Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
མི་འཁྲུགས་པའི་ཞིང་མཆོག་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   


 
previousམི་འཁྲུགས་པའི་ཞིང་མཆོག་སྒོ་འབྱེད།next

མི་འཁྲུགས་པའི་ཞིང་མཆོག་སྒོ་འབྱེད།

མི་འཁྲུགས་པའི་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་བཞུགས།

མོ་གུ་རུ་མཉྫུ་གྷོ་ཥ་ཡ། གང་གི་མཚན་ཙམ་དྲན་པས་ཉེས་པའི་ཚོགས། །མ་ལུས་དྲུང་ནས་འབྱིན་མཛད་བཅོམ་ལྡན་འདས། །མངོན་པར་དགའ་བའི་ཞིང་གི་དཔལ་གྱུར་པ། །རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །འདིར་ཐུབ་པའི་དབང་པོས། ཐར་པ་ཆེན་པོ་ལས། ངས་ནི་མི་འཁྲུགས་འཇིག་རྟེན་དང། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །ཤིན་ཏུ་རྣམ་དག་མཐོང་བ་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །ཞེས་སོགས་མདོ་སྡེ་དུ་མ་ལས་ཀྱང་བསྔགས་ཤིང་། ཁྱད་པར་དུ་དཀོན་མཆོག་བརྩེགས་པ་ནས་རྒྱས་པར་གསུངས་པ་སངས་རྒྱས་མི་འཁྲུགས་པའི་ཞིང་གི་འབྱོར་བ་དང་། དེར་སྐྱེ་བའི་རྒྱུ་སོགས་མདོ་དེ་ལས་བཤད་པ་རྣམས་བཀོད་ན་མང་བར་འགྱུར་བས། སྨོན་ལམ་གྱི་ངོ་བོ་ཙམ་བརྗོད་པར་བྱའོ། །དེ་ཡང་འདི་ལྟར། ཤར་ཕྱོགས་སངས་རྒྱས་ཞིང་སྟོང་ཕྲག་གཅིག་ནས། ། བདེ་གཤེགས་མི་འཁྲུགས་རྒྱལ་བ་སྲས་བཅས་རྣམས། །འཁོར་བཅས་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །འདིར་གཤེགས་སྨོན་པ་འགྲུབ་པའི་དབང་པོ་མཛོད། ། སྔོན་ཚེ་འཇིག་རྟེན་ཀུན་གྱི་འདྲེན་པ་མཆོག །སྤྱན་ནི་ཆེན་པོ་ཞེས་བྱ་རྒྱལ་བའི་དྲུང་། །དམ་བཅས་སྨོན་ལམ་ཇི་བཞིན་ཡོངས་རྫོགས་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །གྲངས་མེད་བསྐལ་པར་ཡུན་རིང་བརྟན་པར་བཞུགས་འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་འཆི་བའི་དུས་མངོན་དུ་གྱུར་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འཁོར་རྒྱ་མཚོ་ལྟ་བུས་བསྐོར་བའི་དབུས་ན་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག །མཐོང་མ་ཐག་ཏུ་རྒྱལ་བ་སྲས་དང་བཅས་པ་ལ་དམིགས་པའི་དད་པ་ཤུགས་དྲག་པོ་སྐྱེས་པའི་མཐུས་ཤི་འཕོས་ཏེ་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང་། སྤོབས་པ་དང་། མངོན་པར་ཤེས་པ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མ་ལུས་པ་མངོན་དུ་གྱུར་ཏེ། རྒྱལ་བ་མི་འཁྲུགས་པ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་མཉེས་པར་བྱས་ནས་དེ་རྣམས་ཀྱིས་བསྟན་པའི་དམ་པའི་ཆོས་མཐའ་དག་ཉན་ཅིང་འཛིན་པར་གྱུར་ཅིག །དེའི་ཚེ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེན་པོ་ལ་སོགས་པའི་སྤྱོད་པ་ཅི་འདྲ་བ་དེ་འདྲ་བའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ནུས་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་རྒྱལ་བ་མི་འཁྲུགས་པས་སྔོན་སངས་རྒྱས་སྤྱན་ཆེན་པོའི་དྲུང་དུ་སྨོན་ལམ་ཇི་ལྟར་བཏབ་ནས་མཐར་ཕྱིན་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་སྒྲུབ་པར་གྱུར་ཅིག །བདག་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ན། ངན་སོང་གི་མིང་ཡང་མི་གྲགས་ཅིང་། ཤིན་ཏུ་ཡོངས་སུ་དག་པ་དང་། འཁོར་ཕུན་སུམ་ཚོགས་པ་ཤ་སྟག་ཀུན་ནས་འབྱུང་བ་སོགས་སྣོད་བཅུད་ཀྱི་འབྱོར་བ་ཆེ་བ་མངོན་པར་དགའ་བའི་ཞིང་ལྟ་བུར་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ནམ་ཞིག་འཆི་བའི་མཚན་མ་མཐོང་བའི་ཚེ། །བདེ་གཤེགས་མི་འཁྲུགས་འཁོར་ཚོགས་རྒྱ་མཚོར་བཅས། །མངོན་སུམ་མཐོང་ནས་ཤུགས་དྲག་དད་པའི་མཐུས། །ཤི་འཕོས་མངོན་དགའི་ཞིང་དུ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་གཟུངས་སྤོབས་མངོན་ཤེས་སོགས། །གྲངས་མེད་ཡོན་ཏན་ཚོགས་ཀྱིས་རྒྱུད་ཕྱུག་སྟེ། །བདེ་གཤེགས་སྲས་དང་བཅས་པ་མཉེས་བྱས་ནས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པར་ཤོག །མི་འཁྲུགས་རྒྱལ་བའི་སྲས་ཀྱི་ཐུ་བོ་མཆོག །བྱང་སེམས་སྤོས་ཀྱི་གླང་པོ་ཆེ་སོགས་ཀྱི། །རླབས་ཆེན་སྤྱོད་པ་ཅི་འདྲ་དེ་འདྲ་བ། །མཐའ་དག་ཡོངས་སུ་རྫོགས་པར་བྱེད་པར་ཤོག །སྔོན་ཚེ་བྱང་ཆུབ་སེམས་དཔའ་མི་འཁྲུགས་པས། །སངས་རྒྱས་སྤྱན་སྔར་དམ་བཅས་མཐར་ཕྱིན་ཏེ། །དག་པའི་ཞིང་དུ་མངོན་པར་སངས་རྒྱས་པའི། །ཞིང་མཆོག་དེ་འདྲར་སངས་རྒྱས་འགྱུར་བར་ཤོག །སངས་མ་རྒྱས་པའི་སྐྱེ་བ་ཐམས་ཅད་དུའང་རྟག་ཏུ་དལ་འབྱོར་གྱི་རྟེན་རྣམ་པར་དག་པ་ཐོབ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་ནུས་པར་གྱུར་ཅིག །རྟེན་དེ་ཡང་རིགས་གཟུགས་སོགས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་རྒྱལ་བའི་གསུང་རབ་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་དག་པའི་ཞིང་གང་དུ་སྐྱེས་ཀྱང་སྙིང་རྗེ་ཤུགས་དྲག་པོས་ཀུན་ནས་བསླངས་ཏེ། མ་དག་པའི་ཞིང་རྣམས་སུ་ཡང་རྫུ་འཕྲུལ་གྱིས་ཐོགས་མེད་དུ་བགྲོད་ནས་སེམས་ཅན་རང་རང་གི་སྐལ་པ་དང་འཚམ་པའི་ཆོས་བསྟན་པ་ལ་བརྟེན་ནས་རྒྱལ་བའི་ལམ་བཟང་རྣམ་པར་དག་པ་ལ་འགོད་ནུས་པར་གྱུར་ཅིག །དེ་ལྟར་འགོད་པ་ལ་ཐབས་མཁས་པའི་མཁྱེན་རབ་ཐོགས་པ་མེད་པར་འཇུག་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་ཕྱིན་པ་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུར་གྱུར་ཅིག །སྙིང་རྗེའི་གོ་ཆ་བཙན་པོས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་དག་ལ་ཞུམ་པ་མེད་པར་སློབ་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པའི་གེགས་སུ་གྱུར་པ་བདུད་དང་མུ་སྟེགས་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ཐོགས་མེད་དུ་འཇོམས་པར་བྱེད་ནུས་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་གསང་བའི་བདག་པོ་ལྟ་བུར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་མ་དག་པའི་ཞིང་གི་འགྲོ་བ་འདུལ་བ་ལ་མཉམ་མེད་ཤཱཀྱའི་རྒྱལ་བ་དང་། ལུས་དང་སེམས་ཀྱི་ནད་ཐམས་ཅད་འཇོམས་པར་བྱེད་པ་ལ་བདེ་བར་གཤེགས་པ་སྨན་གྱི་བླ་མ་དང་། དུས་མ་ཡིན་པའི་འཆི་བ་ཐམས་ཅད་འཇོམས་པར་བྱེད་པ་ལ་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལྟ་བུར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་དྲུང་དུ་གསུང་རབ་མཐའ་དག་ལ་ཐོས་པ་ངོམས་མེད་དུ་བྱས་ནས་དོན་ཐམས་ཅད་ཁོང་དུ་ཆུད་དེ་ཉམས་སུ་ལེན་པའི་སྒོ་ནས་རྒྱལ་བའི་དམ་ཆོས་མ་ལུས་པ་ཡོངས་སུ་འཛིན་པ་ལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལྟ་བུར་གྱུར་ཅིག །མདོར་ན་བདག་ཉིད་སྡུག་བསྔལ་གསུམ་གྱིས་མནར་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་མཐོང་བའི་སྙིང་རྗེ་ཆེན་པོས་ཡིད་བསྐུལ་ཏེ། བསྐལ་པ་གྲངས་མེད་པ་རྣམས་སུ་ཡང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་དགོས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ལ་ཞུམ་པའི་བློ་ནམ་ཡང་མི་སྐྱེ་ཞིང་སྤྲོ་བར་འཇུག་པའི་སྒོ་ནས་རྒྱལ་བའི་གོ་འཕང་བདེ་བླག་ཏུ་ཐོབ་པར་གྱུར་ཅིག །ཇི་སྲིད་གོ་འཕང་མཆོག་དེ་མ་ཐོབ་པར། དེ་སྲིད་དལ་འབྱོར་ཚང་བའི་རྟེན་རྙེད་ནས། །རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་ཕུང་པོ་སོགས། །ཡོན་ཏན་མ་ལུས་ཡོངས་སུ་འཛིན་པར་ཤོག །དག་པའི་ཞིང་དུ་སྐྱེས་ཀྱང་མ་དག་པའི། །ལུས་ཅན་མ་ལུས་འདྲེན་པར་བྱེད་པ་ལ། །རྗེ་བཙུན་མཁྱེན་པའི་གཏེར་དང་ཐུགས་རྗེའི་བདག །མཐུ་སྟོབས་དབང་ཕྱུག་ཉིད་དང་མཚུངས་པར་ཤོག །སྙིགས་མའི་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག ། སྡུག་བསྔལ་དུག་གསུམ་ནད་སེལ་སྨན་གྱི་བླ། །དུས་མིན་འཆི་བ་འཇོམས་མཛད་ཚེ་དཔག་མེད། །མཛད་པ་ཅི་འདྲ་དེ་བཞིན་བདག་གྱུར་ཅིག །སྐྱེ་བ་ཀུན་དུ་དགེ་བའི་བཤེས་གཉེན་གྱིས། །ཡོངས་སུ་བཟུང་ནས་རྒྱལ་བའི་དམ་ཆོས་ཀུན། །བཤད་སྒྲུབ་གཉིས་ཀྱིས་ཡོངས་སུ་འཛིན་པ་ལ། །ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་བཞིན་ཤོག །མདོར་ན་རང་ཉིད་སྡུག་བསྔལ་གྱིས་གཟིར་བ། །དེ་བཞིན་སེམས་ཅན་ཀུན་ལ་མཚུངས་མཐོང་བའི། །སྙིང་རྗེ་ཆེན་པོས་ཡིད་རབ་དྲང་པའི་མཐུས། །མ་ཞུམ་སྤྱོད་པས་བྱང་ཆུབ་སྒྲུབ་པར་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །ཞེས་སོགས་ཀྱང་བརྗོད་དོ། །ཞེས་མི་འཁྲུགས་པའི་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ནི། གདམས་པ་སྤྱི་དང་ཁྱད་པར་དུ་སྔ་འགྱུར་ཐེག་པ་ལ་མཁས་པའི་རྣམ་དཔྱོད་ཅན་དགེ་སློང་རྒྱལ་མཚན་དཔལ་བཟང་གིས་བསྐུལ་བའི་ངོ་བོར། སྙོམ་ལས་པ་ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་བཤད་སྒྲུབ་མིང་ཅན་གྱིས་དཀོན་བརྩེགས་དང་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་ལེགས་བཤད་ལ་བརྟེན་ནས་བགྱིས་པ་ལགས་སོ། །སྨྲས་པ། ཇི་ལྟར་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། །བསྐལ་བཟང་བྱང་སེམས་སྟོང་ཕྲག་རྣམས་ཀྱི་ནང་། ཁྱོད་འདྲ་གཅིག་ཀྱང་མེད་ཅེས་རབ་བསྔགས་པ། །སྔོན་གྱི་རྒྱལ་བའི་སྲས་པོ་མི་འཁྲུགས་པ། །ཞིང་མཆོག་མངོན་པར་དགའ་བར་སངས་རྒྱས་ནས། །སླར་ཡང་བདེ་གཤེགས་མི་འཁྲུགས་དབང་པོར་གྲགས། །གང་གི་མཚན་བཟུང་སངས་རྒྱས་གཞན་དག་མཚན། །བཟུང་ལས་ལྷག་ཅེས་མདོ་སྡེ་ལས་ནི་བཤད། །གང་དེའི་འཁོར་དང་ཞིང་གི་འབྱོར་པ་རྣམས། །ཇི་བཞིན་བརྗོད་པར་ནུས་པ་མ་ཡིན་ཞེས། །གསུངས་པས་བདེ་བར་གེགས་པའི་ཡོན་ཏན་ཀུན། །རྫོགས་པར་བརྗོད་པར་བདག་ལྟས་ག་ལ་ནུས། །འོན་ཀྱང་བློ་ལྡན་འགའ་ཡིས་བསྐུལ་བའི་ངོར། མཁའ་ལྡིང་འཕུར་ཤུས་བྱིའུས་འཇུག་པ་བཞིན། །མཁས་དབང་ཉི་ཟླ་བགྲོད་ཤུལ་མེ་ཁྱེར་བདག །ཅུང་ཟད་འཇུག་ལ་དམ་བས་མི་ཁྲེལ་སྙམ། །བརྗོད་བྱ་དོན་གྱི་ལང་ཚོ་མི་དམན་ཡང་། །རྗོད་བྱེད་ཚིག་གི་རྒྱན་གྱིས་མ་སྤྲས་ཤིང་། །བྱེད་པོ་འཁོར་སློབ་གྲོགས་འབྱོར་གྱིས་དབེན་པས། །ཉེས་པར་སྨྲས་པའི་རྡུལ་གྱིས་ཅིས་མི་གོས། །དེ་ལྟ་ན་ཡང་ལེགས་བཤད་ཆུ་འཛིན་ལས། །མངོན་པར་བྱུང་བའི་དགེ་ལེགས་ཆར་གྱི་རྒྱུན། །དུས་གསུམ་དགེ་ཚོགས་གངྒཱའི་ཆུ་ཀླུང་དང་། །ལྷན་ཅིག་ཀུན་མཁྱེན་རྒྱ་མཚོ་ཆེན་པོར་བསྔོ། །རྒྱལ་སྲས་ཀུན་གྱི་གཙུག་རྒྱན་ཀུན་ཏུ་བཟང་། །སྨོན་ལམ་བཟང་པོ་སྤྱོད་པ་བཟང་པོ་མཆོག །ལོངས་སུ་རྫོགས་པར་འགྲུབ་པའི་རྫོགས་སངས་རྒྱས། །བདེ་བླག་ཐོབ་བྱེད་ལམ་འདིས་ཐོབ་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །མི་འཁྲུགས་རྒྱལ་བའི་ཞིང་དུ་སྐྱེས་ནས་ཀྱང་། །སྨོན་ལམ་འདི་དག་ཐམས་ཅད་རབ་རྫོགས་ཏེ། །འགྲོ་བའི་དོན་དུ་སངས་རྒྱས་འགྱུར་བར་ཤོག ། ཅེས་ཀྱང་སྨྲས་སོ།། བཀྲ་ཤིས།། །།


previousམི་འཁྲུགས་པའི་ཞིང་མཆོག་སྒོ་འབྱེད།next