Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
བསངས་ཡིག་འདོད་རྒུའི་འབྱུང་གནས།
   
   
   
   
   
   
   
   
   
   
   
   
   
   
   


 
previousབསངས་ཡིག་འདོད་རྒུའི་འབྱུང་གནས།next

བསངས་ཡིག་འདོད་རྒུའི་འབྱུང་གནས།

བསངས་ཡིག་འདོད་རྒུའི་འབྱུང་གནས་བཞུགས།

དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་བསང་མཆོད་བྱ་ཚུལ་མདོར་བསྡུས་ཞིག་བཤད་པར་བྱ་སྟེ། དེ་ཡང་བསངས་རྫས་རྣམས་ཕུན་སུམ་ཚོགས་པར་བྱས་ལ། རང་ཉིད་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་པས་ཀྱང་རུང་ཞིང་། གསང་བདག་གི་ང་རྒྱལ་ལ་གནས་ན། རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཕྱར་སྟབས་སུ་འཛིན་ཅིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དར་སྔོན་དང་སྦྲུལ་དང་རིན་པོ་ཆེས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་། གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པར་གྱུར། ༀ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསངས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་བསངས་ཆེན་དྲི་བསུང་ཞིམ་པོ་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར། ཨཱ་ཝཱརྟཱ་ཡ་ཨཱ་ཝཱརྟཱ་ཡ་ཧོ། བཛྲ་སྥ་ར་ཎ། བཾ་སྭཱ་ཧཱ་ལན་གསུམ། ༀ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟ་ཨཱཿཧཱུཾ་ནས། རཱུ་པ་ཨཱཿཧཱུཾ་ནས། སྤཪྴ་ཨཱཿཧཱུཾ། རྒྱས་པར་ནི་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་རླབས་བྱའོ། །བདག་གི་བསམ་པའི་སྟོབས་དང་ནི། ཞེས་པ་ནས། ཐོགས་པ་མེད་པར་འབྱུང་འགྱུར་ཅིག །བར་དང་། དེ་ནས་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། བླ་མ་རྒྱལ་བ་ཞི་ཁྲོ་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལྷ་ཀླུ་གཞི་བདག་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཀྱཻ་རང་བཞིན་ཆོས་སྐུའི་གཞལ་ཡས་ནས། །ཐུབ་དབང་རྡོ་རྗེ་འཆང་ཆེན་སོགས། །རྩ་བརྒྱུད་བླ་མ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །གསང་བདེ་འཇིགས་གསུམ་ལ་སོགས་པ། །རྒྱུད་སྡེ་བཞི་དང་འབྲེལ་བ་ཡི། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །སྨན་བླ་མི་འཁྲུགས་ཚེ་དཔག་མེད། །བདེ་གཤེགས་རིགས་ལྔ་ལ་སོགས་པ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །འཇམ་དབྱངས་ཀུན་བཟང་སྤྱན་རས་གཟིགས། ཕྱག་རྡོར་བྱམས་མགོན་ལ་སོགས་པ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །འོད་སྲུང་རབ་འབྱོར་ཤཱ་རིའི་བུ། །ཀུན་དགའ་ཉེ་བར་འཁོར་ལ་སོགས། །ཉན་རང་འཕགས་པ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །མཁའ་འགྲོ་སྡེ་ལྔ་ལ་སོགས་པ། །གནས་གསུམ་དག་ན་བཞུགས་པ་ཡི། །དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཕྱག་དྲུག་ཕྱག་བཞི་ཞལ་བཞི་པ། །གུར་མགོན་ཆོས་རྒྱལ་ལྷ་མོ་སོགས། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཚངས་པ་བརྒྱ་བྱིན་དབང་ཕྱུག་དང་། ཁྱབ་འཇུག་ཚོགས་ཀྱི་བདག་པོ་སོགས། །ལྷ་ཀླུ་སྡེ་བརྒྱད་ཐམས་ཅད་ཀྱང་། དེ་རིང་མདུན་གྱི་ནམ་མཁར་བྱོན། །ས་ཡི་ལྷ་མོ་བརྟན་མ་དང་། །ས་འཛིན་ལག་པ་ཆེན་པོ་སོགས། །ས་བདག་གཞི་བདག་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །སྡོམ་ཁྲོམ་བྲག་དཀར་ལ་སྔོན་སོགས། །མདོ་སྨད་གཞི་བདག་གནས་བདག་དང་། ཁྱད་པར་ཡུལ་འདིའི་གཞི་བདག་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །༈ ཀྱཻ་འཇིག་རྟེན་འཇིག་རྟེན་ལས་འདས་པའི། །མཆོད་ཡུལ་འཁོར་དང་བཅས་པ་རྣམས། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །རྒྱལ་སྲིད་རིན་ཆེན་བདུན་གྱིས་མཆོད། །རྩ་བརྒྱུད་བླ་མ་ཐམས་ཅད་ཀྱང་། །དྲི་ཞིམ་བསངས་ཀྱི་དུད་པས་མཆོད། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱང་། །དྲི་ཞིམ་བསངས༴ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །དྲི༴ བྱང་ཆུབ་སེམས་དཔའ༴ དྲི༴ ཉན་རང་འཕགས་པ༴ དྲི༴ དཔའ་བོ་མཁའ་འགྲོ༴ དྲི༴ ཆོས་སྐྱོང་སྲུང་མ༴ དྲི༴ ལྷ་ཀླུ་སྡེེ་བརྒྱད༴ དྲི༴ ས་བདག་གཞི་བདག༴ དྲི༴ ཡུལ་འདིའི་གཞི་བདག༴ བསངས་ཀྱི་མཆོད་པ་རྒྱ་ཆེན་འདིས། །རྩ་བརྒྱད་བླ་མ་ཐམས་ཅད་བསངས། །ཡི་དམ་ལྷ་ཚོགས༴ ཕྱོགས་བཅུའི་སངས་རྒྱས༴ བྱང་ཆུབ་སེམས་དཔའ༴ ཉན་རང་འཕགས་པ༴ དཔའ་བོ་མཁའ་འགྲོ་ཐམས་ཅད༴ ཆོས་སྐྱོང་སྲུང་མ༴ ལྷ་ཀླུ་སྡེ་བརྒྱད༴ ས་བདག་གཞི་བདག་ཐམས་ཅད༴ ཡུལ་འདིའི་གཞི་བདག་ཐམས་ཅད་བསངས། ༈ །ཀྱཻ་མགྲོན་དུ་འོས་པ་ཁྱེད་རྣམས་ཀྱི། །བསངས་མཆོད་རྒྱ་ཆེན་འདི་བཞེས་ནས། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། གནོད་ཅིང་འཚེ་བ་ཐམས་ཅད་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སུམ་བརྒྱ་དྲུག་ཅུ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ བྱིས་པའི་གདོན་ཆེན་བཅོ༴ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ༴ ལྷ་ཡི་གནོད་པ་ཟློག་ཏུ་གསོལ། གླུ་ཡི་གནོད་པ༴ སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ གཟའ་ཡི༴ རྒྱུ་སྐར་གནོད༴ སྲི་ངན༴ གོད་ཁའི༴ ཆགས་ཆེའི་གནོད་པ་ཟློག་ཏུ་གསོལ། །མདོར་ན་མི་མཐུན་མི་ཤེས་པའི། །རྐྱེན་ངན་བར་ཆད་ཀུན་ཞི་ནས། །འདོད་རྒུའི་རེ་བ་རྫོགས་བྱེད་པའི། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །རབ་བརྟན་ཚེ་ཡི་དངོས་གྲུབ༴ རབ་མཛེས་གཟུགས་ཀྱི༴ རབ་སྙན་སྒྲ་ཡི༴ རབ་ཞིམ་དྲི་ཡི༴ རབ་མངར་རོ་མཆོག༴ རབ་འཇམ་རེག་བྱའི༴ མྱུར་མགྱོགས་རྟ་ཡི༴ འདོད་འཇོ་བཞོན་མའི༴ བཅུད་ལྡན་ཟས་ཀྱིས༴ དགོས་འདོད་རིན་ཆེན༴ གཏེར་ཆེན་བུམ་བཟང་༴ མཁོ་རྒུའི་ཡོ་བྱད༴ དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཀྱཻ་མཆོད་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། ། འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན། །ལེགས་པར་སྒྲུབ་པའི་གནས་སྐབས་སུ། །མཆོད་པ་ངན་ཞིང་མ་ཚངས་དང་། །དགྱེས་པར་བསྐྱེད་པའི་ནུས་མེད་སོགས། །ནོངས་པར་གྱུར་པའི་ཉེས་པ་རྣམས། ཁྱོད་རྣམས་སྤྱན་སྔར་མཐོལ་བཤགས་ཀྱིས། །བཟོད་པར་བཞེས་ཏེ་རང་རང་གི །གནས་སུ་སླར་ཡང་གཤེགས་པར་མཛོད། །རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཡི༴ སངས་རྒྱས་རྣམས་ཀྱི༴ སེམས་དཔའི་ཚོགས་ཀྱི༴ ཉན་རང་འཕགས་པའི༴ དཔའ་བོ་མཁའ་འགྲོའི༴ ཆོས་སྐྱོང་རྣམས་ཀྱི༴ མི་ལ་ཚེ་དཔལ་བཀྲ་ཤིས་ཤོག ། ཕྱུགས་ལ་གཡང་གི་བཀྲ་ཤིས་ཤོག །ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག ཁྱིམ་ལ་འབྱོར་བའི་བཀྲ་ཤིས་ཤོག །གཡང་ཆགས་མི་འགྱུར་བཀྲ་ཤིས་ཤོག །བཀྲ་ཤིས་རྒྱུན་མི་ཆད་པར་ཤོག །དོན་རྣམས་ཐམས་ཅད་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ།། བཀྲ་ཤིས།། །།


previousབསངས་ཡིག་འདོད་རྒུའི་འབྱུང་གནས།next