Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་པའི་ཚིག་འགྲེལ།no next

ཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་པའི་ཚིག་འགྲེལ།

ཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་པའི་ཚིག་འགྲེལ་བཞུགས།

གཉིས་པ་སྙོམས་འཇུག་གི་ཡོན་ཏན་གཏན་ལ་དབབ་པ་ལ། སྙོམས་འཇུག་གི་རང་བཞིན། དེའི་ཁྱད་ཆོས། ཏིང་ངེ་འཛིན་གསུམ་གྱི་དབྱེ་བ། དེ་ལ་བརྟེན་པའི་ཡོན་ཏན་བཤད་པ་དང་བཞི། དང་པོ་ལ། སྙོམས་འཇུག་གཉིས་སོ་སོར་བཤད་པ། ཐུན་མོང་དུ་བཤད་པ། བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་བཤད་པ་གཉིས། དང་པོ་ལ། དབྱེ་བ་སྤྱིར་བསྟན་པ་དང་། སྙོམས་འཇུག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། བསམ་གཏན་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །ཅེས་བྱུང་། འདི་ལ། ཚིག་དོན། སྤྱི་དོན། མཐའ་དཔྱད་པ་དང་གསུམ། དང་པོ་ནི། བསམ་གཏན་དག་ནི་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་ཡོད་པའི་ཕྱིར། དེ་གཉིས་རེ་རེ་ལའང་བཞི་བཞི་ཡོད་དེ། རང་རང་གི་བསམ་གཏན་དང་པོ་ནས་བཞི་པའི་བར་ཡོད་པའི་ཕྱིར། དེར་སྐྱེ་བའི་བསམ་གཏན་དག་ནི་འདིར་རྒྱས་པར་མི་འཆད་དེ། རྒྱུ་སྙོམས་འཇུག་གི་བསམ་གཏན་ཆུང་འབྲིང་ཆེ་གསུམ་གྱིས་འབྲས་བུ་སྐྱེ་བའི་བསམ་གཏན་བཞི་ལ་གནས་གསུམ་གསུམ་དང་། གནས་གཙང་དུ་སྐྱེ་བའི་རྒྱུ་སྤེལ་སྒོམ་དང་གནས་ལྔ་པོ་ནི་སྔར་རབ་ཏུ་བཤད་ཟིན་པའི་ཕྱིར། གཉིས་པ་ལ། མཚན་ཉིད། དབྱེ་བ། སྒྲ་དོན། ས་འཚམས་དང་བཞི། དང་པོ་ཡོད་དེ། བསམ་གཏན་གྱི་སས་བསྡུས་པའི་སྒོ་ནས་བཞི་སེམས་གཅིག་པ་དེ། བསམ་གཏན་གྱི་སྙོམས་འཇུག་གི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན་གཉིས་ཡོད་དེ། དེར་གྱུར་པའི་ཉེར་བསྡོགས་དང་དངོས་གཞི་གཉིས་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། དང་པོའི་ཉེར་བསྡོགས་སོགས་བཞི་ཡོད་པའི་ཕྱིར། དང་པོའི་ཉེར་བསྡོགས་ལ་གཉིས་ཡོད་དེ། ཞི་གནས་སྐབས་ཀྱི་ཉེར་བསྡོགས་དང་ལྷག་མཐོང་སྐབས་ཀྱི་ཉེར་བསྡོགས་གཉིས་ཡོད་པའི་ཕྱིར། ཕྱི་མ་ལ་དྲུག་ཡོད་དེ། མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ཡིད་བྱེད་དང་། རབ་ཏུ་དབེན་པ་ཡིད་བྱེད། དགའ་བ་སྟུད་པའི་ཡིད་བྱེད། དཔྱོད་པ་ཡིད་བྱེད། སྦྱོར་བ་མཐའི་ཡིད་བྱེད་དང་དྲུག་ཡོད་པའི་ཕྱིར། ཡིད་བྱེད་བདུན་པ་སྦྱོར་མཐའི་འབྲས་བུ་ཡིད་བྱེད་ནི་ཉེར་བསྡོགས་མིན་ཏེ། བསམ་གཏན་གྱི་དངོས་གཞི་ཡིན་པའི་ཕྱིར། ཡང་ངོ་བོའི་སྒོ་ནས་གཉིས་ཡོད་དེ། དག་པ་དང་ཉམས་པ་ཆ་མཐུན་གཉིས་ཡོད་དོ། ཡང་གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་སོགས་ཀྱང་ཡོད་པའི་ཕྱིར། གསུམ་པ་སྒྲ་དོན་ཡོད་དེ། འདིས་སེམས་པར་བྱེད་པས་ན་བསམ་གཏན་ཞེས་བྱ་བའི་ཕྱིར། བཞི་པ་ས་འཚམས་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་པ་ནས་ཡོད་པའི་ཕྱིར། གསུམ་པ་མཐའ་དཔྱད་པ་ལ། ཁ་ཅིག །རྒྱུ་སྙོམས་འཇུག་གི་བསམ་གཏན་དང་འབྲས་བུ་སྐྱེ་བའི་བསམ་གཏན་གང་རུང་ཡིན་ན། བསམ་གཏན་ཡིན་པས་ཁྱབ་ཟེར་ན། བསམ་གཏན་དང་པོ་བའི་གཟུགས་ཕུང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་དེར་ཐལ། རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་དབང་གིས་དེར་སྐྱེས་པའི་གང་ཟག་གི་ཕུང་པོ་ལྔ་པོ་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཡིན་པའི་ཕྱིར། ཁ་ཅིག །དེ་གང་རུང་ཡིན་ན། སྙོམས་འཇུག་མ་ཡིན་པས་ཁྱབ་ཟེར་ན། བསམ་གཏན་བཞི་ཀའི་སོ་སྐྱེའི་རྒྱུད་ཀྱི་སྐྱེས་ཐོབས་ཀྱི་ས་ཐོབ་པའི་སྙོམས་འཇུག་དག་པ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འབྲས་བུ་སྐྱེ་བའི་དེ་ཡིན་པའི་ཕྱིར། ཁ་ཅིག །རྒྱུ་སྙོམས་འཇུག་ཡིན་ན། ཤེས་པ་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། རྒྱུ་སྙོམས་འཇུག་དེ་ངོ་བོ་རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་པ་ཅན་ཡིན་པའི་ཕྱིར། ཁ་ཅིག །སྙོམས་འཇུག་ཉོན་མོངས་ཅན་དེ་སྙོམས་འཇུག་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་དགེ་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ནི་ཉོན་མོངས་ཅན་ལ་སྙོམས་འཇུག་གི་སྒྲས་བརྗོད་པ་ཙམ་ཡིན་པའི་ཕྱིར། ཁ་ཅིག །འདོད་པའི་སས་བསྡུས་པའི་བསམ་གཟུགས་མེད་པ་ལྟར་འདོད་ཁམས་པའི་རྒྱུད་ལའང་དེ་དག་མེད་ཟེར་ན། དེ་མི་འཐད་པར་ཐལ། འདོད་པའི་མིའི་རྒྱུད་ལ་བསམ་གཟུགས་བརྒྱད་ཡོད་པའི་ཕྱིར། དེར་ཐལ། དེ་ཡོད་ཀྱང་དེ་འདོད་པའི་སས་བསྡུས་པ་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། གཉིས་པ་ནི། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །དཔྱོད་དང་དགའ་དང་བདེ་དང་ལྡན། །ཡན་ལག་སྔ་མ་སྤངས་པ་ཡི། །ཞེས་བྱུང་། །བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། ཁྱོད་ཀྱི་ངོ་བོ་བཞག་ཏུ་ཡོད་དེ། ཡན་ལག་གི་སྒོ་ནས་འོག་ས་ལ་ཆགས་བྲལ་བྱས་པའི་དགེ་སེམས་རྩེ་གཅིག་དེ་དེ་ཡིན་པའི་ཕྱིར། ཕུང་པོ་ལྔ་དང་བཅས་ཏེ། རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་པ་ཅན་ཡིན་པའི་ཕྱིར། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། རྟོག་དཔྱོད་དང་དགའ་བ་དང་བདེ་བ་དང་དགེ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དེ་དེ་ཡིན་པའི་ཕྱིར། བསམ་གཏན་གཉིས་པ་ནས་བཞི་པའི་བར་གྱི་སྙོམས་འཇུག་ཆོས་ཅན། ངོ་བོའི་ཁྱད་པར་ཡོད་དེ། ཡན་ལག་སྔ་མ་སྔ་མ་སྤངས་པའི་སྒོ་ནས་འཇོག་པའི་ཕྱིར་ཏེ། རིམ་པ་བཞིན་དུ་དཔྱོད་པ་དང་བྲལ་བའི་སྒོ་ནས་དང་། དཔྱོད་པ་དང་དགའ་བ་གཉིས་དང་བྲལ་བ་དང་། དཔྱོད་དགའ་བདེ་བ་གསུམ་དང་བྲལ་བའི་སྒོ་ནས་བཞག་པའི་སྙོམས་འཇུག་གསུམ་ནི་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པའི་ངོ་བོར་འཇོག་པའི་ཕྱིར། གཉིས་པ་ལ། དབྱེ་བ། ཐོབ་ཚུལ། དམིགས་པའི་ཁྱད། སོ་སོའི་ངོ་བོ་དང་བཞི། དང་པོ་ནི། དེ་བཞིན་གཟུགས་མེད་ཕུང་པོ་བཞི། །ཞེས་བྱུང་། གཟུགས་མེད་ཀྱི་སྙོམས་འཇུག་ཆོས་ཅན། ཁྱོད་ལ་གཉིས་ཡོད་པའི་བསམ་གཏན་དེ་བཞིན་དུ་རྒྱུ་སྙོམས་འཇུག་གི་གཟུགས་མེད་དང་འབྲས་བུ་སྐྱེ་བའི་གཟུགས་མེད་གཉིས་ཡོད་པའི་ཕྱིར། དེ་རེ་རེ་ལའང་བཞི་བཞི་ཡོད་དེ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། འདུ་ཤེས་མེད་མིན་གྱི་བར་བཞི་བཞི་ཡོད་པའི་ཕྱིར། རྗེས་འབྲང་དང་བཅས་ན་ཕུང་པོ་བཞི་པ་ཅན་ཡིན་ཏེ། གཟུགས་ཕུང་མ་གཏོགས་པ་བཞི་དང་བཅས་པའི་ཕྱིར། ངོ་བོ་ཡོད་དེ། དམིགས་པའི་སྒོ་ནས་འོག་ས་ལས་འདའ་བའི་རིགས་གནས་ཀྱི་སྙོམས་འཇུག་དེ་དེ་ཡིན་པའི་ཕྱིར། གཉིས་པ་ནི། འོག་མའི་ས་ལས་དབེན་ལས་སྐྱེས། །ཞེས་བྱུང་། གཟུགས་གཟུགས་མེད་ཀྱི་སྙོམས་འཇུག་གི་དངོས་གཞི་ཆོས་ཅན། འཐོབ་ཚུལ་ཡོད་དེ། རང་རང་གི་འོག་མའི་ས་ལས་དབེན་པ་ལས་ཏེ་ཆགས་བྲལ་གྱི་ངོ་བོར་སྐྱེས་པའི་ཚུལ་གྱིས་ཐོབ་པའི་ཕྱིར། གསུམ་པ་ནི། ཉེར་བསྡོགས་གསུམ་དང་བཅས་པར་ནི། གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །གཟུགས་མེད་པ་ན་གཟུགས་མེད་དོ། །གཟུགས་ནི་སེམས་ལས་སྐྱེས་པར་འགྱུར། །ཞེས་བྱུང་། གཟུགས་མེད་ཀྱི་དངོས་གཞི་བཞི་དང་གཟུགས་མེད་ཕྱི་མ་གསུམ་གྱི་ཉེར་བསྡོགས་དང་བཅས་པ་ཆོས་ཅན། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའམ་བྲལ་ཅེས་བྱ་སྟེ། དེའི་འདུ་ཤེས་རགས་བ་མི་རྒྱུ་བའི་ཕྱིར། ཕལ་ཆེན་སྡེ་པ་སོགས་འགའ་ཞིག །གཟུགས་མེད་ཁམས་ན་གཟུགས་ཡོད་པར་འདོད་ཀྱང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་སྨྲའི་ལུགས་ལ་གཟུགས་མེད་ཁམས་ན་གཟུགས་མེད་དེ། དེ་མེད་ཀྱང་གང་ཟག་མི་རུང་བ་ནི་མིན་པའི་ཕྱིར། དེར་ཐལ། དེའི་གང་ཟག་ནི་མིང་བཞིའི་ཕུང་པོ་ཙམ་གྱིས་ཕྱེ་བ་ཡིན་པའི་ཕྱིར། འོ་ན། གཟུགས་མེད་ནས་ཁམས་འོག་མ་གཉིས་སུ་སྐྱེས་པའི་ཚེ་གཟུགས་རྒྱུན་ཆད་བར་འགྱུར་སྙམ་ན། དེ་ལ་བྱེ་སྨྲ་ན་རེ། སྐྱོན་མེད་དེ། དེར་སྐྱེས་པའི་གཟུགས་དང་པོ་ནི་གཟུགས་མེད་པའི་འཆི་ཁའི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་སྐྱེ་བའི་ཕྱིར། དེར་ཐལ། དེའི་ཚེ་གཟུགས་ཅན་དང་མཐུན་པའི་སེམས་ཀྱི་རྒྱུན་དག་གིས་ལྷན་ཅིག་བྱེད་རྐྱེན་དང་རྣམ་སྨིན་གྱི་རྒྱུ་སྔར་འགགས་ལས་གཟུགས་དེ་སྐྱེ་བར་འགྱུར་བའི་ཕྱིར་ཟེར། མདོ་སྡེ་པ་ན་རེ། སྐྱོན་མེད་དེ། གཟུགས་དང་པོ་དེ་ནི་གཟུགས་ཀྱི་རྣམ་སྨིན་གྱི་རྒྱུས་བསྒོས་པས་སེམས་ཀྱི་འཇུག་པ་རང་རྒྱུད་ལ་རྙེད་པ་དེ་ལས་སྐྱེ་བའི་ཕྱིར་ཟེར། སློབ་དཔོན་སོགས་ཤིང་རྟ་ཆེན་པོ་གཞན་དག་ན་རེ། སྐྱོན་མེད་དེ། གཟུགས་དང་པོ་དེ་རང་ཉིད་བསྐྱེད་པའི་བག་ཆགས་ལས་བྱུང་བས། བག་ཆགས་དེ་གཟུགས་དེའི་ཉེར་ལེན་དུ་འདོད་པའི་ཕྱིར། དེ་གཟུགས་མེད་ནའང་ཡོད་དེ། དེ་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་ཏེ། དེ་ལྟར་ཐར་ལམ་གསལ་བྱེད་དང་སྡེ་བདུན་དཀའ་འགྲེལ་ལས་ཀྱང་བཤད་པའི་ཕྱིར། བཞི་པ་དམིགས་རྣམ་ནི། རྣམ་ཤེས་མཐའ་ཡས། ནམ་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར་དམན་ཕྱིར་འདུ་ཤེས་མེད། །འདུ་ཤེས་མེད་པའང་མ་ཡིན་པའོ། །ཞེས་བྱུང་། ནམ་མཁའ་མཐའ་ཡས་སོགས་བཞིར་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན། ཡོད་དེ། སྦྱོར་བའི་དུས་སུ་རྣམ་ཤེས་མཐའ་ཡས་སོ་སྙམ་པ་དང་། ནམ་མཁའ་མཐའ་ཡས་སོ་སྙམ་པ་དང་། ཅི་ཡང་མེད་དོ་ཅེས་བྱ་བར་དེ་ལྟར་ཡིད་ལ་བྱེད་ཅིང་དེ་དག་ལ་རབ་ཏུ་སྦྱོར་བའི་ཕྱིར་ན་རྣམ་ཤེས་མཐའ་ཡས་སོགས་སུ་རིམ་པ་བཞིན་དུ་བརྗོད་པའི་ཕྱིར། འདུ་ཤེས་མེད་འདུ་ཤེས་མེད་པའང་མིན་པའི་སྙོམས་འཇུག་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་ཡོད་དེ། སྦྱོར་བའི་དུས་སུ་འདུ་ཤེས་ནི་ནད་དོ་འབྲས་སོ་ཟུག་རྔུའོ་སྙམ་དུ་འདུ་ཤེས་དམན་པའི་ཕྱིར་དང་དངོས་གཞིའི་ཚེ་འདུ་ཤེས་རགས་པ་ཡོད་པ་ཡང་མིན་ལ་ཕྲ་བ་མེད་པ་མིན་ནོ་སྙམ་པའི་སྙོམས་འཇུག་ཡིན་པས་དེ་ལྟར་འཇོག་པའི་ཕྱིར། གཉིས་པ་ཐུན་མོང་དུ་བཤད་པ་ནི། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད་བདུན་རྣམ་པ་གསུམ། །རོ་མྱང་ལྡན་དང་དག་པ་བ། །ཟག་མེད་བརྒྱད་པ་རྣམ་པ་གཉིས། །རོ་མྱང་མཚུངས་ལྡན་སྲེད་བཅས་སོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེས་མྱང་བྱ། །ཟག་མེད་འཇིག་རྟེན་འདས་པའོ། །ཞེས་བྱུང་། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས་ཆོས་ཅན། །རྣམ་པ་བརྒྱད་དུ་འདོད་དེ། བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་བཞི་བཞི་ཡོད་པའི་ཕྱིར། སྲིད་རྩེ་མ་གཏོགས་བདུན་པོ་ཆོས་ཅན། རྣམ་པ་གསུམ་གསུམ་ཡོད་དེ། རོ་མྱང་ལྡན་དང་དག་པ་བ་དང་ཟག་མེད་གསུམ་རེ་ཡོད་པའི་ཕྱིར། བརྒྱད་པ་སྲིད་རྩེ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རོ་མྱང་དང་མཚུངས་ལྡན་དང་དག་པ་བ་གཉིས་ཡོད་པའི་ཕྱིར། བསམ་གཏན་གྱི་སྙོམས་འཇུག་ཉོན་མོངས་ཅན་ཆོས་ཅན། ངོ་བོའི་ཁྱད་པར་ཡོད་དེ། སྙོམས་འཇུག་དག་པ་བའི་རྫས་རོ་མྱང་གི་སྲེད་པ་སོགས་གང་རུང་དང་བཅས་པ་ཞིག་དེ་ཡིན་པའི་ཕྱིར། དག་པ་དེ་ཆོས་ཅན། ངོ་བོ་ཡོད་དེ། འཇིག་རྟེན་པའི་དགེ་བས་བསྡུས་པའི་སྙོམས་འཇུག་ཞིག་ལ་འཇོག་པའི་ཕྱིར། དག་པ་འདི་ནི་ཆོས་ཅན། ཁྱོད་སྙོམས་འཇུག་ཉོན་མོངས་ཅན་དེས་མྱང་བར་བྱ་བ་ཡིན་ཏེ། དེ་ཁྱོད་ལ་ཞེན་ནས་ཉོན་མོངས་ཅན་དུ་སྐྱེས་པའི་ཕྱིར། བསམ་གཏན་གྱི་དངོས་གཞི་ཟག་མེད་ཆོས་ཅན། ཁྱོད་ཀྱི་ངོ་བོ་འཇོག་ཚུལ་ཡོད་དེ། འཇིག་རྟེན་ལས་འདས་པའི་སྙོམས་འཇུག་བག་མེད་ཞིག་ལ་འཇོག་པའི་ཕྱིར། གསུམ་པ་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ། དབྱེ་བ་དང་བསྡུ་བ་དང་ཉོན་མོངས་ཅན་ཡན་ལག་ལྡན་ཚུལ་དང་ཞར་བྱུང་བཤད་པ་དང་བཞི། དང་པོ་ནི། དང་པོ་ལ་ལྔ་རྟོག་དཔྱོད་དང་། །དགེ་དང་བདེ་བ་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་བྱུང་། བསམ་གཏན་དང་པོ་ཆོས་ཅན། ཁྱོད་ལ་ལྔ་ཡོད་དེ། རྟོག་དཔྱོད་གཉེན་པོའི་ཡན་ལག་དང་། དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་སུ་ཡོད་པའི་ཕྱིར། བསམ་གཏན་གཉིས་པ་ཆོས་ཅན། ཁྱོད་ལ་ཡན་ལག་བཞི་ཡོད་དེ། ནང་རབ་ཏུ་དང་བ་གཉེན་པོའི་དང་། དགའ་བ་དང་སོགས་ཀྱིས་བདེ་བ་ཕན་ཡོན་གྱི་དང་། རྩེ་གཅིག་པ་གནས་ཀྱི་ཡན་ལག་རྣམས་ཡོད་པའི་ཕྱིར། བསམ་གཏན་གསུམ་པ་ཆོས་ཅན། ཁྱོད་ལ་ཡན་ལག་ལྔ་ཡོད་དེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གཉེན་པོའི་དང་། བདེ་བ་ཕན་ཡོན་གྱི་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་ཡོད་པའི་ཕྱིར། བསམ་གཏན་གྱི་མཐའ་བཞི་པ་ཆོས་ཅན། ཁྱོད་ན་ཡན་ལག་བཞི་ཡོད་དེ། དྲན་པ་དང་བཏང་སྙོམས་གཉེན་པོའི་དང་། བདེ་མིན་དུག་བསྔལ་ཡང་མིན་པའི་ཚོར་བ་ཕན་ཡོན་གྱི་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་དང་ལྡན་པའི་ཕྱིར། དེ་དག་གི་བྱེད་ལས་ཡོད་དེ། བསམ་གཏན་དང་པོའི་ཡན་ལག་རྟོག་དཔྱོད་གཉིས་ཀྱིས་འདོད་པའི་སྐྱོན་དང་བསམ་གཏན་གྱི་ཡོན་ཏན་ཚོལ། ཕན་ཡོན་ལ་དགའ་བདེ་འབྱུང་། དེ་དག་གི་རྟེན་ཏིང་ངེ་འཛིན་གྱིས་བྱེད་པ། གཉིས་པའི་ཡན་ལག་ནང་རབ་ཏུ་དང་བས་རྟོག་དཔྱོད་ལ་སྐྱོན་དུ་ལྟ་ཞིང་། གཞན་སྔར་ལྟར་དང་། གསུམ་པའི་ཡན་ལག་འདུ་བྱེད་བཏང་སྙོམས་ཀྱིས་དགའ་བ་ལ་ཡིད་མི་གཏོང་། དྲན་པས་རྒྱུ་མཚན་མི་བརྗེད། ཤེས་བཞིན་གྱིས་སྲུང་བར་བྱེད་པས་དགའ་བ་སྤོང་། གཞན་སྔར་ལྟར་དང་། བཞི་པའི་ཡན་ལག་དྲན་པ་དང་བཏང་ཉོམས་ཀྱིས་བསམ་གཏན་གྱི་བདེ་བ་སྤོང་ཞིང་། གཞན་སྔར་ལྟར་འདྲ་བའི་ཕྱིར། ཡན་ལག་བཅོ་བརྒྱད་པོ་དེ་དག་ཆོས་ཅན། ཁྱོད་ལ་ཡན་ལག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཚོན་པར་བྱེད་པ་དང་རྗེས་སུ་མཐུན་པ་དང་ཚོགས་པས་ན་དེ་སྐད་ཅེས་བརྗོད་པའི་ཕྱིར། གཉིས་པ་ལ། དངོས་དང་། དོགས་གཅོད་གཉིས། དང་པོ་ནི། རྫས་སུ་བཅུ་གཅིག །ཅེས་བྱུང་། བསམ་གཏན་གྱི་ཡན་ལག་ཆོས་ཅན། ཁྱོད་ལ་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་ཀྱང་རྫས་སུ་བཅུ་གཉིས་ཡོད་དེ། དང་པོའི་ལྔ་དང་གཉིས་པའི་ནང་རབ་ཏུ་དང་བ་དང་གསུམ་པའི་བཏང་སྙོམས་དྲན་པ་ཤེས་བཞིན་བཞི་དང་བཞི་པའི་བཏང་སྙོམས་རྣམས་སུ་འདུ་བའི་ཕྱིར། གཉིས་པ་དོགས་གཅོད་ནི། དང་པོ་ནི། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། རབ་ཏུ་དང་བ་དང་བ་ཡིན། ལུང་རྣམ་གཉིས་ཕྱིར་ཡིད་དགའ་བདེ། །ཞེས་བྱུང་། དེ་ལ་ཁོ་ན་རེ། བསམ་གཏན་གསུམ་པའི་བདེ་བ་དེ་དང་པོ་གཉིས་ཀྱི་བདེ་བ་ལས་རྫས་གཞན་ཇི་ལྟར་ཡིན་ཞེ་ན། བྱེ་སྨྲ་ན་དེ། དེ་ལས་རྫས་གཞན་ཡིན་ཏེ། བསམ་གཏན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པའི་འབད་པ་ཡིན་གྱི་ཚོར་བ་དེ་མ་ཡིན་པའི་ཕྱིིར། གཉིས་པའི་ནང་རབ་ཏུ་དང་པ་ཡོད་དེ། བསམ་གཏན་ལ་ཡིད་ཆེས་པའི་དད་པ་ཞིག་ལ་འཇོག་པའི་ཕྱིར། བསམ་གཏན་གསུམ་པའི་བདེ་བ་ནི་ཡིད་བདེ་ཡིན་ལ། དགའ་བ་ནི་ཡིད་བདེ་ལས་གཞན་པའི་ཚོར་བར་འདོད་པ་ནི་མི་འཐད་དེ། བསམ་གཏན་གྱི་ཡན་ལག་སྟོན་པའི་བཅོམ་ལྡན་འདས་ཀྱི་ལུང་རྣམ་པ་གཉིས་དང་འགལ་བར་འགྱུར་བའི་ཕྱིར། གསུམ་པ་ནི། ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་པ་མེད། ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །ཞེས་བྱུང་། ཉོན་མོངས་ཅན་གྱིི་བསམ་གཏན་བཞི་ཆོས་ཅན། ཁྱོད་ལ་ཡན་ལག་གང་མེད་པའི་ཚུལ་ཡོད་དེ། ཁྱོད་ཀྱི་དང་པོ་ལ་དགའ་བདེ་མེད། གཉིས་པ་ལ་ནང་རབ་ཏུ་དང་བ་མེད། །གསུམ་པ་ལ་ཤེས་བཞིན་དང་དྲན་པ་མེད། བཞི་པ་ལ་བཏང་སྙོམས་དང་དྲན་པ་དག་པ་བ་མེད་པའི་ཕྱིར། ཁ་ཅིག །དེའི་དང་པོ་གཉིས་ན་ཤིན་ཏུ་སྦྱངས་བ་མེད་ཅིང་གཞན་གཉིས་ན་བཏང་སྙོམས་མེད་དེ། དེ་གཉིས་དགེ་བའི་ས་མང་པོ་བ་ཡིན་པའི་ཕྱིར་ཟེར། བཞི་བ་ལ། བསམ་གཏན་བཞི་པ་མི་གཡོ་བའི་རྒྱུ་མཚན་དང་། འབྲས་བུ་སྐྱེ་བས་ཐོབ་པའི་བསམ་གཏན་ལ་ཚོར་བའི་ལྡན་ཚུལ། བསམ་གཏན་གཉིས་པར་འོག་མའི་སེམས་མངོན་དུ་བྱེད་ཚུལ་གསུམ། དང་པོ་ནི། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། བཞི་པ་གཡོ་བ་མེད་པ་ཡིན། རྟོག་དང་དཔྱོད་དང་དབུགས་དག་དང་། བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་བྱུང་། བསམ་གཏན་བཞི་པའི་དངོས་གཞི་ཆོས་ཅན། ཁྱོད་ལ་གཡོ་བ་མེད་པ་ཡིན་ཏེ། བསམ་གཏན་གཡོ་བྱེད་ཀྱི་སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། གཡོ་བྱེད་ཀྱི་སྐྱོན་བརྒྱད་ཡོད་དེ། དེར་གྱུར་པའི་རྟོག་པ་དང་དཔྱོད་པ་དང་། དབུགས་འབྱུང་རྔུབ་དག་དང་། བདེ་བ་ལ་སོགས་ཏེ་སྡུག་བསྔལ་དང་ཡིད་བདེ་མི་བདེ་བཞི་དང་བཅས་པ་ཡིན་པའི་ཕྱིར། གཡོ་ཚུལ་ཡོད་དེ། དང་པོར་རྟོག་དཔྱོད་ཀྱིས་སེམས་གཡོ། གཉིས་པར་དགའ་བདེས་སེམས་ཡ་ཡ་བོར་བྱེད། གསུམ་པར་བདེ་བས་ཆ་མཐུན་ཙམ་ཞིག་མ་ཞི་བར་བྱེད་པ་སོགས་ཡོད་པས་གཡོ་ལ། བཞི་པ་ལ་ནི་དེ་དག་མེད་པས་མི་གཡོ་བའི་ཕྱིར་རོ། །གཉིས་པ་ནི། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་བྱུང་། འབྲས་བུ་སྐྱེ་བའི་བསམ་གཏན་ཆོས་ཅན། ཁྱོད་དང་པོ་ན་ཚོར་བ་གསུམ་དང་། གཉིས་པ་དག་ན་གཉིས་ཡོད་དེ། དང་པོ་ན་ཡིད་བདེ་དང་ཚོར་བདེ་བཏང་སྙོམས་དང་གསུམ་ཡོད། གཉིས་པ་ན་བཏང་སྙོམས་དང་ཡིད་བདེ་བ་གཉིས་ཡོད་པའི་ཕྱིར། དེའི་གསུམ་པ་ནའང་གཉིས་ཡོད་དེ། སེམས་ཚོར་བདེ་བ་དང་བཏང་སྙོམས་གཉིས་ཡོད་པའི་ཕྱིར། བཞི་པ་ན་གཅིག་ཁོ་ན་ཡོད་དེ། བཏང་སྙོམས་ཀྱི་ཚོར་བ་ཁོ་ན་ཡོད་པའི་ཕྱིར། དེར་ཐལ། དེའི་སས་བསྡུས་ཀྱི་ཚོར་བ་གཞན་མེད་པའི་ཕྱིར། གསུམ་པ་ནི། གཉིས་པ་སོགས་ན་ལུས་མིག་དང་། རྣ་བའི་རྣམ་ཤེས་རྣམ་རིག་བློ། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་བྱུང་། འོ་ན་འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་པ་སོགས་ཀྱི་གང་ཟག་ལ་མིག་རྣ་ལུས་ཀྱི་རྣམ་ཤེས་གསུམ་མེད་དམ་ཞེ་ན། དེའི་གང་ཟག་ལ་ནི་མིག་སོགས་གསུམ་ཡོད་ཅིང་དེ་དག་གི་རྣམ་ཤེས་ཀྱང་ཡོད་པ་ཡིན་ལ། དེའི་བསམ་གཏན་གཉིས་པ་སོགས་ན་ཡོད་པའི་ལུས་དང་མིག་དང་རྣ་བའི་རྣམ་པར་ཤེས་པ་རྣམས་དང་། དེ་དག་གི་རྣམ་རིག་གི་བློ་ཀུན་སློང་རྟོག་དཔྱོད་ཡོད་པ་གང་ཡིན་པ་དེ་ནི་རང་སས་མ་བསྡུས་ཀྱི། བསམ་གཏན་དང་པོར་གཏོགས་ཏེ་དེའི་སས་བསྡུས་པའི་ཕྱིར། གཉིས་པ་སོགས་ཀྱི་རྣམ་ཤེས་དེ་རྣམས་དང་ཀུན་སློང་ནི། ལུང་མ་བསྟན་ཡིན་ཏེ། དགོས་དབང་གིས་སྐྱེ་བ་ཙམ་ཡིན་པས་དགེ་བ་མིན་ལ། ས་འོག་མར་ཆགས་བྲལ་བྱས་པས་ཉོན་མོངས་ཅན་མིན་པའི་ཕྱིར་རོ། །གཉིས་པ་དེ་དག་གི་ཁྱད་ཆོས་ལ། ཐོབ་ཚུལ། ཐོབ་ཟིན་མངོན་དུ་བྱེད་ཚུལ། དམིགས་པའི་ཁྱད་པར། སྤང་བྱ་སྤོང་ཚུལ་ཉེར་བསྡོགས་དང་བཅས་པ་བཞི། དང་པོ་ལ། དངོས་དང་། སྙོམས་འཇུག་གང་གི་མཇུག་ཏུ་སྙོམས་འཇུག་དུ་འབྱུང་ལ་དཔྱད་པ། དག་པ་བའི་དབྱེ་བ་ཞར་བྱུང་ཐོད་རྒལ་གྱི་རྣམ་གཞག་དང་བཞི། དང་པོ་ནི། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་འཐོབ། །ཟག་མེད་འདོད་ཆགས་བྲལ་བ་ཡི། །ཉོན་མོངས་ཅན་རྣམས་སྐྱེ་བ་ཡིས། །ཞེས་བྱུང་། སྙོམས་འཇུག་དག་པ་བ་དང་ཟག་མེད་དང་ཉོན་མོངས་ཅན་གསུམ་ཆོས་ཅན། འཐོབ་ཚུལ་ཡོད་དེ། ཁྱོད་ལས་དག་པ་བ་ནི་སྔར་དག་པ་བ་དེ་དང་མི་ལྡན་ན་འདོད་ཆགས་དང་བྲལ་བའི་ལམ་གྱིས་ཐོབ་ལ། ལྡན་པ་ནི་སྲིད་རྩེ་མ་གཏོགས་གོང་ས་ནས་འོག་མར་སྐྱེ་བ་ལས་ནི་ཐོབ་ཅིང་། ཟག་མེད་ཀྱང་དེ་དང་མི་ལྡན་པ་ནི་འདོད་ཆགས་དང་བྲལ་བ་ཡི་ལམ་གྱིས་ཐོབ་པ། དེ་དང་ལྡན་པ་ནི་ཟད་ཤེས་སྐྱེས་པ་དང་དབང་པོ་འཕོ་བས་ཀྱང་ཐོབ། སྙོམས་འཇུག་ཉོན་མོངས་ཅན་ནི་ཡོངས་སུ་ཉམས་པ་དང་འོག་སར་སྐྱེ་བ་ཡིས་ཐོབ་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དག་པ། །སྐྱེའོ་དག་པ་ལས་དེ་བཞིན། རང་གི་ས་བའི་ཉོན་མོངས་ཀྱང་། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་འོག་མའི་དག་གཅིག་ཀྱང་། །འཆི་འཕོ་དག་ལས་ཉོན་མོངས་ཀུན། །ཉོན་མོངས་ཅན་ལས་གོང་མ་ཡིན། །ཞེས་བྱུང་། སྙོམས་འཇུག་ཆོས་ཅན། ཁྱོད་གང་གི་རྗེས་སུ་དུ་ཞིག་འབྱུང་བའི་ཚུལ་ཡོད་དེ། ཟག་པ་མེད་པའི་བསམ་གཏན་དང་པོའི་མཇུག་ཐོགས་སུ་མཚོན་ན་བསམ་གཏན་གསུམ་པ་ལས་རང་གི་ལྟག་གོང་མ་དང་། དེའི་འོག་མ་གསུམ་པ་ནས་དང་པོའི་བར་གྱི་དག་པ་བ་དང་ཟག་མེད་སྐྱེ་ལ། བསམ་གཏན་དག་པ་བ་ལས་སྔ་མ་དེ་བཞིན་དུ་རང་ས་སོགས་ཀྱི་དག་པ་བ་དང་། རང་གི་ས་པའི་ཉོན་མོངས་ཀྱང་སྐྱེ། ཉོན་མོངས་ཅན་གྱི་བསམ་གཏན་ལས་རང་སའི་དག་པ་བ་དང་ཉོན་མོངས་ཅན་དང་འོག་མའི་དག་པ་བ་གཅིག་ཀྱང་སྐྱེ། འཆི་འཕོ་བའི་དུས་ཀྱི་སྐྱེས་ཐོབ་ཀྱི་བསམ་གཏན་དག་པ་བ་ལས་རང་ས་གོང་ས་འོག་ས་གསུམ་གྱི་ཉོན་མོངས་ཅན་ཀུན་འབྱུང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་འཆི་སེམས་བྱས་ན་རང་ས་དང་འོག་སར་སྐྱེའི། དེ་ལས་གོང་མའི་སར་སྐྱེ་བ་མ་ཡིན་པའི་ཕྱིར། གསུམ་པ་ནི། དག་པ་ཉམས་པ་ཆ་མཐུན་སོགས། །རྣམ་བཞི་དེ་ནི་གོ་རིམ་བཞིན། །ཉོན་མོངས་སྐྱེ་དང་རང་ས་དང་། །གོང་དང་རྗེས་སུ་མཐུན་པའོ། ། ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཞེས་བྱུང་། སྙོམས་འཇུག་དག་པ་བ་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་བཞི་ཡོད་དེ། ཉམས་པ་ཆ་མཐུན་སོགས་ཀྱིས་གནས་པ་ཆ་མཐུན་དང་ཁྱད་པར་ཆ་མཐུན་དང་ངེས་འབྱེད་ཆ་མཐུན་རྣམས་སུ་ཡོད་པའི་ཕྱིར། བཞི་པོ་དེ་ནི་ཆོས་ཅན། སོ་སོའི་ངོ་བོ་ཡོད་དེ། གོ་རིམ་བཞིན་དུ་རང་གི་མཇུག་དེ་མ་ཐག་རང་སའི་ཉོན་མོངས་སྐྱེ་བ་དང་། རང་གི་དེ་མ་ཐག་རང་སའི་དག་པ་སྐྱེ་བ་དང་། རང་གི་དེ་མ་ཐག་གོང་མའི་དག་པ་བ་སྐྱེ་བ་དང་། རང་གི་དེ་མ་ཐག་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའི་སྙོམས་འཇུག་རྣམས་དེ་དག་ཏུ་འཇོག་པའི་ཕྱིར། ཉམས་པ་ཆ་མཐུན་སོགས་ཆོས་ཅན། ཁྱོད་ཀྱི་མཇུག་ཐོགས་སུ་དེ་བཞིན་དུ་འབྱུང་བ་ཡོད་དེ། དང་པོའི་དེར་ཉམས་པ་གནས་པ་གཉིས་དང་། གཉིས་པའི་དེར་ངེས་འབྱེད་ཆ་མཐུན་མ་གཏོགས་གསུམ་དང་། གསུམ་པའི་དེར་ཉམས་པ་ཆ་མཐུན་མ་གཏོགས་གསུམ་དང་། བཞི་པའི་དེར་ངེས་འབྱེད་ཆ་མཐུན་གཅིག་པོ་སྐྱེ་བའི་ཕྱིར། བཞི་པ་ཐོད་རྒལ་ནི། ས་བརྒྱད་རྣམ་གཉིས་འབྲེལ་བ་དང་། །གཅིག་བརྒལ་སོང་ཞིང་འོངས་ནས་ནི། །རིམ་མི་མཐུན་པར་གསུམ་པར་འགྲོ། །ཐོད་བརྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་བྱུང་། འདི་ལ་ཐོད་རྒལ་གྱི་སྦྱོར་བ། དངོས་གཞི། སྒྲ་བཤད། རྟེན་དང་བཞི། དང་པོ་ལ། རིང་སྦྱོར་དང་ཉེ་སྦྱོར་གཉིས་ལས། དང་པོ་རིང་སྦྱོར་ཡོད་དེ། བསམ་གཏན་བཞི་དང་གཟུགས་མེད་བཞིའི་ས་བརྒྱད་ལ་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་ཀྱི་སྒོ་ནས་འབྲེལ་བ་སྟེ་གོ་རིམ་ལུགས་མཐུན་དུ་ཟག་བཅས་བརྒྱད་ལ་མར་སོང་ཞིང་། ལུགས་མི་མཐུན་དུ་མར་འོངས་པའི་ཟག་བཅས་རིང་སྦྱོར་དང་། སྲིད་རྩེ་མ་གཏོགས་པའི་ཟག་མེད་བདུན་ལ་ཡར་སོང་ཞིང་མར་འོང་བ་ནི་ཟག་མེད་རིང་སྦྱོར་ཡིན་པའི་ཕྱིར། ཉེ་སྦྱོར་ཡོད་དེ། དེའི་རྗེས་སུ་ཟག་བཅས་ཀྱི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་བསམ་གཏན་གཉིས་པ་གཅིག་བུ་བརྒལ་བ་སྟེ་བོར་ནས་ཟག་བཅས་ཀྱི་བསམ་གཏན་གསུམ་པ་ལ་འཇུག །དེ་ནས་བཞི་པ་བོར་ནས་ནམ་མཁའ་མཐའ་ཡས་དང་། དེ་ནས་རྣམ་ཤེས་མཐའ་ཡས་བོར་ནས་ཅི་ཡང་མེད་པ་འཇུག་ཅིང་། དེ་བཞིན་དུ་ལུགས་མི་མཐུན་དུ་འཇུག་པ་ཟག་བཅས་ཉེ་སྦྱོར་དང་། ཟག་མེད་ཀྱི་བསམ་གཏན་གྱི་བསམ་གཏན་དང་པོ་ནས་གཉིས་པ་གཅིག་པུ་བརྒལ་ནས་གསུམ་པ་དང་། དེ་ནས་བཞི་པ་བརྒལ་ནས་ནམ་མཁའ་མཐའ་ཡས་དང་། དེ་ནས་རྣམ་ཤེས་མཐའ་ཡས་བརྒལ་ནས་ཅི་ཡང་མེད་ལ་འཇུག་ཅིང་། དེ་བཞིན་དུ་ལུགས་མི་མཐུན་དུ་འགྲོ་བ་ནི་ཟག་མེད་ཉེ་སྦྱོར་ཡིན་པའི་ཕྱིར་ཏེ། འདིར་སོང་བ་ནི་ལུགས་མཐུན་དང་འོང་བ་ནི་དེའི་ལུགས་མི་མཐུན་གྱི་དབང་དུ་མཛད་པ་ཡིན་པའི་ཕྱིར། ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། འཇུག་ཚུལ་ཡོད་དེ། སྦྱོར་བ་གཉིས་ཀྱི་རྗེས་སུ་ཟག་བཅས་ཀྱི་བསམ་གཏན་དང་པོ་ནས་ཟག་བཅས་དང་རིས་མི་མཐུན་པའི་ཟག་མེད་ཀྱི་བསམ་གཏན་གསུམ་པར་འགྲོ་བ་སྟེ་འཇུག །དེ་ནས་ཡང་ཟག་མེད་དང་རིས་མི་མཐུན་པའི་ཟག་བཅས་ནམ་མཁའ་མཐའ་ཡས་དང་། དེ་ནས་དེ་དང་རིས་མི་མཐུན་པའི་ཟག་མེད་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་དུ་ལུགས་མི་མཐུན་དུའང་ཟག་བཅས་ཟག་མེད་སྤེལ་ནས་སྙོམས་པར་འཇུག་པ་ནི་ཐོད་རྒལ་གྱི་སྙོམས་འཇུག་ཡིན་པའི་ཕྱིར། སྒྲ་དོན་ཡོད་དེ། སྙོམས་འཇུག་གི་ས་བརྒྱད་ལ་མཐར་ཆགས་སུ་མིན་པར་རེ་རེ་བོར་བའམ་བརྒལ་ནས་སྙོམས་པར་འཇུག་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། དང་པོར་མངོན་དུ་བྱེད་པའི་རྟེན་ཡོད་དེ། གླིང་གསུམ་གང་རུང་དག་ཏུ་དགྲ་བཅོམ་མི་གཡོ་བའི་ཆོས་ཅན་གྱིས་མངོན་དུ་བྱེད་པའི་ཕྱིར་ཏེ། དེས་ཏིང་ངེ་འཛིན་ལ་དབང་ཐོབ་ཅིང་། དགྲ་བཅོམ་གཞན་གྱིས་དབང་མ་ཐོབ་པའི་ཕྱིར། གཉིས་པ་ཐོབ་ཟིན་མངོན་དུ་བྱེད་ཚུལ་ནི། བསམ་གཏན་གཟུགས་མེད་རང་དང་ནི། འོག་སའི་རྟེན་ཅན་འོག་དགོས་མེད། །སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་དུ་བྱས་ནས་ཟག་པ་ཟད། །ཅེས་བྱུང་། བསམ་གཏན་ལ་གཟུགས་མེད་ཀྱི་སྙོམས་འཇུག་ཆོས་ཅན། རྟེན་ཡོད་དེ། རང་ས་དང་འོག་སའི་རྟེན་ཅན་ཡིན་པའི་ཕྱིར། སྤྱིར་གོང་སའི་རྟེན་ལ་འོག་སའི་སྙོམས་འཇུག་སྐྱེད་པའི་དགོས་པ་མེད་དེ། འོག་ས་དམན་ཅིང་གོང་ས་ཁྱད་པར་དུ་འཕགས་པའི་ཕྱིར། དམིགས་བསལ་ཡོད་དེ། སྲིད་རྩེར་སྐྱེས་པའི་འཕགས་པ་སྲིད་པ་ཐ་མ་བས་ནི་ཅི་ཡང་མེད་ཀྱི་སྙོམས་འཇུག་མངོན་དུ་བྱ་བ་ནས་ཟག་པ་བཟད་པའི་དགྲ་བཅོམ་ཐོབ་པར་བྱེད་པའི་ཕྱིར། གསུམ་པ་དམིགས་པའི་ཁྱད་པར་ནི། སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་བྱུང་། སྲེད་པ་དང་བཅས་པའི་བསམ་གཏན་ཆོས་ཅན། དམིགས་པ་ཡོད་དེ། རང་གི་ས་བའི་སྲིད་པ་ལ་དམིགས་པའི་ཕྱིར། བསམ་གཏན་དགེ་བ་དག་པ་བ་དང་ཟག་མེད་ཆོས་ཅན། ཡུལ་ཡོད་དགུ་ལ་དམིགས་པ་ཡིན་ཏེ། ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར། གཟུགས་མེད་ཀྱི་དངོས་བཞི་དགེ་བ་རྣམས་ཆོས་ཅན། ཁྱོད་ཀྱི་སྤྱོད་ཡུལ་ཡོད་དེ། རང་ས་དང་གོང་མའི་ཟག་བཅས་ལ་དམིགས་ཀྱི། འོག་མ་ལ་དམིགས་པ་མ་ཡིན་པའི་ཕྱིར། བཞི་པ་སྤང་བྱ་སྤོང་ཚུལ་ཉེར་བསྡོགས་དང་བཅས་པ་ལ། སྤང་བྱ་སྤོང་ཚུལ། ཉེར་བསྡོགས་ཀྱི་དབྱེ་བ། བསམ་གཏན་གྱི་སྙོམས་འཇུག་ཁྱད་པར་ཅན་བཤད་པ་དང་གསུམ། དང་པོ་ནི། ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་ངོ་ཉེར་བསྡོགས་དག་པས་ཀྱང་། །ཞེས་བྱུང་། སྤྱིར་སློབ་པའི་བསམ་གཏན་དང་གཟུགས་མེད་ཀུན་གྱིས་ཉོན་མོངས་སྤོང་མི་ནུས་ཏེ། དེ་ལས་བསམ་གཟུགས་ཟག་པ་མེད་པས་ནི་ཉོན་མོངས་རྣམས་སྤོང་བར་བྱེད་པའི་ཕྱིར། ཉེར་བསྡོགས་དག་པ་བས་ཀྱང་ཉོན་མོངས་སྤོང་བ་ཡོད་དེ། དེའི་གཉེན་པོ་ཁྱད་པར་ཅན་དུ་འགྱུར་བ་ཡོད་པའི་ཕྱིར། གཉིས་པ་ནི། དེ་དག་ལས་ནི་ཉེར་བསྡོགས་བརྒྱད། །དག་པ་བདེ་མིན་སྡུག་བསྔལ་མིན། །དང་པོ་འཕགས་པ་ཁ་ཅིག་གསུམ། །ཞེས་བྱུང་། བསམ་གཟུགས་དེ་དག་གི་ཉེར་བསྡོགས་ཆོས་ཅན། ཁྱོད་ལ་བརྒྱད་ཡོད་དེ། བསམ་གཟུགས་བརྒྱད་ཀྱི་དངོས་གཞི་ལ་འཇུག་པའི་སྦྱོར་བའམ་སྟ་གོན་རེ་རེ་ཡིན་པའི་ཕྱིར། དེ་ཆོས་ཅན། ངོ་བོ་ཡོད་དེ། རང་གི་དངོས་གཞི་དང་མི་འདྲ་བར་དག་པ་བ་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། ཚོར་བ་གང་དང་ལྡན་པ་ཡོད་དེ། བདེ་མིན་སྡུག་བསྔལ་མིན་པའི་བཏང་སྙོམས་དང་བཅས་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་ཆོས་ཅན། ཁྱོད་ལ་དག་པ་བ་ཁོ་ནར་མ་ཟད་དེ། དག་པ་བ་དང་འཕགས་པ་སྟེ་ཟག་མེད་གཉིས་ཡོད་པའི་ཕྱིར། གཅིག་དེ་ལ་གསུམ་ཡོད་ཅེས་འདོད་དེ། མི་ལྕོགས་མེད་དང་བཅས་པ་གསུམ་ཡོད་པའི་ཕྱིར་ཟེར་ལ། རོ་མྱང་དང་བཅས་པ་གསུམ་ལ་འདོད་པའང་ཡོད་པའི་ཕྱིར། གསུམ་པ་ནི། རྟོག་མེད་བསམ་གཏན་ཁྱད་པར་ཅན། །རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། །དེ་ནི་ཚངས་ཆེན་འབྲས་བུ་ཅན། །ཞེས་བྱུང་། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ཆོས་ཅན། ངོ་བོ་འཇོག་ཚུལ་ཡོད་དེ། རྟོག་པ་མེད་ཅིང་དཔྱོད་པ་དང་བཅས་པའི་བསམ་གཏན་གྱི་དངོས་གཞི་ཞིག་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། རྫས་ཀྱི་སྒོ་ནས་རྣམ་པ་གསུམ་ཡོད་དེ། རོ་མྱང་དག་པ་བ་ཟག་མེད་གསུམ་ཡོད་པའི་ཕྱིར། དེ་ཆོས་ཅན། ཚོར་བ་གང་དང་བཅས་པ་ཡོད་དེ། བདེ་མིན་སྡུག་བསྔལ་མིན་པའི་ཚང་བ་བཏང་སྙོམས་དང་མཚུངས་ལྡན་ཡིན་པའི་ཕྱིར། དེའི་དག་པ་དེ་ནི་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོད་དེ། ཚངས་པ་ཆེན་པོར་སྐྱེ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར། གསུམ་པ་ཏིང་ངེ་འཛིན་གྱི་དབྱེ་བ་ལ། ཁམས་གསུམ་གྱི་སྒོ་ནས་རྟོག་བཅས་སོགས་གསུམ་ལམ་གྱི་སྒོ་ནས་རྣམ་ཐར་སྒོ་གསུམ། ལམ་སུན་པའི་སྒོ་ནས་གསུམ། བྱེད་པའི་སྒོ་ནས་བཞིར་བཤད་པ་དང་བཞི། དང་པོ་ནི། མན་ཆད་རྟོག་དཔྱོད་བཅས་པ་ཡི། །ཏིང་འཛིན་ཡན་ཆད་གཉིས་ཀ་མེད། །ཅེས་བྱུང་། རྟོག་པ་དང་བཅས་སོགས་གསུམ་གྱི་ཁྱད་པར་ཡོད་དེ། བསམ་གཏན་ཁྱད་པར་ཅན་མན་ཆད་ཀྱི་བསམ་གཏན་དང་པོའི་དངོས་གཞི་ཉེར་བསྡོགས་དང་བཅས་པ་དེ་རྟོག་དཔྱོད་གཉིས་དང་བཅས་པ་ཡིན། བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མང་ལ་དཔྱོད་པ་དང་བཅས་པ་ཡིན། ཁྱད་པར་ཅན་ཡན་ཆད་གཉིས་པའི་ཉེར་བསྡོགས་དངོས་གཞི་གཉིས་ནས་སྲིད་རྩེའི་བར་གྱི་སྙོམས་འཇུག་རྣམས་རྟོག་པ་དང་དཔྱོད་པ་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། གཉིས་པ་ནི། མཚན་མེད་བཞི་པའི་རྣམ་པ་དང་། སྟོང་ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་ཅན། །དག་དང་དྲི་མ་མེད་དེ་དག །དྲི་མེད་རྣམ་ཐར་སྒོ་གསུམ་མོ། །ཞེས་བྱུང་། རྣམ་ཐར་སྒོ་གསུམ་པོ་ཆོས་ཅན། ཁྱོད་ཀྱི་ངོ་བོ་བཞག་ཏུ་ཡོད་དེ། མཚན་མེད་ཀྱི་ཏིང་ངེ་འཛིན་ནི་འགོག་བདེན་གྱི་འགོག་པ་ཞི་བ་གྱ་ནོམ་པ་ངེས་འབྱུང་ལ་དམིགས་པའི་རྣམ་པ་ཅན་ཡིན་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྡུག་བདེན་གྱི་བདག་མེད་པ་དང་སྟོང་པ་ཉིད་དུ་འཇུག་པའི་རྣམ་པ་ཅན་ཡིན། སྨོན་པ་མེད་པ་ནི་སྔར་བཤད་པའི་རྣམ་པ་དྲུག་པོ་དེ་ལས་གཞན་སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་དང་ལམ་བདེན་གྱི་བཞི་རེ་སྟེ་རྣམ་པ་ཅན་གྱི་ཤེས་རབ་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་ལ་འཇོག་པའི་ཕྱིར། དེས་གསུམ་ཆོས་ཅན། སྒོ་དོན་ཡོད་དེ། དྲི་མ་དག་པ་དང་། དྲི་མ་མེད་པའི་རྣམ་པར་ཐར་བ་ཐོབ་པའི་སྒོ་དང་འདྲ་བའི་ཕྱིར། དེ་དག་ཆོས་ཅན། དྲི་མ་མེད་པའི་རྣམ་ཐར་སྒོ་གསུམ་ཞེས་བྱ་སྟེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི། སྟོང་ཉིད་སྟོང་ཉིད་ཅེས་ལ་སོགས། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ། །གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པ་ལ་དམིགས་པ་ཡིན། །མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །ཟག་བཅས་མི་ནང་མི་གཡོ་ལ། །ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །ཞེས་བྱུང་། ཏིང་ངེ་འཛིན་གཞན་གསུམ་ཡང་ཡོད་དེ། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པས་སྨོན་པ་མེད་པ་སྨོན་པ་མེད་པ་དང་། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་ཡོད་པའི་ཕྱིར། དེ་དག་གི་ངོ་བོ་ཡོད་དེ། དང་པོ་གཉིས་ནི་རིམ་བཞིན་མི་སློབ་པའི་རྒྱུད་ཀྱི་སྟོང་པ་དེ་དེ་མི་རྟག་པ་ལ་དམིགས་པར་འཇོག་ཅིང་། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མ་བརྟགས་ཟད་པ་སྟེ་སོ་སོར་བརྟགས་མིན་གྱི་འགོག་པ་ལ་དམིགས་ནས་འཇུག་པའི་ཞི་བའི་རྣམ་པ་ཅན་ཡིན་པ་དང་། ཟག་བཅས་ཡིན་པའི་ཕྱིར། དེ་དག་ཆོས་ཅན། རྟེན་གང་ལ་མངོན་དུ་བྱེད་པ་ཡོད་དེ། མིའི་ནང་དུ་མངོན་དུ་བྱེད་པར་འགྱུར་བའི་ཕྱིར། གང་ཟག་གང་གིས་མངོན་དུ་བྱེད་པ་ཡོད་དེ། མི་གཡོ་བའི་ཆོས་ཅན་གྱིས་མངོན་དུ་བྱེད་པའི་ཕྱིར། གོང་གི་དེ་དག་ཆོས་ཅན། ས་བཅུ་གཅིག་གིས་བསྡུས་པ་ཡོད་དེ། ཉེར་བསྡོགས་ཐ་མ་བདུན་མ་གཏོགས་འདོད་པ་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཟུགས་ཀྱི་དངོས་གཞི་བརྒྱད་ཉེར་བསྡོགས་མི་ལྕོགས་མེད་ཅི་རིགས་ན་ཡོད་པའི་ཕྱིར། བཞི་པ་ནི། དགེ་བའི་བསམ་གཏན་དང་པོ་ནི། བདེ་འགྱུར་ཏིང་འཛིན་སྒོམ་པ་ཡིན། མིག་གི་མངོན་ཤེས་མཐོང་འགྱུར་འདོད། །སྦྱོར་བ་ལས་བྱུང་བློ་དབྱེར་འགྱུར། །རྡོ་རྗེ་ལྟ་བུའི་བསམ་གཏན་མཐའི། །གང་ཡིན་དེ་ཟག་ཟད་པར་འགྱུར། །ཞེས་བྱུང་། གཞན་ཡང་མཐོང་ཆོས་ལ་བདེར་གནས་ཀྱི་ཏིང་ངེ་འཛིན་སོགས་བཞི་གསུངས་པ་དེ་དག་ཆོས་ཅན། འཇོག་ཚུལ་ཡོད་དེ། དགེ་བའི་བསམ་གཏན་དང་པོ་སྒོམ་པ་ནི་མཐོང་ཆོས་ལ་བདེ་འགྱུར་གྱི་ཏིང་ངེ་འཛིན་སྒོམ་པ་ཡིན་ལ། ལྷའི་མིག་གི་མངོན་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་སྒོམ་པ་ནི་མཐོང་འགྱུར་གྱི་ཏིང་ངེ་འཛིན་སྒོམ་པ་དང་། དེའི་རྗེས་ཀྱི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་སྒོམ་པ་ནི་ཤེས་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་པས་དེ་གཉིས་གཅིག་ཏུ་བྱས་པ་ལའང་དེར་འདོད་ལ། འབད་པའི་སྦྱོར་བ་ལས་བྱུང་བའི་ཟག་བཅས་ཟག་མེད་ཀྱི་ཡོན་ཏན་ཀུན་བློ་གྲོས་དབྱེ་བ་སྟེ་རྒྱས་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ནི་བློ་རབ་ཏུ་དབྱེ་བར་འགྱུར་བ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐའ་བཞི་པ་ལ་བརྟེན་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། བཞི་པ་དེ་ལ་བརྟེན་པའི་ཡོན་ཏན་ལ། ཚད་མེད་དང་། རྣམ་ཐར་དང་ཟིལ་གནོན་དང་ཟད་པར་དང་དེ་དག་གི་ཐོབ་ཚུལ་རྟེན་དང་བཅས་པ་ལྔ། དང་པོ་ནི། ཚད་མེད་པ་ནི་བཞི་ཡིན་ནོ། །གནོད་སེམས་ལ་སོགས་གཉན་པོའི་ཕྱིར། །ཞེ་སྡང་མེད་བྱམས་སྙིང་རྗེ་ཡང་། །ཡིད་བདེ་བ་ནི་དགའ་བ་ཡིན། །བཏང་སྙོམས་མ་ཆགས་རྣམ་པ་ནི། །ཀྱེ་མ་བདེར་གྱུར་སྡུག་བསྔལ་དང་། །དགར་སེམས་སེམས་ཅན་རྣམས་སྙོམ་པ། །སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། །དགའ་བ་བསམ་གཏན་གཉིས་ན་ཡོད། །གཞན་ནི་དྲུག་ན་ཁ་ཅིག་ལྔ། དེ་ཡིས་མི་སྤོང་མི་དག་གི །ནང་དུ་སྐྱེད་དོ་དེ་གསུམ་ལྡན། །ཞེས་བྱུང་། ཚད་མེད་པ་ནི་ཆོས་ཅན། དམིགས་པའི་སྒོ་ནས་བཞི་ཡིན་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་བཞི་ཡོད་པའི་ཕྱིར། སྒྲ་དོན་ཀྱང་ཡོད་དེ། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ཤིང་། འབྲས་བུ་ཕན་ཡོན་ཡང་ཚད་མེད་པ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། བཞིར་གྲངས་ངེས་པ་ཡིན་ཏེ། གནོད་སེམས་ལ་སོགས་ཏེ་རྣམ་པར་འཚེ་བ་དང་གཞན་གྱི་ཕུན་ཚོགས་པ་མི་དགའ་བ་དང་འདོད་ཆགས་དང་གནོད་སེམས་མང་བའི་གཉེན་པོ་དེ་བཞིར་ངེས་པའི་ཕྱིར། ངོ་བོ་ཡོད་དེ། བྱམས་པ་དང་སྙིང་རྗེ་ཡང་ངོ་བོ་ཞེ་སྡང་མེད་པའི་དགེ་བ་ཡིན་ལ། དགའ་བ་ནི་ཡིད་བདེ་བ་ཡིན་ཞིང་། བཏང་སྙོམས་ནི་མ་ཆགས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། དེ་བཞི་ཆོས་ཅན། ཁྱོད་ཀྱི་རྣམ་པ་ཡོད་དེ། ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་པ་ནི་བྱམས་པ་དང་། ཀྱེ་མ་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་ན་སྙམ་པ་དེ་སྙིང་རྗེ་དང་། ཀྱེ་མ་སེམས་ཅན་རྣམས་དགའ་བར་གྱུར་ཅིག་སྙམ་དུ་སེམས་པ་དགའ་བ་དང་། ཀྱེ་མ་སེམས་ཅན་རྣམས་ཁྱད་པར་འདྲ་བའམ་བསྙམས་སོ་སྙམ་དུ་ཡིད་ལ་བྱེད་པ་ནི་བཏང་སྙོམས་ཡིན་པའི་ཕྱིར། དེ་བཞི་ཆོས་ཅན། སྤྱོད་ཡུལ་ཡོད་དེ། འདོད་པའི་སེམས་ཅན་རྣམས་ལ་དམིགས་པ་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། ས་གང་ན་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། དགའ་བ་ཚད་མེད་བསམ་གཏན་དང་པོ་གཉིས་ན་ཡོད། ཚད་མེད་གཞན་གསུམ་ནི་བསམ་གཏན་ས་དྲུག་ན་ཡོད་པའི་ཕྱིར། ཁ་ཅིག་ལྔ་ན་ཡོད་པར་འདོད་དེ། བསམ་གཏན་གྱི་དངོས་གཞི་བཞི་དང་ཁྱད་པར་ཅན་དང་ལྔ་ན་ཡོད་ཅེས་འདོད་པའི་ཕྱིར། ཚད་མེད་དེ་བཞི་ཡིས་གནོད་སེམས་སོགས་རྩ་བ་ནས་སྤོང་མི་ནུས་ཀྱང་དེ་དག་གི་གཉེན་པོར་བཤད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེ་དག་གི་འགལ་ཟླའི་གཉེན་པོ་ཡིན་པ་དང་། དེ་དག་ལ་གནོད་པ་དང་ཟིལ་གྱིས་གནོན་ནུས་པས་དེའི་གཉེན་པོར་བཞག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། རྟེན་གང་གིས་སྐྱེད་པ་ཡོད་དེ། མི་དག་གི་ནང་དུ་སྐྱེད་པའི་ཕྱིར། དེ་ཆོས་ཅན། ལྡན་ཚུལ་ཡོད་དེ། དགའ་བ་མ་གཏོགས་པའི་ཁྱོད་གཅིག་དང་ལྡན་ན་ངེས་པར་གསུམ་ག་དང་ལྡན་དགོས་པའི་ཕྱིར། དགའ་བ་ནི་དེ་ལྟར་མིན་ཏེ། བསམ་གཏན་གསུམ་པ་དང་བཞི་པ་ལ་མི་ལྡན་པའི་ཕྱིར། གཉིས་པ་རྣམ་ཐར་ནི། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །གསུམ་པ་མཐའ་ན་དེ་མ་ཆགས། །གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །འགོག་པའི་སྙོམས་པར་འཇུག་པའོ། །སྲ་བ་ཕྲ་བའི་མཇུག་ཐོགས་སུ། རང་གི་དག་དང་འོག་མ་ཡི། འཕགས་པའི་སེམས་ཀྱིས་དེ་ལས་ལྡང་། དང་པོ་འདོད་གཏོགས་སྣང་ཡུལ་ཅན། །གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གོང་དང་རང་གི་སའི། །སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། །ཞེས་བྱུང་། རྣམ་པར་ཐར་བ་ཆོས་ཅན། ཁྱོད་ལ་བརྒྱད་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། གཟུགས་མེད་ཀྱི་རྣམ་ཐར་བཞི་དང་། འགོག་པའི་རྣམ་ཐར་གཅིག་སྟེ་བརྒྱད་ཡོད་པའི་ཕྱིར། རྣམ་ཐར་དང་པོ་གཉིས་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། ངོ་བོ་ནི་རྣམ་པར་བསྡོས་པ་སོགས་ཀྱི་མི་སྡུག་པའི་རྣམ་པ་ཅན་དང་། ཁ་དོག་ལ་ཆགས་པའི་གཉེན་པོ་མ་ཆགས་པ་དང་། ས་བསམ་གཏན་དང་པོ་གཉིས་ན་ཡོད་པའི་ཁྱད་པར་དང་ལྡན་པའི་ཕྱིར། རྣམ་ཐར་གསུམ་པ་དེ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། སའི་ཁྱད་པར་བསམ་གཏན་མཐའ་བཞི་པ་ན་ཡོད། ངོ་བོ་མ་ཆགས་པ། རྣམ་པ་སྡུག་པའི་རྣམ་པ་ཅན་ཡིན་པའི་ཕྱིར། གཟུགས་མེད་བཞིའི་རྣམ་ཐར་ཆོས་ཅན། བཞག་ཏུ་ཡོད་དེ། གཟུགས་མེད་ཀྱི་མཉམ་བཞག་སས་བསྡུས་པའི་དངོས་གཞིའི་སྙོམས་འཇུག་དགེ་བ་དག་པ་བ་དང་། ཟག་མེད་དང་ཉེར་བསྡོགས་རྣམ་གྲོལ་ལམ་རྣམས་དེ་ཡིན་པའི་ཕྱིར། འགོག་པའི་སྙོམས་པར་འཇུག་པ་ཆོས་ཅན། བཞག་ཏུ་ཡོད་དེ། གནས་གཉིས་པར་བཤད་པའི་འགོག་པའི་སྙོམས་འཇུག་དེ་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་འཇུག་ལྡང་གི་སེམས་ཀྱི་ཁྱད་པར་ཡོད་དེ། ཁམས་གསུམ་གྱི་སེམས་ཕྲ་བ་ནི་སྲིད་རྩེའི་སེམས་ཡིན་ལ། དེ་ལས་ཀྱང་ཕྲ་བར་བྱས་པའི་སེམས་ཀྱིས་སྙོམས་པར་འཇུག་ཅིང་། དེའི་མཇུག་ཐོགས་སུ་སྲིད་རྩེ་རང་གི་ས་པའི་དག་པ་བ་དང་། འོག་མའི་ཅི་ཡང་མེད་ཀྱི་ས་བའི་འཕགས་པའི་ཟག་མེད་ཀྱི་སེམས་ཀྱིས་ཁྱོད་ལས་ལྡང་བར་བྱེད་པའི་ཕྱིར། རྣམ་ཐར་དང་པོ་གསུམ་ཆོས་ཅན། ཁྱོད་ཀྱི་སྤྱོད་ཡུལ་གྱི་ཁྱད་པར་ཡོད་དེ། འདོད་པར་གཏོགས་པའི་གཟུགས་ཀྱི་སྣང་ཡུལ་ཅན་ཡིན་པའི་ཕྱིར། གང་དག་གཟུགས་ཅན་མིན་པ་གཟུགས་མེད་ཕྱི་རྣམ་ཐར་དེ་དག་ཆོས་ཅན། སྤྱོད་ཡུལ་ཡོད་དེ། གོང་ས་དང་རང་གི་ས་པའི་སྡུག་བསྔལ་སོགས་ཀྱིས་ཀུན་འབྱུང་དང་འགོག་པ་དང་རྗེས་ཤེས་ཀྱི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ལ་དམིགས་པའི་ཕྱིར། གསུམ་པ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། །གཉིས་ནི་རྣམ་ཐར་དང་པོ་བཞིན། གཉིས་ནི་གཉིས་པ་བཞིན་ནོ་གཞན། །སྡུག་པའི་རྣམ་པར་ཐར་པ་བཞིན། །ཞེས་བྱུང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཆོས་ཅན། བརྒྱད་ཡོད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ལ་ལྟ་བ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་བཟང་ངན་སོགས་ལ་ལྟ་བ་གཉིས་ཏེ་དབྱིབས་ཟིལ་གནོན་བཞི་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཁ་དོག་སྔོན་པོ་སེར་པོ་དམར་པོ་དཀར་པོ་ལ་ལྟ་བ་སྟེ་ཁ་དོག་ཟིལ་གནོན་བཞི་ཡོད་པའི་ཕྱིར། ཟིལ་གནོན་དང་པོ་གཉིས་ནི་ཆོས་ཅན། རྣམ་ཐར་བཞིའི་དང་པོ་བཞིན་ཡིན་ཏེ། ངོ་བོ་མ་ཆགས་པའི་དགེ་བ་དང་། ས་བསམ་གཏན་དང་པོ་གཉིས་ན་ཡོད་པ་དང་། འདོད་པའི་གཟུགས་དང་ཁ་དོག་ལ་ཆགས་པའི་གཉེན་པོ་བྱེད་པ་དང་། དམིགས་པ་འདོད་པའི་གཟུགས་ཡིད་འོང་ལ་དམིགས་པའི་ཕྱིར། ཟིལ་གནོན་གསུམ་པ་དང་བཞི་པ་གཉིས་ནི་ཆོས་ཅན། རྣམ་ཐར་གཉིས་པ་བཞིན་ཡིན་ཏེ། ངོ་བོ་མ་ཆགས་པའི་དགེ་བ། ས་བསམ་གཏན་དང་པོ་གཉིས་ཁོ་ན་ན་ཡོད་པ། བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོ། འདོད་པའི་གཟུགས་ཡིད་དུ་འོང་མི་འོང་རྣམས་ཡུལ་དུ་བྱེད་པའི་ཕྱིར། གཞན་ཁ་དོག་ཟིལ་གནོན་བཞི་ཆོས་ཅན། སྡུག་པའི་རྣམ་པ་ཐར་པ་བཞིན་ཏེ། ངོ་བོ་མ་ཆགས་པ། ས་བསམ་གཏན་བཞི་པ་ན་ཡོད་པ། མཁས་པའི་གཉེན་པོ་བྱད་པ། འདོད་པའི་གཟུགས་སྡུག་མི་སྡུག་གཉིས་ཀ་ལ་དམིགས་ནས་འཇུག་པའི་ཕྱིར། བཞི་པ་ནི། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པ་གཉིས་ནི་གཟུགས་མེད་དག །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་བྱུང་། ཟད་པར་གྱི་ཏིང་ངེ་འཛིན་ཆོས་ཅན། ཁྱོད་ལ་བཅུ་ཡོད་དེ། །ཟད་པར་ས་དང་ཆུ་དང་མེ་དང་རླུང་དང་སྔོ་སེར་དམར་དཀར་བ་དང་ནམ་མཁའ་དང་རྣམ་པར་ཤེས་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་དང་བཅུ་ཡོད་པའི་ཕྱིར། ཟད་པར་དང་པོ་བརྒྱད་ཆོས་ཅན། ཁྱད་པར་བཞི་དང་ལྡན་ཏེ། ངོ་བོ་མ་ཆགས་པའི་དགེ་བ། ཆགས་པའི་གཉེན་པོ་ཡིན་པ། ས་བསམ་གཏན་མཐའ་བཞི་པ་ན་ཡོད་པ། འདོད་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། ཟད་པར་ཕྱི་མ་གཉིས་ནི་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། ངོ་བོ་ནི་རིམ་པ་བཞིན་གཟུགས་མེད་ཀྱི་སྙོམས་འཇུག་དག་པ་བ་དང་། སྤྱོད་ཡུལ་ནི་རང་གི་ས་བའི་ཕུང་པོ་བཞི་ལ་དམིགས་པའི་ཕྱིར། སྒྲ་དོན་ཡོད་དེ། རྣམ་ཐར་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པའི་དོན་དང་། ཟིལ་གནོན་གྱིས་དམིགས་པ་ཟིལ་གྱིས་གནོན་པ་དང་། ཟད་པར་གྱིས་དམིགས་པ་དེ་ཟད་ཟད་ཀྱི་བར་དུ་སྤྲོ་བར་འཇུག་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རྣམ་ཐར་ཟིལ་གནོན་ཟད་པར་གསུམ་གྱི་གོ་རིམ་ཡང་བཤད་པའི་རིམ་པ་ལྟར་ཡིན་ཏེ། སྔ་མ་ལས་ཕྱི་མ་འབྱུང་བའི་རིམ་པ་ཅན་ཡིན་པའི་ཕྱིར། ལྔ་པ་ནི། འགོག་པ་བཤད་ཟིན་ལྷག་མ་ནི། །འདོད་ཆགས་དང་བྲལ་སྦྱོར་བས་ཐོབ། །གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་བཅས་ལྷག་མ་མི་ལས་སྐྱེས། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་བསྐྱེད། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱི་ཕྱིར། ཞེས་བྱུང་། ཡོན་ཏན་དེ་དག་ཆོས་ཅན། ཐོབ་ཚུལ་གྱི་ཁྱད་པར་ཡོད་དེ། འགོག་པའི་རྣམ་ཐར་ཐོབ་ཚུལ་ནི་གནས་གཉིས་པར་བཤད་ཟིན་ལ། ལྷག་མ་ཉེར་ལྔ་ནི་སྔར་འདྲིས་པས་འདོད་ཆགས་དང་བྲལ་པའི་སྒོ་ནས་ཐོབ་པ་དང་། མ་འདྲིས་ན་སྦྱོར་བས་ཐོབ་པར་བྱེད་པའི་ཕྱིར། རྟེན་གྱི་ཁྱད་པར་ཡོད་དེ། གཟུགས་མེད་ཅེས་བྱ་བའི་རྣམ་ཐར་བཞི་དང་ཟད་པར་གཉིས་དང་དྲུག་ནི་ཁམས་གསུམ་གྱི་རྟེན་ཅན་ལ་ཡོད། ལྷག་མ་བཅུ་དག་ནི་ལུང་ལ་རག་ལས་པས་མི་ལས་སྐྱེ་བའི་ཕྱིར། གལ་ཏེ། ཁམས་གོང་ན་ལུང་མེད་པས་མི་སྐྱོན་བསམ་གཟུགས་ཀྱང་དེར་མི་སྐྱེ་བར་ཐལ་ཏེ། ལུང་མེད་པས་སོ་ཞེ་ན། དེར་འཆད་ཉན་བྱེད་པའི་ལུང་མེད་ཀྱང་། བསམ་གཟུགས་གཉིས་མི་སྐྱེ་བའི་སྐྱོན་མེད་དེ། དེ་ཁམས་གོང་མ་གཉིས་དག་ཏུ་སྐྱེ་བ་མི་འགལ་བའི་ཕྱིར་ཏེ། གཟུགས་མེད་པ་ལ་སྔོན་གོམས་པའི་སྐལ་མཉམ་གྱི་རྒྱུ་དང་ལན་གྲངས་གཞན་ལ་མྱོང་བའི་ལས་ཀྱི་སྟོབས་ཀྱིས་སྐྱེད་ལ། གཟུགས་ཁམས་སུ་ནི་བསམ་གཏན་རྣམས་སྐྱེ་བའི་ཕྱིར་ཏེ། དེ་དག་དང་ཆོས་ཉིད་ཀྱིས་ཀྱང་སྐྱེ་བའི་ཕྱིར་རོ། །གནས་བརྒྱད་པའི་ཚིག་དོན་བཤད་ཟིན་ཏོ། །གསུམ་པ་རྩོམ་པ་མཐར་ཕྱིན་པའི་བྱ་བ་ལ། བསྟན་པའི་གནས་ཚང་དང་། ནོངས་པ་བཟོད་པར་གསོལ་བ་དང་། ཐར་པ་འདོད་པས་བག་ཡོད་བརྟེན་རིགས་པ་གསུམ། དང་པོ་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཞེས་བྱུང་། འདི་ལ་གཉིས། ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ནི། སྟོན་པའི་དམ་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ་ལུང་གི་དམ་ཆོས་དང་། རྟོགས་པའི་བདག་ཉིད་ཅན་གྱི་དམ་ཆོས་གཉིས་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། སྔ་མ་ནི་སྡེ་སྣོད་གསུམ་སྡེར་གཏོགས་དང་བཅས་པ་དང་། གཉིས་པ་ནི་བསླབ་པ་གསུམ་སྡེར་གཏོགས་དང་བཅས་པ་ལ་འཇོག་པའི་ཕྱིར། དམ་པའི་ཆོས་དེ་གཉིས་ཆོས་ཅན། ཁྱོད་འཛིན་པར་བྱེད་པའི་ཚུལ་ཡོད་དེ། སྡེ་སྣོད་གསུམ་གཞན་ལ་ཕྱིན་ཅི་མ་ལོག་པར་སྨྲ་བའི་སྒོ་ནས་སྟོན་པར་བྱེད་པ་དང་། བསླབ་གསུམ་ལྟ་བུ་སྒྲུབ་པ་ལག་ལེན་དུ་བྱས་པའི་ཚུལ་གྱིས་སྒྲུབ་པར་བྱེད་པ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་སྤྱི་དོན་ལ། བསྟན་པའི་གནས་ཚད་སྟོན་པས་གསུངས་ཚུལ། མཁས་པས་བཤད་ཚུལ། འཐད་པའི་ཕྱོགས་བཞག་པ་དང་གསུམ། དང་པོ་ནི། གསུངས་ཚུལ་བསྡུ་ན་འདི་ལྟར་ཡོད་དེ། མདོ་སྡེ་བསྐལ་བཟང་ནས་བསྟན་པ་ཡང་དག་ལོ་ལྔ་བརྒྱ་དང་། གཟུགས་བརྙན་ལོ་སྟོང་དང་ལྔ་བརྒྱ་གནས་པར་གསུངས་ལ། གསེར་འཕྲེང་ཅན་གྱི་རྟོགས་བརྗོད་ལས་ལོ་སྟོང་གནས་པར་གསུངས་ཤིང་། ཟླ་བའི་སྙིང་པོའི་མདོ་ལས་ཉིས་སྟོང་། སྙིང་རྗེ་པད་དཀར་དུ་སྟོང་དང་ལྔ་བརྒྱ། ལྷ་མོ་དྲི་མ་མེད་པས་ཞུས་པ་ལས། ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་བཤད་པ་སོགས་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། མཛོད་རང་འགྲེལ་ལས་ལུང་ཕྲན་ཚེགས་ལྟར་བསྟན་པ་ལོ་སྟོང་དུ་གནས་པར་གསུངས་ཤིང་། རྡོར་གཅོད་ཀྱི་འགྲེལ་པར་ཀཱ་མ་ལ་ཤཱི་ལས་ལོ་ཕྱེད་དང་སུམ་སྟོང་གནས་པར་བཤད་ལ། ཐུབ་དགོངས་སུ་དེ་ལྟར་དང་། འབུམ་ཊཱིཀ་ཏུ་ལྔ་སྟོང་དང་། སློབ་དཔོན་འཇམ་དཔལ་གྲགས་པ་སོགས་ཀྱིིས་ཀྱང་དེ་ལྟར་བཤད་པའི་ཕྱིར། གསུམ་པ་ནི། རང་ལུགས་ལ་ལྔ་སྟོང་དུ་གནས་པར་བཤད་པ་ལྟར་ཡིན་ཏེ། དེ་ནི་ལུང་རིགས་གཉིས་ཀྱིས་འགྲུབ་ཅིང་། གཞན་ནི་དྲང་དོན་དགོངས་གཞི་ཅན་དུ་ཤེས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལ་ལུང་ནི་སྔར་ལྟར་དང་། ལྔ་བརྒྱ་པ་ཕྲག་བཅུར་གསུངས་པའི་དང་པོ་ལ་དགྲ་བཅོམ། གཉིས་པ་ལ་ཕྱིར་མི་འོང་། གསུམ་པ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་འབྲས་བུའི་ལེའུ་གསུམ་དང་། དེ་ནས་གསུམ་ལ་རིམ་པར་ཤེས་རབ་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་འཛིན་པ་མང་དུ་འབྱུང་བས་སྒྲུབ་པའི་ལེའུ་གསུམ་དང་། དེ་ནས་གསུམ་ལ་རིམ་པར་མངོན་པ་དང་མདོ་སྡེ་དང་འདུལ་བ་འཛིན་པ་མེད་པས་ལུང་གི་ལེའུ་གསུམ་དང་། དེ་ནས་བཅུ་པ་ལ་ལྟ་སྤྱོད་རྣམ་དག་མེད་པས་རྟགས་ཙམ་འཛིན་པ་འབྱུང་བར་གསུངས་པའི་ལུང་དང་རིགས་པས་ཀྱང་འགྲུབ་པའི་ཕྱིར། རིགས་པ་གཞན་གྱིས་ཀྱང་གྲུབ་སྟེ། ད་ལྟ་ཡང་བསྟན་འཛིན་གྱི་སྐྱེས་བུ་དུ་མ་བྱོན་ནས་བསྟན་པ་ཡང་དག་གནས་པར་མཛད་པ་མངོན་སུམ་གྱིས་མཐོང་བའི་ཕྱིར། དེ་ལྟར་ཡིན་ཀྱང་མདོ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ལས་མི་འདྲ་བར་བཤད་པ་དེ་རྣམས་དང་མི་འགལ་ཏེ། དེ་ནི་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཡོད་པའི་སྒོ་ནས་དྲང་དོན་དུ་འགྲེལ་བའི་ཕྱིར། དགོངས་གཞི་ཡོད་དེ། སྒྲུབ་པ་ཁྱད་པར་ཅན་སྔོན་ལྟར་མེད་པ་ལ་དགོངས་པའི་ཕྱིར། དགོས་པ་ཡོད་དེ། གདུལ་བྱ་ལ་སྐྱོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། གནོད་བྱེད་ཡོད་དེ། ཤེར་ཕྱིན་ཕྱི་མདོ་ལས་བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་བསྟན་པ་རིམ་གྱིས་དར་བར་གསུངས་པ་ལྟ་བུ་དང་། ལྷ་མོ་དྲི་མ་མེད་པའི་མདོ་ལས་དེ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱིི་ཡུལ་དུ་དམ་ཆོས་དར་བར་གསུངས་པ་དང་། སྔར་བཤད་པའི་རིགས་པས་ཀྱང་འགྲུབ་པའི་ཕྱིར། དེ་དག་ཀྱང་གླིང་འདི་ལྟ་བུའི་དབང་དུ་བྱས་ཀྱི་རྣམ་པ་ཐམས་ཅད་དུ་ངེས་པ་ནི་མིན་ཏེ། དུས་ཀྱི་འཁོར་ལོ་ལས་བསྟན་པའི་གནས་ཚད་མི་འདྲ་བ་ཞིག་གསུངས་པར་མ་ཟད། སངས་རྒྱས་གཞན་གྱི་བསྟན་པ་དང་། སྟོན་པ་ཉིད་ཀྱིས་ཀྱང་ཞིང་གཞན་དག་ཏུ་ཆོས་བསྟན་པ་སོགས་ཀྱི་སྒོ་ནས་བསྟན་པ་གནས་ཤིང་སྤེལ་བ་སོགས་ཡོད་པའི་ཕྱིར། འོ་ན། ད་ལྟའི་བར་བསྟན་པའི་གནས་ཚད་ལས་ཅི་ཙམ་འདས་ཞེ་ན། སྤྱིར་རྟོགས་པའི་བསྟན་པ་ནི་འདི་ཙམ་ནས་བྱུང་བ་དང་འདི་ནས་མེད་པའི་ཚད་ཤིན་ཏུ་དཀའ་ཡང་། རང་རེའི་སྟོན་པའི་བསྟན་པ་ནི་རགས་རྩིས་གང་ནས་བྱུང་བའི་ཚད་ཡོད་དེ། སངས་རྒྱས་པའི་ཚུལ་བསྟན་པ་ནས་འཇོག་པའི་ཕྱིར། ཅི་ཙམ་འདས་པའི་ཚང་ཀྱང་ཡོད་དེ། མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ནས་བཟུང་སྟེ་རང་རང་གི་བསྟན་རྩིས་མཛད་པའི་བར་གྱི་འདས་ལོ་ལ་མི་མཐུན་པ་དུ་མ་ཞིག་བཤད་པ་ལྟར་ཡོད་པའི་ཕྱིར། དེ་ལྟར་ཡོད་དེ། མངོན་པའི་རྗེས་སུ་འབྲང་བའི་ཡིག་ཆ་དུ་མ་དང་། དུས་ཀྱི་འཁོར་ལོ་ལུགས་ཀྱི་བསྟན་རྩིས་མཛད་པ་དང་། དེ་ལས་གཞན་གྱི་སྐབས་སུ་མཛད་པའི་བསྟན་རྩིས་རྣམས་ལ་ནི་མཐུན་མི་མཐུན་མང་པོ་ཞིག་མཐོང་བའི་ཕྱིར། འདིར་གང་གི་རྗེས་སུ་འབྲང་ཞེ་ན། སྔར་བཤད་པ་དེ་དག་ལས་རང་སྟོབས་ཀྱིས་འདི་འཐད་མི་འཐད་ཀྱི་ཁྱད་པར་དབྱེ་དཀའ་ཡང་རེ་ཞིག་ཕུག་པ་ཡབ་སྲས་ཀྱི་རྗེས་སུ་འབྲང་པར་བྱ་སྟེ། སྟོན་པ་དེ་ཉིད་ལྕགས་སྤྲེལ་ལ་སྐུ་བལྟམས་པའི་ལུགས་ཀྱི་ཞི་བར་གཤེགས་ནས་ད་ལྟའི་ཤིང་ཡོས་འདིའི་བར་ལ་ལྔ་བརྒྱ་པ་ཕྲག་ལྔ་རྫོགས་ནས། དྲུག་པ་ཚུལ་ཁྲིམས་ཀྱི་ལེའུའི་སྟེང་ནས་ལོ་བརྒྱ་དང་བཅུ་དྲུག་འདས་ཤིང་ད་ལྟ་མེ་འབྲུག་གི་སྟེང་ན་གནས་པའི་ཕྱིར་རོ། །གཉིས་པ་ནི། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་བཤད་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཐུབ་རྣམས་ཚད་མ་ཡིན། །ཞེས་བྱུང་། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཁྱོད་ཀྱིས་མངོན་པ་མཛོད་ཀྱི་བསྟན་བཅོས་འདི་ལུགས་གང་དང་མཐུན་པར་བཤད་ཚུལ་ཡོད་དེ། བདག་སྟེ་སློབ་དཔོན་ཁྱོད་ཀྱིས་མངོན་པའི་ཆོས་འདི་ཕལ་ཆེར་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་སྟེ་གྲུབ་མཐའི་ཚུལ་བཤད་ལ། མདོ་སྡེ་པ་དང་ཉི་འོག་པའི་འདོད་པ་ལྟར་ཡང་ཅུང་ཟད་རེ་བཤད་པའི་ཕྱིར། བསྟན་བཅོས་འདི་ལས་ཉེས་པར་བཤད་པའི་ཆ་མཆིས་པ་གང་ཡིན་པ་དེ་ཆོས་ཅན། འདིར་རྩོམ་པ་པོ་བདག་གིས་ཉེས་བར་བཤད་པ་ཡིན་གྱི། འདིའི་བཤད་གཞི་མདོ་དང་བསྟན་བཅོས་ཀྱི་ཚིག་དོན་གྱི་ཆ་ལ་སྐྱོན་ཡོད་ནས་མིན་ཏེ། ལུང་རྟོགས་ཀྱི་དམ་པའི་ཆོས་ཀྱི་ཚུལ་ལ་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དང་། དགྲ་བཅོམ་མཁས་པ་རྣམས་ཚད་མ་ཡིན་གྱི། སོ་སྐྱེ་ལ་ནི་འཁྲུལ་བ་སྲིད་པའི་ཕྱིར་རོ། །གསུམ་པ་ནི། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རབ་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགར་དགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་བྱོས། །ཞེས་བྱུང་། སྟོན་པ་འཇིག་རྟེན་གྱི་མིག་ལྟ་བུ་ནི་ཟུམ་པ་སྟེ་མྱ་ངན་ལས་འདས་པར་གྱུར་ཅིང་། ཆོས་ཀྱི་ཚུལ་ལ་དབང་དུ་གྱུར་པའི་སྐྱེ་བོ་སྐྱེ་འཕགས་ཕལ་ཆེར་ཟད་པས་མང་པོ་མེད་པའི་དུས་ན། ཆོས་ཀྱི་དེ་ཉིད་དེ་ཡིན་ཚུལ་མ་མཐོང་ཞིང་རང་དགར་འཇུག་པར་གྱུར་པ་ཡི་ངན་རྟོག་ཅན་རྣམས་ཆོས་ཅན། ཁྱེད་ཀྱིས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་འདི་དཀྲུགས་པར་བྱས་ཏེ། ཁྱེད་ཅག་གིས་ལུང་གི་བསྟན་པ་འདིའི་ཚིག་དོན་གྱི་ཆ་རྣམས་ལོག་པར་བཟུང་ནས་རང་དགར་འཇུག་པ་དང་། དེར་མ་ཟད་རང་བྱུང་སངས་རྒྱས་དང་རང་བྱུང་དེའི་བསྟན་པ་ལ་གཅེས་པར་འཛིན་པའི་འཕགས་པ་རྣམས་མཆོག་ཆུ་ཞི་བར་གཤེགས་ཤིང་། འགྲོ་བའི་མགོན་མེད་པ་ན་དེ་དག་ལ་གདམས་ངག་ལེགས་པར་འདོམས་པ་མེད་ཅིང་། བསླབ་གསུམ་གྱི་ཡོན་ཏན་འཇོམས་པར་བྱེད་པ་ཡི་དུག་གསུམ་གྱི་དྲི་མས་ཀྱང་དེང་སང་འདི་ན་དགའ་དགུར་སྤྱོད་པ་དེའི་ཕྱིར། དེ་ལྟར་ཐུབ་པ་དག་གི་བསྟན་པ་འདི་ནི་ལྐོག་མར་ཕྱིན་པའི་སྲོག་སྟེ་དབུགས་དང་འདྲ་བར་ཡུན་ཐུང་ཞིང་། སྙིགས་མའི་དྲི་མ་སྟེ་སྐྱོན་རྣམས་སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི་ཐར་པ་འདོད་པ་དག་གིས་བག་ཡོད་པར་བྱོས་ཤིག་ཅེས་སྐུལ་ཞིང་གདམས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བག་ཡོད་ནི་ཡོན་ཏན་ཀུན་གྱི་རྩ་བ་ཡིན་པའི་ཕྱིར་རོ། །གསུམ་པ་མཇུག་གི་དོན་ལ། མཛད་པ་པོ་གང་ཡིན་པ་དང་། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཤཱཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། ཞེས་བྱུང་སྟེ་གོ་སླའོ། །སློབ་དཔོན་འདིའི་རྣམ་ཐར་ནི་རྒྱ་གར་ཆོས་འབྱུང་ལས་རྒྱས་པར་བཤད་པ་ལྟར་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། ཁོ་བོའི་བསམ་ཚོད་ལྟར་ན་སློབ་དཔོན་འདི་དམ་ཆོས་འཛིན་པ་ལ་ཤིང་རྟ་ཆེན་པོ་ཐོགས་མེད་ཉིད་དང་ཀུན་ནས་མཚུངས་པའི་ཕྱིར་ན་འཕགས་པའི་གང་ཟག་ཆེན་པོ་ཞིག་ཡིན་པར་ངེས་པས་སོ་སྐྱེའི་མཁས་པ་ཙམ་དུ་འཛིན་མི་རུང་བར་སེམས་སོ། །དེས་ན་མདོ་སྡེ་པའམ་སེམས་ཙམ་པ་ཡིན་པས་སོ་སྐྱེའོ་སྙམ་དུ་མ་འཛིན་ཅིག །གལ་ཏེ་སློབ་དཔོན་འདིས་སྐུ་ཚེའི་སྟོད་དུ་ཐེག་ཆེན་གྱི་གཞུང་ལ་སྐུར་བ་བཏབ་པའི་ལོ་རྒྱུས་འདུག་པས་འཕགས་པར་ཇི་ལྟར་འགྱུར་ཞེ་ན། འགལ་བ་ཅུང་ཟད་ཀྱང་མེད་དེ། འཕགས་པ་ཡིན་ཡང་དགོས་པའི་དབང་གིས་མཛད་ཚུལ་སྣ་ཚོགས་སྟོན་པ་དུ་མ་ཞིག་མཐོང་ཕྱིར་རོ། །སློབ་དཔོན་འདིའི་ཐུགས་ལ་ནི་འབུམ་སྡེ་གོ་དགུའི་གཞུང་མངའ་བས་འཕགས་པའི་ཡུལ་དུ་ཕྱིས་བྱུང་བའི་མཁས་པ་རྣམས་སུ་མ་ཟད། སྔོན་གྱི་པཎ་ཆེན་མཁས་པ་དག་ལས་ཀྱང་མཁས་པ་ཆེན་པོར་གྱུར་པས་ན་སངས་རྒྱས་གཉིས་པ་ཞེས་གྲགས་པ་ལྟར་དོན་དང་མཐུན་པ་ཡིན་ནོ། །གཉིས་པ་ལོ་པཎ་གང་གིས་བསྒྱུར་བ་ནི། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་སྟེ་རྒྱལ་བའི་བཤེས་གཉེན་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་སྟེ་བཙུན་པ་དཔལ་བརྩེགས་ཀྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་འཆད་ཉན་གྱིས་ལེགས་པར་གཏན་ལ་དབབ་པའོ།། །།སྨྲས་པ། ཐུབ་དབང་གསུང་གི་རྒྱ་མཚོ་ལས་འོངས་ལེགས་བཤད་ཡན་ལག་བརྒྱད་ལྡན་ཆབ། །རྣམ་དཔྱོད་ཡངས་པའི་ཧུབ་གཅིག་གིས་བཞེས་སྐལ་ལྡན་གདུང་བ་སེལ་ཕྱིར་དུ། །སྐྱུགས་མཁས་སྔོན་མེད་དྲང་སྲོང་ཆེན་པོ་དབྱིག་གཉེན་ཞལ་སྒོ་ལས་འོངས་པའི། །ཆོས་མངོན་སྙིང་པོ་འཆི་མེད་བདུད་རྩི་ལྷར་བཅས་འགྲོ་འདིའི་བསོས་སུ་གྱུར། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་ལས། །ཐུན་མོང་ནང་དོན་རིག་པ་སྟོང་པའི་གཞུང་། །མང་ཡང་དོན་གྱི་སྙིང་པོ་ཀུན་བསྡུས་པ། །ཆོས་མངོན་གཞུང་གཞན་དག་ལས་འདི་ཉིད་འཕགས། །གང་འདིའི་དགོངས་པ་འགྲེལ་པའི་བསྟན་བཅོས་ནི། །འཕགས་པའི་ཡུལ་དང་ཕྱོགས་འདིར་འགའ་མཆིས་ཀྱང་། །ལ་ལ་ཚིག་དོན་གཉིས་ཀ་ཧ་ཅང་བསྡུས། །འགའ་ཞིག་སྒྲོས་ཚེ་བློ་ཆུང་འཇུག་པར་དཀའ། །དེ་ཕྱིར་ཚིག་དོན་གཉིས་ཀ་འཚམ་པ་ཞིག ། སྔོན་གྱི་མཁས་པའི་གཞུང་མང་དག་ལས་ནི། །མ་ནོར་བཤད་པའི་ཆ་རྣམས་ལེགས་བསྡུས་ཏེ། །རང་གཞན་འགའ་ལ་ཕན་སྲིད་སྙམ་ནས་བྲིས། །རྩ་བ་གར་སོང་འདིར་སོང་མེད་གྱུར་ན། །དེ་ཡི་དོན་ལ་ཕན་ཁྱད་ཆུང་མཐོང་ནས། །ངེས་པ་བརྙེད་ཕྱིར་སངས་རྒྱས་གཉིས་པ་ཡི། །རྩ་བའི་གཞུང་རྣམས་རྫོགས་པར་དྲངས་ཏེ་བཀོད། །ཀྭ་ཡེ་གྲོགས་དག་འཇིག་རྟེན་ཁྱིམ་པ་དང་། །རྣམ་དབྱེ་མེད་པའི་ལྟོ་གོས་ཙམ་ཞིག་ལ། །འབད་ནས་མི་ཚེ་སྟོང་ཟད་མི་བྱེད་པར། །ཕན་བདེའི་འབྱུང་གནས་ལེགས་བཤད་དག་ལ་གཟིགས། །ཆོས་མངོན་རྒྱ་མཚོའི་དགོངས་དོན་དཔག་པར་དཀའ། །བདག་ནི་བློ་ཆུང་སྦྱངས་པའི་སྟོབས་ཀྱང་དམན། །དེ་ཕྱིར་འདི་ལ་མ་བཤད་ལོག་བཤད་དག །གང་ཞིག་མཆིས་པ་དེ་ནི་བདག་གིས་ནོངས། །ལེགས་པར་བཤད་ལས་ཐོབ་པའི་དགེ་དེས་བདག །ཚེ་རབས་ཀུན་ཏུ་དམ་ཆོས་འཛིན་པ་དང་། །གཞུང་བཤད་འདིས་ཀྱང་མངོན་པའི་ཆོས་ཚུལ་ཀུན། །དར་ཞིང་རྒྱས་ལ་ཡུན་རིང་གནས་གྱུར་ཅིག །ཅེས་མངོན་པ་མཛོད་ཀྱི་ཊཱིཀྐ་རྒྱལ་སྲས་འཕགས་ཚོགས་ཐམས་ཅད་ཀྱི་དགོངས་དོན་གསལ་བྱེད་ཅེས་བྱ་བ་འདི་ནི། ཅོ་ནེའི་བསྟན་པའི་མངའ་བདག་ཀཽའུ་ཤྭི་ནང་སོ་ཡེས་ཀྱིས་གནང་སྦྱིན་དང་བཅས་པས་བསྐུལ་ཤིང་། རང་ཉིད་ཀྱང་དད་པ་ཀུན་ནས་བསླངས་ཏེ་ཅོ་ནེའི་སློབ་དཔོན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་དགོན་དུ་ལེགས་པར་སྦྱར་བའི་སྤར་གྱི་ཡི་གེ་པ་ནི་དཀའ་བཅུ་པ་བློ་བཟང་བསམ་འགྲུབ་སྟེ། འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་དང་། གཞན་དག་ལ་ཕན་ཐོགས་པར་གྱུར་ཅིག། །། དགེའོ།། །།


previousཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་པའི་ཚིག་འགྲེལ།no next