Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ།next

སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ།

སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཚོགས་གཉིས་ཆུ་གཏེར་ཆེན་པོ་ལས་འཁྲུངས་ཤིང་། །བདེན་གཉིས་ཆོས་ཚུལ་ཉམས་ལེན་མཐར་ཕྱིན་ཏེ། །སྐུ་གཉིས་མངོན་དུ་གྱུར་ནས་རང་གཞན་གྱི། །དོན་གཉིས་ལྷུར་མཛད་སྟོན་པ་དེ་ལ་འདུད། །རབ་ཡངས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །ཡེ་ཤེས་ཟེར་གྱིས་འགྲོ་བའི་བློ་མུན་སེལ། །མཐའ་དག་བསྟན་པའི་པད་ཚལ་བཞད་པའི་གཉེན། །འཇམ་མགོན་སྨྲ་བའི་ཉི་མས་དགེ་ལེགས་སྩོལ། །གང་དེའི་སྒྱུ་དྲ་མི་ཡི་སྲིད་པའི་ཚུལ། །བོད་ཡུལ་མཁས་པའི་ཐོག་མ་ཐོན་མི་ཞེས། །དམ་ཆོས་འཛིན་པའི་ཆེད་དུ་མངོན་བྱོན་པ། །ཆོས་བློན་ཆེན་པོ་སམྦྷོ་ཏྲ་དེར་འདུད། ཁྱོད་གསུང་མཛོད་ཀྱི་དགོངས་དོན་ཡིད་བཞིན་ནོར། །སྐལ་ལྡན་འདོད་པའི་རེ་བ་བསྐོང་བའི་ཆེད། །ཚིག་འགྲེལ་རྒྱལ་མཚན་རྩེ་མོར་མངོན་མཆོད་ཀྱིས། །ལེགས་བཤད་དོན་གཉེར་མཆིས་ན་འདུས་ཤིག་ཀྱེ། །དེ་ལ་འདིར་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་འཆད་པ་ལ་གཉིས་ཀྱི་དང་པོ་ལ་ལྔ། །མཛད་པ་པོའི་ཁྱད་པར། ཕྱོགས་གང་དུ་གཏོགས་པ། །མཚན་གང་ཡིན། གཞུང་གི་ཚད། ཚིག་དོན་བཤད་པ་དངོས་སོ། །དང་པོ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཆོས་བློན་ཆེན་པོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐུ་མི་སམྦྷོ་ཏྲའམ་ཐོན་མི་སཾ་བྷོ་ར་ཞེས་གྲགས་པ་དེས་མཛད་པའོ། །ཐུ་མི་ནི་རུས་ཀྱི་མིང་ཡིན་ལ། སམྦྷོ་ཏྲ་ནི་བོད་ཡང་དག་པའི་དོན་དུ་མང་པོས་བཤད་ཅིང་། ཁ་ཅིག །ས་འབོར་ར་ཞེས་ཀྱང་ཟེར་རོ། །གཉིས་པ་ནི། རིག་གནས་ལྔ་ལས་སྒྲ་རིག་པའི་ཁོངས་སུ་གཏོགས་སོ། །གསུམ་པ་ལ་གཉིས། དངོས་དང་འཕྲོས་སོ། །དང་པོ་ནི། བསྟན་བཅོས་འདིའི་མཚན་ལ་ཅི་ཞེ་ན། རྒྱ་གར་གྱི་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤཏྣ་མ་ཞེས་བྱ་ལ། དེ་ཉིད་བོད་ཀྱི་སྐད་དུ་བསྒྱུར་ན། ལུང་དུ་སྟོན་པ་སུམ་ཅུ་པའི་རྩ་བ་ཞེས་བྱ་བར་འགྱུར་ཏེ། བྱཱ་ཀ་ར་ཎ་ནི་ལུང་དུ་སྟོན་པ། མཱུ་ལ་ནི་རྩ་བ། ཏྲིཾ་ཤད་ནི་སུམ་ཅུ་པ། ནཱ་མ་ནི་ཞེས་བྱ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་གང་ལུང་དུ་སྟོན་ན། སྒྲའི་མཚན་ཉིད་སྟོན་པའི་ཕྱིར་ཏེ། །ཀཱ་ལི་སུམ་ཅུ་པོ་རྒྱ་ཆེར་སྟོན་པས་སོ། །སུམ་ཅུ་པ་ཞེས་པའི་དོན་ཀྱང་དེ་ཉིད་ཡིན་ལ། ཁ་ཅིག་ཤོ་ལོ་ཀ་སུམ་ཅུ་ཡོད་པས། སུམ་ཅུ་པ་ཞེས་རྣམ་གྲངས་ཙམ་དུ་བཤད་དོ། །གཉིས་པ་སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ཞེས་པའི་འགྱུར་ཕྱག་ནི། ལོཙྪ་བས་བཀོད་པ་སྟེ། རྒྱ་གཞུང་དངོས་མིན་ཀྱང་། །དེ་དང་འདྲ་བར་ཁུངས་བཙུན་པར་བསྟན་པ་སོགས་ཀྱི་ཆེད་དོ། །བཞི་པ་ནི། ཤོ་ལོ་ཀ་སོ་གསུམ་དུ་གྲངས་ངེས་སོ། །ལྔ་པ་ལ་གསུམ། བསྟན་བཅོས་ལ་འཇུག་པའི་སྒོ་བཤད་པ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ། །མཇུག་ཏུ་བསྡུ་བའོ། །དང་པོ་ལ་གཉིས། །མཆོད་པར་བརྗོད་པ་དང་། །བཤད་པར་དམ་བཅའ་བའོ། །དང་པོ་ལ་རིམ་པ་བཞི་ཡོད་པ་ལས། དང་པོ་ནི། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དོན་ནི། །གང་ཞེས་པ་སྤྱི་སྒྲ་ཡིན་ཀྱང་། །འདིར་བྱེ་བྲག་ལ་འཇུག་སྟེ། འོག་གི་ཚིག་དང་འབྲེལ་བའི་དཀོན་མཆོག་ལ་འཇུག་པའི་ཕྱིར་རོ། །ལ་ནི་ངེས་བཟུང་གི་དོན་ཅེས་ཟེར་ཡང་། རྣམ་དབྱེ་བདུན་པ་ལ་བྱ་སྟེ། དཀོན་མཆོག་ནི་ཡོན་ཏན་དེའི་གནས་གཞི་ཡིན་པར་བསྟན་པའི་ཕྱིར། འཆད་པ་ལྟར་ཡོན་ཏན་མཆོག་མངའ་བའི་དཀོན་མཆོག་ཅེས་སྤྱིར་སྨོས་ཀྱང་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ཀ་ལ་བྱ་ཞིང་། རིམ་པ་བཞིན་དུ་དོན་གཉིས་མཐར་ཕྱིན་པ་དང་། འགོག་ལམ་དང་། རིག་གྲོལ་གྱི་ཡོན་ཏན་དང་ལྡན་པའོ། །དེ་ཞེས་པ་ངེས་བཟུང་ཡིན་ཏེ། བཤད་མ་ཐག་པའི་དཀོན་མཆོག་དེ་ཉིད་ངེས་བཟུང་བའི་ཆེད་དུ་ཡིན་པའི་ཕྱིར་རོ། །འདིར་ལ་ཞེས་སྨོས་པ་ནི། དགོས་ཆེད་ཀྱི་ཚིག་ཡིན་ལ། ཕྱག་འཚལ་ཞེས་པ་ནི། འདུད་པའི་དོན་ཏེ། ལོ་ནི་སླར་བསྡུ་བ་སྟེ། དོན་དེ་རེ་ཞིག་རྫོགས་པར་སྟོན་པའོ། །གཉིས་པ་ནི། གང་གིས་སྒྲ་དབྱངས་གསུངས་པ་ཡི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གང་ནི་སྤྱི་སྒྲ་ཡིན་ཀྱང་། བྱེ་བྲག་འཇམ་དབྱངས་ལ་བྱ་ཞིང་། གིས་ཞེས་པ་ནི་བྱེད་པའི་སྒྲ་སྟེ། དེས་སྒྲ་དབྱངས་ཨཱ་ལི་སྔོན་གྱི་དུས་སུ་བསྟན་པའི་ཕྱིར་རོ། །དེས་ན་དེ་ལྟར་གསུངས་པ་ཡི་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་སོ། །འཇམ་པ་ནི་གསུང་འཇམ་པ་དང་། ཐུགས་ཉོན་མོངས་པའི་རྩུབ་རེག་དང་བྲལ་བ་ལའང་བཤད་དོ། །གསུམ་པ་ནི། གང་གིས་མིང་གཞི་སྔོན་གསུངས་པའི། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གང་གིས་ནི་གོང་གི་རིགས་པས་གོ་ཞིང་། །མིང་གཞི་ཀཱ་ལི་སྔོན་གྱི་དུས་སུ་ཐོག་མར་གསུངས་པའི་རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་སོ། །འདིར་རྟག་ཞི་བ་ནི། ཞ་ལུ་ཆེན་པོས། སངས་རྒྱས་ལ་བཞེད་པ་ལྟར་སྣང་ལ། རྣམ་གླིང་པ་སོགས་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། ཁ་ཅིག་ཚངས་པ་དང་། གཞན་དག་ཁྱབ་འཇུག་ལ་བཞེད་ཀྱང་། རེ་ཞིག་རྣམ་གླིང་པ་སོགས་ཀྱི་ལྟར་བྱའོ། །བཞི་པ་ནི། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། ཞེས་པ་སྟེ། སྔོན་འཕགས་ཡུལ་དུ་བྱོན་ནས་སྒྲ་དང་སྙན་དངགས་དང་སྡེབ་སྦྱོར་ལ་སོགས་པའི་རིག་གནས་རྣམས་ལེགས་པར་དར་བར་མཛད་པའི་སློབ་དཔོན་དཔའ་བོ་དང་། ཙནྟྲ་གཽ་མི་དང་། རིན་ཆེན་འབྱུང་གནས་ཞི་བ་སོགས་མཁས་པ་རྣམས་དང་དེར་མ་ཟད་སློབ་དཔོན་རང་ཉིད་ལ་དྲིན་དུ་ཆེ་བའི་བླ་མ་ལྷ་རིག་པའི་སེངྒེ་དང་། ཡིག་མཁན་ལི་བྱིན་སོགས་ལའང་ཕྱག་འཚལ་ལོ། །ནས་ཞེས་པ་ནི་འདིར་འཚམས་སྦྱར་བ་སྟེ། དེ་ལྟར་བསྟོད་ནས་ཅི་བྱ་ཞེ་ན། འོག་མ་འཆད་པའི་འབྲེལ་བཙལ་པའོ། །གཉིས་པ་བཤད་པར་དམ་བཅའ་བ་ནི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཞེས་རང་བཞིན་བརྗོད་ནས། ཡི་གེའི་སྦྱོར་བ་བཤད་པར་བྱ། ཞེས་རྩོམ་པར་དམ་བཅས་སོ། །ལྷག་པ་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་ཀུན་གྱི་གཞི་འཛིན་པར་བྱེད་ཅིང་ངེས་བརྗོད་དང་མཆོད་སྦྱིན་དང་སྲིད་སྲུང་དང་སྙན་ངག་སྟེ་རིག་བྱེད་སྨྲ་བ་རྣམས་ཀྱིའང་རྒྱུ་ཡིན་ལ། མདོར་ན་མིང་དང་ཚིག་ཏུ་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེ་ཡིན་པས། འདིར་དེའི་སྦྱོར་བ་བདག་གིས་བཤད་པར་བྱའོ་ཞེས་སོ། །གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ལ་གཉིས། ཡི་གེའི་རྣམ་གཞག་རྒྱས་པར་བཤད་པ་དང་། མིང་ཚིག་གི་འཇུག་པ་བསྟན་པའོ། །དང་པོ་ལ་གསུམ། བོད་ཡིག་སོ་བཞི་བཤད་པ། སྔོན་འཇུག་རྗེས་འཇུག་མི་འཇུག་པ་གསུམ་བསྟན་པ། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། ཅུང་ཟད་རྒྱས་པར་བཤད་པའོ། །དང་པོ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཞེས་པས་སྟོན་ཏེ། བོད་ཀྱི་ཡི་གེའི་དབང་དུ་བྱས་ན་ཨཱ་ལི་སྟེ་དབྱངས་ཡིག་གི་ཕྲེང་བ་དང་། ཀཱ་ལི་སྟེ་གསལ་བྱེད་ཀྱི་ཕྲེང་བ་གཉིས་སུ་ཡོད་དོ་ཞེས་སོ། །གཉིས་པ་ནི། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་པས་སྟོན་ཏེ། ཨཱ་ལི་དེ་གང་ཞེ་ན། ངག་ཚིག་གསལ་བར་བྱེད་པའི་ཨི་སོགས་ཏེ་ཨུ་ཨེ་ཨོའི་ཡི་གེ་བཞི་ཡིན་ལ་ཀཱ་ལི་དེ་ཡང་གང་ཞེ་ན། ཀ་ནས་ཨའི་བར་སུམ་ཅུ་ཐམ་པ་འབྱུང་བ་རྣམས་སོ། །དེ་ཡང་། རྒྱ་གར་གྱི་ཡི་གེ་ལ་དབྱངས་བཅུ་བཞིའམ། གཞན་ནས་འབྱུང་བ་བསྣན་པས་བཅུ་དྲུག་ཡོད་ལ་གསལ་བྱེད་ནི་སོ་གསུམ་མོ། །གཞན་ནས་བཤད་པའི་ཡི་གེ་ཀྵས་ཁ་བསྐང་ན་སོ་བཞིར་ཡང་སྣང་ངོ་། །འདིར་དབྱངས་ཀྱི་ཡི་གེ་ལ་དབྲི་བ་དང་། གསལ་བྱེད་ལ་དབྲི་བསྣན་གཉིས་མཛད་ཅིང་། དབྱངས་དང་པོ་ནི་གསལ་བྱེད་དུ་བྱས་སོ། །དེ་ཡང་དབྱངས་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་རྣམས་དང་། གཞན་ནས་འབྱུང་བའི་ཨཾ་ཨཿབཅས་དོར་ཏེ། ཨི་སོགས་བཞིར་ངེས་པར་མཛད་དོ། །གསལ་བྱེད་ཀྱི་གྷ་ཛྷ་ཌྷ་དྷ་བྷ་རྣམས་དང་། ཊ་ཋ་ཌ་ཎ་རྣམས་དང་། གཞན་གྱི་ཡི་གེ་ཀྵ་རྣམས་བྲི་སྟེ། ལྷག་མ་རྣམས་ཀྱིི་སྟེང་དུ་བོད་སྐད་ལ་མཁོ་བ་སྟོད་དུ་ཅ་ཆ་ཇ་གསུམ། སྨད་དུ་ཞ་ཟ་འ་གསུམ་སྟེ་དྲུག་བསྣན་ཏོ། །དེར་མ་ཟད། རྒྱ་ཡིག་ལ་ནི། ཝ་སྒོས་སུ་མི་སྣང་བས་འདི་ཡང་བསྣན་ཟེར་ཏེ་བརྟག །འོ་ན་འདིར་བོད་ཡིག་ལ་དབྱངས་བཞི་དང་། གསལ་བྱེད་སུམ་ཅུ་བཤད་པའི་ཕྱིར། བོད་ཡིག་སུམ་ཅུ་རྩ་བཞིར་འགྱུར་བས། དེ་ལྟ་ན་ཐུ་མི་ཉིད་ཀྱི་ཞལ་ནས། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །ཅེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དབྱངས་ཀྱི་ཨི་སོགས་བཞི་དང་བཅས་ན། དེ་ལྟར་ཡིན་ཀྱང་། བཞི་པོ་དེ་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞིར་འགྱུར་བས་ན་ཡན་ལག་ཡིན་གྱི། གཙོ་བོ་མིན་ཞིང་དབྱེ་བསྡུ་ཙམ་ཡིན་པས་སོ། །གཉིས་པ་ནི། དེ་ལས་རྗེས་འཇུག་བཅུ་ཡིན་ཏེ། དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། །ཞེས་པ་སྟེ། ཇི་སྐད་བཤད་པའི་ཀ་སོགས་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་པོ་དེ་ལས། ག་ང་ད་ན་བ་མ་འ་ར་ལ་ས་སྟེ་རྗེས་འཇུག་གི་ཡི་གེ་བཅུ་ཡིན་ཏེ། བཅུ་པོ་དེ་ལས་ག་ད་བ་མ་འ་ལྔ་པོ་ནི། རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་ལ། དེ་དག་གི་ལྷག་མ་ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་རྣམས་འདིར་སྔོན་རྗེས་གང་དུའང་མི་འཇུག་པ་ནི་ཉི་ཤུ་ཞེས་བྱ་སྟེ། དེ་རྣམས་ཀྱིས་མིང་གཞི་ཙམ་བྱེད་ཀྱི་མིང་གཞིའི་སྔོན་རྗེས་གང་དུའང་འཇུག་པ་མིན་པའི་ཕྱིར་རོ། །འོ་ནི་རྫོགས་ཚིག་སྟེ་སྡུད་པའི་དོན་ནོ། །གསུམ་པ་རྒྱས་པར་བཤད་པ་ལ་གསུམ། སྡེ་ཚན་ལས་རྗེས་འཇུག་དབྱུང་བ། དེ་ལས་སྔོན་འཇུག་དབྱུང་བ། མི་འཇུག་པའི་ཡི་གེ་ཉི་ཤུ་པོ་བཤད་པའོ། །དང་པོ་ནི། ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལ། །དང་པོ་གསུམ་པ་བཞི་པ་ཡི། །མས་གཉིས་དྲུག་པའི་གསུམ་པ་དང་། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །ཅེས་པ་སྟེ། ཀཱ་ལི་སྟེ་གསལ་བྱེད་ཀྱི་འཕྲེང་བ་སུམ་ཅུ་པོ་དེ་ཡང་ཕྱེད་དང་བརྒྱད་ཀྱི་སྡེ་ཚན་དུ་གནས་ཤིང་། དེ་ཡང་ནི་བཞི་ཚན་བཞི་ཚན་དག་ཏུ་ཕྱེ་བ་ལ། སྡེ་བ་དང་པོ་ནི། ཀ་ཁ་ག་ང་། གཉིས་པ་ནི། ཅ་ཆ་ཇ་ཉ། གསུམ་པ་ནི། ཏ་ཐ་ད་ན། བཞི་པ་ནི། པ་ཕ་བ་མ། ལྔ་པ་ནི། ཙ་ཆ་ཛ་ཝ། དྲུག་པ་ནི། ཞ་ཟ་འ་ཡ། བདུན་པ་ནི། ར་ལ་ཤ་ས་རྣམས་དང་། བརྒྱད་པ་ནི། ཧ་ཨ་གཉིས་བཅས་ཕྱེད་དང་བརྒྱད་དུ་ཐ་སྙད་བྱས་ནས། སྡེ་པའི་དང་པོ་ཀ་སྡེ། གསུམ་པ་ཏ་སྡེ། བཞི་པ་པ་སྡེ་གསུམ་པོ་ཡི་མས་ཀྱི་གཉིས་ཏེ། ག་ང་། ད་ན། བ་མ་རྣམས་དང་། དྲུག་པ་ཞ་སྡེའི་གསུམ་པ་འ་ཡིག་དང་། བདུན་པ་ར་སྡེ་ལ་ནི་བར་གྱི་ཤ་ཡིག་མ་གཏོགས་པའི་ར་ལ་ས་གསུམ་སྟེ། དེ་དག་གི་རྗེས་འཇུག་གི་ཡི་གེ་བཅུ་རུ་འདོད་པ་ཡིན་ནོ།། གཉིས་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ལས། །དང་པོ་གསུམ་པ་ལྔ་པ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །ཅེས་པ་སྟེ། བཤད་མ་ཐག་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་ལས། དང་པོ་ག་གསུམ་པ་ད་ལྔ་པ་བ་དྲུག་པ་མ་བདུན་པ་འ་ཡིག་སྟེ་ལྔ་པོ་སྟེ་འདི་རྣམས་ནི་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་གོ །གསུམ་པ་ནི། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མིན། །ཞེས་པ་སྟེ། གོང་དུ་བརྗོད་པའི་ཀ་ལ་སོགས་པ་མིང་གཞི་ཁོ་ནའི་ཡི་གེ་ཉི་ཤུ་པ་དེ་དག་ནི། སྔོན་རྗེས་སུ་མི་འཇུག་པར་མ་ཟད། ཚེག་བར་གཅིག་ཏུ། ཀཁ་དང་། ཅ་ཆ་ལྟ་བུ་གཉིས་སམ་ཁཆཉ། པཙཝ་ལྟ་བུ་གསུམ་སྦྲེལ་ལམ། དེ་ལྟ་བུ་ལ་ནི་དབྱངས་ཀྱི་ཡི་གེ་ཨི་སོགས་བཞི་པོ་གང་རུང་དང་ལྡན་པ་ཡང་དཔེར་ན། ཀཞི། ཅཆུ་ཞེས་དང་། ཁ་ཆི་ཉ། པཙུཝ་ཞེས་པ་ལྟ་བུ་འབྱུང་སྲིད་ནའང་། ཐོན་མི་བདག་གིས་ནི། བོད་ཀྱི་ཡི་གེ་ལ་བརྟེན་པའི་གསུང་རབ་ཀྱི་ཐ་སྙད་གང་དུའང་འཇུག་པར་བྱས་པ་མིན་ཞིང་བརྡ་སྦྱར་བའང་མིན་ནོ་ཞེས་སོ། །འདིར་ཁ་ཅིག་ཏུ་དབྱངས་ཀྱི་གཞིར་ཞེས་འབྱུང་བ་ནི་མ་དག་པར་གསལ་ལོ། །གཉིས་པ་མིང་ཚིག་གི་འཇུག་པ་བཤད་པ་ལ་གཉིས། རྣམ་དབྱེ་གཙོ་བོར་བཤད་པ། དགར་བསྣན་འབྱེད་སྡུད་བཤད་པའོ། ། དང་པོ་ལ་ལྔ། རྣམ་དབྱེ་དང་པོ་དང་འབྲེལ་བ་སླར་བསྡུ་བཤད་པ། རྣམ་དབྱེ་གཉིས་པ་སོགས་དང་འབྲེལ་བ་ལ་སྒྲ་བཤད་པ། རྣམ་དབྱེ་དྲུག་པ་བཤད་པ། རྣམ་དབྱེ་གསུམ་པ་དང་རྒྱན་སྡུད་སོགས་བཤད་པ། རྣམ་དབྱེ་ལྔ་པ་དང་དགར་བསྣན་སོགས་བཤད་པའོ། །དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །ཞེས་པས་སྟོན་ཏེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་ནི། མིང་གང་ཡང་རུང་བ་དག་གི་ནི་མཐར་སྦྱར་བ་དེ་ལ་ཨཱ་ལི་བཞི་པ་ཨོ་ཡིན་སྦྱར་བ་ནི། དོན་དེ་རེ་ཞིག་རྫོགས་པར་སྟོན་པ་སྟེ། དེའི་ཐ་སྙད་ལ་སླར་བསྡུ་བ་ཞེས་བྱ་བར་ནི་ཤེས་པར་བྱའོ། །དེ་ཡང་། ག་སོགས་རིམ་པ་བཞིན་དུ་དཔེར་བརྗོད་ན། འདི་ནི་རྟག་གོ །མཐོང་ངོ་། །ཡོད་དོ། །ཡིན་ནོ། །བཏབ་བོ། །བསམ་མོ། །མཁའ་འོ། །འགྱུར་རོ། །དལ་ལོ། །ཤེས་སོ་ཞེས་དང་། ད་དྲག་གི་སྟོབས་ཀྱིས་ཕྱིན་ཏོ། །གྱུར་ཏོ། བསལ་ཏོ། །ཞེས་པ་ལྟ་བུ་རྣམས་འདས་ཚིག་ཡིན་པས་ད་དྲག་ཐོབ། ད་དྲག་འདི་ན་ར་ལ་གསུམ་གྱི་རྗེས་སུ་འཐོབ་པར་འགྱུར་གྱི། གཞན་དག་ལ་ནི་མིན་ནོ། ཁ་ཅིག །རྟག་གོ །འབྱུང་ངོ་། འདོད་དོ། སྟོན་ནོ། འདོན་ནོ་ཞེས་པ་ལྟ་བུ་ནི། སླར་བསྡུ་ཙམ་པོ་བ་ཡིན་གྱི། དངོས་མིན་པ་ལྟ་བུ་ཞིག་བཞེད་ཀྱང་། འཐད་པ་ནི་མ་མཐོང་སྟེ། ཙམ་པོ་བ་ཡིན་མིན་གྱི་དོན། སླར་བསྡུ་ཁྱད་པར་ཅན་མིན་པའི་དོན་དུ་འདོད་ན། འདི་ནི་རྟག་གོ་ཞེས་པ་དང་། རྟག་གོ་ཞེས་པ་སོགས་ལ་ཁྱད་པར་ཅན་ཡིན་མིན་དབྱེ་དཀའ་ལ། དངོས་ཡིན་མིན་ལ་བྱེད་ན་ནི་ཤིན་ཏུ་མི་འཐད་དེ། དེ་ལྟ་ན། མི་ཙམ་པོ་བ་ཡིན་ན། མི་མ་ཡིན་པས་ཁྱབ་པར་ཐལ་བར་འགྱུར་བ་སོགས་མང་ངོ་། །རྣམ་དབྱེ་དང་པོའི་མཚན་གཞི་ནི། རྟག་པ། མི་རྟག་པ། ས། ཆུ། མེ། རླུང་། ནམ་མཁའ་ཞེས་སོགས་རང་མིང་ནས་བརྗོད་པ་ཕལ་ཆེར་ཡིན་ལ། དེ་ཡང་། རྒྱ་སྐད་ལ་རྣམ་དབྱེ་དང་པོ་དང་མིང་གི་ཁྱད་པར་གསལ་ཞིང་། བོད་སྐད་ལ་དེ་གཉིས་ཁྱད་པར་ཆེར་མེད་པར་བཤད་དོ། །འོན་ཀྱང་། རྟག་གོ་ཞེས་སོགས་ནི། རྣམ་དབྱེ་དང་པོའི་དོན་གསལ་བར་སྟོན་པ་ལ་བྱའོ། །དེའི་དོན་སྡོམ་དུ་མཛད་པ་ནི། རྫོགས་ཚིག་སྐབས་སུ་རྗེས་འཇུག་བཅུར། རང་འདར་རྣ་རུ་སྦྱར་བ་དང་། ད་དྲག་ཅན་མཐར་ཏ་དང་ནི། སྐབས་འགར་བ་ཡི་རྗེས་སུ་པ། །ཞེས་སོ། །གཉིས་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་རྐྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་ལས། གཞི་གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་གི་བཅུ་པ་ས་ཡིག་གནས་ན། དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས་སུ་དང་། གང་ཡང་རུང་བའི་མིང་གི་མཐའ་ན་བརྒྱད་པ་ར་ཡིག་གནས་ན་དེ་ལ་དབྱངས་ཀྱི་ཡི་གེ་གཉིས་པ་ཨུ་ཡང་སྦྱར་བས་རུ་དང་། གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་གསུམ་པ་ད་ཡིག་གནས་པ་ན། དེ་ལ་ཨ་ལི་གཉིས་པ་ཨུ་སྦྱར་བས་དུ་དང་། རྗེས་འཇུག་བཞི་པ་ན་དང་། དགུ་པ་ལ་ཡིག་ནི། ཨཱ་ལི་བཞི་པོ་གང་རུང་མ་སྦྱར་བར་ན་དང་ལ་ཡིག་དངོས་རྐྱང་པ་དང་། ཤུགས་བསྟན་དང་ད་དྲག་གི་མཐར་ཏུ་ཞེས་འབྱུང་བ་ཡོད་པས་དེ་རྣམས་ནི་སྐབས་ཀྱི་དབྱེ་བས། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། བཞི་པ་དགོས་ཆེད་དེ་དང་བདུན་པ་རྟེན་གནས་དང་ངེས་བཟུང་གི་དེ་ཉིད་དང་། དུས་ཀྱི་ཚེ་སྐབས་སྟོན་པར་ལའི་སྒྲ་དང་དོན་མཐུན་དུ་འཇུག་པ་ཡིན་ནོ། །འདིར་གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པར་ཨུ་ཡང་སྦྱར། ཞེས་འབྱུང་བ་ལྟར་བྱས་ན། ཅུང་མི་བདེ་བས། དེ་ལ་གཉིས་པ་ཨུ་ཡང་སྦྱར། ཞེས་སྦྱོར་བ་ནི་ལེགས་པར་མཐོང་ངོ་། །དེ་ལྟར་ན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དཔེར་བརྗོད་ནི། ཤར་ཕྱོགས་སུ་འགྲོ། །གཡས་སུ་འགྲོ། ངོས་སུ་རྒྱུགས། སྟེང་དུ་སོང་། འོག་ཏུ་ལྟོས། ནང་དུ་འཆུག །ཕྱིར་རུ་གྱུར། འདིར་རུ་སྡོད། མཁའ་ལ་བགྲོད། མཁའ་རུ་འགྲོ། །རྒྱབ་ཏུ་གོས་གྱོན། མིག་ཏུ་སྨན་བླུག །སྣོད་དུ་ཤ་བཙོས། ཤར་ལ་འཕུར། མདུན་དུ་བགུག །ས་ལ་དྲུད། ཤིང་ལ་གཞོག །ཐོག་ཏུ་བྲིས། གདོང་ལ་ཕྱིས། སྟེགས་ལ་ཞོགས། གདན་ལ་ཉོལ། གཡོན་ན་དགོད་ཞེས་སོགས་ལྟ་བུ་སྟེ། འདི་ལ་བྱ་བ་འདས་མ་འོངས་ད་ལྟ་གསུམ་སྟོན་པ་འབྱུང་ཞིང་། བྱེད་པ་བདག་དང་མ་འོངས་གཉིས་ཀའང་སྟོན་པ་འོང་ངོ་། ཁ་ཅིག །བསམ་དུ་མེད། གསལ་དུ་བཏང་། དབང་བསྐུར་དུ་གསོལ་ཞེས་པ་ལྟ་བུ་རྣམས་གཉིས་པ་ལས་ཀྱི་སྒྲ་ཡིན་པར་བཞེད་པ་ནི་འཐད་དམ་མི་འཐད་བརྟག་པར་བྱ་སྟེ། དེའི་སྔ་མ་གཉིས་ནི། དེ་ཉིད་ལ་འཇུག་པའམ་གཞི་དེ་ཡིན་པར་སྒྲུབ་པའི་སྒྲར་གཏོགས་པ་ནི། དཔེར་ན། སངས་རྒྱས་སུ་གྱུར། ལྷར་གྱུར། མིར་གྱུར། གཅིག་ཏུ་སོང་། སོ་སོར་གྲུབ་སོགས་དང་ཕྱོགས་འདྲ་བའི་ཕྱིར་དང་། ཕྱི་མ་ནི་དགོས་ཆེད་དུ་བྱ་སྙམ་སྟེ། དཔྱད་པར་བྱའོ། །བཞི་པ་དགོས་ཆེད་ནི། སངས་རྒྱས་ལ་མཆོད། ཆོས་ཀྱི་ཆེད་དུ་ཕུལ། དགེ་འདུན་གྱི་ཕྱིར་དུ་ཕྱིན། བུ་ལ་ནོར་སྟེར། ནད་ལ་སྨན། བཀྲེས་ལ་ཟས། སྐོམ་ལ་ཆུ་བྱིན་ནམ། སྟེར་དགོས། འཚང་རྒྱ་བའི་ཆེད་དུའམ། ཕྱིར་དུའམ། རྒྱ་བ་ལ་ཚོགས་གསོག །སེམས་ཅན་ཐམས་ཅད་ཀྱི་ཆེད་དུ། དེའི་ཕྱིར་དུ། དེའི་དོན་ལ་ཆོས་ཀྱིས། གསོན་ལ་རིམ་གྲོ། གཤིན་ལ་ཆོས་སམ་དགེ་བ། མཁས་པར་འགྱུར་བ་ལ་དཔེ་ལྟོས། མགྲོན་དུའམ། དེ་ལ་འགྲོ། སྟོན་མོར་འགྲོ། ཁྱོད་ལ་བཀྲ་ཤིས་ཤོག །འདི་རུ་བདེ་ལེགས་ཤོག་ཅེས་པ་ལྟ་བུའོ། ཁ་ཅིག་ཤར་ཕྱོགས་སུ་མཆོད་པ་ཕུལ་ཞེས་པ་ནི། བཞི་པ་དགོས་ཆེད་དུ་བཞེད་ཀྱང་། ལས་སུ་བྱ་བ་ཉིད་དུ་འགྱུར་བར་སེམས། བདུན་པ་གནས་གཞི་ནི་གཡས་སུ་བཞུགས་སོ། །ས་ལ་གནས། དེ་ལ་ཡོད། དེ་རུ་མཆིས། སངས་རྒྱས་ལ་ཡོན་ཏན་མངའ། ཤིང་ལ་བྱ། ཕྱུག་པོ་ལ་ནོར་ཡོད། སྟེང་དུ་ལྷ་དང་བླ་མ། དབུས་སུ་རྒྱལ་པོ། མདུན་དུ་བློན་པོ། གྲྭལ་དུ་མི་ཚོགས་བསྡད། མཁའ་ལ་ཉི་ཟླ། རྒྱབ་ཏུ་གོས། ཕྲག་ཏུ་རྒྱལ་མཚན། ལམ་དུ་ཤིང་རྟ། འོག་ན་དམྱལ་བ་ཡོད་ཅེས་པ་ལྟ་བུ་དང་། དེ་ཉིད་ལ་འཇུག་པ་ནི། གཡོན་དུ་མཐོང་། ཡིན་དུ་ངེས། བསམ་དུ་མེད། གསལ་དུ་བཏང་། རྟག་ཏུ་དགའ། ཀུན་ཏུ་འཐད། གཏན་དུ་གྱུར། མགོན་དུ་གྲུབ་ཅེས་པ་ལྟ་བུ་དང་། ལྷ་དེ་ཁོ་ན་ཉིད། ལྷ་དེ་ཉིད། ལྷ་དེ་རང་ཞེས་པ་ལྟ་བུ་ཡང་དེ་ཉིད་ལ་འཇུག་པའི་སྒྲར་བཤད་དོ། །ཡང་དེའི་དུས་ན་དང་། དེའི་ཚེ་ན། དེའི་སྐབས་ལ་ལྟ་བུ་ནི་དུས་ཀྱི་བདུན་པའི་སྒྲར་བཤད་པས། གསལ་དུ་བཏང་། བསམ་དུ་མེད། དབང་བསྐུར་དུ་གསོལ་ལྟ་བུ་ནི་ལས་སུ་བྱ་བའི་ཕྱོགས་གཏོགས་དང་། དེ་ཉིད་ལ་འཇུག་པ་གཉིས་ཀའང་ཡིན་ཞེས་བྱས་ན། འགལ་མི་འགལ་བརྟག །ཚེ་སྐབས་ལ་འཇུག་པ་ནི། སྔ་དྲོའི་དུས་སུ། ཕྱི་དྲོའི་དུས་ལ། དེའི་དུས་ན་ཞེས་དང་། ཉིན་ཕྱེད་དུ་སོང་། ཉི་ཤར་དུ་ཉེ། དཔྱིད་དུ་སླེབ། ཉི་མ་ཤར་ན་ནམ་ལངས་ལ་ཞེས་པ་ལྟ་བུ་སྟེ་ཕྱི་མ་འདི་རྒྱུ་མཚན་སྟོན་པའི་ཚེ་སྐབས་སོ། །སྡོམ་ནི། ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་འདོགས་ཅན་རྐྱང་པ་རུ། །འདི་དང་ར་མཐའ་བྱ་བ་གཅིག །ཅེས་སོ། །གསུམ་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ནི། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། ། བདུན་པ་ཉིད་ལ་བདུན་པ་སྟེ། ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་པ་སྟེ་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ནི། ཨཱ་ལི་དང་པོ་ཨི་དང་མཐུན་ལུགས་འདི་ཞེས་བྱ་སྟེ། དེ་ཡང་རྗེས་འཇུག་དང་པོ་ག་དང་གཉིས་པ་ང་གཉིས་ཡོད་པའི་མཐའ་ཅན་ལ་རྗེས་འཇུག་དང་པོ། ག་ལ་ཨི་སྦྱར་བ་གི་ཞེས་པ་མཐུན་ལ་གསུམ་པ་ད། ལྔ་པ་བ། བཅུ་པ་ས་རྣམས་ལ་ཀྱ་དང་ཨི་སྦྱར་བ་དང་། བདུན་པ་ཉིད་ལ་བདུན་པ་འ་ལ་ཨི་སྦྱར་བ་འཐོབ་སྟེ། རྐང་པ་སྐོང་བའི་ཚེ་ཡ་ལ་ཨི་སྦྱར་བའང་ཐོབ་བོ། །དེའི་ལྷག་མ་ན་མ་ར་ལ་རྣམས་ལ་གྱ་སྦྱར་བ་ལ་དབྱངས་ཨི་སྦྱར་བས་གྱི་ཞེས་པར་འགྱུར་ཏེ། མདོར་ན། སྔར་བཤད་པའི་ག་ཀྱ་འ་གྱ་དེ་དག་ལ་ཨི་སྟེ་གི་གུ་སྦྱར་བ་ནི། རྣམ་དབྱེ་དྲུག་པ་འབྲེལ་བའི་སའམ་སྒྲ་ཡིན་ནོ་ཞེས་སོ། །དཔེར་བརྗོད་ནི་བདག་གི་ནོར། གདོང་གི་ངོས། ཁྱོད་ཀྱི་འཁོར། རྒྱབ་ཀྱི་གོས། གཡས་ཀྱི་ཕྱོགས། འདིའི་ཟས་ཞེས་དང་། རྐང་པ་སྐོང་བའི་ཚེ་ཡིའང་ཐོབ་སྟེ། རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །ཞེས་པ་བཞིན་ནོ། །ན་མ་ར་ལ་ནི། མདུན་གྱི་ངོས། གཏམ་གྱི་ཚུལ། ཤར་གྱི་ཕྱོགས། དཔལ་གྱི་བདག་པོ་སོགས་སོ། །བདུན་པ་ཉིད་ལ་བདུན་པ་སྟེ། །ཞེས་པའི་ཚིག་ཟིན་ལྟར་ན་འ་ཡི་རྗེས་སུ་འ་ཡིག་གཉིས་པ་དགོས་པར་བསྟན་ཀྱང་། འདིར་སྲོག་ཏུ་འ་ཡོད་པ་དང་འ་གཅིག་གིས་གཉིས་ཀའི་གོ་ཆོད་པའི་དབང་དུ་བྱས་སོ། །སྡོམ་ནི། ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་རྣམས་ལ་གྱི། །མཐའ་རྟེན་མེད་མཐར་འི་དང་ནི། །རྐང་པ་སྐོང་ཚེ་ཡི་ཞེས་སྦྱར། །ཞེས་སོ། །བཞི་པ་རྣམ་དབྱེ་གསུམ་པ་ལ་བཞི། བྱེད་སྒྲ་དངོས་བཤད་པ། རྒྱན་སྡུད་བཤད་པ། ལྷག་བཅས་བཤད་པ། འབྱེད་སྡུད་བཤད་པའོ། །དང་པོ་ནི། དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་པ་སྟེ། གོང་དུ་བརྗོད་པའི་གི་ཀྱི་འི་ཡི་གྱི་ཞེས་པའི་ཡི་གེ་དེ་དག་ཉིད་ལ་ནི་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བ་ནི། བྱེད་པ་པོ་སྟོན་པའི་སྒྲ་རུ་ཤེས་པར་བྱའོ། །དཔེར་བརྗོད་ནི། བདག་གིས་ཆོས་བྱས། གང་གིས་ཤེས། ཁྱོད་ཀྱིས་བྲིས། རྒྱབ་ཀྱིས་འཁུར། སངས་རྒྱས་ཀྱིས་གསུངས་སོ། །བྱང་ཆུབ་སེམས་དཔའ་འིས་ཞེས་དོན་དུ་འཐོབ་ཀྱང་སྐད་གསར་བཅད་དུ་བསྡུས་ནས། བྱང་ཆུབ་སེམས་དཔས་ཤེས་དང་། ངས་མཐོང་། དེས་ཐོས། འདིས་བྱས་ཞེས་སྦྱར་བ་དང་། དེ་ཡིས་གཟིགས་དང་། མཁས་པ་ཡིས་ཀྱང་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་ཡིས་ནི་མཛད་ཅེས་དང་། ཀུན་གྱིས་རིག །གཏམ་གྱིས་བརྗོད། གསེར་གྱིས་ཕུག །ཟིལ་གྱིས་མནན་སོགས་དང་། ད་དྲག་གི་མཐར། རབ་འབྱོར་གྱིས་གསོལ། ཀུན་མཁྱེན་གྱིས་བསྟན། ཕ་རོལ་གྱིས་ཐོས་ཞེས་སོགས་དང་། བདག་གིས་ཚིག་གིས་བལྟས། ཁྱོད་ཀྱིས་སྟོབས་ཀྱིས་བྱས། །ལག་པས་སྟ་རེས་ཤིང་བཅད། འདི་ཡིས་བགྱིས་པའི་ལས་ཀྱིས་བྱུང་ཞེས་པ་ལྟ་བུའང་འོང་སྲིད་པས། དེའི་ཚེ་བྱེད་པ་གཉིས་བྱུང་ཡང་གཙོ་ཕལ་གྱི་ཁྱད་པར་ཡོད་དོ། །འོན་ཀྱང་། ཆོས་གྱིས་ཤིག ཁྲུས་གྱིས། བག་ཡོད་ཀྱིས། དོན་གྱིས། མདོར་ན། ཁྱོད་ཀྱིས་ལས་འདི་དང་འདི་གྱིས་ཤིག་ཅེས་པ་ལྟ་བུ་རྣམ་དབྱེ་མ་ཡིན་ཏེ། དེ་དག་གི་བྱོས་ཤིག་པའི་དོན་ཡིན་པའི་ཕྱིར། གཉིས་པ་ནི། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་པ་སྟེ། གོང་གི་ཡི་གེ་དེ་རྣམས་ཀྱི་ནང་ནས་གི་གྱི་གཉིས་དོར་བའི་ཀྱི་འི་ཡི་གསུམ་གྱི་ཨཱ་ལི་ཨི་ཕྱིས་ནས་རྗེས་འཇུག་གི་གཉིས་པ་ང་སྦྱར་བས་མཐུན་པ་དང་མི་འཐུན་པའི་ཚིག་རྒྱན་གཉིས་དང་། སྡུད་པའི་སྒྲར་འགྱུར་རོ། ། དཔེར་བརྗོད་ནི། མཁས་ཀྱང་མཁས་ལ་ཤེས་ཀྱང་ཤེས། ཨུཏྤལའང་ཡིན་ལ་སྔོན་པོའང་ཡིན། ན་བའང་ཡིན་ལ་སྡུག་བསྔལའང་ཆེ། །ལྷ་ཡང་ཡིན་ལ་ཚེ་ཡང་རིང་། །ཞེས་པ་ལྟ་བུ་མཐུན་པ་དང་། འཆིང་བ་སྤངས་ཀྱང་སྙིང་རྗེས་བཅིངས། །འདམ་ལས་སྐྱེས་ཀྱང་དེས་མ་གོས། །བཞིན་རས་དཀར་ཡང་སྐྲ་ཚོགས་ནག །ཆགས་སྡང་བྲལ་ནའང་བདུད་རྣམས་འཇོམས། །ཞེས་པ་ལྟ་བུ་ནི་མི་མཐུན་པའི་ཚིག་རྒྱན་ནོ། །དེ་དག་ཕལ་ཆེར་སྔ་ཕྱི་སྡུད་པའི་ཚིག་ཡིན་མོད། དེས་ཀྱང་ཤེས་ལ་ངས་ཀྱང་མཐོང་། །ཞེས་པ་དང་། དེ་ཡང་ཡིན་ལ་འདི་ཡང་མིན། ། ཞེས་དང་། དེ་ཙམ་ཤེས་པ་ལྟ་ཡང་ཅི། །ཆོས་རྣམས་ཀུན་ཀྱང་མངོན་དུ་གྱུར། ཞེས་པ་ལྟ་བུ་ནི་སྡུད་པའི་ཚིག་གོ །སྡོམ་ནི། ག་བ་ད་ས་ད་དྲག་མཐར། །ཀྱང་འཐོབ་རྗེས་འཇུག་གཞན་མཐར་ཡང་། །རྐྱང་མཐར་འང་དང་སྐོང་ཚེ་ཡང་། །ཞེས་སོ། །གསུམ་པ་ནི། ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨ་ལི་གསུམ་པ་སྦྱར། །དེ་ནི་ལྷག་མ་དང་བཅས་པའོ། །ཞེས་པ་སྟེ། ལ་དང་དོན་མཐུན་པའི་སུ་ལ་ཨུ་ཡིག་ཕྱིས་ནས། དེ་ལ་སྡེ་པ་གསུམ་པ་ཏ་སྡེའི་དང་པོ་ཏ་སྦྱར་ཞིང་། དེ་ལ་ཨཱ་ལི་གསུམ་པ་ཨེ་སྦྱར་བ་དེ་ནི། དོན་དེ་རྫོགས་པར་མ་བསྟན་པར་ལྷག་མ་དང་བཅས་པ་སྟོན་པའི་སྒྲའོ། །འདིར་ས་སྟེ་དངོས་སུ་བསྟན་པ་དེ་དང་ཏེ་ཤུགས་ལ་བསྟན་པར་བྱའོ། །དཔེར་བརྗོད་ནི། སྔར་སོང་སྟེ་མཐོང་། བཟང་སྟེ་སྲིད། མི་རྟག་སྟེ། འཇིག་པའོ། །རྟག་སྟེ། འཇིག་པ་མེད་པའི་ཆོས་ཡིན་པའི་ཕྱིར། བདེན་པ་གཉིས་ཡོད་དེ། ཀུན་རྫོབ་དང་། དོན་དམ་པའོ། །ཡོད་པ་ཡིན་ཏེ། ཤེས་བྱ་ཡིན་པའི་ཕྱིར་རོ། །ཞེས་པ་ལྟ་བུ་སྟེ། མཚམས་སྦྱོར་བའི་ལྷག་བཅས་དང་། དམ་བཅས་པའི་ལྷག་བཅས། གཞན་འདྲེན་པའི་ལྷག་བཅས་ཅི་རིགས་སུ་འགྱུར་རོ། །སྡོམ་ནི། ད་དེ་ན་ར་ལ་ས་དང་། །ད་དྲག་ཅན་མཐར་ཏེ་རྐྱང་ཉིད། །ག་ང་བ་མ་འ་རྣམས་དང་། །འདོགས་ཅན་རྐང་མཐར་ས་སྟེའོ། །ཞེས་སོ། །བཞི་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་གང་དག །རྗེས་འཇུག་གཞན་གང་གི་མཐར་གནས་པ་ལ་རྗེས་འཇུག་གི་དྲུག་པ་མ་ཡིག་སྦྱར་ན་དོན་འབྱེད་པ་དང་སྡུད་པའི་ཚིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན། ཕུང་པོ་ནི། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའོ་ཞེས་དབྱེ་གཞི་སྔོན་ལ་བཀོད་ནས་དབྱེ་བ་རྗེས་སུ་ཕྱེ་བ་ནི་འབྱེད་པ་དང་། མིག་གམ། རྣ་བའམ། སྣ་འམ། ལྕེའམ། ལུས་སམ། ཡིད་ནི་དབང་པོའོ་ཞེས་པ་ལྟ་བུ། དབྱེ་བ་སྔོན་དུ་བཀོད་ནས་དབྱེ་གཞིར་སྡུད་པ་ནི་སྡུད་པའི་དོན་ནོ། །རྟག་གམ། མི་རྟག་ཅེས་པ་ལྟ་བུ་དང་ཡིན་ནམ། མིན་ནམ་ཞེས་པའི་ཐེ་ཚོམ་མམ་དྲི་བ་རྣམས་ཀྱང་འབྱེད་སྡུད་གང་རུང་དུ་བསྡུ་བར་བྱའོ། །རྗེས་འཇུག་སོ་སོར་སྦྱོར་ཚུལ་ནི། རྟག་གམ། མཐོང་ངམ། ཡོད་དམ། ཡིན་ནམ། འགྲུབ་བམ། བསྒོམ་མམ། གདའ་འམ། ཟེར་རམ། ཉལ་ལམ། ཤས་སམ། ལྟ་བུ་དང་། ད་དྲག་གི་མཐར་ཏམ་སྦྱར་བ་ནི། འཛིན་ཏམ། འཕྲལ་ཏམ། གྱུར་ཏམ་ཞེས་པ་ལྟ་བུ་སྟེ། སྡོམ་ནི། འབྱེད་སྡུད་སྐབས་སུ་རྗེས་འཇུག་བཅུར། རང་འདྲར་མ་ཡིག་སྦྱར་བ་ཡི། །ད་དྲག་ཅན་ལ་ཏ་དང་སྦྱར། །ཞེས་སོ། །ལྔ་པ་ལ་གཉིས། རྣམ་དབྱེ་ལྔ་པ་དངོས་ཉིད་ཞར་བྱུང་རྒྱན་སྡུད་བཅས་བཤད་པ་དང་། རྣམ་དབྱེ་བརྒྱད་པ་བཤད་པའོ། །དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། ། དགར་དང་སྡུད་པའང་དེ་བཞིན་ནོ། །ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་ཡི་ནང་གི་བཞི་པ་ན་ཡིག་དང་། དགུ་པ་ལ་ཡིག་ལ་བཅུ་པ་ས་ཡིག་སྦྱར་བ་ནས་དང་ལས་ཞེས་པའི་སྒྲ་ནི་རྣམ་དབྱེ་ལྔ་པ། འབྱུང་ཁུངས་ཀྱི་ས་ཡིན་ཏེ་དགར་བ་དང་། སྡུད་པའང་དེ་བཞིན་དུ་སྦྱོར་བ་ཡིན་ནོ། །ཞེས་སོ། །འབྱུང་ཁུངས་གྱི་དཔེ་ནི། ཕུ་ནས་ཆུ་བྱུང་། མ་ལས་བུ་སྐྱེས། ཚོགས་ལས་སངས་རྒྱས་འགྲུབ། སྡིག་ལས་སྡུག་བསྔལ་འབྱུང་། རི་ལས་ལྷུང་། དེ་ལས་ཐོབ། ཅེས་པ་ལྟ་བུ་དང་། དགར་བ་ནི། ལྷ་དང་བཅས་པའི་འཇིག་རྟེན་ལས་སངས་རྒྱས་བཅོམ་ལྡན་འདས་མཆོག །ལྷའི་ནང་ནས་ཚངས་པ་དང་བརྒྱ་བྱིན་གཙོ། །རིགས་ལས་རྒྱལ་རིགས་འཕགས། མདོར་ན། དེ་ལས་བཟང་ངམ་ངན། དེའི་ནང་ནས་དེ་མཆོག་གམ་དམན་ཞེས་པ་ལྟ་བུ་དང་། སྡུད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ཞེས་དང་། སྲིད་རྩེ་ནས་མནར་མེད་ཀྱི་བར། མགོ་ནས་རྐང་པའི་བར་ཞེས་པ་ལྟ་བུ་སྟེ། འདི་ལ་ལས་ཀྱི་སྒྲ་མི་འཇུག་པར་བཤད། འོན་ཀྱང་དེ་ལ་སོགས་པ་ཞེས་པར་དེ་ལས་སོགས་པ་ཞེས་འབྱུང་བ་ནི་སྡུད་པའི་དོན་ནོ་ཞེས་བདག་གི་སློབ་དཔོན་བཞེད་དོ། །འཐད་པ་ལྟར་སྣང་ཡང་། ངག་སྒྲོན་ལས། མ་དག་པའི་ཕྱོགས་སུ་བཤད་པས་བརྟག་གོ །གཉིས་པ་ནི། གང་མིང་བརྗོད་པའི་དང་པོ་རུ། ཀྱེ་སྦྱར་བ་ནི་བོད་པ་ཡིན། ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་སྟེ་ཐོག་མ་རུ་ཀྱེ་ཞེས་སྦྱར་བ་ནི་བོད་པའི་སྒྲ་ཡིན་ཏེ། ཀྱེ་རྒྱལ་པོ། ཀྱེ་རྒྱལ་བའི་སྲས། ཀྱེ་ལྷ། ཀྱེ་མི་ཁྱོད་ཅེས་པ་ལྟ་བུ་དང་། དེ་དང་མཐུན་པར་ཀྭ་ཡེ་མི་ཞེས་པའང་སྣང་ངོ་། །འོན་ཀྱང་། ཀྱེ་མ་དང་། ཀྱེ་ཧུད་ནི་དེ་མིན་ནོ། །བོད་པ་ནི། འདིར་འབོད་པའི་སྒྲ་སྟེ། གཞི་དེ་ལ་འབོད་པའི་སྒྲའོ། །གཉིས་པ་དགར་བརྣན་སོགས་བཤད་པ་དྲུག །ནི་སྒྲ་དང་དང་སྒྲ། དེ་དང་གང་གི་སྒྲ་འཇུག་ཚུལ། བདག་པོ་དང་དགག་སྒྲ། ཚིགས་བཅད་འགྲོལ་བའི་མན་ངག །རྗེས་འཇུག་མེད་མི་རུང་དུ་བཤད་པའོ། །དང་པོ་ནི། གང་མིང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་མཐའ་དང་མཐུན་པ་ཡི་རྗེས་འཇུག་བཞི་པ་ན་ཡིག་ལ་ནི། དབྱངས་ཨི་སྦྱར་བས་ནི་ཞེས་འབྱུང་བའི་སྒྲ་ནི། དགར་དང་བརྣན་པའི་ཚིག་ཏུ་འགྱུར་ཏེ། དང་པོ་ནི། དཔེར་ན། བྱང་ཆུབ་སེམས་དཔའ་ལས་ནི་སངས་རྒྱས་མཆོག །བྱང་སེམས་རྣམས་ཀྱི་ནང་ནས་ནི་འཇམ་དབྱངས་ཤེས་རབ་ཆེ་ཞེས་དང་། འདི་ལས་ནི་དེ་བཟང་ངམ་སོགས་དང་དེའི་ནང་ནས་ནི་དེ་ཉིད་མཆོག་གོ །ཞེས་པ་ལྟ་བུ་སྟེ། དེ་ཡང་ནས་དང་ལས་ཞེས་པའི་དགར་ཚིག་གི་གྲོགས་སོ། །དགར་བའི་དོན་ནི་མང་པོ་འམ། ཟླ་བོ་ལས་དམིགས་ཀྱིས་དགར་བ་སྟེ། ཡང་འདི་དག་ལས་གདོང་བཞི་པ་འདི་ནི་ཚངས་པའོ། །མིག་སྟོང་དང་ལྡན་པ་འདི་ནི་བརྒྱ་བྱིན་ནོ། །མགྲིན་སྔོན་པོ་འདི་ནི་དབང་ཕྱུག་གོ་ཞེས་དང་། ཆོས་རྣམས་ལས་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་སོགས་ལྟ་བུའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཕན་བདེའི་ལམ་ལ་ནི་བཀོད་ཅེས་དང་། ཚོགས་ནི་བསགས། སྒྲིབ་པ་ནི་སྦྱངས། ཡོད་ནི་ཡོད། ཤེས་ནི་ཤེས། མཐོང་ནི་མཐོང་ཞེས་པ་ལྟ་བུ་སྟེ། བརྣན་པའི་དོན་ནི། ངེས་བཟུང་ལྟ་བུ་ནན་ཏན་དུ་སྦྱར་བའོ། །གཉིས་པ་དང་སྒྲ་ནི། མིང་གང་རུང་བའི་བར་མཚམས་སུ། གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །ཞེས་པ་སྟེ། མིང་གང་ཡང་རུང་བའི་བར་མཚམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་ནི་གཉིས་པ་ང་ཡིག་སྦྱར་བ་ན་ང་ཞེས་པའི་སྒྲ་དེ་ནི། དོན་དུ་མ་གཅིག་ཏུ་སྡུད་པ་དང་། གཅིག་དུ་མར་འབྱེད་པ་དང་རྒྱུ་མཚན་དང་ཚེ་སྐབས་སམ་དུས་སྟོན་པ་དང་། གདམས་ངག་འདོམས་པ་ལྔ་ལ་འཇུག་པའོ། །ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཞེས་དང་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་ནི་ཕུང་པོའོ་ཞེས་པ་ལྟ་བུ་དབྱེ་གཞི་རྗེས་སུ་བཀོད་པ་ནི་སྡུད་པ་དང་། ཆོས་གང་ཡིན་པ་དེ་དང་དེ། འདི་དང་འདི་རྣམས་ཞེས་པ་ལྟ་བུ་ཡང་སྡུད་པ་དང་། ཕུང་པོ་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ་ལྟ་བུ་དང་། བདེན་པ་ནི་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའོ་ཞེས་ལ་དཔྱད་པའི་གཞི་སྔོན་དུ་བཀོད་པ་ནི་འབྱེད་པའོ། ། སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར་དང་། རྐྱེན་ལས་བྱུང་བའི་ཕྱིར་དང་། སྐྱེས་པའི་ཕྱིར་དང་ཞེས་པ་ལྟ་བུ་ནི་རྒྱུ་མཚན་དང་། ཉི་མ་ཤར་བ་དང་སླེབ། ནམ་ལངས་པ་དང་འགྲོ། མུན་རུབ་པ་དང་ཉལ། སངས་རྒྱས་པ་དང་སྒྲིབ་པ་སྤངས་ཞེས་པ་ལྟ་བུ་ནི་ཚེས་སྐབས་སམ་དུས་དང་བྱ་བ་མཉམ་དུ་བརྗོད་པའོ། །བདག་གིས་བརྗོད་ཀྱིས་ཉོན་དང་། འདི་གྱིས་དང་། འདི་ལ་སློབས་ཤིག་དང་། སྒོམས་དང་། སྒྲུབས་དང་རྣམས་གདམས་ལ་འཇུག་པའོ། །གཉིས་པ་ལ་གོ་རིམ་མི་འདྲ་བ་ཞིག་སྣང་ཡང་འདིར་གཉིས་ཏེ། དེ་སྒྲ་དང་གང་གི་སྒྲ་བཤད་པའོ། །དང་པོ་ནི། གང་མིང་བརྗོད་པའི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མ་རུ་རྗེས་འཇུག་གི་གསུམ་པ་ད་ཡིག་ལ་ནི་དབྱངས་ཨེ་སྦྱར་བ་དེ་ཞེས་བྱ་བའི་སྒྲ་དེ་ནི། ཐ་སྙད་ཀྱི་དབང་དུ་བྱས་ན། དུས་འདས་པ་དང་རྣམ་གྲངས་གཞན་དང་ལྷག་བཅས་ཏེ་གསུམ་ལ་འཇུག་པ་ཡིན་ཏེ། དངོས་པོའི་དབང་དུ་བདེན་པ་དང་གསང་བ་དང་བདག་གི་བ་དང་ཕ་རོལ་པོའི་དངོས་པོ་བཞི་རུ་འགྱུར་བ་དང་། དུས་ཀྱི་དབང་དུ་བྱས་ན་འདས་པ་དང་མ་འོངས་པའི་དུས་གཉིས་ལ་འཇུག་པ་ཡིན་ནོ། །དེའི་ཐ་སྙད་ཀྱི་དབང་དུ་བྱས་པའི་འདས་པ་ནི། དུས་གསུམ་གྱི་ནང་ཚན་གྱི་འདས་པ་ཙམ་མིན་གྱི། བརྗོད་ཟིན་གྱི་དོན་འདས་མ་ཐག་པ་ཉིད་གོ་བ་ཞིག་སྟེ། ཇི་སྐད་བཤད་པ་གང་ཡིན་པར་དང་དེ་ཞེས་དང་། དེ་ནས་དཔལ་ལྡན་རྡོ་རྗེེ་འཆང་། ཞེས་དང་། དེ་ཡང་རང་། དེ་རྣམས་དང་། དེ་དག་དང་། དེ་ཉིད་དང་། དེ་སོགས་དང་། དེ་ནས་དང་། དེ་མ་ཐག་ཏུ། དེ་ལྟ་བུ་སོགས་མང་ངོ་། །རྣམ་གྲངས་གཞན་ནི། བློའང་དེ་ཡིན། རིག་པའང་དེ་ཡིན། སངས་རྒྱས་དེ་ཆོས་ཀྱང་དེ། ཚིག་དང་དོན་གང་ཡིན་པ་དེ་དང་དེ་འདི་དང་འདིར་བཤད་པར་བྱ་ཞེས་པ་ལྟ་བུ་དང་། ལྷག་བཅས་ནི་ཡོད་དེ། མེད་དེ་ཞེས་སོགས་ལྟ་བུའོ། །དངོས་པོ་ལ་འཇུག་པ་བཞིའི་བདེན་པའི་དོན། དེ་བཞིན་ཉིད། དེ་ཁོ་ན་ཉིད། དེ་དེ་བཞིན་སོགས་དང་། དེ་ཉིད་ཅེས་པ་ལའང་འཇུག་སྲིད་དོ། །གསང་བ་ནི། དེ་ཉིད་སྤང་བར་བྱ། དེ་བསྒྲག་པར་མི་བྱ། དེ་བསྟན་པར་མི་བྱ་སོགས་རང་ཚིག་གིས་དངོས་སུ་སྨོས་པར་གསང་སྟེ་བརྗོད་པ་ཞིག་གོ །བདག་གི་བ་ལ་འཇུག་པ་ནི། བདག་གི་དེ་ངའི་དེ། བདག་གི་ནོར་དེ། ངའི་ཆོས་དེ་ཞེས་པ་དང་། ཕ་རོལ་ལ་འཇུག་པ་ནི། ཁྱོད་ཀྱི་དེ། གཞན་གྱི་དེ། ཁྱོད་ཀྱི་ཟས་ནོར་དེ། ཁྱོད་ཀྱི་ཡོན་ཏན་དེ་ཞེས་པ་ལྟ་བུ་སླའོ། །འདི་དག་ནི་བརྡ་སྔོན་དུ་སོང་བས་བརྗོད་པ་ཉུང་བ་དགོས་ཤིང་། སྐབས་ཀྱི་དོན་གཙོ་མི་གཙོའི་ཁྱད་པར་མ་གཏོགས་འདས་པའི་དོན་ལ་འཇུག་པ་ནི་མི་འགལ་བར་མངོན་ནོ། །དུས་ཀྱི་དབང་དུ་བྱས་པ་གཉིས་ནི། འདས་མ་འོངས་ཀྱི་དུས་གཉིས་ཏེ། སྔོན་དེའི་ཚེ་དེའི་དུས་ན་དེ་དང་དེར་གྱུར་ཏོ་ཞེས་པ་ལྟ་བུ་འདས་པ་དང་། ཕྱིས་དེའི་ཚེ་དེའི་དུས་ན་འདི་དང་འདི་ཞེས་བྱ་བར་འགྱུར་རོ་ཞེས་པ་ལྟ་བུ་མ་འོངས་པ་ལ་འཇུག་གོ །གཉིས་པ་གང་ངམ་སྤྱི་སྒྲ་ནི། །གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ། རྗེས་འཇུག་གི་དང་པོ་ག་ལ་ནི་གཉིས་པ་ང་ཡིག་སྦྱར་བ་གང་ཞེས་པའི་སྒྲ་དེ་ནི། དོན་སྤྱི་ལ་ཁྱབ་པའི་སྒྲ་ཉིད་དུ་འགྱུར་ཏེ། དཔེར་ན། གང་ཞིག་གཟིགས་ཤིང་གསུངས་པ་ཡིས། །ཞེས་དང་། གང་གང་རྐྱེན་ལ་རག་ལས་པ། །ཞེས་པ་ལྟ་བུ་ནི་སྤྱི་སྒྲ་ཡིན་ནོ། འོན་ཀྱང་བྱེ་བྲག་ལ་འཇུག་པ་ཡོད་དོ། །གང་དང་གང་ཡིན་པ་དེ་དང་དེ། །གང་ཡིན་ན་འདི་ཡིན། དེ་དང་མཚུངས་པ་སུ་ཡིན། ཅི་ཡིན་སོགས་ཀྱང་སྤྱིའི་དོན་ལ་འཇུག་གོ །གསུམ་པ་ལ་གཉིས། བདག་སྒྲ་དང་། དགག་སྒྲའོ། །དང་པོ་ནི། གང་མིང་བརྗོད་པའི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་མ་མཐའ་ན། །པུ་ནི། པུ་རུ་ཥ་ཞེས་པ་སྐྱེས་བུའི་མིང་གི་ཐོག་མ་ཡིན་ལ། ལིངྒ་ནི་རྟགས་སམ་མཚན་མ་ལ་འཇུག་པས་ན། པུ་ལིངྒ་སྟེ་ཕོ་རྟགས་སོ། །དེའི་སྒྲ་སྔར་མེད་པ་དེ་ལ་པུ་ལིངྒའི་སྒྲ་སྦྱར་ན་ནི་བདག་པོའི་སར་ནི་ཤེས་པར་བྱ་སྟེ། དཔེར་ན། ཆོས་པ། རྟ་པ། སངས་རྒྱས་པ། མུ་སྟེགས་པ། ཚོང་པ། ཇ་པ། ཚྭ་པ་ཞེས་སོགས། དེ་དང་འདྲ་བ། ཁ་ལོ་བསྒྱུར་བ། ལོང་བ་ཞེས་དང་། ཁ་ཅིག་ཏུ། བྱེད་པ་པོ། ཚོང་བ་པོ། མཐོང་བ་པོ། ཤེས་པ་པོ་སོགས་དང་། ལ་ལར་ཇ་མ། ཆང་མ། ཡིད་འོང་མ་སོགས་དང་། ཡང་། འཁོར་ལོ་ཅན། མིག་ཅན། སེམས་ཅན་སོགས་དང་། ཡང་། བློ་ལྡན། ཤེས་ལྡན། སེམས་ལྡན། ཆོས་ལྡན་སོགས་ཀྱིས་ཀྱང་བདག་སྒྲ་སྟོན་པར་འགྱུར་རོ། །གཉིས་པ་ནི། གང་མིང་བརྗོད་པའི་ཡ་མཐའ་ན། སྟྲི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་འམ། མ་མཐའ་ན་ཡང་རུང་སྟེ། དེར་སྟྲི་ལིངྒ་སྟ་སྟྲི་ནི་བུད་མེད་ཀྱི་མིང་ཡིན་ལ། དེ་ལིངྒ་ཞེས་སྦྱར་བ་ན་མོ་རྟགས་ཞེས་པར་འགྱུར་བས། དེ་ཡི་སྒྲ་སྔོན་མེད་པ་དེ་ལ་སྟྲི་ལིངྒའི་སྒྲ་སྦྱར་བ་ན། དགག་པའི་སྒྲའི་གནས་སུ་ཤེས་པར་བྱའོ། །དཔེར་ན། མི་སྒྲིབ་པ། མི་སྐྱེ་བ། མི་འབྱུང་བ། མི་རིག་པ། མ་ཤེས་པ། མ་གོ་བ། གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། ཡོད་པ་མིན། དངོས་པོ་མིན། རྟག་པ་མིན་སོགས་ལྟ་བུ་དང་། སྒྲིབ་པ་དག །རང་བཞིན་གྱིས་སྟོང་། སྐྱོན་དང་བྲལ། ཆུ་བཀག །ཡོད་པ་དང་ཡིན་པ་ལའང་། ཅེ་སྟེ་མེད་ཅི་སྟེ་མིན་སོགས་མང་ངོ་། །དེ་དག་བསྡུ་ན། མ་ཡིན་དགག་དང་། མེད་དགག་བརྗོད་པའི་སྒྲ་གཉིས་སུ་འདུའོ། །དགག་ཚིག་ཞེས་པ་ནི། དགག་བྱ་འགོག་པའི་ཚིག་ཡིན་པ་ཞིག་ལ་བྱེད་ཅིང་། དེའི་ཁྱད་པར་རྒྱས་ཞིབ་ཏུ་སྤྲོ་ནུས་ཀྱང་མང་དུ་དོགས་ནས་མ་བྲིས་སོ། །རྩ་བ་ལ་ཡང་། གང་མིང་ནི་ཡ་མཐའ་རུ། །ཞེས་སོགས་རྐང་པ་བདུན་པོ་མཚམས་འདིར་འབྱུང་ཡང་། འགྲེལ་པ་རྣམས་སུ་ནི་སྔར་ལྟར་རོ། །ལྔ་པ་ནི། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེས་པ་སྟེ། གསུང་རབ་རྣམས་ཀྱི་ཚིག་གསུངས་པའི་མཚམས་སྦྱོར་རྣམས་ལས་ཅུང་ཟད་བསྡུས་པ་ཞིག་ཡོད་ན་ཡང་། བསྡུས་པ་དེ་ནི་དོན་ཇི་ལྟར་ཐོབ་པ་དེ་བཞིན་དུ་སྦྱར་ནས་ལྷུག་པར་བགྲོལ་ཏེ་བཤད་པར་བྱའོ། །དཔེར་ན། རྒྱལ་སྲས་བྱང་སེམས་ཉན་རང་སོགས། །ཞེས་པ་ལྟ་བུ་ལ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་། སོགས་སྒྲས་གང་ཡང་གཞན་འདྲེན་པར་འཆད་དགོས་པ་བཞིན་ནོ། །དྲུག་པ་ནི། སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞི་ཡི་གེ་གང་ལྡན་པའང་། །ཉིས་སྦྲེལ་ཡོད་དམ་སུམ་སྦྲེལ་ཡོད། །ཨ་ལི་བཞི་ལས་གང་འབྲེལ་ཡང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། ། ཅེས་པ་སྟེ། བཤད་ཟིན་པའི་སྔོན་འཇུག་ལྔ་པོ་གང་རུང་དེར་ཡོད་དམ་མེད་ཀྱང་རུང་། མིང་གཞིའི་ཡི་གེ་སུམ་ཅུ་པོ་གང་རུང་ལྡན་པ་ཡིན་པ་ལའང་། ཉིས་སྦྲེལ་ཡོད་དམ། མིང་གཞི་ཁོ་ནའི་ཡི་གེ་ཉི་ཤུ་པོ་གང་རུང་མཐར་གནས་པའི་སུམ་སྦྲེལ་ཡོད་པའམ། ཨཱ་ལི་བཞི་པོ་ལས་གང་དང་འབྲེལ་ཡང་རུང་། མཐར་རྗེས་འཇུག་གི་ཡི་གེ་བཅུ་པོ་གང་རུང་མ་ཞུགས་ན་མིང་གཞན་གྱི་སྦྱོར་བ་ཐུ་མི་བདག་གིས་བར་སྦྱར་བའི་གསུང་རབ་ལ་ནམ་ཡང་ཡོད་མི་སྲིད་དོ་ཞེས་སོ། །འོ་ན། ས་ཆུ་མེ་སྒྲ་དྲི་རོ་སྣ་ལྕེ་སོགས་ཀྱི་མཐར་རྗེས་འཇུག་བཅུ་པོ་གང་རུང་མེད་ཀྱང་བརྡ་སྦྱོར་བ་སྲིད་ཅེ་ན། སྐྱོན་མེད་དེ། དེ་དག་ལ་རྗེས་འཇུག་དངོས་སུ་མི་སྦྱོར་ཡང་། རྗེས་འཇུག་གི་འ་ནི་དོན་གྱིས་འཐོབ་པས་མི་འགའ་བའི་ཕྱིར་རོ། །གསུམ་པ་མཇུག་བསྡུ་བ་ལ་བཞི། རྗེས་འཇུག་ཤེས་པས་མཁས་པར་འགྱུར་ཚུལ། ཉམས་སུ་ལེན་ཚུལ། བསླབ་ཚུལ་བསྟན་པ། བསླབ་པའི་དུས་བཤད་པའོ། །དང་པོ་ནི། རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འདྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། །ཞེས་པ་སྟེ། སྔར་བཤད་པའི་ཚུལ་དེ་ལྟར་རྗེས་འཇུག་བཅུ་ཡི་དོན་གྱི་འཇུག་ཚུལ་ཤེས་ན། གསུང་རབ་སོགས་ཀྱི་ཡི་གེ་འདྲི་བ་དང་། ཀློག་པ་དང་། གཞན་ལ་བཤད་པ་དང་། རྩོམ་པ་དང་། རྩོད་པ་ལ་སོགས་པའི་གནས་སྐབས་སུ། དོན། ཚིག་རྣམས་ཀྱི། མཚམས་སྦྱོར་བའི་སྒྲ་སྨྲ་བ་ལ་ཐོགས་པ་མེད་ཅིང་། ཚིག་དོན་གོ་རིམ་འབྲེལ་ཆགས་པར་སྨྲ་བའི་མཆོག་ཏུ་འགྱུར་རོ། །གཞན་ཡང་རྗེས་འཇུག་གི་དོན་གྱི་འཇུག་ཚུལ་ཤེས་པ་ཡིས། གསུང་རབ་སོགས་ཀྱི་དོན་གྱི་གནས་འབྱེད་པའི་སྦྱོར་བ་འགྲེལ་པ་སོགས་མཐོང་ཡང་། དེའི་དགོངས་དོན་དང་མཐུན་པའི་ཚིག་གི་སྦྱོར་ལེགས་པར་ཤེས་ནུས་སོ། །འདིར་མཚམས་སྦྱོར་ནི། བྱ་བྱེད་ལས་གསུམ་སྦྱོར་བའི་ཚིག་ཞིག་ལ་བྱེད་དོ། །དེ་ཡང་། རྣམ་དབྱེ་ཚིག་ཕྲད་རྣམས་དང་། བྱེ་བྲག་མི་མགོ་ཞེས་པས་རྣམ་དབྱེ་དྲུག་པ་བསྡུས་པ་དང་། སངས་རྒྱས་མཁྱེན། སངས་རྒྱས་མཆོད། མཚོ་སྐྱེས། ས་གནས། ཨུཏྤལ་སྔོན་པོ། བ་ཁྲ་མོ་ཅན་ལྟ་བུས་ནི། རིམ་བཞིན། རྣམ་དབྱེ་གསུམ་པ་བཞི་པ་ལྔ་པ་བདུན་པ་རྣམས་བསྡུས་པའི་ཚུལ་དང་། ཨུཏྤལ་དང་སྔོན་པོའི་གཞི་མཐུན་དང་། བ་ཁྲ་མོ་ཡོད་པའི་བདག་པོ་འམ་ས་ཕྱོགས་ལྟ་བུ་སྡུད་པ་སོགས། གཞན་ཡང་། གང་གི་ཕྱིར་ཞེས་པ་དང་། ཅིའི་ཕྱིར་ལ་དེའི་ཕྱིར་དང་། ཇི་སྙེད་ཀྱིས་དེ་སྙེད། ཅི་ལྟར་གྱིས་དེ་ལྟར་དང་གང་གི་ཆོས་དེའི་ཚེ་དང་། ཅི་འདྲས་དེ་འདྲ་སྡུད་པ་སོགས་དང་། གང་དང་གང་ཞེ་ན། དེ་དང་དེ་ཞེས་པ་དང་། སྟེ་ཏེ་ཅིང་ཞིང་ཤིང་སོགས་སྦྱོར་ཚུལ་ཏེ། མདོར་ན། དེ་དག་གི་ཕྲད་སྦྱོར་ཚུལ་དང་འབྱེད་ཚུལ་ལེགས་པར་ཤེས་པར་འགྱུར་རོ། །བརྗོད་འདོད་ཀྱི་ཁྱད་པར་ལས་མ་གཏོགས། སྤྱིར་འདི་ཞེས་པ་དོན་ཉེ་བ་དང་དེ་ཞེས་པ་རིང་བ་ལ་འཇུག ཁོ་ན་ཙམ་འབའ་ཞིག་སོགས་དོན་གཅིག་པ་དང་། ཉིད་ཅེས་པའང་ཁོ་ན་ཞེས་པ་དང་འདྲ་བའི་སྐབས་ཀྱང་ཡོད་ཅིང་གཙོ་བོ་ངེས་བཟུང་དང་། ཚུལ་ནི། འདྲ་བ་དང་། སྨད་པ་དང་། ཐབས་སོགས་ལ་འཇུག་ཅིང་བཞིན་ནི་འདྲ་བ་དང་། མ་ནོར་བའམ་ཡིན་པ་ལ་འཇུག་གོ །ཅིང་འགའ་ཞིག་ནི་ཀྱང་ཞེས་པ་དང་དོན་མཐུན་ཅིང་། ཁ་ཅིག་ནི་མཚམས་སྦྱོར་བའི་ཚིག་སྟེ། བཅད་ཅིང་གཏུབ་ཞེས་པ་ལྟ་བུའོ། །སྒྲའི་མཚམས་སྦྱོར་ཆེན་པོ་ནི། གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། རྗེས་འཇུག་སྦྱོར་བ་མཁས་པ་ན། ལུང་གི་དོན་དང་སྦྱོར་བ་དང་། བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །ཞེས་པ་སྟེ། རྗེས་འཇུག་བཅུའི་སྦྱོར་བ་མཁས་པར་ཤེས་པ་ན་བཀའ་འམ་བསྟན་བཅོས་ཀྱི་ལུང་གི་དོན་དང་ཕྱིན་ཅི་མ་ལོག་པར་སྦྱོར་བ་སྟེ། དེ་རྣམས་ཀྱི་དོན་ལེགས་པར་ཤེས་པ་དང་། རྗེས་འཇུག་དང་། ལུང་གི་དོན་ཤེས་པ་གཉིས་ཀྱི་སྟེང་དུ་བླ་མའི་མན་ངག་བཅས་གསུམ་པོ་སྦྱར་ནས། དོན་གྱི་ཐོག་ཏུ་དབབ་པར་བྱའོ། །གསུམ་ཞེས་པའི་དོན་ཞ་ལུ་ཆེན་པོས་དེ་ལྟར་བཞེད་ལ། རྣམ་གླིང་པས། ནང་དོན་རིག་པ་དང་། དངོས་སྟོབས་ཀྱི་རིག་པ་གཉིས་ཀྱི་སྟེང་དུ་བླ་མའི་མན་ངག་བཅས་གསུམ་ལ་སྦྱོར་ཏེ། དེ་ཡང་ལུང་གི་དོན་དང་སྦྱོར་བ་གཉིས་སོ་སོར་མཛད་ཅིང་། དོན་གྱི་ཐོག་ཏུ་ཞེས་པ་ཚིག་གི་དོན་ཞེས་སྤྱི་ལ་བཤད། ཞ་ལུ་པས་ཉམས་ལེན་གྱི་སྙིང་པོའི་དོན་ལ་འཆད་དོ། །གསུམ་པ་ནི། བསླབ་ལ་བརྩོན་པའི་གང་ཟག་གིས། དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་རྗེས་འཇུག་མིང་གཞི་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་ཆེད་དུ་སྦྱར། །མན་ངག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་གཏན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི། ། གཞུང་ཉིད་བླ་མ་དག་ལ་མཉན། །ཞེས་པ་སྟེ། བསླབ་པར་བྱ་བའི་གནས་ལ་བརྩོན་པའི་གང་ཟག་ལས་དང་པོ་བ་དེ་དག་གིས་དང་པོ་ང་རོ་དྲང་པོ་ཀ་ལ་སོགས་པ་རྣམས་ལ་རང་རང་གི་འབྱུང་གནས་ལས་ལེགས་པར་ཐོན་པའི་སྐད་ཀྱིས་སྦྱར་བར་བྱ་ཞིང་། དེས་སྔོན་འཇུག་དང་རྗེས་འཇུག་དང་མིང་གཞི་གསུམ་གྱི་དབྱེ་བསྡུ་སྦྱོར་ཚུལ་འདིར་བསྟན་པ་ནི། ཀློག་གི་ཆེད་དུ་ཡིན་པས་ལེགས་པར་བསླབ་པར་བྱ་དགོས་པ་ཡིན་ལ། བསྟན་བཅོས་ཕྱི་མ་ནས་འབྱུང་བའི་སྔོན་འཇུག་དང་རྗེས་འཇུག་གཉིས་གང་ལ་འཇུག །གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པ་བཞི་ཡི་སྦྱོར་བ་ནི། བླ་མ་ལ་ཆོས་མཉན་པ་དང་། དོན་རང་ཉིད་ཀྱིས་བསམ་པ་དང་། གཞན་ལ་བསྟན་པར་བྱ་བའི་ཆེད་དུ་སྦྱར་བ་ཡིན་པས། ཡན་ལག་གམ་མན་ངག་དེ་དག་གི་མཐུ་ཡིས་ནི། ཐོབ་བྱ་འབྲས་བུའི་ཆེད་དུ་གསུང་རབ་ཀྱི་དོན་རྣམས་གཏན་ལ་དབབ་པར་བྱའོ། །དེ་ལྟ་བུ་བསླབ་པའི་རིམ་པ་འདི་ཡིས་ནི། དོན་གཉེར་ཅན་གྱི་སྐྱེས་བུ་གང་ཞིག་འབད་པ་ཆེན་པོ་ལྟ་ཅི་བྱུང་དུས་ཀྱང་དེའི་ཤེས་རབ་ནི་རྨོངས་པ་ལས་མྱུར་དུ་གྲོལ་བར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་ན། མཁས་པར་འདོད་པས་དུས་དང་པོར་གོང་དུ་བཤད་པའི་བསླབ་པའི་རིམ་པ་འདི་ཉིད་ལ་བསླབ་པར་བྱ་ཞིང་དེ་ནས་བརྡ་སྤྲོད་པའི་གཞུང་རྒྱས་པའང་མཉན་པར་བྱས་ཏེ། ལྷག་པ་ཚུལ་ཁྲིམས་ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་པ་གསུམ་གང་ལ་རང་ཉིད་དད་པ་ཡི་གཞུང་ཉིད་བླ་མ་དག་ལ་མཉན་པར་བྱའོ། །གོང་གི་ང་རོ་ཞེས་པའི་དོན་ནི། ཀ་སོགས་དང་། དེ་རྣམས་ལ་དབྱངས་བཞི་སྦྱོར་ཚུལ་ལ་བྱ་ཞིང་། དེ་ཡང་མཚོན་ན། ཀའི་གུ་གུ་ཀི །ཀའི་ཞབས་ཀྱུ་ཀུ། ཀའི་འགྲེང་བུ་ཀེ །ཀའི་སྣ་རོ་ཀོ་ཞེས་སོགས་དང་། ག་འོག་ཅ། གཅའི་ཞབས་ཀྱུ་གཅུ། གཅུ་ལ་གས་གཅུགས་ཞེས་པས་མཚོན་ནས་ང་རོ་རྣམས་ལ་བསླབ་པར་བྱའོ་གསུང་། འོན་ཀྱང་ང་རོ་ཀློག་ཚུལ་ནི་མཐའ་གཅིག་ཏུ་མ་ངེས་ཏེ། ཀ་གི་གུ་ཀི་སོགས་དང་། ཀ་ཡ་བདགས་ཀྱ་སོགས་དང་། གཅ་ཞབས་ཀྱུ་གཅུ། གས་བཞག་གཅུགས་སོགས་རང་རང་གི་ཡུལ་སྐད་ཀྱི་བརྗོད་ཚུལ་སྣ་ཚོགས་པ་ཞིག་འབྱུང་བའི་ཕྱིར་རོ། །བཞི་པ་ནི། སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམ་པར་སྤང་། །ཟོ་བཟང་དད་པ་ལ་བརྟེན་པ། སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །ཞེས་པ་སྟེ། ལས་དང་པོ་པས་གཞུང་འདི་ལ་བསླབ་པའི་ཚེ་ཁེངས་པ་མེད་པར་སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། ལེ་ལོ་དང་གཡེང་བ་རྣམ་པར་སྤང་བར་བྱ་ལ་བརྩོན་འགྲུས་ཀྱིས་ཟོ་བཟང་བ་སྟེ་ཟོ་མདོག་གམ་རང་བཞིན་བཟང་བ་བཞིན་མདངས་འཛུམ་པ་དང་བཅས་པས་འཇུག་ཅིང་། དད་པ་ལ་བརྟེན་པའི་སྐྱེས་བུ་དེས་ནི། དོན་མྱུར་དུ་རྟོགས་པར་འགྱུར་ཏེ། དེ་ནི་རྒྱུན་དུ་འཇུག་པར་སྤྲོ་བའི་རྟགས་སྦྱོར་དང་། དད་ཅིང་འཇུག་པའི་གུས་སྦྱོར་གྱི་བརྩོན་འགྲུས་གཉིས་དང་ལྡན་པའི་ཕྱིར་རོ། །དེས་ན་གང་ཟག་དེ་ལ་དོན་དུ་གྱུར་བའི་ཕྱིར་ན་དུས་སུ་འདོམས་པར་བྱ་ཞིང་། སྔར་བཤད་པ་ལས་བཟློག་པའི་ཅིག་ཤོས་ལེ་ལོ་ཅན་ནི་འདོམས་ཚུལ་སྔར་བཤད་པ་དེ་ལས་ལྡོག་པའི་སྒོ་ནས་བཏང་སྙོམས་སུ་བྱའོ། །ཡང་ན། དེ་ལས་ལྡོག་པ་ནི། ལེ་ལོ་ཅན་ལས་ལྡོག་པའི་དོན་དུ་བཤད་པར་བྱ་སྟེ། འོན་ཀྱང་། ཁོ་བོ་ལྟར་ན། ཅིག་ཤོས་ཞེས་པས་སྔར་བཤད་པའི་ལེ་ལོ་ཅན་དང་མི་དད་པའི་ཟློག་ཕྱོགས་བསྟན་ནས། དེ་ལས་ལྡོག་ཅེས་པས་སྔར་གྱི་འཆད་ཚུལ་གྱི་ལྡོག་ཕྱོགས་བསྟན་པར་སེམས་སོ། །སྐབས་འདིར། དེ་ལྟར་བཤད་དེས་དེ་ནས་འདིར། །ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག །ཅེས་འབྱུང་བའི་དོན་ནི་ཞ་ལུ་ཆེན་པོའི་འགྲེལ་པར་མི་སྣང་བས་མཁན་པོའི་གཞུང་དུ་མི་བཞེད་པར་སེམས་ལ། རྣམ་གླིང་པས་སྨོན་ལམ་དུ་བཞེད་དོ། །གསུམ་པ་ནི། བྱཱ་ཀ་ར་ཎའི་རྩ་བ་ཤོ་ལོ་ཀ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། །ཞེས་འབྱུང་བ་ནི་གོ་སླ་ཞིང་། ཨ་ནུ་ཞེས་པ་ནི་ཁ་ཅིག་ཡབ་ཀྱི་མཚན་དུ་བཞེད་ཀྱང་། སློབ་དཔོན་རང་ཉིད་ཀྱི་མཚན་དུ་བྱས་ཚེ། རྒྱ་སྐད་ཡིན་ན། རྗེས་སུ་ཞེས་པ་ཞིག་ཐོབ་ལ། བོད་སྐད་ཡིན་ན་རུས་སམ་ཡུལ་སྐད་དུ་བྱ་དགོས་པར་སེམས་སོ། །ཞེས་བྱ་བ་ནི་སུམ་ཅུ་པའི་ཚིག་དོན་བཤད་པའོ། །གཉིས་པ་རྟགས་ཀྱི་འཇུག་པ་ལ་གསུམ། སླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གསུམ། མཚན། འགྱུར་ཕྱག །མཆོད་བརྗོད་དོ། །དང་པོ་ནི་བསྟན་བཅོས་འདིའི་མཚན་ཅི་ཞེ་ན། ཡོད་དེ། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་སྦྱར་གྱི་སྐད་དུ། འདིའི་མཚན་ལ། བྱཱ་ཀ་ར་ཎ་ལིངྒཱ་བ་ཏཱ་ར་ནཱ་མ་ཞེས་འབྱུང་ཞིང་། དེ་ཉིད་བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བར་འགྱུར་བའི་ཕྱིར་ཏེ། གཞན་རྣམས་སྔར་བཞིན་ལ། ལིངྒ་ནི་རྟགས་དང་ཨཱ་བ་ཏཱ་ར་ནི་འཇུག་པའོ། །གཉིས་པ་ནི། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་སླའོ། །གསུམ་པ་ནི། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གྲུབ་མཐའ་འམ་བརྗོད་པ་སྨྲ་བའི་སྐྱེས་བུ་ཐམས་ཅད་ཀྱི་མཆོག་དང་། སྨྲ་བའི་རྒྱལ་པོར་གྱུར་པ་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། ། ཞེས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ། མིང་གཞིའི་ཡི་གེ་སོ་སོའི་རྟགས་ཀྱིས་བྱ་བ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་ནི། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ལ། །ཡི་གེ་སུམ་ཅུ་ཐམ་པ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་པ་སྟེ། སྤྱིར་གསལ་བྱེད་ཀྱི་ཡི་གེ་ཕོ་དང་། དབྱངས་མོ་ཡིན་པས། འདིར་ཕོ་ཡི་ཡི་གེ་གསལ་བྱེད་འབའ་ཞིག་སྟེ་ཁོ་ན་ལ། སྡེ་པ་ཕྱེད་དང་བརྒྱད་དུ་གནས་པའང་། དགོས་པའི་སྒོ་ནས་སྡེ་ཚན་ལྔ་རུ་དྲིལ་བར་བྱས་ཏེ་བཤད་པར་བྱ་བ་ལ། དེ་ཡང་ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་མམ་མ་ནིང་མཚན་མེད་བཅས་ལྔ་སྟེ། ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་ཐམ་པ་ལ་ནང་ཚན་གྱིས། ཕོ་མོ་མ་ནིང་གསུམ་དུ་དབྱེ་ཞིང་། ཕོ་དང་མ་ནིང་མོ་དང་ནི་ཤིན་ཏུ་མོ་དང་བཞི་བཞི་རུ་ནི། སྡེ་པ་བཞི་པ་པ་སྡེ་ཡན་ཆད་ལ་རིམ་པར་དབྱེ་བར་བྱའོ། །དབྱེ་ཚུལ་ནི་རིམ་པ་བཞིན་དུ། དང་པོ་ཀ་སྡེའི་དང་པོ་ཀ་ཕོ། ཁ་མ་ནིང་། ག་མོ། ང་ཤིན་ཏུ་མོ་དང་། དེ་བཞིན་དུ། གཉིས་པ་ཅ་སྟེ། གསུམ་པ་ཏ་སྡེ། བཞི་པ་པ་སྡེ་ཡན་ཆད་ལ་སྦྱར་ཏེ། ཅ་ཏ་པ་ནི་ཕོ། ཆ་ཐ་ཕ་ནི་མ་ནིང་། ཇ་ད་བ་ནི་མོ། ཉ་ན་མ་ནི་ཤིན་ཏུ་མོར་དབྱེ་བར་བྱས་ལ། ལྷག་མ་ཡི་གེ་བཅུ་བཞི་གནས་པ་ལ། ཙ་སོགས་ཏེ་ཚ་ཛ་གསུམ་ནི་ཅ་སོགས་ཏེ་ཆ་ཇ་གསུམ་པོ་དང་སྦྱར་ནས། ཙ་ཕོ། ཚ་མ་ནིང་། ཛ་མོ་ཡིག་དང་། ཝ་ནི་གོང་གི་བ་དང་སྦྱར་བར་བྱ་བས་མོ་དང་། དེ་བཞིན་དུ་ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ནི་མོ་རུ་སྦྱར་ཞིང་། ར་ལ་ཧ་ནི་མོ་གཤམ་སྟེ། མ་ནིང་མཚན་མེད་ཅེས་ཀྱང་བྱ་ལ། ཨ་ཡིག་ནི་རྟགས་མེད་པས་ཕྱོགས་ལྷུང་དུ་མ་བཞག་ལ། འོན་ཀྱང་སྤྱི་བཏང་ཕོ་ཡིན་ནོ། །ཕོ་མོ་མ་ནིང་གསུམ་དུ་འབྱེད་པའི་ཚེ། མོ་དང་ཤིན་ཏུ་མོ་གཉིས་མོར་འདུ་ལ། མ་ནིང་མཚན་མེད་ཀྱང་མ་ནིང་དུ་འདུའོ། །སྡོམ་ནི། ཀ་ཅ་ཏ་པ་ཙ་རྣམས་ཕོ། ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་རྣམས་མོ་གཤམ་མོ། །ཞེས་སོ། །གཉིས་པ་སྔོན་འཇུག་གི་འཇུག་པ་བཤད་པ་ལ་གསུམ། ཐུན་མོང་དུ་སྔོན་རྗེས་བསྡུ་ཚུལ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། དེའི་འཇུག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །ཞེས་པ་སྟེ། མོ་ཡིག་ག་ཇ་ད་བ་སོགས་བཅུ་གཉིས་དང་། ང་ཉ་ན་མ་བཞི་དང་། ར་ལ་ཧ་བསྣན་པས་བཅུ་དགུ་ཡོད་པའི་མོ་ཡི་ཡི་གེའི་ནང་ནས་ནི་ག་སོགས་རྗེས་སུ་འཇུག་པའི་ཡི་གེ་བཅུ་དབྱུང་བར་བྱ་ལ། རྗེས་སུ་འཇུག་པ་བཅུ་ཡི་ནང་ནས་ནི་སྔོན་འཇུག་གི་ཡི་གེ་ལྔ་དབྱུང་བར་བྱ་སྟེ། དེ་དག་ནི་བཤད་ཟིན་ཏོ། །གཉིས་པ་ནི། སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །ཞེས་པ་སྟེ། སྔོན་འཇུག་གི་ཡི་གེ་ལྔ་པོ་ལ། ཕོ་དང་མ་ནིང་དང་། མོ་དང་ཤིན་ཏུ་མོ་དང་བཞི་རུ་དབྱེ་བར་བྱ་སྟེ། དེ་ནི། བ་ཕོ་ག་ད་གཉིས་མ་ནིང་། །འ་མོ་མ་ནི་ཤིན་ཏུ་མོ། །ཞེས་འབྱུང་བ་ལྟར། བ་ནི་སྔོན་འཇུག་གི་ཕོ་ཡིག་ཡིན་པ་སོགས་ཤེས་པར་བྱ་བའི་ཕྱིར། བ་མིང་གཞིའི་མོ་ཡིན་ཀྱང་། སྔོན་འཇུག་གི་ཕོ་ཡིག་ཏུ་མི་འགལ་བའི་ཚུལ་སོགས་ཤེས་པར་བྱའོ། །གསུམ་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་དག་རེ་རེའང་བཞི་བྱེད་དེ། གང་ལ་འཇུག་བྱེད་གང་གིས་འཇུག །ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག །ཞེས་པ་སྟེ། སྔོན་འཇུག་ལྔ་པོ་དེ་དག་རེ་རེའང་བཞི་བཞི་བྱེད་དེ། དེའི་ཚུལ་ནི་མིང་གཞི་གང་ལ་འཇུག་པར་བྱེད་པ། ཡི་གེ་གང་གིས་འཇུག་པར་བྱེད་པ། སྒྲ་དོན་གྱི་ཚུལ་ཇི་ལྟར་འཇུག་པར་བྱེད་པ། དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་པ་ཡིན་ཞེས་དྲི་བ་བཞིའི་སྒོ་ནས་མཚམས་སྦྱར་བའོ། །གཉིས་པ་ལ་བཞི། གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པར་བྱེད་པ་བཤད་པའོ། །དང་པོ་ལ་གཉིས། གཞི་གང་ལ་འཇུག་པ་དང་། མི་འཇུག་པ་བཤད་པའོ། །དང་པོ་ནི། གང་ལ་འཇུག་པར་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལའོ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་པས་ལན་བསྟན་པ་སྟེ། སྔོན་འཇུག་དེ་དག་མིང་གཞིའི་ཡི་གེ་གང་གི་སྔོན་ལ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་ཕོ་ཀ་ཏ་ཙ་གསུམ་གྱི་སྔོན་དུ་རྒྱང་བརྩེགས་གཉིས་ཀའི་སྒོ་ནས་འཇུག་ཅིང་། ཅ་ལ་རྐྱང་འཕུལ་ཁོ་ནས་འཇུག་པ་དང་། མོ་ག་ད་གཉིས་ལ་རྐྱང་བརྩེགས་གཉིས་ཀ་དང་། ཞ་ཟ་ཤ་ས་བཞི་ལ་རྐྱང་འཕུལ་ཁོ་ནས་འཇུག །སྔོན་འཇུག་གི་མོ་འ་ཡིག་ནི། མིང་གཞིའི་མོ་ག་ཇ་ད་པ་ཛ་ལྔ་དང་། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་སྟེ་བཅུ་ལ་རྐྱང་འཕུལ་ཁོ་ནས་འཇུག་པའོ། །སྔོན་འཇུག་གི་མ་ནིང་ག་ཡིག་ཡང་ནི། ཕོ་ཅ་ཏ་ཙ་གསུམ་དང་། མོ་ཉ་ད་ན་ཞ་ཟ་ཡ་ཤ་ས་བརྒྱད་དེ་བཅུ་གཅིག་ལ་འཇུག་པའོ། །སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི་དང་། མོ་ག་ད་ཇ་ཛ་བཞི་དང་། ཤིན་ཏུ་མོ་ང་ཉ་ན་གསུམ་བཅས་ཉིད་ལ་རྐྱང་འཕུལ་ཁོ་ནའི་སྒོ་ནས་འཇུག་པའོ། །སྡོམ་ནི། བ་ཡིག་སྔོན་འཇུག་ཕོ་ཡིག་ལས། །མིང་གཞིའི་ཕོ་ཡིག་ག་ཅ་དང་། །ཏ་ཙ་མོ་ཡིག་ག་ད་ཞ། །ཟ་ཤ་ས་ན་ར་ལའོ། །མོ་ཡིག་འ་ནི་མིང་གཞི་ཡི། །མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ། །མ་ནིང་ག་ནི་ཕོ་ཏ་ཅ། །ཙ་དང་མོ་ཡིག་ད་ཞ་ཟ། །ཡ་ཤ་ས་ན་ཉ་ལའོ། །མ་ནིང་ད་ནི་ཕོ་ཀ་པ། །མོ་ཡིག་ག་ད་བ་མ་སོགས། །ཤིན་ཏུ་མོ་ཡིག་མ་ཉིད་ནི། །མ་ནིང་ཁ་ཆ་ཐ་ཚ་མོ། །ག་ཇ་ད་ཛ་ང་ཉ་ནའོ། །ཞེས་སོ། །གཉིས་པ་ལ། མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །མོ་ཡང་ཕོ་ལ་འཇུག་མི་འགྱུར། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པ་སྟེ། སྔར་བཤད་པ་དེ་དག་ལས་སྔོན་དུ་མི་འཇུག་པ་ནི་འདི་ལྟ་སྟེ། སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་རྣམས་ལ་མི་འཇུག་པ་དང་། སྔོན་འཇུག་གི་མོ་ཡིག་འ་ཡང་ནི་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་ལ་འཇུག་པར་མི་འགྱུར་ལ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་མིང་གཞིའི་མ་ནིང་རང་སྡེ་ཁ་ཆ་ཐ་ཕ་ཚ་རྣམས་ལ་རང་ཉིད་མི་འཇུག་ཅིང་། བཞི་ཚན་དུ་གནས་པའི་རང་གི་སྡེ་པ་དང་ཕྲད་པ་ན་སྔོན་འཇུག་གི་ཕོ་བ་ཡང་མིང་གཞིའི་མོ་ལ་འཇུག་པར་མི་འགྱུར་ཏེ། བ་ཡིག་ནི། བ་ཡིག་གི་སྔོན་དུ་མི་འཇུག་པ་བཞིན་ནོ། །སྔོན་འཇུག་གི་མ་ནིང་ག་ཡིག་ཕོ་ཀ་དང་མོ་ག་ང་གཉིས་དང་མ་ནིང་ད་ཡིག་ནི་ཕོ་ཏ་དང་མོ་ན་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་འ་ཡི་ཡི་གེ་ཡང་། མོ་ཟ་བ་མ་གསུམ་ལ་མི་འཇུག་པ་སྔར་བཤད་པ་དེ་བཞིན་ནོ། །ཞེས་སོ། །དེ་བཞིན་ཞེས་པ་སྔོན་དུ་དྲངས་ན་བདེ་མོད། འདིར་མཐར་ཆགས་སུ་བཤད་པ་ནི་རྩ་བའི་གོ་རིམ་དང་བསྟུན་པ་སྟེ། དེ་ཡང་ཚིག་ཟིན་ལྟར་གོ་བདེ་བའི་ཆེད་དུའོ། །གཉིས་པ་ནི། གང་གིས་འཇུག་པ་ནི། གང་གིས་ལྔ་པོ་དེ་དག་གིས། ། ཞེས་པ་ཞིག་དོན་གྱིས་ཐོབ་ཀྱང་། འདིར་མི་འབྱུང་བ་ནི། ཁ་ཅིག་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ཆད་པར་བཞེད་ལ་གཞན་དག་ནི། གོང་གི་ཕོ་ནི་ཞེས་དང་། མོ་ནི་དང་། མ་ནིང་ཡང་ནི་དང་། ཤིན་ཏུ་མོ་ནི་ཞེས་པ་རྣམས་ཀྱིས་བསྡོམས་ཏེ་བསྟན་པར་འདིར་མ་བཤད་ཅེས་བཞེད་དོ། །གསུམ་པ་ཇི་ལྟར་འཇུག་པ་ནི། ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པའོ། །ཞེས་པས་སྟོན་ཏེ། དེ་ཡང་སྔོན་འཇུག་ལྔ་པོ་དེས་སྒྲའི་ང་རོ་ཇི་ལྟར་འཇུག་པར་བྱེད་ཅེ་ན། ལན་དུ་ཕོ་ནི་འཇིག་རྟེན་ན་སྐྱེས་པ་སྐད་ཀྱི་ང་རོ་མཐོ་བ་བཞིན་དུ་སྒྲ་དྲག་པོར་བརྗོད་པའི་ཚུལ་གྱིས་འཇུག་ལ། མ་ནིང་ནི་སྐད་གདངས་རན་པར་འཇུག་པ་ཡིན་ཞིང་། དེ་བཞིན་དུ་མོ་ནི་སྐད་གདངས་ཞན་པའི་ཚུལ་གྱིས་འཇུག་པ་ཡིན་ཏེ། ཤིན་ཏུ་མོ་ནི་སྐད་གདངས་དྲག་ཞན་མཉམ་པའི་ཚུལ་གྱིས་འཇུག་པའོ། །བཞི་པ་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བཤད་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཞེས་པ་སྟེ། སྔོན་འཇུག་དེ་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན་ཞེས་འདྲི་བའོ། །གཉིས་པ་ལ་བཞི། ཕོའི་འཇུག་པ། མ་ནིང་གི མོའི། ཤིན་ཏུ་མོའི་འཇུག་པ་བཤད་པའོ། །དང་པོ་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཞེས་པ་སྟེ། ཕོའི་ཡི་གེ་བ་ནི། དུས་འདས་པ་དང་། གཞན་བྱ་བ་བསྒྲུབ་པའི་ཕྱིར་དུ་འཇུག་ཅེས་པའོ། །འདི་ནི་ཚིག་ཉུང་ལ་དོན་རྒྱས་པ་ཞིག་སྟེ། འདིའི་སྐབས་ཀྱི་འདས་པ་ལ་མི་མཐུན་པ་མེད་ཀྱང་། གཞན་ཞེས་པའི་དོན་ལ་མི་མཐུན་པ་འགའ་རེ་བྱུང་ངོ་། །གང་ལྟར་ཡང་བྱ་བ་བཞི་ལ་ཡོད་པའི་ལས་ཡིན་པས་ན། གཞན་ཞེས་བརྗོད་པ་ཡིན་གྱིི། གང་ཟག་ལ་བདག་གཞན་གཉིས་སུ་ཕྱེ་བའི་གཞན་ཙམ་ལ་ནི་མི་བྱེད་དོ། །འོ་ན་བྱ་བ་གཞི་ལ་ཡོད་པའི་ལས་ཞེས་པའི་དོན་གང་ཡིན་ཞེ་ན། དཔེར་ན། སྟ་རེས་ཤིང་གཅོད་པ་ནི། གང་ཟག་དང་སྟ་རེ་ལ་ཡོད་པས་བྱེད་པ་སོགས་ཡོད་པའི་ལས་ཡིན་ལ། སྟ་རེས་ཤིང་བཅད་པ་ནི། ཤིང་ལ་ཡོད་པས་བྱ་བ་གཞི་ལ་ཡོད་པའི་ལས་སུ་འཇོག་པ་སོགས་མང་ངོ་། །དཔེར་བརྗོད་ན། བ་ཡིག་འདས་པ་ལ་འཇུག་པ་ནི། ཆུ་བཀག་གོ །སྣོད་བཀང་ངོ་། །ལོགས་སུ་བཀར། ཁྲལ་བཀལ། དུམ་བུར་བཀས། རི་མོར་བཀོད། ཟུར་དུ་བཀོལ། ཐགས་པས་བཀྱིགས། ཆོས་བཀླགས། གོས་བཀབ། དྲི་མ་བཀྲུས། ས་བརྐོས། ལག་པ་བརྐྱངས། སྣུམ་བསྐུས། ཆོས་ཀྱིས་བསྐྱངས། ཆུ་བསྐྱིལ། ཐུགས་དམ་བསྐངས། མཚོ་བསྐམས། ཕྱིར་བསྐྲད། རྟར་བསྐྱོན། རྐང་པ་བསྐུམས། ཆོས་བགྱིས་སོ། །སྐོར་བ་བསྐོར་རོ་ཞེས་པ་ལྟ་བུ་དང་། གྲངས་སུ་བགྲངས་སོ། །མིག་བགྲད་དོ། །ནོར་བགོས། གྲི་བརྒྱབ་ཟིན། དྲན་མེད་དུ་བརྒྱལ། མིག་ཏུ་བརྒྱུས། རྒྱན་གྱིས་བརྒྱན། རིམ་པར་བརྒྱུད། ལམ་བསྒྲགས། རིགས་བསྒྲེས། འཇིགས་ལས་བསྒྲལ། ཆོས་བསྒྲགས། ལྷ་བསྒོམས། རིག་པ་བསྒྲིམས། ནོར་བསྒྲུབས། མདོག་བསྒྱུར་ཟིན། གྲལ་ལ་བསྒྲིགས། བསྒྱེལ་ཟིན། བཀའ་བསྒོས། སྐྱོན་གྱིས་བསྒྲིབས་སོ། །དབུགས་བརྔུབས་ཟིན། མཆོད་པས་བརྔན། གཏོར་མ་བསྔོས། བསྟོད་པས་བསྔགས། མཚང་ནས་བསྔོགས། ཞབས་ཀྱིས་བཅགས། སྣོད་དུ་བཅུགས་ཟིན། ལམ་བཅོས། ཁྲིམས་བཅས། གྲིས་བཅད། བྲེ་ལ་བཅལ། ཕྱིར་བཅིལ། ཉེས་པ་བཅབས། རྟར་བཅིབས། ཤིང་བཅགས། མིག་བཅར། ཐགས་པས་བཅིངས། ལས་བཅོལ། དགྲ་སྡེ་བཅོམ། གཏན་དུ་བཅགས། ཆུ་བཅུས། ཕན་ཚུན་བརྗེས། བརྗོད་ཟིན་ཏོ། །བརྗེད་དོ། །རྗེས་སུ་བསྙེགས་སོ། །གོས་བརྙིངས་སོ། །གོ་འཕང་བརྙེས། གཞན་གྱིས་བརྙས། གོས་བརྙིངས། ལག་པས་བསྙབས། འཕྲད་ལ་བསྙལ། གཞན་ལ་བསྙད། རྗེས་སུ་བསྙེགས། རབ་ཏུ་བསྙེངས། ནོར་གྱིས་བསྙེམས། སྙུན་གྱིས་བསྙུན། མར་བསྙུགས་སོ། །ཕྱིར་བསྙིལ་ཏོ། །གྲིས་བཏུབས་སོ། །གྱེན་དུ་བཏེགས་སོ། །མགོ་བོས་བཏུད། །མཚོན་བཏབ། རྒྱན་བཏགས། རྩད་ནས་བཏོན། །སྦྱིན་པ་བཏང་། སྟན་བཏིང་། མེ་ཏོག་བཏུས། ལེགས་པར་བརྟགས། ལུས་བརྟས། རྣག་བརྟོལ་ཏོ། སྐུ་བལྟམས་སོ། །མིག་གིས་བལྟས་སོ། །གོས་བལྟབས། །ས་གཞི་བསྟར་ཟིན། ཟས་བསྟབས། བླ་མ་བསྟེན་ཟིན། ཆོས་བསྟན། བསྟོད་དོ། །བསྟིམས་སོ། །རྗེས་བདས། སྤོོས་བདུགས། གཞུ་བདུངས། རྔ་བརྡུངས་སོ། །མདུན་དུ་བདར། གྲི་བརྡར་རོ། །ཆལ་མར་བརྡལ་ཟིན། སླར་བལྡབས། སྐྱོ་མ་བལྡགས། སེམས་བསྡམས། གྲོགས་དང་བསྡོངས། དབང་དུ་བསྡུས། མཉམ་དུ་བསྡེབས། དགྲ་ལ་བསྡོས། གཞན་ལ་བསྡིགས། ཕན་ཚུན་བརྡུར་རོ། །སྟན་ལ་བསྡད། ཕྱེ་བ་བསྡུམས། ཡིད་དུ་བརྣགས་སོ། །ཟས་ཀྱིས་བརྣངས། རྫས་ལ་བརྣབས། ཕྱག་ཏུ་བསྣམས་སོ། །སྣོན་མར་བསྣན། ནོར་བཙལ་ཏོ། །བུ་བཙས། ཤ་བཙོས། ཆང་བཙགས། གོས་བཙེམས། ནོར་བཙོངས། དམ་དུ་བཙིར། སྣོད་དུ་བཙུད། མིག་བཙུམས། ཤིང་བཙུགས། ཐོ་བཙམས། ཤ་བཙབས་སོགས་དང་། དེ་བཞིན་དུ། བརྩེགས། བརྩམས། བརྩིགས། བརྩིས། བརྩེས། བརྩད། བརྗེས། བཞེས། བཞེངས། བཞར། བཞག །བཞུགས། བཞུད། བཞོགས། བཟབས། བཟས། བཟུང་ངོ་། །བཟེད། བཟི། བཟླས། བཟླུམས། བཟློག །བརློབས། བརླག་གོ །བརླན་ཏོ། བཤུས། བཤིག །བཤལ། བཤོལ། བཤར། བཤགས། བཤད། བཤམས། བསགས། བསངས། བསམས། བསད། བསབས། བསལ། བསུབས། བསྲེས། བསྲིངས། བསྲེགས། བསྲུབས། བསྲུངས། བསླད། བསླན། བསླབས། བསླངས་སོགས་སོ། །དེ་ཡང་ཆོས་བཤད། དགྲ་བསད། སྡིག་པ་བཤགས་པ་ལྟ་བུ་ནི་འདས་པ་ལ་འཇུག་མོད། བྱ་བ་ད་ལྟ་བ་ལའང་སྐབས་སྟོབས་ཀྱིས་འཇུག་སྟེ། བཤད་པར་བྱ་བ་སོགས་ཀྱི་དོན་ཡིན་ན། འདས་པ་ལ་མི་འཇུག་པའི་ཕྱིར་རོ། །བྱ་བ་གཞན་བསྒྲུབ་པ་ལ་འཇུག་པ་ནི། རྣམ་པར་བཀྲ། སྨན་བཀུ། སྤ་བཀོང་། སྣོད་བཀང་བར་བྱ། ཆོས་བཀླག་པར་བྱ། མདུད་པ་བཀྲོལ་བར་བྱ། དེ་བཞིན་དུ་བྱ་བ་ལ་སྦྱར་ཏེ། དྲི་མ་བཀྲུ། འདོད་ལ་བརྐམ། ནོར་བརྐུ། ས་བརྐོ། རེ་བ་བསྐང་། ཞབས་བསྐུམས། མཚོ་བསྐྱིལ། ནོར་བསྐྱི། སྣུམ་བསྐུ། ལས་བགྱིད། མིག་བགྲད། ནོར་བགོ །ཚོད་བགམ། ཆོས་བགྱི། བཀའ་བགྲོ། འཕྲང་དུ་བསྒུག །འོད་བསྒྲིབ། ལྷ་བསྒྲུབ། དོན་བསྒོམ། གྲལ་བསྒྲིག །བཀའ་བསྒོ། རྒྱལ་མཚན་བསྒྲེང་། རིགས་བསྒྲེ། ཕྱི་རུ་བསྒྱེལ། བཙས་མ་བརྔ། དུ་བ་བརྔུབ། གཏོར་མ་བསྔོ། དགྲ་བཅོམ། ལས་བཅོལ། ཆུ་བཅུ། ཁྲིམས་བཅའ། གཏམ་བརྗོད་པ། ཕན་ཚུན་བརྗེ། བརྗེ་བར་བྱ། ལག་པས་བརྙོག །ཕྱི་བསྙིལ་བ། ལྷ་བསྙེན། གྱེན་དུ་བཏེག་བྱ། མེ་ཏོག་བཏུ། ཡིན་མིན་བརྟག་བྱ། ཞབས་བརྟན། ལུས་བརྟས། ལག་ཏུ་བསྟར། བླ་མ་བསྟེན། ཆོས་བསྟན། བསྟོད། བསྟིམ། བསྟིར། བསྟུད། བལྟ། བལྟམ། བལྟོས་པ། བདར་བ། བདུག་པ། བདའ། བརྡུང་། བརྡར། བརྡེག་བྱ། བལྟ་བ། བསྡམ། བསྡུ། བསྔོ། བསྡེབ། བསྡིག །བརྡེག །བརྣན། བསྣུན། བསྣུར། བསྣན། བསྣོལ། བཙོང་། བཙན། བཙུན། བཙོ། བརྩི། བརྩོན། བརྩེ། བརྩད་པར་བྱ། བརྩིག །བརྩམ། བརྩེ། བརྫེ། བརྫི། བརྫུ། བརྫུན། བཞུ། བཞེང་། བཞེད། བཞུད། བཞོ། བཟབ། བཟའ། བཟེད། བཟོད། བཟླ། བརླན། བརླག །བརླབ། བརླམ། བཤུ། བཤོ བཤེར། བསུ། བསམ། བསལ་བྱ། བསིལ། བསྲོང་། བསྲེག བསྲེ། བསྲུང་། བསླབ་པར་བྱ་བ་སོགས་སོ། །མདོར་ན། འདས་པ་དང་གཞན་གྱི་དཔེ་ནི། བསྒྲུབས་ཟིན་པ་དང་བསྒྲུབ་པར་བྱ། དྲིན་གྱིས་བསྐྱངས་པ་བསྐྱང་བར་བྱ། དཔོན་དུ་བསྐོས་དང་བསྐོ་བར་བྱ། །ནོར་བརྐུས་པ་དང་བརྐུ་བར་བྱ། །བསྒྲལ་ནས་གཞན་དག་བསྒྲལ་བར་བྱ། །ལེགས་པར་བསྒོམས་ཟིན་བསྒོམ་པར་བྱ། །བསྒྱུར་ཟིན་པ་དང་བསྒྱུར་རྒྱུ་དང་། །ཕྲེང་བ་བརྒྱུས་དང་བརྒྱུ་བར་བྱ། །བཙས་སོགས་བརྔས་དང་བརྔ་བ་དང་། །དེ་སྐད་བརྗོད་ཟིན་བརྗོད་པར་བྱ། །སོགས་གསུངས་པ་ལྟར་རོ། །གཉིས་པ་མ་ནིང་དགོས་པ་ཅིའི་ཕྱིར་འཇུག་པ་ནི། མ་ནིང་གཉིས་ཀ་ད་ལྟ་ཆེད། །ཅེས་པ་སྟེ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི། བདག་གམ་བྱེད་པ་པོ་ལ་ཡོད་པའི་ལས་དང་། གཞན་ནམ་བྱ་བ་གཞི་ལ་ཡོད་པའི་ལས་གཉིས་ཀ་དང་། དུས་ད་ལྟ་བ་སྟོན་པའི་ཆེད་དུ་འཇུག་སྟེ། དེའང་ག་ཡིག་བདག་ལ་འཇུག་པ་སྟེ། རང་ཉིད་གཅིག་པུ། ཡིད་གཅུགས་པ། གཅེས་པ། གཅེ་བུ། གཉིད་ལོག་པ། ཁ་གདངས་པ། གདོང་པ། ཞེ་གནོང་པ། གནས་ལུགས། ཡིད་གཞུངས། བློ་གཞོལ། གཟུ་བོ། གཟི་མདངས། གཡེང་བ། གཡེལ་བ། གསུས་པ། གསོང་པོ་སོགས་དང་། གཞན་ལ་འཇུག་པ་ནི། མེ་ཏོག་གཅལ་དུ་བཀྲམ། གཅོང་དུ་ལྷུང་། རྣམ་པར་གཅོད། གཅད་བྱའི་ཤིང་། མཇལ་བའི་གཉེན། གཉེར་པ། ཆུའི་གཏིང་། ནོར་གྱི་གཏེར། གཏར་ཀ །གདན། གདེངས་ཀ་གནག་པ། གནད་དོན། གནས། གཙང་། གཙིགས། གཙགས། གཞལ། གཞུང་། གཞི། གཟན། གཟར། གཟི། གཡའ། གཡུ། གཡི། གཤེགས། གཤགས། གཤང་། གསུང་། གསིལ། གསོན་སོགས་སོ། །ད་ལྟ་བ་ལ་འཇུག་པ་ནི། གཅོད། གཅོག །གཅལ། གཉུག ། གཉེན། གཏོང་། གཏོར། གཏོག །གདོན། གདགས། གདུལ། གནོང་། གནོན། གནང་། གཙིགས། གཙེ། གཙག །གཞལ། གཞོལ། གཞུག །གཟོ། གཟིམས། གཟུག །གཡོག །གཡེག །གཡེང་། གཤོལ། གཤམ། གཤེར། གསུང་། གསིལ། གསིགས་སོགས་སོ། །དེ་དག་ནི་མཚོན་བྱེད་ཙམ་ཡིན་གྱི། ག་ཡིག་བདག་གཞན་གཉིས་ཀ་ལ་འཇུག་པའི་གཞི་ནི་མི་འགལ་ཏེ། ཞ་ལུ་ཆེན་པོས་བདག་གཞན་གཉིས་ཀ་ལ་འཇུག་པའི་དཔེ་ལྷན་ཅིག་ཏུ་བསྟན་པ་ནི། གཏན་ཚིགས་གཏམ་གཏོང་བསམ་གཏན་དང་། གཏང་རག་དོན་གཉེར་གཉེན་པོ་དང་། ཁ་གསག་གསོག་འཇོག་གསུས་པ་དང་། སེམས་གདུག་སྐད་གདངས་ལུས་གནད་དང་། །གཞན་ལུགས་རྣམ་གཞག་གཞལ་མེད་ཁང་། །གཡས་གཡོན་གཡང་དག་གཡུལ་འགྱེད་སོགས། །ཞེས་སོ་སོར་མ་ཕྱེ་བར་བཤད་པའི་ཕྱིར་རོ། །ད་ལྟ་བ་ལ་འཇུག་ཚུལ་ནི། གོ་བདེ་བར་བྱས་ན། གཅོད། གཏོང་། གནོན། གསོད། གཏོག །གདོལ། གཞུག །གཟུག་ལྟ་བུ་ནི། ད་ལྟ་བ་གཙོ་ཆེ་བ་ཡིན་ལ། གཅད། གཞལ། གདིང་། གདགས། གདབ། གདུལ། གདེག །གདོན་སོགས་མ་འོངས་པ་ལའང་འཇུག་པར་བཤད་དོ། །ད་ཡིག་བདག་ལ་འཇུག་པ་ནི། ལུས་ཀྱི་དཀུ། དཀྱུས། དཀན། དགྱེས། དཀའ། དངངས། དཔྲལ། དཔྱི། དབུ་སོགས་དང་། གཞན་ལ་འཇུག་པ་ནི། དཀོན་མཆོག །དཀོར། དཀྱིལ་འཁོར། དཀྲུགས། དགའ། དགེ་བ། དགུན། དངོས་པོ། དངུལ། དངར། དཔེ། དབོན། དཔུང་། དབུལ། དབང་། དབྱི། དབྱར། དབོ། དམན། དམའ། དམུ་ལྟ་བུ་དང་། ད་ལྟ་བ་ལ་འཇུག་པ་ནི། དཀྲོགས། དཀྲིགས། དཀྱུས། དགོམ། དགེས། དགོད། དཔག །དཔྱད། དབབ། དབུལ། དབུབ། དམྱུགས། དམིགས། དམོད་སོགས་སོ། །ཞ་ལུ་པས། དགེ་བ། དགའ་བ། དགོས་པ་སོགས་རང་གཞན་གཉིས་ཀ་ལ་སྦྱར་དུ་རུང་བའི་སྒྲ་རྣམས་ཡིན་ལ། ད་ལྟ་བ་ལ་འཇུག་པ་ནི། དགོངས་སུ་གསོལ་བ་དང་། ཞེས་དཔེར་མཛད་པས། ད་ཡིག་རང་གཞན་གཉིས་ཀ་ལ་དུས་གཅིག་ཏུ་འཇུག་པ་མི་འགལ་ཞིང་། ད་ལྟ་བ་ལའང་བདག་གཞན་གཉིས་ཀའི་འཇུག་པ་ནི། ཡོད་དེ། དགང་བ་དང་། དགུག་པ། དགྲམ་པ། དགྲོལ་བ། དགྲོད་པ། དབུལ་བ། དབབ་པ། དཔུག་པ། དབྲོག་པ། དབྱེ་བ། དབྱུང་བ་སོགས་བྱ་བའི་ཡུལ་མ་འོངས་པ་ལ་འཇུག་པ་གཙོ་ཆེ་བར་བཤད་དོ།། གསུམ་པ་མོ་ཡིག་གི་འཇུག་པ་ནི། མོ་ནི་བདག་དང་མ་འོངས་ཕྱིར། །ཞེས་པ་སྟེ། མོ་ཡིག་འ་ནི། དངོས་པོ་བདག་དང་། དུས་མ་འོངས་པ་སྟོན་པའི་ཕྱིར་འཇུག་པ་གཙོ་ཆེ་ཞིང་། བདག་གཞན་གཉིས་ཀ་ལའང་འཇུག་པ་ཡོད་ཀྱང་། འདིར་བདག་གི་ཁོངས་སུ་བསྡུས་ཏེ། དཔེར་བརྗོད་པ་ནི། འཁར་རྔ། འཁར་བ། ངག་འཁྱལ། འགོང་པོ། འགྲོ་བ། འགོ་བ། འཆལ་བ། འཆུས་པ། འཇུག་པ། འཇམ་པ། འཐར་པ། འཐེན་པ། འཐུག་པ། འདས་པ། འདུན་པ། འདོད་པ། འཁྱིས་པ། འཁྱག་པ། འཕྲོ་བ། འབྱོར་བ། འབྱུང་བ། འབྱིད་པ། འཚལ་པ། འཚུབ་པ། འཚར་བ། འཛག་པ། འཛད་པ། འཛིན་པ་སོགས་སོ། །དུས་མ་འོངས་པ་སྟོན་པ་ནི། སྐུད་པ་འཁལ་བ། འཁྲིད་པ། འཁྲིལ་བ། འགྲུབ་པ། འགྲེལ་པ། འགྱུར་བ། འཆི། འཆེལ། འཆོལ། འཇབ། འཇོལ། འཇུག །འཐེན། འཐུད། འདུན། འདོད། འདྲེན། འཕྱ། འཕྲོ། འཕྱང་། འབུལ། འབྱེད། འབྱོག །འཚལ། འཚེ། འཚོང་། འཛད། འཛུད། འཛུལ་སོགས་སོ། །འོན་ཀྱང་འཚལ། འཛལ། འདོད་སོགས་ནི་སྤྱིར་དུས་གསུམ་ཀ་ལ་འཇུག་ཅིང་། འཛད་པར་འགྱུར། འཚའ་ཁར་འགྱུར། ཞེས་པ་ནི་མ་འོངས་པ་ཉིད་དོ།། བཞི་པ་ཤིན་ཏུ་མོའི་འཇུག་པ་ནི། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པ་སྟེ། ཤིན་ཏུ་མོ་མ་ཡིག་ནི་དངོས་པོ་བདག་གཞན་གཉིས་དང་། དུས་གསུམ་མཉམ་པ་ཉིད་ལ་འཇུག་པའི་ཕྱིིར་ཏེ། དེ་ཡང་བདག་གཞན་གཉིས་ལ་མཉམ་པར་འཇུག་པ་ནི། མཁན་པོ། ནམ་མཁའ། མཁར། མཁལ་མ། མགར་བ། མགྲིན་པ། མགུལ་པ། མངོན་པ། མངོན་ཤེས། མངའ་བདག མཆན། མཆུ། མཆིང་བུ། མཉེས་པ། གྲུ་མཉན། མཐོང་བ། མཐུན། མཐོལ། མདའ། མདུང་། མདོས། མནོ། མནན། མནའ་མ། མཚན། མཚོན། མཚུངས། མཛེས། མཛོད། མཛོ་སོགས་སོ། །དུས་གསུམ་མཉམ་པ་ཉིད་ལ་འཇུག་པ་ནི། དེ་ལ་མཁས་སོ། ། མཁས། མཁས་པར་འགྱུར་ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ། མཚུངས། མཚོན། མཐོང་། མཉན། མགུ། མཇལ། མཐུན། མཉེས། མཛེས་སོགས་ཀྱང་ངོ་། །ཆོས་མཉན་པར་བྱ་ཞེས་པ་ནི་བྱ་བ་ད་ལྟ་བ་ཡིན་པར་མཁས་པ་ཕལ་ཆེ་བཞེད་ལ། ཞ་ལུ་བ་ཆེན་པོས་ནི། བྱ་བ་མ་འོངས་པར་བཞེད་པར་གསལ་ལོ། །འོན་ཀྱང་། བརྗོད་པ་པོའི་བསམ་དོན་གཙོ་ཆེ་བའི་ཕྱིར་ན། སྤྱིར་གཉིས་ཀ་ལའང་འཇུག་པར་གསལ་བས། འགལ་བའང་མིན་ནོ། །སྤྱིར་དུས་གསུམ་ལ་འཇུག་པ། བཅད་དང་གཅོད་དང་གཅད་པ་དང་། བཅལ་དང་འཇལ་བྱེད་གཞལ་བ་དང་། བཏིངས་དང་འདིང་དང་གདིང་བ་དང་། བཏགས་དང་འདོགས་དང་གདགས་པ་དང་། བཏབ་དང་འདེབས་དང་གདབ་པ་དང་། །བཏུལ་དང་འདུལ་དང་གདུལ་བ་དང་། ། བཏེགས་དང་འདེགས་དང་གདེག་པ་དང་། །བཏང་དང་གཏོང་དང་གཏང་བ་དང་། །བཏོན་དང་འདོན་དང་གདོན་པ་དང་། །བཤིག་དང་འཇིག་དང་གཞིག་པ་དང་། །བཅིལ་དང་འཇིལ་དང་གཞིལ་བ་དང་། །བཅོམ་དང་འཇོམ་དང་གཞོམ་པ་དང་། །བཞགས་དང་འཇོག་དང་གཞག་པ་དང་། །བཅུགས་དང་འཇུག་དང་གཞུག་པ་དང་། །བཙུགས་དང་འཛུག་དང་གཟུག་པ་དང་། །བཟུང་དང་འཛིན་དང་གཟུང་བ་དང་། །བསད་དང་གསོད་དང་གསོད་པ་དང་། །ཞེས་པ་ལྟ་བུ་སྟེ། །དེ་ཡང་། འདས་ད་ལྟ་མ་འོངས་པ་གསུམ་རིམ་པ་ལྟར་སྟོན་པར་བཤད། །དེ་དག་ནི་ཞ་ལུ་པ་ཆེན་པོས་གསུངས་པ་འདས་པ་དང་མ་འོངས་པ་གོས་བསྒྱུར་བ་མ་གཏོགས་དེ་བཞིན་དུ་བཀོད་པའོ། །གཞན་བྱ་བའི་སྒྲ་ལ་ཨོ་ཡིས་སྦྱར་བ་བྱེད་ལས་དང་། མ་སྦྱར་བ་བྱ་བ་གཞི་ལ་ཡོད་པའི་ལས་ཏེ། དེ་ཡང་། ལག་པ་རྐྱོང་པར་བྱེད། བརྐྱང་པར་བྱ། ཆོས་ཀློག་པར་བྱེད། བཀླག་པར་བྱ། སྐྲོད་པར་བྱེད། བསྐྲད་པར་བྱ། སྐོང་བར་བྱེད། བསྐང་བར་བྱ། སྐྱོང་བར་བྱེད། བསྐྱང་བར་བྱ། སྒྲོག་པར་བྱེད། བསྒྲག་པར་བྱ། དེ་བཞིན་དུ། སྒོག །བསྒག །སྒྲོལ། བསྒྲལ། རྒོལ། བརྒལ། རྒྱོབ། བརྒྱབ། གཅོག །བཅག །སྙོག །བསྙབ། གཏོང་། བཏང་། གཏོད། བསྟད། རྟོག །བརྟག །སྟོན། བསྟན། སྟོད། བསྟོད། རྩོད། བརྩད། སློང་། བསླང་། སློབ། བསླབ། རླབས། བརླབས་སོགས་དང་། ཡང་། སྤྱོད། སྤྱད། སྤོང་། སྤང་། སྦྱོང་། སྦྱང་། ལོངས། ལངས། སྤྲོད། སྤྲད། ཤོད། བཤད་སོགས་དང་། ཡང་བསྒྲུབ་བྱ་བསྒྲུབ་པར་བྱ། བགོམ་བྱ་བསྒོམ་པར་བྱ། བསམ་བྱ་བསམ་པར་བྱ། ཞེས་པ་ལྟ་བུའི་སྔ་མ་མིང་དང་། ཕྱི་མ་བྱ་བའོ། །སྐྱོངས་ཤིག །སྒྲུབས་ཤིག །སྒོམས་ཤིག་ལྟ་བུ་བསྐུལ་བའི་ཚིག་ཡིན་པས་བས་འཕུལ་མེད་ལ། བསྒྲུབ་བྱ་སོགས་ལ་བས་འཕུལ་ཡོད་ཅིང་ས་མཐའ་མེད། བསྒྲུབས་སོ། །བསྒོམས་སོ། །བརླབས་སོ་ལྟ་བུ་ལ་བས་འཕུལ་དང་ས་མཐའང་ཐོབ་པོ། །གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྟགས་ཀྱི་དབྱེ་བ་བཤད་པ་དང་། འཇུག་ཚུལ་བཤད་པའོ། །དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །ཞེས་པ་སྟེ། དེ་ལྟར་རྗེས་འཇུག་གི་ཡི་གེ་བཅུ་པོ་འདི་དག་ལའང་ནང་གསེས་ཀྱི་སྒོ་ནས་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཞིང་། ཕོ་ལའང་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་དང་། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་དང་། མ་ནིང་ལ་འགྱུར་བ་མ་ནིང་དང་མཚན་གཉིས་མ་ནིང་དང་། མཚན་མེད་མ་ནིང་དག་དང་གསུམ་དུ་འདོད་དོ་ཅེས་སོ། །འདི་ལ་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་ནའང་། རྗེ་ཞ་ལུ་པས་ད་བ་ས་གསུམ་རྗེས་འཇུག་གི་ཕོ་དང་། འ་དང་ར་གཉིས་མོ་དང་། ག་ད་ན་མ་ལ་རྣམས་མ་ནིང་དུ་བྱས་ནས། ད་བ་ས་གསུམ་རིམ་པ་བཞིན་དུ་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་བྱས་པའི་ཕོ། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཏེ་འ་དང་རའོ། །མ་ནིང་ལ་གསུམ་གྱི་འགྱུར་བ་མ་ནིང་ནི་ག་ང་ན་གསུམ་དང་། མཚན་གཉིས་པ་མ་དང་མཚན་མེད་ལ་ཡིག་ཏུ་བཞེད་ཅིང་། ཟ་མ་ཏོག་ཏུ་ག་ཡིག་ཀྱང་ཕོར་བསྟན་ཅེས་ཁ་ཅིག་བཞེད་དེ་གང་ལྟར་ཡང་རེ་ཞིག་དེ་ལྟར་རམ་རྣམ་གླིང་པ་བཞིན་བྱའོ། །གཉིས་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཞེས་པ་སྟེ། སྔོན་འཇུག་དུ་མ་ཟད་རྗེས་འཇུག་དེ་ཡང་བྱེད་པ་བཞི་བཞི་བྱེད་དེ། བཞི་ནི་གང་ལ་འཇུག་པར་བྱེད་པ་དང་། ངོ་བོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་པ་རྣམས་སོ། །གཉིས་པ་ལ་བཞི། གང་ལ། གང་གིས། ཇི་ལྟར། ཅིའི་ཕྱིར་འཇུག་པར་བཤད་པའོ། །དང་པོ་ནི། གང་ལ་ཡི་གེ་ཐམས་ཅད་ལ། །ཞེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་ནི་ཡི་གེ་གང་ལ་འཇུག་ན་འདི་དག་གི་སྔོན་འཇུག་དང་མི་འགལ་བར་ཡི་གེ་ཐམས་ཅད་ལ་འཇུག་གོ །གཉིས་པ་ནི། གང་གིས་བཅུ་པོ་དེ་དག་གིས། །ཞེས་པ་སྟེ། ཡི་གེ་གང་གིས་འཇུག་ན་རྗེས་འཇུག་བཅུ་པོ་དེ་དག་གིས་འཇུག་པར་བྱེད་དོ། །འདིར་གང་གི་ཞེས་དྲུག་སྒྲ་སྦྱར་བ་ནི་མ་དག་པར་གསལ་ལོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཞེས་པ་སྟེ། ཇི་ལྟར་འཇུག་ཚུལ་ལ་རྣམ་པ་གཉིས་ཡོད་པ་ཡིན་ཏེ། བརྗོད་བྱེད་སྒྲའི་སྒོ་ནས་འཇུག་ཚུལ་དང་། བརྗོད་བྱ་དོན་གྱི་སྒོ་ནས་འཇུག་ཚུལ་ལོ། །གཉིས་པ་རྒྱས་པར་བཤད་པ་ལ་སྒྲ་དོན་གཉིས་ཀྱི་དང་པོ་ལ་གསུམ། དྲག་ཞན་སྤྱིའི་འཇུག་ཚུལ། ནང་གསེས་ཀྱི་འཇུག་ཚུལ། མ་ནིང་གི་འཇུག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག །ཞེས་པ་སྟེ། ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང་མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས། མ་ནིང་འགྱུར་བ་དང་མཚན་གཉིས་དང་མཚན་མེད་དང་བཅས་པ་གསུམ་པོ་ནི་རིམ་པ་བཞིན་དུ་ཕོ་གསུམ་དྲག་པོའི་ཚུལ་དང་། མོ་གཉིས་ཞན་པའི་ཚུལ་དང་མ་ནིང་བར་མའི་ཚུལ་གསུམ་དུ་འཇུག་པར་བྱེད་དོ། །གཉིས་པ་ནི། དྲག་པ་གསུམ་ནི་ནང་ཕྲད་དམ། གལ་ཏེ་ཞན་པ་ནང་འཕྲད་ན། །དེ་ལ་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །ཞེས་པས་སྟོན་ཏེ། དེ་ཡང་སྔོན་འཇུག་དང་། མིང་གཞི་དང་། རྗེས་འཇུག་ཕོར་ཕྲད་པ། དྲག་པ་གསུམ་ནི་ནང་ཕྲད་དམ་ཡང་གལ་ཏེ་སྔོན་འཇུག་དང་རྗེས་འཇུག་དྲག་ལ་མིང་གཞི་རང་གི་སྡེ་ཚན་མོ་ཡིག་ཞན་པ་ནང་ཕྲད་པ་ལྟ་བུ་དང་། དེ་བཞིན་དུ་སྔོན་འཇུག་དང་མིང་གཞི་དྲག་ལ་རྗེས་འཇུག་ཞན་པ་ལྟ་བུ་དང་། མིང་གཞི་རྗེས་འཇུག་དྲག་ལ་སྔོན་འཇུག་ཞན་པ་དང་སྔོན་འཇུག་དྲག་ལ་མིང་རྗེས་ཞན་པ་དང་། སྔོན་མིང་ཞན་ལ་རྗེས་འཇུག་དྲག་པ་དང་། སྔོན་རྗེས་ཞན་ལ་མིང་གཞི་དྲག་པ་དང་། གསུམ་གཞན་པ་ནང་འཕྲད་པ་ལྟ་བུར་གྱུར་ན། དེ་ལའང་སོ་སོའི་ནང་གི་ཁྱད་པར་རམ་ནང་གསེས་ཀྱི་ཆ་ཤས་ཀྱིས། དྲག་པ་དེ་ལ་ཡང་དྲག་པའི་དྲག་པ་དང་། དྲག་པའི་ཞན་པ་གཉིས། ཞན་པ་ལའང་དེ་གཉིས་སུ་དབྱེ་བར་བྱའོ། །ཞེས་སོ། །དེ་ལ་དྲག་པ་གསུམ་ནང་འཕྲད་པ་ནི། བཀལ། བཅད། བཅབ་དང་། ག་ཕོར་བྱས་ན། བཀག །ཅེས་དང་། བཅད། བཅས། བཏབ། བཏགས། བཙད། བཙབ། བཙུད། བཙག་ལྟ་བུ་དྲག་པའི་དྲག་པ་དང་། བགད། བགབ། བགོས། བགུག་སོགས་སྔོན་རྗེས་དྲག་ལ་མིང་གཞི་ཞན་པ་དང་། བཀར། བཀལ། བཀང་། བཀན། བསྐམ་ལྟ་བུ་སྔོན་མིང་དྲག་ལ་རྗེས་འཇུག་ཞན་པ་དང་། གཅོད། བཅགས། གཅུས། གཏད། གཏུད་སོགས་མིང་རྗེས་དྲག་ལ་སྔོན་འཇུག་ཞན་པ་ནི་དྲག་པའི་ཞན་པ་དང་། བགྲང་། བགམ། བརྔོན། བརྔམ། བརྐང་ལྟ་བུ་སྔོན་འཇུག་དྲག་ལ་མིང་རྗེས་ཞན་པ་དང་། གཅུང་། གཅེན། གཅུར། གཏོང་། གཏམ་སོགས་སྔོན་རྗེས་ཞན་ལ་མིང་གཞི་དྲག་པ་དང་། གཉགས། གཉོད། གཉིས། གདགས། གདབ་ལྟ་བུ་སྔོན་མིང་ཞན་ལ་རྗེས་འཇུག་དྲག་པ་རྣམས་ནི་ཞན་པའི་དྲག་པ་དང་། གཉོང་། གཉེན། གཉེར། གཉལ། གདགས། གདམ་སོགས་ཞེས་པ་སོགས་ནང་འཕྲད་པའི་ཞན་པའི་ཞན་པ་རྣམས་ཤེས་པར་བྱའོ། །གསུམ་པ་ནི། མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་འཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དང་ནི་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དང་ནི་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། །མཚན་མེད་མ་ནིང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །ཞེས་པ་སྟེ། མ་ནིང་གསུམ་དུ་གྲོགས་ལ་བལྟོས་ན་གང་དུ་འགྱུར་བར་གཏོགས་པའི་ཡི་གེ་ག་ཐེ་བར་བྱས་ན་ག་ད་ན་གསུམ་ཡིན་ལ། ག་ཕོར་བྱས་ན་འགྱུར་བ་མ་ནིང་ང་ན་གཉིས་ནི། ཕོ་ཡིག་དྲག་པ་རྣམས་དང་ཕྲད་ན་དྲག་པར་ཏེ་ཕོ་ཡིག་ཏུ་འགྱུར་ཏེ། རྐང་པ་སྟོན་པ་ལྟ་བུ་སྟེ། ག་སྦྱར་ན། རྟག་པ་ཅེས་པ་རྣམས་སོ། །དེ་ནི་ཞ་ལུ་ཆེན་པོས་བཞེད་པ་སྟེ། རྣམ་གླིང་པས་འགྱུར་བ་མ་ནིང་ནི་འ་ཡིག་ལ་མཛད་ནས། དཔེར་བརྗོད་དུ། བཀའ། བཅའ། བཅབ་ལྟ་བུ་དང་། དྲག་པ་དང་ཕྲད་ན་དྲག་པ་དང་། འགའ། འཛའ། མདའ། མངའ་ཞེས་པ་ལྟ་བུ་ཞན་པ་དང་ཕྲད་ན་ཞན་པར་འགྱུར་བར་བཤད་དོ། །ཞན་པ་མོ་ཡིག་དང་ཕྲད་ན་ཞན་པར་འགྱུར་ཏེ། ཞ་ལུ་པ་ལྟར་ན། མཐོང་ངོ་། །ཡིན་ནོ་ལྟ་བུ་དང་རྣམ་གླིང་པས་སྔར་ལྟར་རོ། །ཕོ་མོ་གཉིས་ཀའི་རྟགས་ཡོད་པ་དང་ནི་ཕྲད་པར་གྱུར་ན་དེ་ནི་ཕོ་མོ་གཉིས་ཀའི་རྟགས་ཅན་དུ་འགྱུར་ཏེ། འདི་ལ་ཞ་ལུས། མ་ཡིག་མ་ནིང་མཚན་གཉིས་པར་བྱས་ནས། དེ་ཕོ་མོ་གཉིས་ཀའི་རྟགས་ཡོད་པ། བསྟིམས། བསྐུམས། བརྩམས་ཞེས་པ་ལྟ་བུ་དང་ཕྲད་པར་བཞེད་ལ། རྣམ་གླིང་པས། འ་ཡིག་འགྱུར་བ་མ་ནིང་དུ་བྱས་པ་དེ་ཉིད། རྟགས་གཉིས་ཀ་ཅན་དང་ཕྲད་པའི་དཔེར། བཟའ། བཀའ། གཏའ་ཞེས་མཛད་དེ་མི་མཐུན་ནོ། །སྔ་མ་ལྟར་ན། ར་ས་གཉིས་མོ་དང་ཀ་ཏ་ཙ་གསུམ་ཕོར་མཛད་ནས་སྟེང་འོག་གི་དབང་དུ་བྱས་ལ། ཕྱི་མ་ལྟར་ན་སྔོན་རྗེས་མིང་གཞི་གསུམ་གྱི་དབང་དུ་མཛད་དེ་གང་ལྟར་ཡང་མཚན་གཉིས་པར་འགྱུར་ཚུལ་དུ་བཞེད་དོ། ། དྲག་ཞན་གཉིས་ཀ་དག་དང་མ་ཕྲད་ན་རྟགས་གང་དུ་ཡང་ནི་མི་འགྱུར་རོ། །རྒྱུ་མཚན་དེས་ན་འགྱུར་བ་མ་ནིང་དང་མཚན་གཉིས་དང་། མཚན་མེད་ཀྱི་མ་ནིང་གསུམ་དུ་འདོད་དོ། །ཇི་སྐད་བཤད་པ་དེ་ནི་སྒྲ་ཡི་འཇུག་ཚུལ་ལོ་ཞེས་སོ། ། འདིར་ཞ་ལུས་ལ་ཡིག་མཚན་མེད་མ་ནིང་དུ་མཛད་ནས། ཕྱག་འཚལ། མཁལ་མ། ཐལ་མོ། །འཆལ་སོགས་ལ་དྲག་ཞན་གཉིས་ཀའི་རྟགས་མེད་པར་བཞེད་ལ། རྣམ་གླིང་པས། འ་ཡིག་ནི་ཁ་ཆ་ཐ་ཕ་ཚ་ལྟ་བུ་དྲག་ཞན་གང་རུང་གི་རྟགས་མེད་པ་དང་ཕྲད་པས་མཚན་མེད་མ་ནིང་དུ་འགྱུར་བར་བཞེད་པ་ནི་མི་འདྲ་བའི་ཁྱད་པར་རོ། །གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དོན་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་གང་ལྟར་གྱུར་པ་དང་། །ཕྱི་མ་གང་ལྟར་འགྱུར་བའོ། །ཞེས་པ་སྟེ། དོན་གྱི་འཇུག་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་གང་ལྟར་འཇུག་པར་གྱུར་པ་དག་ཕྱི་མ་གང་ལྟར་འགྱུར་བར་བཤད་པའོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ནི། སྔ་མ་གང་ལྟར་གྱུར་པ་ནི། །སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པ་སྟེ། རྗེས་འཇུག་བཅུའི་དོན་གྱི་འཇུག་ཚུལ་ཡང་མིང་ངམ་ཚིག་སྔ་མ་གང་ལྟར་གྱུར་པ་ནི་སྔ་མ་སྔོན་འཇུག་ལྔའི་སྐབས་སུ་ཅིའི་ཕྱིར་འཇུག་པར་བཤད་ཚེ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཞེས་པ་ནས། ཤིན་དུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་བར་གྱིས་བཤད་པ་བཞིན་དུ་སྦྱར་བར་བྱའོ། །དེ་ཡང་བྱ་བ་བྱས། ཆར་བབ། ན་ཚ་ཆད། ཆུ་བཀག་ཅེས་པ་ལྟ་བུ་འདས་པ་ལ་འཇུག་པ་དང་། སྲས། སྲབ། སྲིད། སྲོག་ལྟ་བུ་དངོས་པོ་གཞན་དང་། བཤད་པར་བྱ། བསྒྲུབ་པར་བྱ། བསྒོམ་པར་བྱ་ལྟ་བུ་བྱ་བ་ད་ལྟ་བ་དང་། བརྗོད་པར་བྱས། བསྟན་པར་བྱས། བསམ་པར་བྱས་ལྟ་བུ་བྱ་བ་འདས་པ་ལ་འཇུག་པ་དང་། འབྱུང་། འགྱུར། འདྲེན་སོགས་མ་འོངས་པ་སྟེ་རྒྱས་པར་སྔར་སྔོན་འཇུག་གི་ཚེ་བཤད་པ་ལས་ཤེས་པར་བྱའོ། །གཉིས་པ་ལ་གསུམ། དྲག་ཞན་གྱི་སྒྲ་མཐུན་འདྲེན་ཚུལ། རྣམ་དབྱེ་སྔ་ཕྱི་འདྲེན་ཚུལ། ནང་གསེས་དབྱེ་ཚུལ་ལོ། །དང་པོ་ནི། ཕྱི་མ་དག་གིས་འདྲེན་ཚུལ་ནི། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིག་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་ཞུགས་པའི་རྗེས་སུ་དོན་གསལ་བར་བྱེད་པའི་ཚིག་ཕྲད་དང་རྣམ་དབྱེ་ཕྱི་མ་དག་གིས་འདྲེན་ཚུལ་ནི། མིང་གཞིའི་ཕོ་ཀ་ཅ་ཏ་པ་ཡིས་ནི་རྗེས་འཇུག་གི་ཕོ་ད་བ་ས་གསུམ་དང་ག་ཡི་མིང་མཐའ་ཅན་དྲང་བར་བྱ་སྟེ། དཔེར་ན། དཔྱིད་ཀ ཐད་ཀ ཐབས་ཅིག །རྒྱོབ་ཅིག་དང་། ད་དྲག་གི་དབང་གིས། སྟོན་ཀ གྱུར་ཅིག །རོལ་ཅིག་དང་། གལ་ཏེ། བསད་ཏེ་ཞེས་ཀྱང་རུང་། བཏབ་ཅིང་། བཀབ་ཅིང་། རྟག་ཅེ་ན། མེད་ཅེ་ན། དག་ཅིང་། མཆོག་ཏུ། ཚབ་ཏུ། རིག་ཅིང་། གཅིག་པུ། སྐད་ཅིག །ཐམས་ཅད་སོགས་དང་། རིག་པ། ལྷག་པ། དག་པ། ཕྲག་པ། ལག་པ། འགོག་པ། མཆོད་པ། བསྟོད་པ། འདོད་པ། ཡོད་པ། སྤྱོད་པ། ཆད་པ། གྲུབ་པ། ཐོབ་པ། བཏབ་པ། འབབ་པ། ཁྱབ་པ། གདབ་པ། རིགས་པ། མཛེས་པ། རྒྱས་པ། ཚོགས་པ། བསྒོམས་པ། དགོས་པ་སོགས་མང་ངོ་། །མིང་གཞིའི་མོ་ཡིས་རྗེས་འཇུག་གི་མོ་ཡི་མིང་མཐའ་ཅན་དྲང་བར་བྱ་སྟེ། འདི་ལ་ཞ་ལུ་བས་མིང་གཞིའི་མོ་མ་ཡིག་གིས། རྗེས་འཇུག་གི་མོའི་མིང་མཐའ་ཅན་འདྲེན་པའི་དཔེར། དགའ་མ། གཟར་མ་ཞེས་མཛད་ལ། རྣམ་གླིང་པས། བྱུང་བ། སྙིང་ག །དགུན་ག ཚོར་བ། འདུལ་བ། གང་གི །མདུན་གྱི། ཤར་གྱི། འབྱུང་དུ། རྒྱུན་དུ། ཞལ་དུ། དྲང་ཞིང་། འཇམ་ཞིང་། འཚལ་ཞིང་། འབྱུང་ཞེས། ཡིན་ཞེས། བསམ་ཞེས། ཅུང་ཞིག །མཐོང་ཞེ་ན་སོགས་བཤད་པ་གཉིས་ལས། ཕྱི་མ་ཁྱབ་ཆེ་བར་མངོན་ནོ། །རྗེས་འཇུག་གི་མ་ནིང་གིས་ནི་མིང་གཞིའི་མ་ནིང་གི་མིང་མཐའ་དྲང་ངོ་། །འདི་ལའང་ཞ་ལུ་པས། ག་རྗེས་འཇུག་གི་མ་ནིང་དུ་བྱས་ནས། བདག་གི །དྲུག་གི །ལྷས་བྱིན་གྱིས་སོགས་དཔེར་མཛད་ལ། རྣམ་གླིང་པས། བཀའ། བཅའ། བཙའ། གཅའ། གཏའ། གཙའ། དཀའ། དཔའ། འགའ། འཆའ། འཛའ། འདའ་སོགས་འ་ཡིག་མ་ནིང་དུ་བྱས་ནས་དཔེར་མཛད་དོ། །དེས་ན་རྣམ་གླིང་པས་བཞེད་པ་ལྟར་བྱས་ན། ས་སྐྱེས་བུ་རབ། བ་འབྲིང་ག་ད་གཉིས་ཐ། ང་ན་མ་ར་ལ་ནི་མོ། འ་ནི་མ་ནིང་དང་། མོ་ལ་གཉིས་ཏེ། ར་ལ་གཉིས་མོ་ཙམ་དང་ང་ན་མ་གསུམ་ཤིན་ཏུ་མོར་བཞད་པར་གསལ་བས་ལུགས་གཉིས་ཀ་གང་བདེ་བྱས་ཀྱང་རུང་ངོ་། །ཞ་ལུ་ཆེན་པོས་སུམ་རྟགས་ཀྱི་འགྲེལ་བར། ད་བ་ས་གསུམ་ཙམ་ཕོར་བཤད་ལ། ཟ་མ་ཏོག་ཏུ། ག་དང་བ་ཡི་རྗེས་སུ་ཏུ། །ཞེས་པས་ག་ཡིག་གིས་ཀྱང་མིང་གཞིའི་ཕོ་ཏ་འདྲེན་པར་བཞེད་དོ། །མིང་གཞིའི་ཕོ་ནི་ཀ་ཅ་ཏ་པ་ཙ་རྣམས་ཡིན་པས་ཀྱང་ཀྱི་ཅིང་ཅིག་ཏུ་ཏོ་ཏེ་པུ་པོ་རྣམས་ཀྱང་ཕོའོ། །གཉིས་པ་རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ་ནི། མིང་མཐའ་དེ་དག་ཉིད་ཀྱིས་ནི། དེ་ཉིད་རང་གི་སྒྲ་མཐུན་པའོ། །ཆོས་དངོས་ལས་དང་བྱེད་པ་དང་། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲང་། །གཞན་ཡང་སླར་བསྡུ་ལྷག་བཅས་དང་། །འབྱེད་སྡུད་བསྣན་དང་བདག་པོ་དང་། །དགག་སྒྲུབ་རྒྱན་དང་དུས་ལ་འཇུག །དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །ཞེས་པས་སྟོན་ཏེ་མིང་མཐའ་དེ་དག་ཉིད་ཀྱིས་ཀྱང་ནི་མིང་མཐའ་དེ་ཉིད་རང་གི་སྒྲ་དང་མཐུན་པའི་རྣམ་དབྱེ་དང་ཚིག་ཕྲད་རྣམས་འདྲེན་ཏེ་ཆོས་དངོས་ཏེ་དང་པོ་གཞི་ཆོས་དེ་དང་དེའི་དངོས་པོ་འམ་མིང་ཙམ་མམ་ངོ་བོ་ཙམ་བརྗོད་པ། གཞི་གང་དུ་བྱ་བ་གང་བྱ་བ་འམ་བྱེད་པར་སྟོན་པའི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་བྱེད་པ་པོ་གང་གིས་བྱ་བ་གང་བྱེད་པར་སྟོན་པའི་གསུམ་པ་བྱེད་པ་པོ་དང་། དོན་གང་གི་ཆེད་དུ་བྱ་བ་གང་བྱེད་པར་སྟོན་པའི་བཞི་པ་དགོས་ཆེད་ཀྱི་སྦྱིན་པ་དང་གཞི་གང་ལས་གང་ཞིག་འབྱུང་པའམ་བྱུང་བར་སྟོན་པའི་ལྔ་པ་འབྱུང་ཁུངས་དང་། བྱ་བ་གང་གཞི་གང་གི་ཡིན་པར་སྒྲུབ་པའམ་དེ་དང་འབྲེལ་བར་སྟོན་པའི་དྲུག་པ་འབྲེལ་བ་དང་། གང་ཞིག་གཞི་གང་ལ་གནས་པར་སྟོན་པའི་བདུན་པ་གནས་གཞི་དང་མིང་གི་ཐོག་མར་ཀྱེ་སྦྱར་བ་བརྒྱད་པ་བོད་པའི་སྒྲ་ཡང་དྲང་ཞིང་གཞན་ཡང་རྣམ་དབྱེ་དང་པོའི་ཡན་ལག་སླར་བསྡུ་དང་། ཚིག་ཕྲད་དུ་གཏོགས་པ་ལྷག་བཅས་དང་འབྱེད་སྡུད་དང་བསྣན་པ་དང་བདག་པོའི་སྒྲ་དང་དགག་པ་དང་སྒྲུབ་པ་དང་ཚིག་རྒྱན་དང་དུས་ཏེ་ཚེ་སྐབས་ལའང་འཇུག་པ་དེ་དག་ནི་སྔ་ཤུགས་འདྲེན་པའི་སྒོ་ནས་འབྱུང་བར་འགྱུར་ཏེ་རྒྱས་པར་ནི་སྔར་རྒྱ་ཆེར་བཤད་པ་ལས་ཤེས་པར་བྱའོ། །གསུམ་པ་ནང་གསེས་ཀྱི་དབྱེ་བ་ནི་གཉིས་ཏེ། རྣམ་དབྱེ་དང་། ཚིག་ཕྲད་དོ། །དང་པོ་ནི། དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལས། །སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །ཞེས་གསུངས་ཏེ། བཤད་མ་ཐག་པ་དེ་དག་ནང་གསེས་ཀྱིས་ཕྱེ་ནས་གང་ལ་འཇུག་པ་ནི་མིང་ཚིག་གི་མཐའ་མ་རུ་སྦྱར་བའི་ཚིག་འོག་མའི་མིང་དོན་ལས་ཤེས་པར་བྱ་སྟེ་དེ་ཡང་སྤྱིར་འཇུག་གང་ཞེས་པའམ་ཅི་ཞེས་པ་ལྟ་བུ་ཡོད་ན་དེས་ངེས་བཟུང་གི་དེ་ཞེས་པ་འདྲེན་ནོ་དམ་ཞེས་པ་ནི་འདམ་ཀ་བྱེད་པ་སྟེ་དེར་མ་ངེས་པའོ། །བྱེད་པའི་སྒྲ་ཀྱིས་གྱིས་གིས་ལྟ་བུ་ཡོད་ན་དེས་བྱ་བྱས་ཞེས་པའི་སྒྲ་འདྲེན་པ་དང་དེ་བཞིན་དུ་བཞི་པ་དགོས་ཆེད་དུ་བྱེད་པ་དང་། བདུན་པ་རྟེན་བྱེད་དང་། གཉིས་པ་ལས་སུ་བྱ་བ་དང་། ལྔ་པ་འབྱུང་ཁུངས་ཀྱི་བླང་བ་དང་། དྲུག་པ་འབྲེལ་བ་བསྒྲུབ་པར་བྱ་བ་དང་། བརྒྱད་པ་སྔོན་དུ་ཀྱེ་ཞེས་འོས་པ་སྦྱར་ནས་གནས་ཤིང་ཡོད་པ་གཞི་དེ་དང་དེ་ལ་བོད་པའི་སྒྲ་འཆད་འགྱུར་ལྟར་ཡོད་པ་རྣམས་ཀྱིས་མིང་མཐའ་འདྲེན་ཚུལ་ཡང་ཤེས་པར་བྱའོ། །དེ་ཡང་གང་གི་ཆེད་དུ་ཡོད་ན་དེའི་ཆེད་དུའམ། འདིའི་ཆེད་དུ་ལྟ་བུ་འདྲེན་པ་སོགས་སྔར་སུམ་ཅུ་པ་ལས་ན་བསྟན་པ་རྣམས་སོ། །གཉིས་པ་ནི། གཞན་ཡང་ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དམ་མེད་པ་དང་། །གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ནི་བཀོད་པ་ལས། །བསྐྱར་བ་ཡོད་དམ་མེད་པ་དང་། །ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ན་ཡོད་མེད་དང་། །རྒྱན་དུ་གྱུར་པ་རྣམས་ལ་ཡང་། །དོན་ལ་སྙེགས་པ་ཡོད་མེད་དང་། །བསྟན་བྱ་ལྷག་མ་ཡོད་མེད་དང་། །ཚིག་དོན་རྫོགས་དང་མ་རྫོགས་ཀྱི། །དེ་དག་ནང་གསེས་རྣམ་པར་དབྱེ། །ཞེས་པ་སྟེ། གཞན་ཡང་ཚིག་དོན་འོག་མ་ལས་བསྡུ་རྒྱུ་ཡོད་དམ་མེད་པ་དང་ཚིག་དོན་གོང་མ་ལས་ཀྱང་བསྡུ་རྒྱུ་ཡོད་མེད་དེ་བཞིན་ཏེ་བསྡུ་རྒྱུ་ཡོད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དང་། གཟུགས་སོགས་ཅེས་པ་ལྟ་བུ་དང་། བསྡུ་རྒྱུ་མེད་པ་ནི། འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །བུམ་པའོ། །ཀ་བའོ། །ཡོད་དེ་ལྟ་བུ་དང་། གོང་མ་བསྡུད་པ་ནི། ཇི་སྙེད་ཡོད་ཅེ་ན་དེ་སྙེད་ཅེས་པ་དང་། གང་དང་གང་ཡིན་ན་དེ་དང་དེ་ཡིན་དང་། གང་གི་ཕྱིར་ཞེ་ན། དེའི་ཕྱིར་ཞེས་པ་ལྟ་བུ་ཕྱི་མས་སྔ་མས་སྡུད་པར་མ་ཟད་ཕན་ཚུན་དུ་སྡུད་པའི་ཚིག་གོ །མིང་གི་རྣམ་གྲངས་དང་ནི་བཀོད་པ་དར་བ་དང་རྒྱས་པ་དང་འཕེལ་བ་དང་རྫོགས་པ་ལྟ་བུ་དང་། སྟོང་པ་ཉིད་དང་ཟབ་མོ་དབུ་མ་ཡི་ཞེས་པ་ལྟ་བུ་རྣམས་ལས་ཚིག་ལ་བསྐྱར་བ་དངོས་སུ་མེད་ཀྱང་དོན་ལ་བསྐྱར་བ་ཡོད་དམ་མེད་པར་བརྟག་པ་སྟེ། དེ་ཡང་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་དང་། འུར་འུར་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་སོགས་ཚིག་ལ་དངོས་སུ་བསྐྱར་ཡང་། དོན་ཆེ་འབྲིང་ཆུང་ངུའི་ཁྱད་པར་གྱིས་སོང་བས་བསྐྱར་བ་མེད་ཀྱང་། སྟོང་པ་ཉིད་དང་ཟབ་མོ་ཞེས་པ་ལྟ་བུའི་དོན་ལ་བསྐྱར་བ་ཡོད་དེ། རྟ་པ། ཇ་པ། ཚ་པ་སོགས་ཕོ་སྒྲ་བདག་པོའི་སྒྲ་དང་ནི་སྐྱོན་མེད་པ། འཇིག་པ་མེད་པ་སོགས་མོ་སྒྲ་དག་མིང་གི་མཐའ་སོགས་ན་ཡོད་མེད་དང་། ཚིག་རྒྱན་དུ་གྱུར་པ་སྔར་བཤད་པ་གཉིས་ལས་ཀྱང་འང་ཡང་རྣམས་ལ་ཡང་དོན་ལ་བསྙེགས་པ་ཡོད་མེད་དང་། དེ་བཞིན་དུ། ཀུན་ཏུ། རབ་ཏུ། ཡོངས་སུ། རྣམ་པར། ཐམས་ཅད། མཐའ་དག །རྣམས། ཀུན་ལྟ་བུ་རེ་རེའམ་ཟློས་ཏེ་བྱུང་བ་རྣམས་ལ་ཡང་། དོན་ལ་ལྷག་པ་སྙེགས་པ་ཡོད་མེད་ཤེས་པར་བྱ་ཞིང་། ཡོད་དོ། །ཡིན་ནོ་སོགས་དང་། ཡོད་དེ། ཡིན་ཏེ་འོང་ཞེས་པ་ལྟ་བུའི་བསྟན་བྱ་ལྷག་མ་ཡོད་མེད་དང་། ལྷག་མ་དང་བཅས་མ་བཅས་ཀྱི་དབང་གིས་སྐབས་ཀྱི་ཚིག་དོན་རྫོགས་དང་མ་རྫོགས་པ་སོགས་ཀྱི་དོན་རྗེས་འཇུག་དེ་དག་གི་ནང་གསེས་ཀྱི་བརྗོད་བྱ་ཕྲ་ཞིབ་རྣམ་པར་དབྱེ་བར་བྱའོ། །བཞི་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལ་གཉིས། ཡི་གེའི་ཁྱད་པར་སྤྱིར་བསྟན་པ་དང་། སྐབས་དོན་བཤད་པའོ། །དང་པོ་ལ། ཡི་གེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་གཉིས་ཏེ། བརྡར་བཏགས་པའི་ཡི་གེ་དང་། ཡི་གེ་དངོས་སོ། །དང་པོ་ནི། ཡི་གེའི་གཟུགས་བརྙན་ཏེ། རྒྱ་བོད་ཀྱི་དབྱངས་གསལ་གྱི་ཡི་གེའི་གཟུགས་དང་། གསུང་རབ་པོ་ཏིར་མཛད་པའི་ཡི་གེ་རྣམས་སོ། །འདི་ལ་དབུ་ཅན་དང་དབུ་མེད་ཀྱི་ཁྱད་པར་གཉིས་ཡོད་དོ། །གཉིས་པ་ནི། མིང་ཚིག་གཉིས་ཀྱི་གཞི་བྱེད་པའི་སྐད་ཀྱི་གདངས་ཞིག་སྟེ། རྐྱེན་ནི་རང་ཀུན་ནས་སློང་བྱེད་ཀྱི་ཤེས་པ་ཞིག་ལས་སྐྱེའོ། །དེ་ནི་རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། སྐྱེ་ལ་ཤེས་པའི་སྒྲ་སྐྱེའོ། །ཞེས་དང་། དེ་ཡང་དཔང་ལོས། རྣམ་རྟོག་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས་འབྱུང་བ་ལྟར་རོ། །དེས་ན་ངག་སྨྲ་བ་ཀུན་ཡི་གེའི་རང་བཞིན་དུ་གནས་པ་ཡིན་ནོ། །མིང་ནི། དོན་གྱི་ངོ་བོ་ཙམ་བརྗོད་པ་ཐམས་ཅད་དེ། ལྷ་ཀླུ་མི་སོགས་རེ་རེ་ནས་བརྗོད་པ་རྣམས་དང་། འདི་ལ་དངོས་མིང་དང་བཏགས་མིང་གཉིས། བཏགས་མིང་ལའང་རྒྱུ་མིང་འབྲས། འབྲས་མིང་རྒྱུ། སྤྱི་སྒྲ་བྱེ་བྲག །འདྲ་བ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སོགས་མང་ངོ་། །ཚིག་ནི་མིང་གཉིས་ཕན་ཆད་འདུས་པ་ཞིག་སྟེ། ཀ་བས་གདུང་བཏེག །བུམ་པས་དབང་བསྐུར་ཞེས་པ་ལྟ་བུའོ། །མིང་དང་བརྡའི་ཁྱད་པར་ཡང་། གང་ལ་ཐོག་མར་མིང་བཏགས་པའི་ཚེ། དེ་ལ་མིང་གིས་བརྡ་སྦྱར་བའང་ཡིན་ལ། ཕྱིས་དེ་དང་དེ་ཞེས་བརྗོད་པ་དང་འཛིན་པའི་བློ་ནི་ཐ་སྙད་ཅེས་བྱ་བ་ཡིན་ནོ། །བརྡ་དང་ཐ་སྙད་གཉིས་ནི་འགའ་བ་ཡང་མ་ཡིན་ཏེ། ཐོག་མར་མིང་གིས་བརྡ་སྦྱར་བ་དེ་དག་ཐ་སྙད་བྱས་པའང་ཡིན་པའི་ཕྱིར་རོ། །འདིར་སྒྲ་དོན་འཛིན་པའི་རྟོག་པ་སྐྱེ་ཚུལ་ཞིག་གསུངས་ཀྱང་། ལས་དང་པོ་པ་ལ་དེ་ཙམ་དུ་ཉེ་བར་མི་མཁོ་བའི་ཕྱིར་མ་བྲིས་སོ། །གཉིས་པ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཡི་གེའི་ཁོངས་ན་མིང་ཕྱུང་སྟེ། །མིང་གི་ཁོངས་ནས་ཚིག་བྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་པ་སྟེ། རྗེས་འཇུག་དེ་དག་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན། ཞེས་མཚམས་སྦྱར་ནས། མིང་ཚིག་གི་དོན་གསལ་བར་བྱེད་པ་ནི་སྔོན་རྗེས་ཀྱིི་ཡི་གེ་ལ་རག་ལས་སོ་ཞེས་སྟོན་པར། ཀ་ལ་སོགས་པའི་ཡི་གེ་གཉིས་སམ་དུ་མ་འདུས་པའི་ཁོངས་ནས། ཀ་བ། བུམ་པ་ཞེས་སོགས་ཀྱི་མིང་ཕྱུང་སྟེ། མིང་གཉིས་སམ་དུ་མ་འདུས་པ་དག་གི་ཁོངས་ནས་ནི་ཙནྡན་གྱི་ཀ་བ་དང་། གསེར་གྱི་བུམ་པ་ཞེས་སོགས་ཀྱི་ཚིག་ཕྱུང་ནས་ཚིག་གིས་དོན་རྣམས་སྟོན་པར་བྱེད་པ་སྟེ། ཙནྡན་གྱི་ཀ་བས་བཏེགས་པའི་ཁང་བཟང་གི་སྟེང་ན་གསེར་གྱི་བུམ་པས་རྣམ་པར་མཛེས་ཞེས་པ་ལྟ་བུ་ངག་གི་འཕྲེང་བར་གྲུབ་བོ། །འདིར་དོན་རྣམས་ཞེས་པ་ཞ་ལུ་ཆེན་པོས་རྣམ་པར་ཞེས་པའི་དོན་དུ་བཤད་དོ། །གཉིས་པ་ལ་གཉིས། དོན་གཙོ་བོར་སྟོན་བྱེད་གང་ཡིན་པ་དང་། དེ་ལས་ལྡོག་པ་བསྟན་པའོ། །དང་པོ་ནི། མོ་ཡི་ཡི་གེ་མེད་ན་ནི། །ཕོ་ཡིག་བརྗོད་པར་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་པར་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །ཞེས་པ་སྟེ། ངག་ཏུ་གྲུབ་པ་ནི་རྗེས་འཇུག་ལ་རག་ལས་པ་ཉིད་ཀྱི་ཕྱིར་ན་མོ་ཡི་ཡི་གེ་རྗེས་འཇུག་མེད་ན་ནི། ཕོ་ཡིག་ཀ་ལ་སོགས་འདུས་པ་ཙམ་ཞིག་གིས་ནི། བརྗོད་པའི་དོན་སྟོན་པ་མེད་པར་འགྱུར་ཞིང་མིང་གཞིའི་ཕོ་ཡིག་དེ་དག་རྣམས་ལ་ཡང་། རྗེས་སུ་འཇུག་པར་བཅས་པ་མེད་པར་རྐྱང་པ་ག་སོགས་རེ་རེས་ནི། མིང་དང་ཚིག་ཀྱང་གསལ་བར་བྱེད་མི་ནུས་ལ། མིང་དང་ཚིག་གསལ་བར་བརྗོད་པ་མེད་ན་ནི། དོན་རྣམས་བརྗོད་པ་ཡང་མི་འགྱུར་རོ། །ཞེས་སོ། ཁ་དང་། ཇ་ཉ་ལྟ་བུ་ལ་རྗེས་འཇུག་དངོས་སུ་མེད་ཀྱང་འ་ཡིག་དོན་གྱིས་འཐོབ་ཚུལ་ནི་བཤད་ཟིན་ཏོ། །འདིར་མོའི་ཡི་གེ་ཞེས་སྨོས་པ་ནི། རྗེས་འཇུག་རྣམས་སྤྱིར་མོ་ཡིག་ནང་ཚན་ཡིན་པ་ལ་དགོངས་པའོ། །གཉིས་པ་ནི། དེ་ལྟར་གྱུར་ན་འཇིག་རྟེན་ན། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཇི་ལྟར་འཇིག་རྟེན་སེམས་ཅན་དག །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གྲུབ་མཐའ་གཞན་ཡང་ཡོད་མིན་ན། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །ཞེས་པ་སྟེ། གོང་དུ་བརྗོད་པ་དེ་ལྟར་གྱུར་ན་འཇིག་རྟེན་ན་ཟོ་ཞིག །སོང་ཞིག །འདུག་ཅིག་ཅེས་བྱ་བ་ལ་སོགས་པ་དོན་མཚོན་པའི་བརྗོད་པ་ཀུན་ཀྱང་མེད་པར་འགྱུར། ཕྱི་རོལ་པའི་རིག་བྱེད་བཞི་སྨྲ་བའང་ཡོད་པར་མི་འགྱུར་ཞིང་། ནང་པ་སངས་རྒྱས་པའི་ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི་བསླབ་པ་རྣམས་ཀྱང་མེད་པར་འགྱུར་ཏེ། དཔེ་ཇི་ལྟར་ན། འཇིག་རྟེན་གྱི་ཁམས་ན་སེམས་ཅན་དག་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གྲུབ་པའི་མཐའ་སོགས་གཞན་ཡང་ཡོད་མོད་ཀྱང་། འདི་དང་འདི་འོ་ཞེས་བརྡ་མ་སྦྱར་བར་ཐོག་མ་ནས་རང་ཉིད་ཀྱིས་མི་ཤེས་པ་བཞིན་ནོ། །རྩ་བ་འདིར་མིན་ན་ཞེས་འབྱུང་ཡང་། གཞན་དུ་ཡོད་མོད་ན་ཞེས་བཤད་པ་ལྟར་བྱའོ། །དེ་བཞིན་དུ་ཡི་གེའི་འཇུག་ཚུལ་རྣམས། སྨྲ་བ་ཀུན་ལ་གནས་པར་གྱུར་ཀྱང་། འདི་འདིའོ་ཞེས་བརྡ་མ་སྦྱར་བར་དེ་དག་གི་ཁྱད་པར་རང་རང་གི་གནས་ཚུལ་དེ་ཉིད་ལེགས་པར་མི་ཤེས་པས། ཚིག་འདིས་དོན་འདི་ལྟར་སྟོན་ནོ་ཞེས་དོན་ལ་ཇི་ལྟ་བ་བཞིན་དུ་སྦྱོར་བ་ག་ལ་ཤེས་ཏེ་མི་ཤེས་སོ། །རིག་བྱེད་བཞི་ནི་བརྗོད་ཟིན་ལ། ཕུང་པོ་ནི། གཟུགས་ནས་རྣམ་ཤེས་ཀྱི་བར་ལྔ་དང་། ཁམས་ནི། མིག་སོགས་དབང་པོའི་ཁམས་དྲུག ། གཟུགས་སོགས་ཡུལ་གྱི་ཁམས་དྲུག །མིག་གི་རྣམ་པར་ཤེས་པ་སོགས་རྣམ་ཤེས་ཀྱི་བར་གྱི་ཁམས་དྲུག་སྟེ་བཅོ་བརྒྱད། སྐྱེ་མཆེད་ནི། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་དང་། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་བར་དྲུག་སྟེ་བཅུ་གཉིས་སོ། །གྲུབ་མཐའ་སྨྲ་བ་ལ་རྩ་བའི་སྒོ་ནས་བཞི་སྟེ། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པའོ། །དེ་དག་ཀྱང་། ནང་པའི་དབང་དུ་བྱས་ལ། ཕྱི་ནང་སོ་སོའི་དབྱེ་བ་ལའང་མང་ངོ་། །གསུམ་པ་འཇུག་གི་དོན་ནི། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །ཅེས་པ་སྟེ། རྒྱུ་མཚན་ཇི་སྐད་བཤད་པ་དེའི་ཕྱིར་ན་ཐུ་མི་བདག་གིས་ནི་འདིར། འཇམ་དབྱངས་སྨྲ་བའི་དབང་ཕྱུག་གི་རྗེས་སུ་འབྲང་སྟེ་སྨྲས་པ་འདིའི་དོན་ཀུན་ནི་བོད་ཡུལ་གྱི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་གྱུར་ཅིག་ཅེས་སོ། །དབང་ཕྱུག་གིས་ཞེས་ས་མཐའ་བྲིས་པ་ནི་ཡིག་ནོར་དུ་མངོན་ལ། འདི་ཀུན་ཞེས་པའི་དོན་འགྲེལ་པ་གཞན་དུ་བོད་ཡུལ་གྱི་སྐྱེ་བོ་ཀུན་གྱི་ཞེས་སྦྱར་ཡང་། ཁོ་བོའི་བསམ་ཚོད་ནི་སྔར་ལྟར་ཏེ་བརྟགས་པར་བྱའོ། །བྱཱ་ཀ་ར་ཎ་སོགས་ནི་སླའོ། །སྨྲས་པ། ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་སྟེ། །རྩ་བ་དབྱངས་དང་གསལ་བྱེད་རྣམ་པ་གཉིས། །དེ་དག་བོད་ཡིག་གཟུགས་སུ་གངས་ཅན་དུ། །ཐོག་མར་གཏན་འབེབས་ཐུ་མི་ལས་གཞན་སུ། །གང་དེའི་བཞེད་སྲོལ་སུམ་རྟགས་པདྨོའི་ཁ། །ལེགས་བཤད་སྣང་བའི་ཟེར་གྱིས་ཕྱེ་བ་འདིར། །དོན་གཉེར་སྦྲང་རྩི་འཛིན་པའི་རྐང་དྲུག་དག །དགའ་བའི་དར་དིར་སྒྲོགས་བཞིན་འཇུག་པར་རིགས། ། ཚུལ་འདིར་འབད་པ་ལས་འཁྲུངས་དགེ་བའི་ཆ། །ཇི་སྙེད་ཐོབ་དེ་མཐའ་དག་འགྲོ་བ་ཀུན། །འཆད་བྱ་འཆད་བྱེད་དོན་ལ་ཐོགས་མེད་པའི། །སོ་སོ་ཡང་དག་རིག་བཞི་འགྲུབ་ཕྱི་བསྔོ། །ཞེས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དགོངས་དོན་གསལ་བར་བྱེད་པའི་སྣང་བ་ཞེས་བྱ་བ་འདི་ནི། རྒྱ་ཐང་དཀའ་བཅུ་འཇམ་དབྱངས་སྦྱིན་པ་དང་གནས་བརྟན་དཔལ་འབྱོར་རྒྱ་མཚོ་གཉིས་ཀྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སྦྱར་བའོ།། །།


previousསུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ།next