Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
འཕོ་བའི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   


 
previousའཕོ་བའི་རྣལ་འབྱོར།next

འཕོ་བའི་རྣལ་འབྱོར།

འཕོ་བའི་རྣལ་འབྱོར་བཞུགས།

ན་མོ་ཨཀྵོ་བྷྱཿ འདིར་འཕོ་བའི་རྣལ་འབྱོར་ཞིག་གཞན་ལ་ཕན་འདོད་ཀྱི་བསམ་པས་བྲི་བར་བྱ་སྟེ། དེ་ཡང་། རྗེ་དགེ་འདུན་རྒྱ་མཚོ། པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་རང་གི་རྩ་བའི་བླ་མ་དང་རྡོ་རྗེ་འཇིགས་བྱེད་བྱམས་པ་སོགས་ཀྱི་རྣལ་འབྱོར་དང་སྦྱར་བའི་འཕོ་བ་དུ་མ་ཞིག་གསུངས་པ་ལྟར། མི་འཁྲུགས་པའི་བླ་མའི་རྣལ་འབྱོར་དང་སྦྱར་བའི་འཕོ་བའང་ཤིན་ཏུ་རུང་བར་མཐོང་ནས་འདི་ལྟར་བརྗོད་པར་བྱའོ། །དེ་ཡང་རང་གིས་སྦྱོང་བ་དང་འདེབས་པའི་ཚུལ་གཉིས་ཀྱིས་བཤད་ན། དང་པོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་སེང་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་རྒྱལ་བ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ། ནས་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱལ་བ་མི་འཁྲུགས་པ་ལ་སངས་རྒྱས་དང་། ༴ སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་སོགས་མང་དུ་བརྗོད། རྒྱས་པར་ནི་ཡན་ལག་བདུན་པ་བྱ། དེ་ནས་ཕྱག་འཚལ་ལོ་ཞེས་པ། གསོལ་བ་འདེབས་སོ། །ཞེས་པར་བསྒྱུར་ཏེ་མང་དུ་བརྗོད་ལ། རང་གི་ལུས་ཀྱི་དྲང་ཐད་ཀྱི་ནང་རྩ་དབུ་མ་མདའ་སྨྱུག་ཙམ་ཞིག་མར་སྣ་ལྟེ་འོག་དང་ཡར་སྣ་ཚངས་བུག་ཏུ་ཟུག་པ། སྙིང་ཁའི་ཐད་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་རྒྱ་སྲན་ཙམ་འཕུར་ལ་ཁང་པ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པར་བསམས་ཏེ། སྔར་གྱི་གསོལ་འདེབས་ཀྱི་འཕྲོར། བཅོམ་ལྡན་འདས་བདག་ལ་ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབ་ཏུ་གསོལ། ཞེས་སྦྱར་བ་ཅི་ནུས་བྱ། མཐར། ཞེས་གསོལ་བ་བཏབ་པས། ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་ནར་གྱིས་བྱུང་སྟེ། རང་གི་ཚངས་བུག་ནས་ཞུགས། རང་སེམས་ཐིག་ལེར་གསལ་བ་ལ་ཟུག་པར་བསམས་ལ། འོག་རླུང་གྱེན་དུ་འཐེན་པ་དག་མཉམ་དུ་ཧི་ཀ་ཅེས་བརྗོད་པས། ཐིག་ལེ་དབུ་མའི་ལམ་ནས་ཡར་སོང་སྟེ་ཚངས་བུག་ལ་ཟུག་ཙམ་རེ་བྱས་སླར་འབེབས། དེ་ལྟར་རེ་མོས་བྱེད་པའི་ཚུལ་གྱིས་ཞག་བདུན་ནས་གསུམ་སོགས་སྦྱངས་པས་རྟགས་འབྱུང་། མཐར། རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་མོ། །གཉིས་པ་རང་འཆི་བའི་ཚེ། གསོལ་འདེབས་ཀྱི་བར་སྔར་ལྟར་བྱས་པའི་མཇུག་ཏུ། མངོན་དགའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཅེས་སྦྱར་བའང་ལན་མང་དུ་བརྗོད་པའི་མཐར། ཧི་ཀ་ཕཊ། ཅེས་བརྗོད་པས། རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་དབུ་མའི་ལམ་ནས་ཡར་འཕངས་ཏེ་ཚངས་བུག་ནས་རྒྱངས་ཀྱིས་བྱུང་། རྒྱལ་བའི་ཐུགས་ཀར་ཐིམ་པས། དེ་ཉིད་མངོན་དགའི་ཞིང་དུ་བྱོན། རྣམ་ཤེས་ཐུགས་ནས་སླར་འཐོན་ཏེ། ཞིང་དེར་སྐྱེས་པར་བསམ་པ་མང་ཉུང་སྐབས་དང་བསྟུན་ནས་བྱའོ། །ཅེས་པ་འདི་ཡང་ཞིང་བཀོད་དང་སྨོན་ལམ་གཉིས་ཀྱི་ཡན་ལག་ཏུ་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ།། །།


previousའཕོ་བའི་རྣལ་འབྱོར།next