིན་ཏེ། ཀུན་རྫོབ་ཤེས་པ་དང་ཕ་རོལ་གྱི་སེམས་ཤེས་གཉིས་ཡོད་པའི་ཕྱིར། ཀུན་རྫོབ་དང་སེམས་ཤེས་དང་ཟད་དང་མི་སྐྱེ་ཤེས་པ་བཞི་ཆོས་ཅན་ཁྱོད་ཀྱི་དམིགས་པ་བཅུ་ཡིན་ཏེ། ཤེས་པ་བཅུ་པོ་ལ་དམིགས་པ་ཡོད་པའི་ཕྱིར། དེ་ལྟར་ཡིན་ཡང་ནང་གསེས་ཀྱི་ཁྱད་པར་ཡོད་དེ། ཐམས་ཅད་ལ་ཅིག་ཅར་དམིགས་པའི་ངེས་པ་ཅན་མིན་ཞིང་། བདེན་བཞི་སོ་སོའི་རྣམ་པ་ལ་དམིགས་ཚུལ་མི་འདྲ་བ་ཡོད་པའི་ཕྱིར། འགོག་པ་ཤེས་པ་ཆོས་ཅན། ཁྱོད་གཅིག་པུའི་དམིགས་པ་ལ་ཤེས་པ་ཡོད་པ་མིན་ཏེ། འདུས་མ་བྱས་ཁོ་ན་ལ་དམིགས་པའི་ཕྱིར་ཏེ། འགོག་པ་ཉིད་ལ་དམིགས་པའི་ཕྱིར། གཉིས་པ་ནི། ཆོས་བཅུ་དག་ནི་སྦྱར་བར་བྱ། ཁམས་གསུམ་པ་དང་དྲི་མེད་ཆོས། །མ་བྱས་རྣམ་གཉིས་རྣམ་གཉིས་སོ། །ཞེས་བྱུང་། ཤེས་བཅུ་ཆོས་ཅན། ཁྱོད་ཆོས་བཅུ་དག་དང་ཡུལ་ཡུལ་ཅན་དུ་སྦྱོོར་ཚུལ་ཡོད་དེ། ཀུན་རྫོབ་ཤེས་པའི་དམིགས་པ་ལ་ཆོས་བཅུ་པོ་ཐམས་ཅད་ཡོད། ཆོས་ཤེས་ཀྱི་དེ་ལ་ལྔ། རྗེས་ཤེས་ཀྱི་དེར་བདུན། སྡུག་ཀུན་ཤེས་པའི་དེར་དྲུག །འགོག་པ་ཤེས་པའི་དེར་གཅིག །ལམ་ཤེས་པའི་དེར་གཉིས། གཞན་རྣམས་ཀྱི་དེར་གསུམ། ཟད་དང་མི་སྐྱེ་ཤེས་པའི་དམིགས་པར་དགུ་ཡོད་པའི་ཚུལ་གྱིས་སྦྱར་བར་བྱ་བའི་ཕྱིར། ཆོས་བཅུ་འཇོག་ཚུལ་ཡོད་དེ། སྔར་ལྟར་བཅུ་ནི་ཁམས་གསུམ་པའི་ཆོས་དང་། དྲི་མེད་ཀྱི་ཆོས་བཞི་ལ་མཚུངས་ལྡན་ཡིན་མིན་རྣམ་གཉིས་སུ་ཕྱེ་བས་བརྒྱད་དང་། འདུས་མ་བྱས་ལ་དགེ་བར་བཏགས་པ་དང་ལུང་མ་བསྟན་རྣམ་གཉིས་སུ་ཕྱེ་བས་བཅུ་ཡོད་པའི་ཕྱིར། གསུམ་པ་ནི། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། ཞེས་བྱུང་། ཀུན་རྫོབ་ཤེས་པ་གཅིག་པུ་ཆོས་ཅན། ཆོས་བཅུ་ལ་དམིགས་པ་ཡོད་ཀྱང་རང་གི་ངོ་བོ་དང་ཚོགས་པ་གཅིག་པའི་ཚོར་འདུ་སོགས་ཧ་ཅང་ཉེ་བས་མི་འཛིན་ཏེ། འཛིན་པའི་བྱེད་པ་འགལ་བའི་ཕྱིར་ཏེ། རང་གིས་རང་ལ་བྱེད་པ་འཇུག་པ་མི་རིགས་པའི་ཕྱིར། དེ་ལས་གཞན་པའི་ཆོས་ནི་དེས་རིག་པར་འགྱུར་བ་ཡོད་དེ། ཆོས་ཐམས་ཅད་ནི་བདག་མེད་པ་ཉིད་དོ་ཞེས་ཤེས་པར་འགྱུར་བའང་ཡོད་པའི་ཕྱིར། གཉིས་པ་ལྡན་ཚུལ་ནི། ཟག་མེད་སྐད་ཅིག་དང་པོ་ལ། ཆགས་ཅན་ཞེས་པ་གཅིག་དང་ལྡན། གཉིས་པ་ལ་གསུམ་ཡན་ཆད་ནི། །བཞི་ལ་རེ་རེ་འཕེལ་དང་ལྡན། ཞེས་བྱུང་། ཤེས་བྱ་ཆོས་ཅན། གང་ཟག་གང་ཤེས་པ་གང་དང་ལྡན་ཚུལ་ཡོད་དེ། ཟག་མེད་སྐད་ཅིག་དང་པོ་ལ་གནས་པའི་འཕགས་པ་ཆགས་ཅན་སྡུག་བསྔལ་ཆོས་བཟོད་པ་ནི། ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན། གཉིས་པ་སྡུག་བསྔལ་རྗེས་བཟོད་ལ་གནས་པ་ནི་ཀུན་རྫོབ་དང་ཆོས་དང་སྡུག་བསྔལ་ཤེས་པ་གསུམ་དང་ལྡན། དེ་ཡན་ཆད་ནི་སྔ་མ་གསུམ་དང་སེམས་ཤེས་བཞི་དང་ལྡན་པ་དང་། སྡུག་བསྔལ་རྗེས་ཤེས་དུས་སུ་ཆགས་ཅན་རྗེས་ཤེས་དང་བཞི། ཆགས་བྲལ་ལྔ་དང་ལྡན་པའི་སྟེང་དུ་རེ་རེ་འཕེལ་བ་ཀུན་འབྱུང་ཤེས་པར་ཆགས་བཅས་ལྔ་དང་ཆགས་བྲལ་དྲུག །འགོག་པ་ཤེས་པར་ཆགས་ཅན་དྲུག་ཆགས་བྲལ་བདུན། ལམ་ཤེས་པར་ཆགས་བཅས་བདུན་ཆགས་བྲལ་བརྒྱད་དང་ལྡན་པའི་ཕྱིར། ཀུན་རྫོབ་ཤེས་པ་དང་ལྡན་པ་མང་སྟེ། འདོད་པ་ལ་ཆགས་བྲལ་མ་བྱས་པའི་སོ་སྐྱེ་ཐམས་ཅད་ནི་དེ་དང་ལྡན་པའི་ཕྱིར། གསུམ་པ་ཐོབ་ཚུལ་ལ། ལམ་གྱི་གནས་སྐབས་གང་དུ་ཤེས་པ་དུ་ཐོབ་པ་དང་། ས་གང་དུ་ཤེས་པ་དུ་ཐོབ་པ་དང་། ཐོབ་པའི་དབྱེ་བ་གསུམ། དང་པོ་ལ། མཐོང་ལམ་དུ་དང་། སྒོམ་ལམ་དུ་དང་། བཤད་པའི་ལྷག་མ་དུ་ཐོབ་པ་གསུམ། དང་པོ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས་མ་འོངས་པ་ཐོབ་དེ་ཉིད་ལ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང་། །དེ་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། །དེ་ནི་མི་སྐྱེའི་ཆོས་ཅན་ཡིན། །རང་དང་འོག་ས་འགོག་པའི་མཐའ། །རང་བདེན་རྣམ་ཅན་འབད་ལས་བྱུང་། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སྐབས་གང་དུ་ལན་གོང་འོག་པའི་ཁྱད་པར་ཡོད་དེ། མཐོང་བའི་ལམ་ལ་ནི་བཟོད་པ་བརྒྱད་དང་ཤེས་པ་ཇི་ལྟར་སྐྱེས་པ་རྣམས་རང་གི་རིགས་འདྲ་མ་འོངས་པ་ཐོབ་པར་འགྱུར་གྱི། མངོན་དུ་གྱུར་པ་ནི་འཐོབ་པར་མི་འགྱུར་བའི་ཕྱིར་ཏེ། ཐོབ་ཟིན་སླར་མི་ཐོབ་པའི་ཕྱིར་རོ། ། མཐོང་ལམ་དེ་ནི་ཆོས་ཅན། ཁྱོད་ལ་སྡུག་ཀུན་འགོག་པ་རྗེས་ཤེས་གསུམ་ལ་ནི་ཀུན་རྫོབ་ཤེས་པ་ཡང་ཐོབ་པར་འགྱུར་ཏེ། དེ་རྗེས་ཤེས་ཀྱི་སྐབས་སུ་ཐོབ་ཀྱི་ཆོས་ཤེས་ཀྱི་ཚེ་མི་ཐོབ་པའི་ཕྱིར། ཀུན་རྫོབ་ཤེས་པ་དེ་ཆོས་ཅན། མངོན་རྟོགས་ཀྱི་མཐའ་ལས་བྱུང་བ་ཞེས་བྱ་སྟེ། བདེན་པ་དེ་མངོན་པར་རྟོགས་པའི་རྗེས་ཤེས་ཀྱི་ཚེ་བྱུང་བ་དེའི་ཕྱིར། རྗེས་ཤེས་གསུམ་གྱི་ཀུན་རྫོབ་ཤེས་པ་དེ་ནི་ཆོས་ཅན། མངོན་གྱུར་དུ་མི་འབྱུང་སྟེ། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར། རྗེས་ཤེས་ཀྱི་ཀུན་རྫོབ་ཤེས་པ་ཆོས་ཅན། ས་གང་ལ་བརྟེན་ནས་ཐོབ་པ་ཡོད་དེ། མཐོང་ལམ་གང་ལ་བརྟེན་པའི་རང་ས་དང་འོག་ས་ལ་བརྟེན་ནས་ཐོབ་པ་ཡོད་པའི་ཕྱིར། ཀུན་རྫོབ་ཤེས་པ་དེ་གསུམ་ཆོས་ཅན། དྲན་པ་ཉེར་གཞག་གང་དུ་འཇོག་ཚུལ་ཡོད་དེ། འགོག་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་ནི་ཆོས་དྲན་ཉེ་དང་། ལྷག་མ་གཉིས་ལ་དྲན་ཉེ་བཞི་ག་བཞག་ཏུ་ཡོད་པའི་ཕྱིར། དེ་གསུམ་ཆོས་ཅན། དམིགས་རྣམ་ཡོད་དེ། རང་གི་བདེན་པའི་དམིགས་རྣམ་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། འབད་རྩོལ་ལས་བྱུང་བ་ཡིན་ཏེ། རང་རང་གི་བདེན་པ་མངོན་རྟོགས་རྗེས་ཤེས་ལས་བྱུང་བའི་ཕྱིར། གཉིས་པ་སྒོམ་ལམ་དུ་ཐོབ་པ་ནི། ཆགས་བཅས་བཅུ་དྲུག་པ་ལ་དྲུག །འདོད་ཆགས་དང་ནི་བྲལ་བས་བདུན། །དེ་ཡི་གོང་མ་ཆགས་བཅས་ཀྱིས། །སྒོམ་པའི་ལམ་ལ་བདུན་འཐོབ་བོ། །ས་བདུན་ལས་རྒྱལ་མངོན་ཤེས་དང་། །མི་གཡོ་འཐོབ་དག་སྤེལ་བརྩོན་པའི། །བར་ཆད་མེད་པའི་ལམ་དག་དང་། །གོང་མའི་གྲོལ་བའི་ལམ་བརྒྱད་ལའང་། །སློབ་པ་སྦྱོང་བའི་གྲོལ་བ་ལ། །ཤེས་པ་དྲུག་དང་བདུན་འཐོབ་པའམ། །བར་ཆད་མེད་པའི་ལམ་ལ་དྲུག །དེ་བཞིན་སྲིད་རྩེ་རྣམ་རྒྱལ་ལའང་། །ཟད་པ་ཤེས་པ་ལ་དགུའོ། །མི་གཡོ་བས་ནི་བཅུ་འཐོབ་བོ། །དེར་འཕོ་གྲོལ་བའི་ཐ་མ་ལའང་། །ཞེས་བྱུང་། འདོད་པ་ལ་ཆགས་བཅས་ཀྱི་འཕགས་པ་ཆོས་ཅན། ཁྱོད་ཀྱིས་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པའི་ཚེ་ཤེས་པ་དྲུག་ཐོབ་པར་བྱེད་དེ། ཆོས་རྗེས་གཉིས་དང་བདེན་བཞི་ཤེས་པ་དང་དྲུག་ཐོབ་པའི་ཕྱིར། འདོད་པ་ལ་ཆགས་པ་དང་བྲལ་བའི་འཕགས་པ་ཆོས་ཅན། ཁྱོད་ཀྱི་དེའི་ཚེ་བདུན་ཐོབ་པར་བྱེད་དེ། སྔ་མ་དྲུག་དང་སེམས་ཤེས་བཅས་བདུན་ཐོབ་པའི་ཕྱིར། དེ་ཡི་གོང་མའི་སྒོམ་ལམ་པ་ཆགས་བཅས་ཆོས་ཅན། ཁྱོད་ཀྱིས་ཇི་ལྟར་ཐོབ་ཚུལ་ཡོད་དེ། ཆགས་བྲལ་མ་བྱས་པ་དེ་སྲིད་དུ་སྒོམ་པའི་ལམ་ལ་གནས་པའི་ཚེ་ཆོས་ཤེས་རྗེས་ཤེས་ཀུན་རྫོབ། ཤེས་པ་གསུམ་དང་བདེན་བཞི་ཤེས་པ་བཞི་སྟེ་བདུན་ཐོབ་པར་བྱེད་པའི་ཕྱིར། བསམ་གཏན་བཞི་གཟུགས་མེད་དང་པོོ་གསུམ་གྱིས་བདུན་གྱི་ཉོན་མོངས་ལས་རྒྱལ་བ་དག་དང་། མངོན་ཤེས་ལྔ་དང་། དེ་ཐོབ་བྱེད་ཀྱི་བར་ཆད་མེད་པའི་ལམ་དག་དང་གོང་མ་སྲིད་རྩེ་ལས་གྲོལ་བའི་རྣམ་གྲོལ་ལམ་དང་པོ་བརྒྱད་ལ་གནས་པའང་ཆོས་ཅན། ཤེས་པ་བདུན་ཐོབ་སྟེ། བཤད་མ་ཐག་པ་བདུན་ཐོབ་པའི་ཕྱིར། རྟོག་པའི་སྐལ་བ་ཅན་མི་གཡོ་བའི་ཆོས་ཅན་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་དང་། བསམ་གཏན་སྤེལ་སྒོམ་ལ་བསྒོམ་ལ་བརྩོན་པའི་བར་ཆད་མེད་པའི་ལམ་དག་ལ་གནས་པ་གཉིས་ཆོས་ཅན། ཁྱོད་ཀྱིས་ཀྱང་ཤེས་པ་དགུ་བདུན་འཐོབ་སྟེ། སྔ་མས་ཆོས་ཤེས་རྗེས་ཤེས་བདེན་བཞི་ཤེས་པ་ཟད་ཤེས་དང་བདུན་དང་། ཕྱི་མས་འགོག་ལམ་ཆོས་ཤེས་རྗེས་ཤེས་བདེན་བཞིས་ཤེས་པ་ཀུན་རྫོབ་ཤེས་པ་དང་བདུན་ཐོབ་པར་བྱེད་པའི་ཕྱིར། གོང་མ་སྲིད་རྩེའི་ས་ལ་ཆགས་བྲལ་བྱས་པའི་གྲོལ་བའི་ལམ་དང་པོ་བརྒྱད་ཆོས་ཅན། ཁྱོད་ལའང་ཤེས་པ་བདུན་ཐོབ་སྟེ། ཆོས་ཤེས་རྗེས་ཤེས་བདེན་བཞི་ཤེས་པ་སེམས་ཤེས་ཐོབ་པའི་ཕྱིར། སློབ་པ་ཆགས་བཅས་དབང་པོ་སྦྱོང་བའི་གྲོལ་བའི་ལམ་ལ་གནས་པ་ཆོས་ཅན། ཁྱོད་ཀྱིས་ཤེས་པ་དྲུག་ཐོབ་སྟེ། ཆོས་ཤེས་རྗེས་ཤེས་བདེན་བཞི་ཤེས་པ་དང་དྲུག་ཐོབ་པའི་ཕྱིར། དེ་འདྲའི་ཆགས་བྲལ་བ་ཆོས་ཅན་ཁྱོད་ཀྱིས་བདུན་ཐོབ་པ་ཡོད་དེ། སྔ་མ་དྲུག་གི་སྟེང་དུ་སེམས་ཤེས་དང་བདུན་ཐོབ་པའི་ཕྱིར། སློབ་པ་དབང་པོ་སྦྱོང་བའི་བར་ཆད་མེད་པའི་ལམ་ལ་གནས་པའི་འཕགས་པ་དང་དེ་བཞིན་དུ་སྲིད་རྩེའི་ཉོན་མོངས་ལས་རྣམ་པར་རྒྱལ་བའི་བར་ཆད་མེད་ལམ་ལ་གནས་པའང་ཆོས་ཅན། ཤེས་པ་དྲུག་རེ་ཐོབ་སྟེ། ཆོས་རྗེས་ཤེས་བདེན་བཞི་ཤེས་པ་རྣམས་ཐོབ་པར་བྱེད་པའི་ཕྱིར། སྲིད་རྩེའི་རྣམ་གྲོལ་ལམ་དགུ་པ་ཟད་པ་ཤེས་པ་ལ་གནས་པ་ཆོས་ཅན། ཤེས་པ་དགུ་ཐོབ་སྟེ། མི་སྐྱེ་བ་ཤེས་པ་མ་གཏོགས་དགུ་པོ་ཐོབ་པའི་ཕྱིར། དབང་རྣོན་མི་གཡོ་བའི་ཆོས་ཅན་དང་། རྟོགས་པའི་ཆོས་ཅན་མི་གཡོ་བ་དེར་དབང་པོ་འཕོ་བའི་རྣམ་གྲོལ་ལམ་ཐ་མ་དགུ་པ་གཉིས་ལ་གནས་པའང་ཆོས་ཅན། ཤེས་པ་བཅུ་ཐོབ་པ་ཡིན་ཏེ། མི་སྐྱེ་ཤེས་པའང་ཐོབ་པའི་ཕྱིར། གསུམ་པ་ནི། བཤད་པའི་ལྷག་མ་ལ་བརྒྱད་ཐོབ། །ཞེས་བྱུང་། སྔར་བཤད་པའི་ལྷག་མ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པ་དང་མངོན་ཤེས་དང་སྤེལ་སྒོས་བྱེད་པ་གསུམ་ཆོས་ཅན། ཤེས་པ་བརྒྱད་བརྒྱད་ཐོབ་སྟེ། ཟད་དང་མི་སྐྱེ་ཤེས་པ་གཉིས་མ་གཏོགས་པ་བརྒྱད་རེ་ཐོབ་པའི་ཕྱིར། གཉིས་པ་ས་གང་དུ་ཤེས་པ་དུ་ཐོབ་པ་ནི། གང་ལ་ཆགས་བྲལ་བྱ་ཕྱིར་གང་། །ཐོབ་པ་དེར་ཡང་འོག་མ་འཐོབ། །ཟད་པ་ཤེས་ལ་ཟག་བཅས་ཀྱང་། །ས་ཀུན་སྔོན་རྙེད་མི་ཐོབ་བོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ལམ་གང་གི་སྐབས་སུ་ཤེས་པ་དུ་འཐོབ་ཚུལ་ཡོད་དེ། ས་འོག་མ་གང་ལ་ཆགས་པ་དང་བྲལ་བར་བྱ་བའི་ཕྱིར་སྦྱོར་ལམ་སོགས་དང་འདས་ལམ་གྱིས་འདོད་ཆགས་དང་བྲལ་བ་དག་གིས་ས་འོག་མས་བསྡུས་པའི་ལམ་གང་ཐོབ་པ་དེར་ཡང་རང་ས་དང་འོག་མའི་སས་བསྡུས་པའི་ཟག་མེད་ཀྱི་ལམ་ཐོབ་པའི་ཕྱིར། ཟད་པ་ཤེས་པ་ལ་གནས་པ་ཆོས་ཅན། ཡོན་ཏན་དུ་མ་ཐོབ་སྟེ། ཟག་མེད་ཀྱི་ཡོན་ཏན་དུ་མ་ཟད་ཟག་བཅས་ཀྱི་ཡོན་ཏན་མི་སྡུག་པ་སྒོམས་དང་དབུགས་རྔུབ་འབྱུང་དང་། དྲན་ཉེ་དང་། བསམ་གཏན་ས་དྲུག་དང་། གཟུགས་མེད་དང་བཅས་པ་བཅུ་གཅིག་པོ་ཀུན་གྱིས་བསྡུས་པའི་ཡོན་ཏན་ཐོབ་པའི་ཕྱིར། དེ་ཡང་ས་ཀུན་ལས་སྔོན་མ་རྙེད་པ་ཐོབ་པ་ཡིན་གྱི། རྙེད་ཟིན་མི་འཐོབ་སྟེ། ཐོབ་ཟིན་སླར་མི་ཐོབ་པའི་ཕྱིར། གསུམ་པ་ཐོབ་པའི་དབྱེ་བ་ནི། རྙེད་དང་སྟེན་བཅས་བྱ་བ་ནི། །དགེ་བ་འདུ་བྱས་འཐོབ་པའོ། །གཉེན་པོ་དང་ནི་ཐག་བསྲིང་བའི། །ཐོབ་པ་ཟག་དང་བཅས་པའི་ཡིན། །ཞེས་བྱུང་། ཐོབ་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། རྙེད་པའི་ཐོབ་པ། བསྟེན་པའི་ཐོབ་པ། གཉེན་པོའི་ཐོབ་པ། ཐག་བསྲིང་བའི་ཐོབ་པ་དང་བཞི་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་ཡོད་དེ། སྔར་མེད་གསར་དུ་རྙེད་པ་དེ་དང་པོ་དང་། དེ་སྐད་ཅིག་གཉིས་པ་ཕན་ཆད་དུ་ཡང་ཡང་མངོན་དུ་བྱེད་པ་ནི་གཉིས་པ་ཡིན་ལ། དེ་གཉིས་ཀའང་དགེ་བ་འདུས་བྱས་ཀྱི་ཐོབ་པ་དང་། སྤང་བྱ་སྤོང་བཞིན་པའི་སྐབས་ཀྱི་ཐོབ་པ་དེ་གསུམ་པ་དང་། སྤང་བྱ་ལས་གྲོལ་བའི་སྐབས་ཀྱི་ཐོབ་པ་དེ་བཞིན་ཡིན་ལ། དེ་གཉིས་ཀྱི་ཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་ཐོབ་པ་ཡིན་པའི་ཕྱིར། ཕྱི་མའི་དོན་འཆད་ཚུལ་ལ་མི་འདྲ་བ་ཡོད་དེ། དགེ་བ་ཟག་བཅས་ལ་ཐོབ་པ་བཞི་ག་ཡོད་པའི་དོན་དུའང་བཤད་པའི་ཕྱིར། དེ་དག་ནི་མཚོན་པ་ཙམ་ཡིན་ཏེ། དགེ་བ་འདུས་བྱས་ལ་རྙེད་བསྟེན་གྱི་ཐོབ་པ་གཉིས། ཟག་བཅས་ལ་གཉེན་པོ་དང་ཐག་བསྲིང་བ་གཉིས། ཟག་མེད་ལ་རྙེད་བསྟེན་གཉིས། ཉོན་མོངས་ཅན་དང་ལུང་མ་བསྟན་གྱི་ཐོབ་པ་ལ་གཉེན་པོ་དང་ཐག་བསྲིང་བ་གཉིས་ཡོད་པའི་ཕྱིར། བཞི་པ་ཁྱད་པར་གྱི་ཆོས་ལ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཐུན་མོང་བའི་ཡོན་ཏན་གཉིས། དང་པོ་ལ་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ནི། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པས་སོ་བརྒྱད་དོ། །ཞེས་བྱུང་། བྱེ་སྨྲ་ན་རེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཆོས་ཅན། ཁྱོད་ལ་བཅོ་བརྒྱད་ཡོད་དེ། སྟོབས་བཅུ་ལ་སོགས་པ་སྟེ་མི་འཇིགས་པ་བཞི། དྲན་པ་ཉེ་བར་བཞག་པ་གསུམ། ཐུགས་རྗེ་ཆེན་པོ་དང་བཅས་པ་ཡོད་པའི་ཕྱིར་ཟེར། ལུགས་གཞན་ལྟར་ན་བཅོ་བརྒྱད་ཡོད་དེ། རྟོགས་པ་མ་འདྲེས་པ་དྲུག །སྤྱོད་པ་མ་འདྲེས་པ་དྲུག །འཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་སྟེ་བཅོ་བརྒྱད་ལ་འདོད་པའི་ཕྱིར། གཉིས་པ་ལ། སྟོབས་དང་། མི་འཇིགས་པ་དང་། དྲན་པ་ཉེར་གཞག་དང་། ཐུགས་རྗེ་ཆེན་པོ་བཞི། དང་པོ་ལ། མཁྱེན་པའི་སྟོབས་དང་། སྐུའི་སྟོབས་གཉིས། དང་པོ་ནི། སོ་སོའི་ངོ་བོ་དང་། ས་གང་དུ་ཡོད་པ་དང་། སྒྲ་བཤད་པ་གསུམ། དང་པོ་ནི། གནས་དང་གནས་མིན་ཤེས་པ་བཅུ། །ལས་འབྲས་ལ་བརྒྱད་བསམ་གཏན་སོགས། །དབང་པོ་མོས་དང་ཁམས་ལས་ནི། །དགུའོ་ལམ་དག་ལམ་བཅུ་འམ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །ཟད་པ་དྲུག་གམ་བཅུ་ཡིན་ནོ། །ཞེས་བྱུང་། སྟོབས་དང་པོ་དྲུག་ཆོས་ཅན། ཤེས་པ་བཅུས་བསྡུས་ཚུལ་ཡོད་དེ། གནས་དང་གནས་མིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུས་བསྡུས། ལས་དང་འབྲས་བུ་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི་འགོག་ལམ་གི་ཤེས་པ་གཉིས་མིན་པའི་བརྒྱད་ཀྱིས་བསྡུས། བསམ་གཏན་དང་སོགས་ཀྱིས་གཟུགས་མེད་རྣམ་ཐར་སོགས་མཁྱེན་པ་དང་དབང་པོ་མཆོག་དམན་དང་མོས་པ་དག་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་བཞི་ནི་འགོག་ཤེས་མིན་པའི་ཤེས་པ་དགུས་བསྡུས་པའི་ཕྱིར། སྟོབས་ཕྱི་མ་བཞི་ཆོས་ཅན། ཤེས་པ་གང་གིས་བསྡུས་ཚུལ་ཡོད་དེ། ལམ་འབྲས་བུ་དག་བཅས་ན་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དག་ལ་ཤེས་པ་བཅུ་ཡོད་པས་དེ་རྣམས་ཀྱི་བསྡུས་པའམ། །རང་གི་ངོ་བོའི་དབང་དུ་བྱས་ན་འགོག་ཤེས་མིན་པའི་དགུས་བསྡུས། སྔོན་གནས་མཁྱེན་པ་དང་འཆི་འཕོ་དང་སྐྱེ་བའི་མཁྱེན་རབ་སྟོབས་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་ལ། ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་འགོག་པ་ཁོ་ན་ཤེས་པའི་ཚེ་ཆོས་ཤེས་རྗེས་ཤེས་འགོག་ཤེས་པ་དང་ཤེས་མི་སྐྱེ་ཤེས་པ་ཀུན་རྫོབ་ཤེས་པ་དང་དྲུག་གིས་བསྡུས་པའམ། གཞན་གྱི་ཚེ་ཤེས་པ་བཅུས་བསྡུས་པ་ཡིན་པའི་ཕྱིར། གཉིས་པ་ནི། སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན་ལྷག་མ་ནི། །ས་རྣམས་ཀུན་ན་ཞེས་བྱུང་། སྟོབས་བཅུ་པོ་ཆོས་ཅན། ས་གང་ན་ཡོད་པའི་ཁྱད་པར་ཡོད་དེ། སྔོན་གནས་མཁྱེན་པ་དང་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི་བསམ་གཏན་གྱི་དངོས་གཞི་བཞི་དག་ན་ཡོད། སྟོབས་ལྷག་མ་བརྒྱད་ནི་འདོད་པ་ནས་སྲིད་རྩེའི་བར་གྱི་ས་རྣམས་ཀུན་ན་ཡོད་པའི་ཕྱིིར། གསུམ་པ་ནི། ཅིའི་ཕྱིར། འདིའི་སྟོབས་གང་ཕྱིར་ཐོགས་མི་མངའ། །ཞེས་བྱུང་། རྒྱུ་མཚན་ཅི་ཡི་ཕྱིར་ན་སྟོབས་ཞེས་བརྗོད་ཅེ་ན། སངས་རྒྱས་འདིའི་རྒྱུན་གྱི་སྟོབས་རྣམས་ཆོས་ཅན། ཁྱོད་ལ་སྟོབས་ཤེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་ཤེས་བྱའི་གནས་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པའ ི་མཁྱེན་པ་མཐར་ཐུག་ཡིན་པ་དེའི་ཕྱིར། གཉིས་པ་ནི། སྐུ་ལ་སྲེད་མེད་བུ་ཡི་སྟོབས། །གཞན་དག་ཚིགས་ན་གླང་ཆེན་སོགས། །བདུན་ཅུས་གླགས་པའི་སྟོབས་ཡིན་ནོ། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །ཞེས་བྱུང་། སངས་རྒྱས་ཆོས་ཅན། ཁྱོད་ཀྱི་སྐུའི་སྟོབས་བཞག་ཏུ་ཡོད་དེ། སྐུ་ལ་སྲེད་མེད་ཀྱི་བུའི་སྟོབས་མངའ་བའི་ཕྱིར། སློབ་དཔོན་གཞན་དག་ན་རེ། ཚིགས་སུམ་བརྒྱ་དྲུག་རྩ་གཉིས་རེ་རེ་ནའང་སྲེད་མེད་ཀྱི་བུའི་སྟོབས་མངའ་ཟེར། སྲེད་མེད་ཀྱི་བུའི་སྟོབས་ཚད་ཡོད་དེ། གླང་ཆེན་ཕལ་པ་དང་། སོགས་ཀྱིས་སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་ཀྱི་བུ་བདུན་པོ་དེ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བཅུ་འགྱུར་གྱིས་སྟོབས་གླགས་པ་སྟེ་ལྷག་པའམ་ཆེ་བའི་ཕྱིར། སློབ་དཔོན་རང་ལུགས་ནི་སྐུའི་སྟོབས་ལས་ཐུགས་ཀྱི་སྟོབས་ཆེ་བར་བཞེད་དེ། མཐའ་ཡས་ཤིང་ཚད་མེད་པར་བཞེད་པའི་ཕྱིར། སྐུའི་སྟོབས་དེ་ནི་ཆོས་ཅན། རེག་བྱའི་སྐྱེ་མཆེད་ཡིན་ཏེ། སྐུ་བེམ་པོར་འདོད་པའི་ལུགས་ལ་ནི་འབྱུང་བཞིའི་ཁྱད་པར་ཁོ་ནར་འདོད་པའི་ཕྱིར། གཉིས་པ་མི་འཇིགས་པ་ནི། མི་འཇིགས་པ་ནི་རྣམ་པ་བཞི། །ཇི་ལྟར་སྟོབས་ནི་དང་པོ་དང་། །བཅུ་པ་གཉིས་པ་བདུན་པ་བཞིན། ཞེས་བྱུང་། མི་འཇིགས་པ་ཆོས་ཅན། རྣམ་པ་བཞི་ཡོད་དེ། རང་དོན་རྟོགས་པ་ཕུན་ཚོགས་དང་སྤངས་པ་ཕུན་ཚོགས་གཉིས་དང་། གཞན་དོན་བར་ཆད་ཀྱི་ཆོས་སུ་དམ་བཅས་པ་དང་ངེས་པར་འབྱུང་བའི་ལམ་ལ་དམ་བཅས་པ་གཉིས་ཏེ་བཞི་ཡོད་པའི་ཕྱིར་ཏེ། དེ་ཡང་ཇི་ལྟར་སྟོབས་དང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་དང་ས་ཐམས་ཅད་ཀྱིས་བསྡུས་པ་ལྟར་མི་འཇིགས་པ་དང་པོ་དང་། སྟོབས་བཅུ་པ་ཟག་པ་ཟད་མཁྱེན་པ་ནི་ཤེས་པ་དྲུག་གམ་བཅུ་དང་ས་བཅུ་གཅིག་གིས་བསྡུས་པ་ལྟར་མི་འཇིགས་པ་གཉིས་པ་དང་། སྟོབས་གཉིས་པ་ལས་འབྲས་མཁྱེན་པ་ནི་ཤེས་པ་བརྒྱད་དང་ས་ཐམས་ཅད་ཀྱིས་བསྡུས་པ་ལྟར་མི་འཇིགས་པ་གསུམ་པ་དང་། སྟོབས་བདུན་པ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་ནི་ཤེས་པ་བཅུའམ་དགུ་དང་ས་ཐམས་ཅད་ན་ཡོད་པ་ལྟར་མི་འཇིགས་པ་བཞི་པ་ཡང་དེ་བཞིན་ཡིན་པའི་ཕྱིར། གསུམ་པ་ནི། དྲན་པ་ཉེར་གཞག་བདག་ཉིད་གསུམ། ཞེས་བྱུང་། འདིར་བསྟན་དྲན་པ་ཉེར་གཞག་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། འཁོར་གུས་པས་ཆོས་ཉན་པ་ལ་མི་ཆགས་པའི་དེ། མི་གུས་པས་ཉན་པ་ལ་མི་ཁྲོ་བའི་དེ། གུས་མི་གུས་འདྲེན་མ་ལ་དེ་གཉིས་མི་འབྱུང་བའི་བཏང་སྙོམས་དྲན་པ་ཉེར་བཞག་གི་བདག་ཉིད་དང་གསུམ་ཡོད་པའི་ཕྱིར། བཞི་པ་ཐུགས་རྗེ་ཆེན་པོ་ནི། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཐ་དད་བྱ་བ་རྣམ་པ་བརྒྱད། ཅེས་བྱུང་། ཐུགས་རྗེ་ཆེན་པོ་ཆོས་ཅན། ཁྱོད་ཀྱི་ངོ་བོའི་ཁྱད་པར་ཡོད་དེ། ཀུན་རྫོབ་ཤེས་པའི་བློའི་རང་བཞིན་ཅན་ཡིན་པའི་ཕྱིར། དེར་ཐལ། འཇིག་རྟེན་ལ་ཉིན་མཚན་དུས་དྲུག་ཏུ་སུ་ནི་དར་སུ་ནི་རྒུད་སུ་ནི་སྨིན་སུ་ནི་མ་སྨིན་སུ་ནི་ཡེ་ཤེས་ཀྱིས་གྲོལ་བར་བྱ་སྙམ་དུ་དགོངས་པའི་ཁྱད་པར་ལྔ་དང་ལྡན་པའི་ཐུགས་རྗེ་ཆེན་པོ་ཡིན་པའི་ཕྱིར། དེ་ཆོས་ཅན། ཐུགས་རྗེ་ཆེན་པོ་ཞེས་བྱ་སྟེ། རྒྱུའི་ཁྱད་པར་ཚོགས་ཆེན་པོས་འགྲུབ་པ་དང་། རྣམ་པའི་ཁྱད་པར་སེམས་ཅན་གྱི་སྡུག་བསྔལ་ལ་རྟོག་པའི་རྣམ་པ་ཅན་དང་། སྤྱོད་ཡུལ་གྱི་ཁྱད་པར་སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། འཇུག་ཚུལ་གྱི་ཁྱད་པར་སེམས་ཅན་རྣམས་ལ་ཉེ་རིང་མེད་པར་མཉམ་པར་འཇུག་པའི་ཕྱིར་དང་། ངོ་བོའི་ཁྱད་པར་ཆོས་རྣ་བ་དང་ཆེས་ཆེ་བའི་ཀུན་རྫོབ་ཤེས་པའི་ཤེས་རབ་ཡིན་པའི་ཕྱིར། སྐབས་འདིའི་ཐུགས་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་ཙམ་ལ་མི་བྱེད་དེ། སྙིང་རྗེ་ཆེན་པོ་དང་ཐུགས་རྗེ་ཆེན་པོ་ལ་ཐ་དད་དུ་བྱ་བ་རྣམ་པ་བརྒྱད་ཡོད་པའི་ཕྱིར། དེར་ཐལ། སྙིང་རྗེ་ཆེན་པོ་ནི་ཞེ་སྡང་མེད་པ་དང་། ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པའི་རྣམ་པ་ཅན་གྱི་ཤེས་རབ་ཡིན་ལ། སྙིང་རྗེ་ཆེན་པོ་ནི་འདོད་པའི་སེམས་ཅན་ལ་དམིགས། སྡུག་བསྔལ་གྱི་སྡུག་བསྔལ་དང་བྲལ་འདོད་གྱི་རྣམ་པ་ཅན། བསམ་གཏན་བཞི་ལ་བརྟེན་པ། ཉན་ཐོས་ལའང་ཡོད་པ། འདོད་པ་ལ་ཆགས་པ་དང་བྲལ་བས་ཐོབ་པ། འདོད་ཁམས་ཀྱི་སེམས་ཅན་སྐྱོབ་པར་འདོད་པ། འཕྲིན་ལས་ཀྱང་དེ་ལྟར་དུ་འཇུག་པ་ཡིན་ལ། ཐུགས་རྗེ་ཆེན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ལ་དམིགས། འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན། བསམ་གཏན་བཞི་པ་ཉིད་ལ་བརྟེན་པ། སངས་རྒྱས་ཁོ་ན་ལ་ཡོད་པ། སྲིད་རྩེ་ལ་ཆགས་བྲལ་གྱི་ཚུལ་གྱིས་ཐོབ་པ། ཁམས་གསུམ་གྱི་སེམས་ཅན་སྐྱོབ་པར་འདོད་པ། འཕྲིན་ལས་ཀྱང་དེ་ལྟར་ཀུན་ལ་འཇུག་པའི་ཁྱད་པར་དང་ལྡན་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། སངས་རྒྱས་ཐམས་ཅད་ཚོགས་དང་ནི། ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་ནས་སྐུ་བོང་ཚོད་ཀྱིས་མིན། །ཞེས་བྱུང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཆོས་ཅན། མཉམ་པ་གསུམ་གྱིས་མཉམ་པ་ཡིན་ཏེ། རྒྱུ་ཚོགས་གཉིས་བསགས་པར་མཉམ་པ་དང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་མཉམ་པ་དང་། འཕྲིན་ལས་འགྲོ་བའི་དོན་སྤྱོད་པས་མཉམ་པ་ཉིད་ཡིན་པའི་ཕྱིར། མི་མཉམ་པའི་ཁྱད་པར་ཡོད་དེ། སྐུ་ཚེ་རིང་ཐུང་དང་། རིགས་བཟང་ངན་དང་། སྐུ་བོང་ཚོང་ཆེ་ཆུང་ནི་གདུལ་བྱའི་དབང་གིས་མི་མཉམ་པ་ཡོད་པའི་ཕྱིར། གཉིས་པ་ཐུན་མོང་གི་ཡོན་ཏན་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཆོས་གཞན་སློབ་དང་ཐུན་མོང་ཡིན། ཁ་ཅིག་སོ་སོ་སྐྱེ་བོ་དང་། །ཉོན་མོངས་མེད་དང་སྨོན་གནས་ཤེས། །སོ་སོ་ཡང་དག་རིག་ལོན་སོགས། །ཞེས་བྱུང་། ཐུན་མོང་བའི་ཡོན་ཏན་ཆོས་ཅན། བཞག་ཏུ་ཡོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལས་གཞན་པའི་ཆོས་ཉོན་མོངས་མེད་དང་སྨོན་གནས་ཤེས་པ་དང་། སོ་སོ་ཡང་དག་པའི་རིག་པ་དང་། མངོན་ཤེས་དང་། བསམ་གཟུགས་བརྒྱད་དང་། ཚད་མེད་བཞི་དང་། རྣམ་ཐར་བརྒྱད་དང་། ཟིལ་གནོན་ཟད་པར་སོགས་ནི་སངས་རྒྱས་དང་སློབ་མ་ཉན་ཐོས་གཉིས་ཐུན་མོང་པའི་ཡོན་ཏན་ཡིན་ལ། ཡོན་ཏན་དེ་དག་ལས་བསམ་གཟུགས་དང་མངོན་ཤེས་དང་ཚད་མེད་སོགས་ཁ་ཅིག་སོ་སོ་སྐྱེ་བོ་དང་ཐུན་མོང་བ་ཡིན་པའི་ཕྱིར། གཉིས་པ་ལ། སློབ་པ་འཕགས་པ་དང་ཐུན་མོང་པའི་ཡོན་ཏན་དང་། སོ་སྐྱེ་དང་ཐུན་མོང་བའི་ཡོན་ཏན་བཤད་པ་གཉིས། དང་པོ་ལ། ཉོན་མོངས་མེད་པ་དང་། སྨོན་གནས་ཤེས་པ་དང་། སོ་སོ་ཡང་དག་པའི་རིག་པ་བཞི་དང་། དེ་དག་ཐོབ་ཚུལ་དང་། ཞར་བྱུང་བསམ་གཏན་གྱི་རབ་མཐའ་ངོས་བཟུང་བ་ལྔ། དང་པོ་ནི། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །བསམ་གཏན་མཐའ་ན་མི་གཡོའི་ཆོས། །མིས་སྐྱེད་ཉོན་མོངས་འདོད་གཏོགས་པ། །མ་སྐྱེས་གཞིར་བཅས་སྤྱོད་ཡུལ་ཅན། །ཞེས་བྱུང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཁྱད་པར་ལྔ་དང་ལྡན་ཏེ། ངོ་བོ་ཀུན་རྫོབ་ཤེས་པ་ཡིན་ལ། ས་བསམ་གཏན་གྱི་ཡ་མཐའ་བཞི་པ་ཁོ་ནར་བརྟེན་པ། གང་ཟག་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ན་ལ་ཡོད་པ། རྟེན་གླིང་གསུམ་གྱི་མིས་སྐྱེད་པ་ཁོ་ན་དང་། དམིགས་པ་འདོད་པར་གཏོགས་པའི་ཉོན་མོངས་མ་སྐྱེས་པ་སྟེ་སྐྱེ་འགྱུར་གཞི་རྒྱུ་དང་བཅས་པ་ལ་དམིགས་ནས་རྣམ་པ་ཕ་རོལ་པོའི་ཉོན་མོངས་སྐྱེ་འགྱུར་འདི་དང་འདི་མི་སྐྱེ་བར་གྱུར་ཅིག་སྙམ་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། གཉིས་པ་ནི། སྨོན་གནས་ཤེས་པའང་དེ་བཞིན་ནོ། །དེ་ཡི་དམིགས་པ་ཐམས་ཅད་དོ། །ཞེས་བྱུང་། སྨོན་གནས་ཤེས་པའང་ཆོས་ཅན། སྔར་མ་དེ་བཞིན་དུ་ཆོས་ལྔ་དང་ལྡན་ཏེ། གཞན་གསུམ་ནི་སྔ་མ་ལྟར་ཡིན་ལ། དེའི་དམིགས་པ་ཆོས་ཐམས་ཅད་ལ་སྨོན་ནས་ཤེས་པ་འཇུག་པ་དང་། རྣམ་པ་ནི་སྔོན་ནས་སྨོན་པ་བཏང་སྟེ་འདི་བཤད་པར་བྱའོ་སྙམ་དུ་རབ་མཐའི་བཞི་པ་ལ་ཞུགས་པས་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར། གསུམ་པ་ནི། དེ་བཞིན་ཆོས་དོན་ངེས་ཚིག་དང་། །སྤོབས་པ་སོ་སོ་ཡང་དག་རིག །གསུམ་ནི་གོ་རིམ་བཞིན་མིང་དང་། དོན་དང་ངག་ལ་ཐོགས་མེད་ཤེས། །བཞི་པ་རིགས་པ་ཐགས་ཐོགས་མེད། །མངོན་བརྗོད་ལམ་ལ་དབང་ཉིད་ལ། །དེ་ཡི་དམིགས་པ་ངག་དང་ལམ། །ཤེས་པ་དགུའོ་ས་ཐམས་ཅད། །ཡང་དག་དོན་རིག་ཅུའམ་དྲུག །དེ་ནི་ཀུན་ན་གཞན་ཀུན་རྫོབ། །ཆོས་ནི་འདོད་དང་བསམ་གཏན་ན། །ངག་གི་འདོད་དང་དང་པོ་ན། །ཞེས་བྱུང་། སོ་སོ་ཡང་དག་པའི་རིག་པ་ཆོས་ཅན། ཁྱོད་ལ་དབྱེ་ན་བཞི་ཡོད་དེ། ཆོས་དང་དོན་དང་ངེས་པའི་ཚིག་དག་སྤོབས་པ་སོ་སོར་ཡང་དག་རིག་པ་བཞི་ཡོད་པའི་ཕྱིར་དང་། དེ་དག་གི་རྒྱུད་དང་རྟེན་གཉིས་ཉོན་མོངས་མེད་པ་ལ་བཤད་པ་དེ་བཞིན་ཡིན་ལ། དམིགས་པ་དང་ས་དང་ངོ་བོ་གསུམ་མི་འདྲ་བའི་ཕྱིར། དེ་བཞིའི་ངོ་བོའི་ཁྱད་པར་ཡོད་དེ་དང་པོ་གསུམ་ནི་གོ་རིམ་བཞིན་དུ་ཆོས་ཀྱི་མིང་ངམ་ཚིག་དང་དོན་དང་ངག་གི་ཁྱད་པར་སོ་སོར་ཡང་དག་པར་རིག་པ་དང་། བཞི་པ་སྦོབས་པ་སོ་སོ་ཡང་དག་རིག་པ་ནི་མྱང་འདས་སོགས་དང་འབྲལ་བའི་རིག་པ་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཤེས་ཤིང་། ལམ་ཏིང་ངེ་འཛིན་ལ་དབང་བ་ཉིད་གསལ་བར་བྱེད་པ་ལ་ཐོགས་པ་མེད་པའི་ཕྱིར། ཕྱི་མ་དེ་ཡི་དམིགས་པ་ཡོད་དེ། ངག་གི་ཁྱད་པར་དང་ལམ་ལ་དམིགས་པའི་ཕྱིར། དེ་བཞི་ཆོས་ཅན། ཤེས་པ་བཅུ་དང་ས་གང་གིས་བསྡུས་པ་ཡོད་དེ། ཕྱི་མ་སྤོབས་པ་ནི་འགོག་ཤེས་མ་གཏོགས་དགུ་དང་། འདོད་པ་ནས་སྲིད་རྩའི་བར་གྱི་ས་ཐམས་ཅད་ན་ཡོད། ཡང་དག་པའི་དོན་རིག་པ་ནི་ཆོས་ཐམས་ཅད་ལ་དམིགས་ན་ཤེས་པ་བཅུ་དང་། མྱང་འདས་ཡིན་ན་འགོག་པ་ཆོས་ཤེས་རྗེས་ཤེས་ཀུན་རྫོབ་ཤེས་པ་ཟད་ཤེས་མི་སྐྱེ་ཤེས་པ་དྲུག་གིས་བསྡུས་ཤིང་། དེ་ནི་ས་ཀུན་ན་ཡོད་ལ། སྤོབས་དོན་གཉིས་ལས་གཞན་པའི་ཚེས་དང་ངེས་ཚིག་རིག་པ་གཉིས་ནི་ཀུན་རྫོབ་ཤེས་པས་བསྡུས། ཆོས་རིག་ནི་འདོད་པ་དང་བསམ་གཏན་བཞི་སྟེ་ལྡན་ཡོད་ཅིང་། དག་སྟེ་ངེས་ཚིག་རིག་པ་ནི་འདོད་པ་དང་བསམ་གཏན་དང་པོ་གཉིས་ན་ཡོད་པའི་ཕྱིར། བཞི་པ་ནི། མ་ཚང་བར་ནི་དེ་ཐོབ་མེད། །དྲུག་པོ་དེ་དག་རབ་མཐའ་ལས། །ཞེས་བྱུང་། སོ་སོ་ཡང་དག་རིག་པ་བཞི་ཆོས་ཅན། ཁྱོད་གང་རུང་གཅིག་ཐོབ་ན་བཞི་ཀ་ཐོབ་པས་ཁྱབ་སྟེ། གང་རུང་གཅིག་མ་ཚང་བར་ནི་དེ་ཐོབ་པ་མེད་པའི་ཕྱིར། ཉོན་མོངས་མེད་པ་དང་སྨོན་གནས་དང་ཡང་དག་རིག་པ་བཞི་སྟེ་དྲུག་པོ་དེ་དག་ཆོས་ཅན། ཁྱོད་གང་གིས་ཐོབ་པ་ཡོད་དེ། རབ་མཐའི་བསམ་གཏན་གྱི་སྟོབས་ལས་ཐོབ་པའི་ཕྱིར། ལྔ་པ་ཞར་བྱུང་རབ་མཐའ་ནི། དེ་ནི་རྣམ་དྲུག་བསམ་གཏན་མཐའ། །དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བས་རབ་ཏུ་ཕྱིན་པ་ཡིན། །སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། །ཞེས་བྱུང་། རབ་མཐའ་དེ་ནི་ཆོས་ཅན། རྣམ་པ་དྲུག་ཡོད་དེ། དེར་གྱུར་པའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། སྨོན་གནས་མཁྱེན་པ་དང་། ངེས་ཚིག་མ་གཏོགས་པའི་སོ་སོ་ཡང་དག་པ་རིག་པ་གསུམ་དང་། དེ་ལས་གཞན་པའི་བསམ་གཏན་གྱི་རབ་མཐའ་ཉིད་དང་དྲུག་ཡོད་པའི་ཕྱིར། བསམ་གཏན་གྱི་རབ་མཐའ་འདི་ནི་བསམ་གཏན་བཞི་པ་ཉིད་ན་ཡོད་ཀྱང་བཞི་པ་ཐམས་ཅད་ནི་རབ་མཐའ་མིན་ཏེ། བསམ་གཏན་བཞི་པའི་དངོས་གཞི་རབ་ཏུ་ཕྱིན་པ་ཞིག་ལ་ནི་དེར་འཇོག་པའི་ཕྱིར་ཏེ། རབ་མཐའ་དེ་ནི་ས་དགུ་ཀུན་གྱིས་མཐུན་པར་བྱས་ཤིང་འཕེལ་བས་རབ་ཏུ་ཕྱིན་པ་ཞིག་ལ་འཇོག་པ་ཡིན་པའི་ཕྱིར། དེར་ཐལ། རབ་མཐའ་ལ་སྙོམས་པར་འཇུག་ནུས་ན་ནི། འདོད་པ་ནས་སྲིད་རྩེའི་བར་དང་། དེ་ནས་སླར་ཡང་འདོད་སེམས་ཀྱི་བར་ཐམས་ཅད་ལ་དགའ་དགུར་སྙོམས་པར་འཇུག་ནུས་པའི་ཕྱིར། བཤད་མ་ཐག་པའི་ཡོན་ཏན་དེ་དག་ཆོས་ཅན། སངས་རྒྱས་ལས་གཞན་པའི་གང་ཟག་ལ་ནི་སྦྱོར་བའི་སྟོབས་ཀྱིས་སྐྱེས་པ་ཡིན་ཏེ། འབད་ཅིང་བསྒྲུབས་ནས་སྐྱེས་པའི་ཕྱིར། སངས་རྒྱས་ནི་དེ་ལྟར་མིན་ཏེ། སྦྱོར་བ་མེད་པར་ལྷུན་གྲུབ་ཏུ་ཐོབ་པའི་ཕྱིར། གཉིས་པ་སོ་སྐྱེ་དང་ཐུན་མོང་བའི་ཡོན་ཏན་བཤད་པ་ལ། མངོན་ཤེས་ཀྱི་དབྱེ་བ། ངོ་བོ། ཆོས་ཀྱི་ཁྱད་པར་དང་གསུམ། དང་པོ་ནི། རྫུ་འཕྲུལ་རྣ་བ་ཡིད་དང་ནི། སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་ཅེས་བྱུང་། མངོན་ཤེས་ཆོས་ཅན། ཁྱོད་ལ་རྣམ་པ་དྲུག་ཡོད་དེ། རྫུ་འཕྲུལ་གྱི་མངོན་ཤེས་དང་། ལྷའི་རྣ་བའི་དང་། གཞན་གྱི་ཡིད་དེ་སེམས་ཤེས་པའི་དང་། སྔོན་གྱི་ཚེ་རབས་སམ་གནས་རྗེས་སུ་དྲན་པའི་དང་། འཆི་འཕོ་བ་དང་སྐྱེ་བ་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བ་ཡི་མངོན་ཤེས་དང་དྲུག་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་ཡོད་དེ། རིམ་པ་བཞིན་དུ་སྤྲུལ་པ་གཅིག་དང་དུ་མར་སྤྲུལ་ཤེས་པ་དང་། སྒྲ་ཕྲ་རགས་དུ་མ་ཐོས་པ་དང་། ཕ་རོལ་གྱི་སེམས་ཀྱི་ཁྱད་པར་ཅི་རིགས་ཤེས་པ་དང་། རང་གཞན་གྱི་སྐྱེ་བ་སྔོན་མ་དུ་མ་དྲན་པ་དང་འཆི་འཕོ་བ་དང་གང་དུ་སྐྱེ་བ་ཤེས་པ་དང་། མ་རིག་པའི་ཟག་པ་ཟད་པ་ལ་དེར་ཤེས་པའི་ཏིང་ངེ་འཛིན་ཤེས་རབ་དང་བཅས་པ་ཞིག་ལ་འཇོག་པའི་ཕྱིར་རོ། །གཉིས་པ་ནི། རྣམ་གྲོལ་བློ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །སེམས་ལ་ཤེས་པ་ལྔ་ཡིན་ནོ། །ཟད་པའི་མངོན་ཤེས་སྟོབས་བཞིན་ནོ། །ཞེས་བྱུང་། དེ་དྲུག་ཆོས་ཅན། ངོ་བོ་ཡོད་དེ། རྣམ་པར་གྲོལ་བ་ཡན་ཆད་ཀྱིས་བསྡུས་པའི་བློའི་རང་བཞིན་ཡིན་པའི་ཕྱིར་དང་། མངོན་ཤེས་གསུམ་པ་དང་དྲུག་པ་མ་གཏོགས་པའི་གཞན་བཞི་ནི་ཀུན་རྫོབ་ཤེས་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་ནི་ཆོས་ཤེས་རྗེས་ཤེས་ལམ་ཤེས་ཀུན་རྫོབ་ཤེས་པ་སེམས་ཤེས་དང་ལྔས་བསྡུས་པ་ཡིན་ལ། ཟག་པ་ཟད་པའི་མངོན་ཤེས་ནི་སྟོབས་བཞིན་དུ་དྲུག་གམ་བཅུས་བསྡུས་པ་ཡིད་པའི་ཕྱིར། གསུམ་པ་ལ། ཁྱད་པར་གྱི་ཆོས་སྤྱིར་བསྟན་པ་དང་། མངོན་ཤེས་ལྔ་སོ་སོར་བཤད་པ་གཉིས། དང་པོ་ལ། སའི་ཁྱད་པར། དྲན་པ་ཉེར་གཞག་གི་ཁྱད་པར། ངོ་བོའི་ཁྱད་པར། རིག་པའི་ཁྱད་པར། ཆོ་འཕྲུལ་གསུམ་གྱི་ཁྱད་པར་དང་ལྔ། དང་པོ་ནི། ལྔ་ནི་བསམ་གཏན་བཞི་དག་ན། །རང་དང་འོག་མའི་ཡུལ་ཅན་ཡིན། །ཐོབ་བྱ་འདྲིས་པས་ཆགས་བྲལ་བས། །ཞེས་བྱུང་། མངོན་ཤེས་དང་པོ་ལྔ་པོ་ཆོས་ཅན། ས་གང་དུ་ཡོད་པའི་ཁྱད་པར་ཡོད་དེ། བསམ་གཏན་གྱི་དངོས་གཞི་བཞི་དག་ན་ཡོད་ཅིང་གཟུགས་མེད་ན་ཡོད་པ་མ་ཡིན་པའི་ཕྱིར། དེ་ལྔ་ཆོས་ཅན། རང་ས་དང་འོག་སའི་སྤྱོད་ཡུལ་ཅན་ཡིན་ཏེ། རྫུ་འཕྲུལ་གྱི་དེས་རང་ས་དང་འོག་སའི་དེ་སྤྲུལ་ནུས་ཀྱི་གོང་སས་བསྡུས་པ་མི་ནུས་ལ། རྣ་བའི་དེས་ཀྱང་རང་ས་དང་འོག་སའི་སྒྲ་ཐོས་ཀྱི་གོང་མ་མིན། དེ་བཞིན་དུ་གཞན་གསུམ་གྱིས་ཀྱང་རང་ས་དང་འོག་སའི་མིན་པར་གོང་སས་བསྡུས་པ་མིང་ཤེས་པའི་ཕྱིར། དེར་ཐལ། ཤིན་ཏུ་མཐོ་བ་མ་གཏོགས། གཞན་རྣམས་ཀྱིས་རང་སྟོབས་ལས་གོང་མ་མངོན་སུམ་དུ་ཤེས་མི་ནུས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཐོབ་ཚུལ་ལ་གཉིས་ཡོད་དེ། སྔོན་ཚོར་བས་གཞན་དུ་མ་འདྲིས་པར་སྦྱོར་བས་ཐོབ་པར་བྱ་བ་ཡིན་ལ། འདྲིས་པས་ནི་ཆགས་པ་དང་བྲལ་བ་ལས་ཐོབ་པར་འགྱུར་པའི་ཕྱིར། གཉིས་པ་ནི། གསུམ་པ་དྲན་པ་ཉེར་བཞག་གསུམ། དང་པོ་རྣ་བ་རྫུ་འཕྲུལ་མིག །ཞེས་བྱུང་། མངོན་ཤེས་དྲུག་ཆོས་ཅན། དྲན་པ་ཉེར་བཞག་གང་དང་ལྡན་ཚུལ་ཡོད་དེ། གསུམ་པ་གཞན་སེམས་ཤེས་ནི་སེམས་ཚོར་ཆོས་དྲན་ཉེ་གསུམ་གྱིས་བསྡུས། རྣ་བ་རྫུ་འཕྲུལ་མིག་གི་མངོན་ཤེས་གསུམ་ནི་དྲན་ཉེ་དང་པོ་ལུས་དྲན་ཉེས་བསྡུས། མངོན་ཤེས་གཞན་དྲན་པ་ཉེར་བཞག་བཞིའི་རང་བཞིན་ཅན་ཡིན་པའི་ཕྱིར། གསུམ་པ་ནི། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་མ་བསྟན་དང་ལྷག་རྣམས་དགེ །ཞེས་བྱུང་། ལུགས་འདིར་མངོན་ཤེས་དྲུག་པོ་ཆོས་ཅན། ཁྱོད་ལ་དགེ་སོགས་གསུམ་གང་རུང་ཡིན་མིན་གྱི་ཁྱད་པར་ཡོད་དེ། མིག་དང་རྣ་བའི་མངོན་ཤེས་ནི་ལུང་མ་བསྟན་ཡིན་ལ། ལྷག་མ་རྣམས་དགེ་བ་ཡིན་པའི་ཕྱིར། བཞི་པ་ནི། གསུམ་ནི་རིག་པ་སྔོན་མཐའ་སོགས། མ་རིག་པ་ནི་བཟློག་ཕྱིར་རོ། །མི་སློབ་ཐ་མ་གཉིས་ནི་དེའི། །རྒྱུད་ལ་སྐྱེས་ཕྱིར་དེ་ཞེས་བྱ། །སློབ་ལ་འདོད་དེ་མ་རིག་དང་། བཅས་རྒྱུད་ཕྱིར་ན་རིག་མ་བཤད། །ཅེས་བྱུང་། མི་སློབ་པའི་རིག་པ་ཆོས་ཅན། ཁྱོད་ལ་གསུམ་ནི་ཡོད་དེ། མི་སློབ་པའི་རྒྱུད་ཀྱི་སྔོན་གནས་ཤེས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་གསུམ་ལ་རིག་པ་གསུམ་ཞེས་བཤད་པ་དེ་ཡིན་པའི་ཕྱིར། རིག་པ་ལ་དེ་གསུམ་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། སྔོན་མཐའ་དང་སོགས་པས་ཕྱི་མའི་མཐའ་དང་བར་ལ་རྨོངས་པའི་མ་རིག་པ་ནི་བཟློག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེར་ཐལ། མངོན་ཤེས་གསུམ་པོ་རིམ་པ་ལྟར་གྱིས་དེ་གསུམ་རྣམ་པར་ཟློག་པར་བྱེད་པའི་ཕྱིར་རོ། །མི་སློབ་པའི་རྒྱུད་ཀྱི་ཐ་མ་ཟག་ཟད་ཤེས་པའི་མངོན་ཤེས་ཉིད་མི་སློབ་པ་ཡིན་གྱི། གཞན་གཉིས་ནི་སློབ་མི་སློབ་གང་རུང་ཡིན་ཡང་དེ་གཉིས་ལའང་མི་སློབ་པ་ཞེས་བྱ་བར་བརྗོད་པ་མི་འགལ་ཏེ། དེ་གཉིས་གང་ཟག་དེའི་རྒྱུད་ལ་སྐྱེས་པའི་ཕྱིར་ན་དེ་སྐད་དུ་བརྗོད་པའི་ཕྱིར། སྔོན་གནས་རྗེས་དྲན་དང་འཆི་འཕོ་ཤེས་པའི་མངོན་ཤེས་གཉིས་ནི་སློབ་པ་ལའང་ཡོད་པར་འདོད་མོད། འོན་ཀྱང་དེ་གཉིས་སྐབས་འདིར་རིག་པ་གསུམ་གྱི་གྲངས་སུ་མ་བཤད་དེ། སློབ་པ་ནི་མ་རིག་པ་དང་བཅས་པའི་རྒྱུད་ཡིན་པའི་ཕྱིར། དེར་ཐལ། འདིར་རིག་པ་ནི་མ་རིག་པ་ལས་གྲོལ་བའི་ལྡོག་ཆ་ནས་བཤད་དགོས་པའི་ཕྱིར། ལྔ་པ་ནི། དང་པོ་གསུམ་པ་དྲུག་པ་ནི། ཆོ་འཕྲུལ་རྣམས་ཡིན་བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །ཞེས་བྱུང་། ཆོ་འཕྲུལ་དེ་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་སོགས་གསུམ་ཡོད་པའི་ཕྱིར། དེར་ཐལ། མངོན་ཤེས་དྲུག་གི་དང་པོ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། མངོན་ཤེས་གསུམ་པ་གཞན་སེམས་ཤེས་པ་ནི་ཀུན་རྫོབ་པའི་ཆོ་འཕྲུལ་དང་། དྲུག་པ་ཟག་པ་ཟད་པའི་མངོན་ཤེས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་པའི་ཕྱིར། ཆོ་འཕྲུལ་ནི་ཡིད་འཕྲོག་པར་བྱེད་པའི་འཕྲུལ་བསྟན་པ་ལས་ཡིན་ལ། ཆོ་འཕྲུལ་གསུམ་གྱི་ནང་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་མཆོག་ཡིན་ཏེ། དེས་གདུལ་བྱ་ཡང་དག་པའི་དོན་ལ་འཇུག་པར་ངེས་པས་མི་འཁྲུལ། གཞན་གཉིས་ནི་དེ་ལྟར་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། རྗེས་བསྟན་གྱིས་ཕན་པ་དང་ཡིད་དུ་འོང་བའི་འབྲས་བུ་ལ་ཉེ་བར་སྦྱོར་བར་བྱེད་པའི་ཕྱིར་རོ། །གཉིས་པ་མངོན་ཤེས་སོ་སོར་བཤད་པ་ལ། རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་མིག་རྣ་བཤད་པ། སྐྱེས་ཐོབ་ཡིན་མིན་གྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལ་རྫུ་འཕྲུལ་གྱི་ངོ་བོ་འབྲས་བུ་བཅས་པ། སེམས་ཡུལ་དང་བཅས་པ། སྤྲུལ་པ་བྱེད་ཚུལ་ཞར་བྱུང་དང་བཅས་པ་རྫུ་འཕྲུལ་གྱི་དབྱེ་བ་དང་བཞི། དང་པོ་ནི། རྫུ་འཕྲུལ་ཏིང་འཛིན་དེ་ལས་ནི། །སྤྲུལ་དང་འགྲོ་བ་སྟོན་པ་ལ། །ཡིད་མགྱོགས་འགྲོ་བ་གཞན་དག་ལ། །ཕྱིན་བྱེད་མོས་པ་ལས་བྱུང་ཡང་། །ཞེས་བྱུང་། བྱེ་སྨྲ་ན་རེ། རྫུ་འཕྲུལ་གྱི་ངོ་བོ་ཡོད་དེ། ཏིང་ངེ་འཛིན་ཞིག་ལ་འཇོག་པའི་ཕྱིར། སྒྲ་དོན་ཡོད་དེ། འབྱོར་བར་བྱེད་པས་སམ་སྒྲུབ་པར་བྱེད་པས་དེ་སྐད་ཅེས་བྱ་བའི་ཕྱིར། ཏིང་ངེ་འཛིན་དེས་བསྒྲུབ་པར་བྱ་བ་གཉིས་ཡོད་དེ། དེ་ལས་བྱུང་བའི་སྤྲུལ་པ་དང་འགྲོ་བ་གཉིས་ཡོད་པའི་ཕྱིར། འགྲོ་བའི་ཚུལ་དེ་ལ་གསུམ་ཡོད་དེ། སྟོན་པ་ལ་ཡུལ་ཐག་ཤིན་ཏུ་རིང་ཡང་ཐུགས་བསྐྱེད་པ་ཙམ་གྱིས་སླེབ་པའི་ཡིད་ལྟར་མགྱོགས་པའི་འགྲོ་བ་ཡོད་ལ། གཞན་ཉན་རང་དག་ལ་ལུས་ཐག་རིང་བ་ལ་བྱ་བཞིན་དུ་ལུས་རིམ་གྱི་ཕྱིན་པར་བྱེད་པ་དང་། རིང་བ་ལ་ཉེ་བར་མོས་པ་ལས་བྱུང་བའི་མྱུར་དུ་ཕྱིན་པར་བྱེད་པ་ཡང་ཡོད་པའི་ཕྱིར། གཉིས་པ་ནི། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །གཟུགས་གཏོགས་གཉིས་སྤྲུལ་སེམས་དག་གི །དེ་དག་ཀྱང་ནི་བཅུ་བཞིའོ། །བསམ་གཏན་འབྲས་གཉིས་གནས་ལྔའི་བར། །རིམ་བཞིན་གོང་མ་ལས་སྐྱེས་མིན། དེ་རྙེད་བསམ་གཏན་བཞི་དེ་ནི། དག་དང་རང་ལས་དེ་ལས་གཉིས། །ཞེས་བྱུང་། སྤྲུལ་པ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། འདོད་པར་གཏོགས་པ་དང་གཟུགས་སུ་གཏོགས་པའི་དེ་གཉིས་ཡོད་པའི་ཕྱིར། འདོད་པར་གཏོགས་པའི་སྤྲུལ་པ་དེ་ནི་ཆོས་ཅན། ཕྱིའི་སྐྱེ་མཆེད་ཡིན་ཏེ། གཟུགས་དྲི་རོ་རེག་བྱ་བཞིའི་རང་བཞིན་ཡིན་པའི་ཕྱིར། ཕྱིའི་སྒྲ་ལ་སྤྲུལ་པ་མེད་དེ། དེ་ལ་རིགས་འདྲའི་རྒྱུན་མེད་པའི་ཕྱིར། འདོད་པའི་སྤྲུལ་པ་དེ་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ། རང་གི་ལུས་སེང་གེ་སོགས་སུ་སྤྲུལ་པ་དང་། གཞན་གྱི་ལུས་དེ་དག་ཏུ་སྤྲུལ་པ་གཉིས་ཡོད་པའི་ཕྱིར། འདིར་སྤྲུལ་པ་པོ་གང་ཟག་ཡིན་ཀྱང་གང་ཟག་དང་དབང་པོ་སྤྲུལ་པ་མིན་པར་བཤད་དེ། ཕྱིའི་སྐྱེ་མཆེད་བཞི་སྤྲུལ་པའི་ཕྱིར་རོ། །འོན་ཀྱང་གཟུགས་ཀྱི་རྟེན་ཅན་གྱིས་སྐྱེ་མཆེད་གཉིས་སྤྲུལ་པ་ཡིན་ཏེ། གཟུགས་སུ་གཏོགས་པའི་དྲི་རོ་མེད་པས་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་སྤྲུལ་པ་བྱེད་པའི་ཕྱིར། མངོན་ཤེས་ནི་སྤྲུལ་པ་བྱེད་པ་མིན་ཏེ། དེའི་འབྲས་བུ་སྤྲུལ་སེམས་དག་གིས་སྤྲུལ་པར་བྱེད་པའི་ཕྱིར། སྤྲུལ་སེམས་དེ་དག་ཀྱང་ཆོས་ཅན། བཅུ་བཞི་ཡོད་དེ། བསམ་གཏན་དང་པོའི་འབྲས་བུའི་སྤྲུལ་སེམས་ལ་འདོད་པ་དང་རང་སའི་གཅིག་སྟེ་གཉིས་དང་། གཉིས་པ་ལ་རང་ས་མན་གསུམ་དང་། གསུམ་པ་ལ་རང་ས་མན་བཞི་དང་། བཞི་པ་ལ་སྤྲུལ་སེམས་འོག་ས་བཞི་དང་རང་ས་གཅིག་སྟེ་ལྔའི་བར་རིམ་པ་བཞིན་དུ་ཡོད་པའི་ཕྱིར། ས་འོག་མའི་སྤྲུལ་སེམས་ཆོས་ཅན། ས་གོང་མ་ལས་སྐྱེས་པ་མིན་ཏེ། རང་ས་དང་འོག་ས་ཁོ་ནར་ངེས་པའི་ཕྱིར། སྤྲུལ་སེམས་དེ་ཆོས་ཅན། རྙེད་ཚུལ་ཡོད་དེ། བསམ་གཏན་གྱི་དངོས་གཞི་བཞིན་དུ་འོག་ས་ལ་འདོད་ཆགས་དང་བྲལ་བས་རྙེད་པའི་ཕྱིར། སྤྲུལ་སེམས་དེ་ནི་ཆོས་ཅན། ཁྱོད་ཁོ་ན་ཡས་ལྡང་བར་འགྱུར་བ་མེད་དེ། ཁྱོད་ནི་དང་པོ་སྤྲུལ་པ་ལ་འཇུག་པའི་ཚེ་བསམ་གཏན་དག་པ་དང་། རྒྱུན་གྱི་ཚེ་རང་ཉིད་དང་གཉིས་ལས་འབྱུང་ལ། སྤྲུལ་པ་ལས་ལྡང་བའི་ཚེ་ཡང་བསམ་གཏན་དག་པ་བ་དང་རང་ཉིད་གཉིས་པོ་དེ་ལས་ལྡང་དགོས་པའི་ཕྱིར། གསུམ་པ་ནི། རང་གི་ས་པས་སྤྲུལ་པར་བྱེད། །སྨྲར་འཇུག་པ་ནི་འོག་མས་ཀྱང་། །སྟོན་མིན་སྤྲུལ་པ་པོ་དང་བཅས། །བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། ཤི་བ་ལ་ཡང་བྱིན་བརླབས་ཡོད། །མི་བརྟེན་ལ་མེད་གཞན་དག་མིན། །དང་པོ་དུ་མས་གཅིག་ཡིན་ཏེ། །བྱང་བར་གྱུར་ནས་བཟློག་པའོ། ། བསྒོམས་ལས་སྐྱེས་པ་ལུང་མ་བསྟན། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ཞེས་བྱུང་། ས་གཞན་གྱི་སྤྲུལ་སེམས་ཆོས་ཅན། དེ་ལས་ས་གཞན་གྱི་སྤྲུལ་པ་མི་བྱེད་དེ། སྤྲུལ་པ་ནི་རང་སའི་སྤྲུལ་སེམས་ཀྱིས་སྤྲུལ་པར་བྱེད་པའི་ཕྱིར། བསམ་གཏན་གཉིས་པ་ཡན་ཆད་ཀྱི་སྤྲུལ་པ་ཆོས་ཅན། ཁྱོད་ཀྱིས་སྨྲར་འཇུག་པ་ནི་འོག་མ་བསམ་གཏན་དང་པོའི་སེམས་ཀྱིས་བྱེད་དེ། ཀྱང་ནི་དེར་མ་ཟད་འདོད་པ་དང་བསམ་གཏན་དང་པོ་ན་སྤྲུལ་པ་སྨྲ་བ་རང་སས་བྱེད་པར་སྟོན་པའི་ཕྱིར། སྤྲུལ་པ་ཆོས་ཅན། སྨྲ་བའི་ཚུལ་ཡོད་དེ། སྟོན་པ་མ་ཡིན་པའི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ཏེ་ཅིག་ཅར་སྨྲ་དེ་དགོས་ལ། སྟོན་པའི་དེ་ས་ནི་ཇི་ལྟར་བཞེད་པ་བཞིན་བྱེད་པའི་ཕྱིར། འོ་ན། སྤྲུལ་སེམས་ཀྱིས་དག་སྨྲ་བར་བྱེད་དམ་མིན་ན་གང་གིས་སྨྲ་བར་བྱེད་ཅེ་ན། དེ་ནི་སྨྲ་སེམས་ཀྱིས་བྱེད་དེ། དང་པོ་སྤྲུལ་པ་གནས་པར་བྱིན་གྱིས་བརླབས་ཏེ། དེ་ནས་འདིས་ངག་འདི་ལྟར་སྨྲ་བར་གྱུར་ཅིག་སྙམ་དུ་སྤྲུལ་སེམས་ལས་གཞན་རྟོག་དཔྱད་དང་བཅས་པའི་སྨྲ་སེམས་ཀྱིས་སྨྲ་བ་ལ་འཇུག་པའི་ཕྱིར། བྱིན་གྱིས་རློབ་པ་པོ་གསོན་པར་མ་ཟད། ཤི་བ་ལ་ཡང་བྱིན་གྱིས་བརླབས་པ་ཡོད་དེ། འོད་སྲུང་ཆེན་པོ་མྱ་ངན་ལས་འདས་པའི་རུས་པ་བྱམས་པ་འཇིག་རྟེན་དུ་མ་བྱོན་གྱི་བར་དུ་གནས་པར་བྱིན་གྱིས་བརླབས་པ་ལྟ་བུ་ཡིན་པའི་ཕྱིར། དེ་ཡང་བརྟན་པ་རུས་པ་ལ་ཡིན་གྱི་ཤ་ལ་སོགས་པ་ནི་མིན་ཏེ། དེ་དག་ནི་བརྟན་པས་མི་རུང་བའི་ཕྱིར། སྡེ་པ་གཞན་དག་ཁ་ཅིག་ནི་དེ་ལྟར་མིན་ཏེ། དེའི་རུས་པ་གནས་པ་ནི་གནས་གཙང་གི་ལྷའི་མཐུ་ཡིན་པའི་ཕྱིར་ཟེར། འོ་ན། སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་བྱེད་དམ་གཅིག་གིས་སྤྲུལ་པ་དུ་མ་བྱེད་ཅེ་ན། གཉིས་ཀ་ལ་བྱེད་པ་ཡོད་དེ། དང་པོ་ནི་སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་བྱེད་པ་ཡིན་ལ། ཕྱིས་བྱང་བར་གྱུར་ནས་དེ་ལས་བཟློག་པ་སྤྲུལ་སེམས་གཅིག་གིས་ཀྱང་སྤྲུལ་པ་དུ་མ་བྱེད་ནུས་པའི་ཕྱིར། སྤྲུལ་སེམས་ལ་ལུང་མ་བསྟན་མང་ཡང་དེ་ཁོ་ནར་མ་ངེས་ཏེ། བསྒོམས་པ་ལས་སྐྱེས་པའི་སྤྲུལ་སེམས་ནི་ལུང་མ་བསྟན་དུ་གནས་གཉིས་པར་བཤད་ཟིན་པ་ནི་འདི་ལྟ་བུའི་དབང་དུ་བྱས་ལ། ལྷ་ཀླུ་ལ་སོགས་པས་སྐྱེ་བའི་སྟོབས་ལས་སྐྱེས་པའི་སྤྲུལ་སེམས་ལ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡོད་པའི་ཕྱིར། བཞི་པ་རྫུ་འཕྲུལ་གྱི་དབྱེ་བ་ནི། རྫུ་འཕྲུལ་གསང་སྔགས་སྨན་དག་དང་། ལས་ལས་སྐྱེས་དང་རྣམ་པ་ལྔ། །ཞེས་བྱུང་། རྫུ་འཕྲུལ་ཆོས་ཅན། ཁྱོད་ལ་རྣམ་པ་ལྔ་ཡོད་དེ། བསྒོམས་བྱུང་དང་སྐྱེས་ཐོབ་དང་། གསང་སྔགས་ལས་སྐྱེས་པ་དང་། སྨན་འགའ་ཞིག་རྐང་ལག་ལ་བསྐུས་པ་ལས་སྐྱེས་པ་དག་དང་། ལས་ལས་སྐྱེས་པ་བར་སྲིད་པའི་རྫུ་འཕྲུལ་ལྟ་བུ་དང་ལྔ་ཡོད་པའི་ཕྱིར། གཉིས་པ་ནི། ལྷ་ཡི་མིག་དང་རྣ་བ་ནི། །བསམ་གཏན་ས་པའི་གཟུགས་དང་བ། །རྟག་ཏུ་རྟེན་བཅས་མ་ཚང་མེད། །ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་བྱུང་། ལྷའི་མིག་དང་རྣ་བ་ཆོས་ཅན། བཞག་ཏུ་ཡོད་དེ། བསམ་གཏན་གྱི་སས་བསྡུས་པའི་ནང་གི་གཟུགས་དང་བ་ཞིག་ཡིན་པའི་ཕྱིར། བསྒོམས་བྱུང་གི་ལྷའི་མིག་རྣ་གཉིས་ཆོས་ཅན། ངོ་བོའི་ཁྱད་པར་ཡོད་དེ། རྟག་ཏུ་རྣམ་ཤེས་ཀྱི་རྟེན་བཅས་དང་། ལོང་བ་ལྟ་བུའི་དབང་པོ་མ་ཚང་བ་མེད་པ་དང་། ཐག་རིང་བའི་གཟུགས་སྒྲ་ཕྲ་བ་སོགས་མཐོང་བའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། ཉན་ཐོས་དགྲ་བཅོམ་པ་དང་བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་དང་སྟོན་པ་རྣམས་ཀྱི་ལྷའི་མིག་གིས་ཅི་ཙམ་མཐོང་བའི་ཚད་ཡོད་དེ། ཉན་ཐོས་ཀྱི་ལྷའི་མིག་གིས་སྟོང་གཉིས་དང་། རང་སངས་རྒྱས་ཀྱི་དེས་སྟོང་གསུམ་དང་། སངས་རྒྱས་ཀྱི་དེས་སྟོང་གསུམ་གྲངས་མེད་པ་དག་མཐོང་བའི་ཕྱིར། གསུམ་པ་ནི། གཞན་ཡང་སྐྱེ་བས་ཐོབ་དེས་ནི། །སྲིད་པ་བར་མ་མི་མཐོང་ངོ་། །སེམས་ཤེས་དེ་ནི་རྣམ་གསུམ་གང་། །རྟོག་དང་རིག་སྔགས་ཀྱིས་བྱས་པའང་། །དམྱལ་བ་པས་ནི་དང་པོ་ཤེས། །མི་ལ་སྐྱེ་བས་ཐོབ་པ་མེད། །ཅེས་བྱུང་། གཞན་ཡང་སྐྱེ་བས་ཐོབ་པའི་ལྷའི་མིག་དེ་ཆོས་ཅན། ཁྱོད་ཀྱིས་སྲིད་པ་བར་མ་མི་མཐོང་སྟེ། དེ་ནི་སྐྱེས་ཐོབ་ཀྱི་མིག་གི་ཡུལ་དུ་མི་འགྱུར་བའི་ཕྱིར། གཞན་སེམས་ཤེས་པ་དེ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། གང་ན་དགེ་སོགས་གསུམ་ཡོད་ཅིང་། སྐྱེ་བས་ཐོབ་པ་དང་། རྟོག་གེས་བྱས་པ་དང་། རིག་སྔགས་ཀྱིས་བྱས་པའང་ཡོད་པའི་ཕྱིར། གཞན་ཡང་། ཡོད་དེ། དམྱལ་བ་པས་ནི་དང་པོ་གཞན་གྱི་སེམས་ཤེས་པ་ཡོད་ཀྱང་། ཕྱིས་མི་ཤེས་ལ། མི་ལ་ནི་སྐྱེ་བས་ཐོབ་པའི་མངོན་ཤེས་མེད་པའི་ཕྱིར། འོན་ཀྱང་མི་རང་བཞིན་པ་ལ་སྐྱེ་བ་དྲན་པ་ནི་ཡོད་དོ། ། གནས་བདུན་པའི་ཚིག་དོན་བཤད་ཟིན་ཏོ། །བཀྲ་ཤིས།། །།


previousཆོས་མངོན་པ་མཛོད་ཀྱི་གནས་བདུན་པའི་ཚིག་འགྲེལ།next