Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
སྣ་ཚོགས་ཀྱི་སྐོར།
   
   
   
   
   
   
   
   
   
   
   


 
previousསྣ་ཚོགས་ཀྱི་སྐོར། next

སྣ་ཚོགས་ཀྱི་སྐོར།

སྐྲ་ཆོག་སོགས་སྣ་ཚོགས་བཞུགས།

ཚེ་ལྡན་གྱི་སྐྲའམ་ཚེ་འདས་ཀྱི་དོན་དུ་རུས་ཆོག་བྱེད་པར་འདོད་ན། རྫས་མགུལ་འཆིང་དང་བཅས་པའི་བུམ་པ་སྟ་གོན་བྱས་ལ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་བསལ་བར་གྱུར། བུམ་པ་ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ། པད་ཟླའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས་དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་། གཡོན་མཉམ་གཞག་གི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་ཡོད་ན་བྱིན་གྱིས་བརླབས་ལ། ༀ་ཨཀྵོ་བྷྱཿ ཨརྒྷཾ་སོགས་ཀྱིས་མཆོད་ལ། ཆོས་དབྱིངས་རང་བཞིན་ཨིནྡྲ་ནི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་གཞག་ཅན། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་འོད་དང་བདུད་རྩིའི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། ཀཾ་ཀ་ནི་ཅི་ནུས་དང་མཐར་ཡིག་བརྒྱ་བཟླས་ཏེ། བུམ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམས། དེ་ནས་སྐྲ་ཡོད་ན་སྐྲ་དང་རུས་པ་ཡོད་ན། རུས་པ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་འདྲེས་ཏེ་སྐྲའམ་རུས་པ་ལ་ཐིམ་པས་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་བར་བསམས་ལ། ཀཾ་ཀ་ནི་དང་ངན་སོང་སྦྱོང་བའི་སྔགས་དང་། ༀ་བཛྲ་པྲ་མརྡ་ན་ཡེ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་ཞིང་བུམ་པའི་ཆུས་ཁྲུས་བྱ། བར་བར་དང་མཐར་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་བརྗོད། རྒྱས་པར་འདོད་ན་འདི་ཉིད་སྦྱིན་པའི་རང་བཞིན་ཆུ་ཞེས་སོགས་ཕྱིན་དྲུག་རེ་རེའི་མཐར། ཀཾ་ཀ་ནི་ཞེས་བརྗོད་ཅིང་། དེ་བཞིན་དུ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཞེས་སོགས་ལའང་སྦྱར་ཏེ་བཀྲུ་བར་བྱའོ། །ཡང་། རུས་ཆོག་བསྡུས་པ་བྱེད་ན། རང་ཉིད་མི་འཁྲུགས་པ་སོགས་སུ་བསྐྱེད་དེ། བུམ་པ་དྲི་བཟང་གི་ཆུས་བཀང་བ་ལ་དམིགས་ནས་སྔར་གྱི་གཟུངས་རྣམས་བཟླས་ལ། རུས་པ་ཨ་མྲྀ་ཏས་བསངས། རུས་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོས་མཚན་པ། དེ་ལས་བདུད་རྩིའི་རྒྱུན་བབས་པས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་དག་པར་གྱུར་པར་བསམས་ལ། སྔགས་གསུམ་པོ་ཅི་ནུས་བརྗོད་ཅིང་བུམ་པའི་ཆུས་བཀྲུ་ཞིང་། སྤེལ་ཚིག་ཀྱང་བརྗོད། བཀྲུས་པའི་ཆུ་འབབ་ཆུར་འདོར་བ་འམ། ཡང་ན་རུས་པ་དང་སྦྱར་ནས་སཱཙྪ་འདེབས་པའི་ས་ལ་བསྲེས་ཀྱང་རུང་ཞིང་། སྐྲའམ་རུས་པ་རྣམས་ཞིབ་པར་བཏགས་ཏེ་འཇིམ་པ་དང་བསྲེས་ལ་གཟུངས་མིང་སྤེལ་དང་བཅས་པ་ནང་དུ་བཅུག་པའི་སཱཙྪ་ལག་ལེན་ལྟར་གདབ་པར་བྱའོ། །མ་ནུས་ན་ཆུ་བོའམ་རིའི་རྩེ་ནས་རླུང་ལ་བསྐུར་བར་བཤད། དེ་ལྟར་རུས་ཆོག་ཚུལ་བཞིན་དུ་བྱས་ན་གང་ཟག་དེ་ངན་འགྲོ་ལས་གྲོལ་བར་འགྱུར་ཞེས་མི་འཁྲུགས་པའི་རྒྱུད་ལས་གསུང་ངོ་། །ཅེས་པ་འདི་ཡང་གཞན་གྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དམ་པའི་གསུང་ལས་འབྱུང་བའི་དོན་བསྡུས་ནས་བྲིས་པའོ།། །།བཀྲ་ཤིས།། །།༄༅། །རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །ངུར་སྨྲིག་གར་གྱིས་རྣམ་རོལ་ཙོང་ཁ་པ། །སྲས་མཆོག་ཟླ་མེད་མཁས་གྲུབ་ཆེན་པོའི་ཞབས། །ཤུགས་དྲག་གུས་པའི་ཡིད་ཀྱིས་ཉེ་བར་བརྟེན། །འདིར་རྗེ་བླ་མའི་རྣལ་འབྱོར་དང་ཉེ་བར་འབྲེལ་བའི་ལྟ་ཁྲིད་མདོར་བསྡུས་ཞིག་མཇུག་པ་བདེ་བའི་ཆེད་དུ་ཚིགས་སུ་བཅད་པའི་སྒོ་ནས་བརྗོད་པར་བྱ་སྟེ། དེ་ཡང་སྐྱབས་འགྲོ་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །སྐུ་མདོག་དཀར་གསལ་མཛེས་པའི་འཛུམ་ཞལ་ཅན། །ཕྱག་གཉིས་ཆོས་འཁོར་ཕྱག་རྒྱས་ཨུཏྤལ་སྟེང་། །ཤེས་རབ་རལ་གྲི་ཤེར་ཕྱིན་གླེགས་བམ་འཛིན། །གསེར་མདོག་པན་ཞྭ་གསོལ་ཞིང་ངུར་སྨྲིག་གི །ཆོས་གོས་གསུམ་གྱི་ན་བཟས་མངོན་པར་སྤྲས། །མཚན་དཔེས་ཉེར་མཛེས་འོད་ཀྱི་གུམ་ཁྱིམ་དབུས། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧཱུཾ་ཡིག་འོད་ཟེར་གྱིས། །རང་བཞིན་གནས་ནས་ཀུན་མཁྱེན་བཙོང་ཁ་པ། །རྒྱལ་བ་སྲས་བཅས་ཚོགས་ཀྱིས་ཡོངས་བསྐོར་བ། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་དུ། །ཐིམ་པས་མཆོག་གསུམ་འདུས་པའི་བདག་ཉིད་གྱུར། ། སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་ལ། །གྲངས་མེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །རབ་འབྱམས་ཞིང་གི་མཆོད་རྫས་ཇི་སྙེད་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །ཐོག་མེད་དུས་ནས་སྒོ་གསུམ་གྱིས་བསགས་པའི། །སྡིག་སྒྲིབ་ཉེས་པའི་ཚོགས་ཀུན་སོ་སོར་འཆགས། །རང་གཞན་སྐྱེ་འཕགས་ཡོངས་ཀྱིས་ལེགས་བསྐྲུན་པའི། །རྣམ་དཀར་དགེ་བ་ཀུན་ལ་རྗེས་ཡི་རང་། །རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ། །འགྲོ་བའི་དོན་ཕྱིར་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་ཉིད་དུ། །མྱ་ངན་མི་འདའ་རྟག་པར་རབ་བཞུགས་གསོལ། །འདིས་མཚོན་དུས་གསུམ་དགེ་བ་ཅི་བསགས་པ། །ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །དེ་ནས་དམིགས་བརྩེ་མ་ཅི་ནུས་བཟླས་ནས། སྐྱབས་གནས་ཀུན་འདུས་བདག་ཉིད་བླ་མ་ལ། །གུས་པས་གསོལ་འདེབས་ངེས་འབྱུང་བྱང་སེམས་དང་། ཁྱད་པར་ཉིད་ཀྱི་དགོངས་པའི་ཡང་དག་ལྟ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ། ཞེས་ལན་བདུན་སོགས་བརྗོད་པའི་མཐར། དེ་ལྟར་གསོལ་བས་བླ་མའི་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ནས་བདག་གི་གནས་གསུམ་དུ། །ཐིམ་པས་སྒྲིབ་བཞི་ཡོངས་དག་དབང་བཞི་ཐོབ། །སྐུ་བཞི་འགྲུབ་པའི་ནུས་པ་རྣམ་པར་བཞག །བླ་མ་དགྱེས་བཞིན་རང་གི་སྤྱི་བོར་བྱོན། །འོད་ཀྱི་ཕུང་པོར་གྱུར་ཏེ་སྤྱི་གཙུག་ནས། །སྙིང་དབུས་ཞུགས་ནས་བྱིན་གྱིས་བརླབས་པར་གྱུར། །སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱང་འདོན་ནོ། །དེ་ནས་ལྟ་བ་ཉམས་སུ་ལེན་པ་ལ་གསུམ། བདག་མེད་གཉིས་གཏན་ལ་འབེབས་ཚུལ། རྗེས་ཐོབ་ཏུ་སྐྱོང་ཚུལ། ཐ་སྙད་འཇོག་ཚུལ་ལོ། །དང་པོ་ལ་གང་ཟག་དང་། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་གཉིས་ལས། དང་པོ། གང་ཟག་བདག་མེད་གཏན་ལ་འབེབས་པ་འདིར། །རིགས་པའི་རྣམ་གྲངས་དུ་མ་ཡོད་པ་ལས། གཅིག་དང་དུ་མ་བྲལ་བའི་གཏན་ཚིགས་ཀྱི། །དབང་དུ་བྱས་ཏེ་འཆད་པར་བྱེད་པ་ལ། །གནད་བཞི་ཐོག་མར་དགག་བྱ་ངེས་ཚུལ་ནི། །རང་ཅག་གཉིད་ལོག་གནས་སྐབས་ཚུན་ཆད་དང་། ཁྱད་པར་རང་གིས་ཉེས་པ་མ་བྱས་བཞིན། །གཞན་གྱིས་བྱས་པར་བརྗོད་ཚེ་འདི་ཅི་ཞིག །ང་ང་སྙམ་དུ་སྙིང་དཀྱིལ་དམ་སྦྲེང་སྦྲིང་། །ལྷང་ལྷང་འཆར་བ་ཡོད་པས་དེ་ཡི་ཚེ། །ངར་འཛིན་ལྷས་སྐྱེས་འཛིན་ཚུལ་གསལ་བས་བརྟག །ངར་འཛིན་དེས་ནི་ང་དེ་ཕྱི་རོལ་གྱི། །དངོས་པོ་གཞན་གྱི་སྟེང་དུ་བཟུང་མིན་པར། །རང་གི་ཕུང་པོ་འདི་ཡི་སྟེང་དུ་སྟེ། །དེ་ཡང་ལུས་སེམས་རེ་རེ་ཁོ་ནའམ། །གཟུགས་དང་ཚོར་བ་ལ་སོགས་རེ་རེ་བ། ཁོ་ནའི་སྟེང་དུ་དམིགས་ནས་ང་འོ་སྙམ། །མི་འཛིན་ལུས་སེམས་གཉིས་ཚོགས་ཕུང་པོ་ལྔ། །སོ་སོར་མ་ཕྱེ་སྦམ་མེ་སྤྱི་ཙམ་པ། །འདི་སྟེང་འཛིན་ཚུལ་བློ་ཡིས་བཏགས་ཙམ་དུ། །མ་ཡིན་མ་བཏགས་གོང་ནས་འདོགས་རྒྱུ་ཡི། །ང་ཞིག་ཚུགས་ཐུབ་གྲུབ་གྲུབ་ལིངས་པོ་རུ། །བཟུང་བ་ངར་འཛིན་ཉིད་ཀྱིས་འཛིན་ཚུལ་བཞེད། །གཉིས་པ་ཁྱབ་པ་ངེས་ཚུལ་ངར་འཛིན་དེས། །བཟུང་བ་ལྟར་གྱི་ཞེན་དོན་པ་དེ་ཉིད། །ཕུང་ལྔ་འདི་སྟེང་གྲུབ་ན་གཅིག་ཏུ་འམ། ཐ་དད་གྲུབ་པའི་ཚུལ་གཉིས་གང་རུང་ལས། །མི་འདའ་ཕུང་སུམ་མེད་ངེས་ཐག་ཆོད་དཔེར། །ཡོད་ན་གཅིག་དང་དུ་མ་གང་རུང་ཞིག །ཡིན་གྱི་གཞན་དུ་ཕུང་སུམ་མི་སྲིད་བཞིན། །གསུམ་པ་བདེན་པའི་གཅིག་བྲལ་ངེས་ཚུལ་ནི། །དེ་འདྲའི་ང་དེ་རང་གི་ཕུང་པོ་དང་། །གཅིག་པ་ཉིད་དུ་འཐད་མིན་གང་གི་ཕྱིར། །བདག་ཅེས་ཁས་ལེན་དོན་མེད་ཐལ་བ་དང་། །དུས་གཅིག་བདག་ནི་དུ་མ་ཡོད་འགྱུར་དང་། །དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པ་ཡི། ། རིགས་པ་གསུམ་གྱིས་ལེགས་པར་གནོད་ཕྱིར་རོ། །གནོད་བྱེད་དང་པོ་སྤྱིར་ནི་ངའམ་བདག །ཕུང་པོའི་ཉེ་བར་ལེན་པ་པོ་ཡིན་ལ། །ཕུང་པོ་བདག་གི་ཉེ་བར་བླང་བྱ་སྟེ། །ངར་འཛིན་དེས་བཟུང་ང་དེ་ཕུང་ལྔ་དང་། །གཅིག་ཏུ་གྲུབ་ན་རང་གི་མཚན་ཉིད་ཀྱིས། །གཅིག་ཏུ་སོང་བས་དབྱེར་མེད་གཅིག་འགྱུར་ཞིང་། །ཆ་མེད་གཅིག་ལ་ཉེ་བར་ལེན་པོ་དང་། །ཉེ་བར་སླང་བྱའི་རྣམ་གཞག་འཐད་མ་ཡིན། །གང་ཕྱིར་ང་ཕུང་གཅིག་ཏུ་སོག་བ་དེར། །ངས་ནི་ལུས་བླང་ང་ཡི་ཕུང་པོ་ཞེས། །རྣམ་གཞག་འཇིག་འགྱུར་ང་ནི་ལུས་ཡིན་དང་། །ཕུང་པོ་ཡིན་སོགས་ཐ་སྙད་ཐལ་བར་འགྱུར། །གནོད་བྱེད་གཉིས་པ་ངར་འཛིན་ལྷན་སྐྱེས་དེས། །བཟུང་བ་ལྟར་གྱི་ང་དེ་ཕུང་ལྔ་དང་། །གཅིག་ཏུ་གྲུབ་ན་གང་ཟག་གཅིག་ཉིད་ལའང་། ། གཟུགས་སོགས་ཕུང་པོ་མི་འདྲ་ལྔ་ཡོད་ལྟར། །བདག་ཀྱང་སོ་སོར་ལྔ་ཡོད་འགྱུར་བའམ། །ཡང་ན་ང་གཅིག་ཡིན་པ་དེ་བཞིན་དུ། །ཕུང་པོ་ལྔ་ཡང་གཅིག་ཏུ་ཐལ་བར་འགྱུར། །གནོད་བྱེད་གསུམ་པ་སྤྱིར་ནི་ང་ཙམ་ཞིག །སྐྱེ་འཇིག་བྱེད་པ་འགལ་བ་མ་ཡིན་ཀྱང་། །ངར་འཛིན་དེ་ཡིས་བཟུང་བ་ལྟར་གྱི་ང་། །སྐྱེ་འཇིག་བྱེད་ན་རང་བཞིན་གྱིས་གྲུབ་པའི། །སྐྱེ་འཇིག་བྱེད་པར་སོང་བས་དེ་འདྲའི་ངང་། །སྐྱེ་འཇིག་བྱེད་པའི་སྐད་ཅིག་སྔ་ཕྱི་དང་། །གཅིག་གམ་ཐ་དད་གཅིག་ན་མི་འཐད་དེ། །སྐྱེ་བ་སྔ་ཕྱི་ཚེ་འདིའི་ང་རྣམས་ཀྱང་། །ཆ་མེད་གཅིག་འགྱུར་འགྲོ་བ་རིགས་དྲུག་གི །གཞི་མཐུན་ཡོད་པ་ཉིད་དུ་ཐལ་ཕྱིར་རོ། །ཐ་དད་ཡིན་ན་སྤྱིར་ནི་ང་ཕུང་ཙམ། །ཐ་དད་ཡིན་མོད་དེ་འདྲའི་ང་དེ་ཉིད། །ཆ་དེ་ཀུན་དང་ཐ་དད་དུ་འདོད་ན། །བལྟོས་མེད་ཡན་གར་གནས་པའི་ཐ་དད་དུ། །འགྱུར་བས་དེ་ལྟ་ཡིན་ན་སྐྱེ་བ་སྔོན། །དྲན་འགྱུར་སྲིད་པ་ཉིད་དུ་འཐད་མ་ཡིན། །གཞན་ཡང་མ་བྱས་ལས་དང་འཕྲད་པ་དང་། །བྱས་པས་ཆུད་ཟོས་འགྱུར་ཏེ་བདེན་གྲུབ་ཀྱིས། །ང་ཡིས་ལས་བསགས་དེ་འདྲའི་ང་གཞན་གྱིས། །འབྲས་བུ་མྱོང་བར་འདོད་པ་དེ་ཡིས་ཕྱིར། ཁྱབ་སྟེ་བདེན་པར་གྲུབ་པ་འཇིག་སྲིད་ན། །ཕྱིས་ནི་སྐྱེ་བ་ཡིན་པ་འཐད་མ་ཡིན། །དེ་ཕྱིིར་དེ་འདྲའི་ང་དེ་ཕུང་ལྔའི་སྟེང་། །གཅིག་ཏུ་གྲུབ་པ་མིན་སྙམ་ཡང་ཡང་བསམ། །བཞི་པ་བདེན་པ་འདུ་བྲལ་ངེས་ཚུལ་ནི། །གལ་ཏེ་ཕུང་པོ་རྣམས་དང་གཅིག་མིན་ཀྱང་། །ཐ་དད་ཡིན་ནམ་སྙམ་ན་མི་འཐད་དེ། །དེ་ལྟ་ན་ནི་རང་བཞིན་གྱིས་གྲུབ་པའི། །ཐ་དད་སོང་ཕྱིར་འབྲེལ་མེད་ཐ་དད་པར། །འགྱུར་ཏེ་དཔེར་ན་ཀ་བ་བུམ་པ་བཞིན། །ཕུང་ལྔ་སོ་སོར་བསལ་བའི་ལོགས་ཞིག་ཏུ། །ང་དེ་ཡན་གར་མཐོང་དུ་ཡོད་དགོས་ན། །དེ་ནི་མཐོང་བ་ཡོད་པ་མ་ཡིན་ཏེ། །ཕུང་པོ་ཚོགས་རྒྱུན་སྟེང་དུ་ངའོ་སྙམ། །བློ་སྐྱེ་ཕུང་པོ་འབྱུང་དང་འཇིག་པའི་ཚེ། །ང་ཡང་སྐྱེ་འཇིག་བྱེད་པར་འཇོག་ཕྱིར་རོ། །དེ་ཡང་ཕུང་པོ་མཐོང་བས་ང་མཐོང་དང་། །ཕུང་པོ་ན་བས་ང་ཡང་ནའོ་ཞེས། །འཇོག་པའི་ཐ་སྙད་ལེགས་པར་འཐད་པ་ཉིད། །དེ་ཕྱིར་གདགས་གཞི་ཕུང་པོ་ལས་གཞན་དུ། །བལྟོས་མེད་བདག་ནི་ཡོད་པ་མིན་སྙམ་བསམ། །གཞན་ཡང་རིགས་པའི་རྣམ་གྲངས་འདི་ལྟ་སྟེ། །དཔེར་ན་ཐག་ཁྲའི་སྟེང་དུ་མུན་བབ་པར། །སྦྲུལ་ལོ་སྙམ་དུ་རྟོག་པ་དེ་ཡི་ཚེ། །དེ་སྟེང་སྦྲུལ་དེ་བློ་ཡིས་བཏགས་པ་ཙམ། །མ་གཏོགས་ཐག་ཁྲའི་ཚོགས་རྒྱུན་ཡ་གྱལ་སོགས། །གང་ཡང་སྦྲུལ་དུ་ཡོད་པ་མིན་དེ་ལྟར། །ཕུང་པོ་ཚོགས་རྒྱུན་སྟེང་དུ་མ་རིག་པའི། །མུན་པ་བབ་པར་བདག་ཏུ་འཁྲུལ་པའི་བློ། །སྐྱེ་ལ་དེ་ཚེ་ཕུང་པོའི་སྟེང་དུ་བདག །བཏགས་ཙམ་མ་གཏོགས་ཕུང་པོའི་ཚོགས་རྒྱུན་དང་། །ཡ་གྱལ་གང་ཡང་བདག་མིན་དེ་ལས་ཀྱང་། །དོན་གཞན་ཡན་གར་བདག་ནི་མེད་པའི་ཕྱིར། །རང་དབང་ཐུབ་པའི་བདག་མེད་སྙམ་དུ་བསམ། །གཞན་ཡང་རིན་ཆེན་འཕྲེང་བ་ལས་གསུང་ལྟར། །སྐྱེས་བུ་ས་མིན་ཆུ་མིན་མེ་ཁམས་མིན། །རླུང་མིན་ནམ་མཁའ་མ་ཡིན་རྣམ་ཤེས་མིན། །འདུས་ཙམ་མ་ཡིན་ཕུང་ལས་དོན་གཞན་མིན། །འཇུག་པར་གསུང་བཞིན་ཕུང་དང་གཅིག་མ་ཡིན། །ཕུང་དང་ངོ་བོ་ཐ་དད་ཀྱང་མིན་ཏེ། །རི་ལ་ཤིང་ལྟར་ཕུང་པོའི་རྟེན་དུ་དང་། །ནགས་ན་སྟག་བཞིན་ཕུང་པོར་བརྟེན་ནས་མིན། །རང་གི་ནོར་བཞིན་ངོ་བོ་ཐ་དད་དང་། །རྣ་བ་བཞིན་དུ་ངོ་བོ་གཅིག་ཏུ་ཡང་། །བདེན་པར་ཡོད་མིན་ཕུང་པོའི་ཚོགས་པ་དང་། །དབྱིབས་ཀྱང་བདག་ཏུ་འཐད་པ་ཉིད་མིན་ཏེ། །དཔེར་ན་ཤིང་རྟ་རང་གི་ཡན་ལག་སྟེང་། །རྣམ་བདུན་རིགས་པས་བཙལ་ན་མི་རྙེད་བཞིན། །དེ་ལྟར་དཔྱད་པས་ངར་འཛིན་ལྷན་སྐྱེས་ཀྱིས། །བཟུང་བ་ལྟར་གྱི་ང་མེད་ངེས་པ་ན། །དབུ་མའི་ལྟ་བ་རྙེད་པ་ཡིན་ཞེས་གསུང་། །ཆོས་ཀྱི་བདག་མེད་ཉམས་སུ་ལེན་པ་ལ། རིགས་པའི་རྣམ་གྲངས་མང་ཡང་མདོར་བསྡུ་ན། །རང་གི་ལུས་འདིར་དམིགས་པའི་ངར་འཛིན་གྱི། །བློ་དེས་ལུས་འདི་གདགས་གཞི་ཡན་ལག་གི །ཚོགས་པའི་སྟེང་དུ་བཏགས་པ་ཙམ་མིན་པར། །ཡན་ལག་ལྔ་སྟེང་ལུས་ཞིག་ཚུགས་སེ་རུ། །གྲུབ་པར་སྣང་ཞིང་སྣང་བ་ལྟར་འཛིན་པ། །རང་ལུས་བདེན་པར་གྲུབ་པའི་འཛིན་ཚུལ་ཏེ། །དེ་འདྲའི་ལུས་དེ་ཡན་ལག་ལྔ་ཡི་སྟེང་། །གཅིག་གམ་ཐ་དད་གཅིག་ན་མི་འཐད་དེ། །གང་ཕྱིིར་ལུས་དང་ཡན་ལག་དབྱེར་མེད་དུ། །གཅིག་འགྱུར་སྔ་ཕྱི་བར་གྱི་ལུས་རྣམས་དང་། །ཡན་ལག་ཀུན་ཀྱང་གཅིག་ཏུ་ཐལ་བའི་ཕྱིར། །ཡན་ལག་ཅན་དང་ཡན་ལག་གཅིག་འགྱུར་བས། །ཆ་དང་ཆ་ཅན་བལྟ་བྱ་ལྟ་བྱེད་དང་། །གཅད་བྱ་གཅོད་བྱེད་ཀུན་ཀྱང་གཅིག་འགྱུར་ཕྱིར། །བྱ་བྱེད་ལས་རྣམས་གཅིག་ཏུ་ཐལ་འགྱུར་ན། །དེ་ནི་ནམ་ཡང་འཐད་པ་མ་ཡིན་ནོ། །གལ་ཏེ་ཡན་ལག་ཚོགས་དང་གཅིག་མིན་ཀྱང་། །ཡན་ལག་རེ་རེ་བ་དང་གཅིག་སྙམ་ན། །དེ་ལྟ་ན་ནི་ཡན་ལག་ལྔ་ཡོད་ལྟར། །ལུས་ཀྱང་ཚང་བ་ལྔ་རུ་ཐལ་བ་འམ། །ཡང་ན་ལུས་གཅིག་ཡིན་པ་དེ་བཞིན་དུ། །ཡན་ལག་ལྔ་ཡང་གཅིག་ཏུ་འགྱུར་བའི་ཕྱིར། །དེ་ལྟར་གཅིག་ཏུ་གྲུབ་པ་མིན་སྙམ་བསམ། །གལ་ཏེ་ཡན་ལག་རྣམས་དང་ཐ་དད་པར། །གྲུབ་སྙམ་སེམས་ན་སྤྱིར་ནི་ལུས་ཉིད་དང་། །ཡན་ལག་ཐ་སྙད་ཙམ་དུ་ཐ་དད་ཀྱང་། །ངར་འཛིན་དེ་ཡིས་བཟུང་ལྟར་ཐ་དད་ན། །ཡན་ལག་ལྔ་ལ་མ་བལྟོས་ལོགས་ཞིག་ཏུ། །ལུས་ཞིག་བཟུང་དུ་ཡོད་པར་ཐལ་འགྱུར་ན། །ཡན་ལག་སྟོད་སྨད་སོ་སོར་ཕྱེ་བའི་ཚེ། །ལུས་འདི་རྙེད་པར་འགྱུར་བ་ཡིན་ནམ་ཅི། །གཞན་ཡང་རི་དང་ར་བ་ཁང་ཁྱིམ་སོགས། །རང་རང་གདགས་གཞི་ས་རྡོ་ཤིང་ལ་སོགས། །ཇི་སྙེད་ཡོད་པ་ཀུན་དང་གཅིག་པའམ། །ངོ་བོ་ཐ་དད་ཉིད་དུ་རྣམ་པར་བརྟག །གཅིག་ན་རི་སོགས་གཅིག་འདོད་དེ་བཞིན་དུ། །ས་རྡོ་ཤིང་སོགས་གཅིག་ཏུ་འགྱུར་བའམ། །ཡང་ན་ས་རྡོ་ཤིང་སོགས་ཐམས་ཅད་ཀྱི། །གྲངས་མཉམ་རི་ལ་སོགས་པར་ཐལ་བར་འགྱུར། །ངོ་བོ་ཐ་དད་ཡིན་ན་ས་རྡོ་སོགས། །རེ་རེ་ནས་བསལ་ཕ་རོལ་ཉིད་དུ་ཡང་། །སྔར་གྱི་རི་སོགས་དེ་ནི་འདི་འོ་ཞེས། །ལོགས་སུ་བསྟན་དུ་དགོས་ན་ཡོད་མ་ཡིན། །གཞན་ཡང་ཤིང་རྟ་རང་གི་གདགས་གཞི་ཡི། །ཡན་ལག་སྟེང་དུ་རྟོག་པས་བཏགས་པ་ཙམ། །མ་གཏོགས་ཡན་ལག་སོགས་དང་གཅིག་པ་དང་། །ཐ་དད་ཉིད་དུ་བརྟགས་ནས་འགོག་པའམ། །ཚོན་གྱི་བཀོད་པ་ལས་ནི་གཟུགས་བརྙན་དང་། །ས་རྡོར་ཐོ་ཡོར་ཤིང་འདུས་ནགས་ཚལ་ལམ། །མཆུ་ཞབས་ཚོགས་ལ་བུམ་པར་བཏགས་པ་སོགས། །ཐ་སྙད་ཙམ་དུ་མ་གཏོགས་རང་བཞིན་གྱིས། །གྲུབ་པ་མེད་ཚུལ་སྔར་བཞིན་ཤེས་པར་བྱ། །གཞན་ཡང་ཤེས་བྱ་སྤྱི་ཙམ་དེ་ཉིད་ཀྱང་། །ཆོས་རྣམས་ཀུན་གྱི་སྟེང་དུ་བཏགས་པ་དང་། །དེ་བཞིན་དངོས་པོ་ཤེས་པ་ལ་སོགས་པར། །སྦྱར་ནས་གཅིག་གམ་ཐ་དད་བརྟགས་ལ་འགོག །མདོར་ན་ཆོས་རྣམས་རང་གི་ཆ་ཤས་དང་། །ཆ་ཤས་རྣམས་ཀྱང་རང་རང་ཆ་ཤས་ལ། །བརྟེན་ནས་བཞག་པའི་རྟེན་འབྲེལ་ཡིན་པའི་ཕྱིར། །རང་བཞིན་མེད་པའི་ཚུལ་ལ་ངེས་པར་དྲང་། །དཔྱད་པས་བཏགས་དོན་མི་རྙེད་སྟོང་པའི་ངང་། །ངེས་ཤེས་རྒྱུན་ལྡན་བྱས་ནས་མཉམ་པ་འཇོག །འཛིན་སྟངས་ཞན་དུ་སོང་ན་སླར་ཡང་ནི། །སྣང་ཚུལ་བརྟགས་ནས་དཔྱད་བསྒོམ་སྤེལ་མར་བྱ།། །།གཉིས་པ་རྗེས་ཐོབ་མཉམ་གཞག་ལས་ལངས་ཚེ། །ཅི་སྣང་བལྟས་པས་གང་ཟག་ལ་སོགས་པ། །མིང་བརྡས་བཞག་པ་ཙམ་ཞིག་ལམ་ལམ་དུ། །བློ་ངོར་ཤར་ལ་ལྟ་བ་དྲན་ཙམ་རེ། །བྱས་ཏེ་དཔེར་ན་སྒྱུ་མའི་རྟ་གླང་ནི། །སྣང་ཡང་དེ་ལྟར་གྲུབ་པ་མེད་བཞིན་དུ། །འདི་ཀུན་དཔྱད་ཚེ་རྙེད་པ་མ་ཡིན་ཀྱང་། །ཐ་སྙད་ཤེས་ངོ་ཙམ་དུ་སྒྱུ་མ་ལྟར། །སྣང་བའི་སྣང་སྟོང་ཚོགས་པའི་བརྫུན་སྣང་དུ། ། བསམས་ཏེ་ཀུན་རྫོབ་སྒྱུ་མ་ལྟར་ཤེས་བྱ།། །།གསུམ་པ་ཐ་སྙད་རྣམ་པར་འཇོག་པའི་ཚུལ། །མདོར་བསྡུས་ཙམ་ཞིག་འདི་ལྟར་ཤེས་བྱ་སྟེ། །ཆོས་རྣམས་ཀུན་ལ་དོན་དམ་དཔྱོད་བྱེད་ཀྱི། །རིགས་པས་དཔྱད་ཅིང་བཙལ་ན་མི་རྙེད་ཀྱང་། །མ་བརྟགས་མ་དཔྱད་ཐ་སྙད་ཤེས་ངོ་རུ། །རྟོག་པས་བཏགས་པ་ཙམ་དུ་འཇིག་རྟེན་གྱི། །གྲགས་པ་དོན་མཐུན་དབང་གིས་རྣམ་པར་བཞག །དཔེར་ན་ཤིང་རྟ་རང་གི་ཡན་ལག་སྟེང་། །རྣམ་བདུན་རིགས་པས་བཙལ་ནས་མི་རྙེད་ཀྱང་། །མ་དཔྱད་འཇིག་རྟེན་གྲགས་པས་འཇོག་པ་བཞིན། །དེ་སྐད་དུ་ཡང་དབུ་མ་འཇུག་པ་ལས། །དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉེད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་ཅེས་གསུང་། །འོ་ན་ཐག་ཁྲར་སྦྲུལ་དང་ཐོ་ཡོར་མིར། །འདོགས་པ་ཡོད་ཕྱིར་དེ་དག་སྦྲུལ་ལ་སོགས། །དངོས་གནས་ཡིན་པར་ཐལ་བར་འགྱུར་སྙམ་ན། །མི་མཚུངས་དེ་དག་ལ་ནི་སྦྲུལ་དང་མིར། །འཇིག་རྟེན་ཐ་སྙད་དོན་མཐུན་མི་འཇུག་ལ། །རང་གི་ཕུང་པོའི་སྟེང་དུ་བདག་གམ་ངར། །ཐ་སྙད་དོན་མཐུན་དབང་གིས་བཞག་པའི་ཚུལ། །ཀུན་རྫོབ་སྒྱུ་མ་ཙམ་དུ་འཐད་པ་ཡིན། །དེ་ལྟར་ཆོས་ཀུན་དོན་དམ་དཔྱོད་བྱེད་ཀྱི། །རིགས་པས་དཔྱད་པའི་ངོ་བོར་ཡོད་མིན་ཀྱང་། །སྤྱིར་ན་མེད་པ་མིན་ཕྱིར་ཀུན་རྫོབ་ཏུ། །བླང་དོར་དགེ་སྡིག་བྱ་བྱེད་ལ་སོགས་པ། །ཤིན་ཏུ་འཐད་པ་ཉིད་དུ་འདོད་པས་ན། །རང་བཞིན་སྟོང་པའི་ཆོས་ལ་ལས་འབྲས་སོགས། །རྣམ་པར་འཇོག་པའི་ཚུལ་ལ་ངེས་པ་དྲང་། །དེ་ལྟར་ཤེས་ན་རྒྱལ་བའི་དགོངས་ཟབ་དོན། །རྙེད་པར་གསུངས་ཤིང་ཕན་ཡོན་དཔག་མེད་ཞིག །མདོ་དང་བསྟན་བཅོས་ལས་ནི་བཤད་པའི་ཚུལ། །ཤེས་པར་བྱས་ནས་བརྩོན་པས་འཇུག་པར་རིགས། །དེ་དག་རྣམས་ལ་རྒྱབ་རྟེན་ལུང་གི་ཚོགས། །མང་དུ་ཡོད་ཀྱང་འདིར་ནི་བསྡུ་བའི་ཕྱིར། །མ་བཀོད་རིགས་པ་ཙམ་ཞིག་མཁས་པ་ཡི། །རྗེས་སུ་འབྲང་ནས་བཀོད་པའི་རབ་དཀར་དགེས། །ཟབ་མོ་རྟེན་འབྱུང་རྟོགས་པའི་ཉམས་ལེན་གྱིས། །རྒྱལ་བའི་དམ་ཆོས་མ་ལུས་རབ་བཟུང་ནས། །འགྲོ་བའི་དོན་ཕྱིར་བླ་མེད་བྱང་ཆུབ་ཀྱི། །གོ་འཕང་མཆོག་ཉིད་མྱུར་དུ་ཐོབ་གྱུར་ཅིག། །།ཅེས་པ་འདི་ནི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཐེག་པ་དག་ལ་མཁས་པའི་མཁྱེན་པ་ཅན་གནས་བརྟན་རིག་པ་འཛིན་པ་རྒྱལ་མཚན་དཔལ་བཟང་པོས་ཚིགས་སུ་བཅད་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སྦྱར་བའོ།། །།སྭ་སྟི། རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །མི་བསྐྱོད་མགོན་པོ་ཞེས་སུ་རབ་གྲགས་ལ། །མངོན་དགའི་ཞིང་གི་དཔལ་གྱུར་བཅོམ་ལྡན་འདས། །མི་འཁྲུགས་རྒྱལ་བའི་ཞབས་ལ་གུས་ཕྱག་འཚལ། །མགོན་དེས་ཞིང་གི་བཀོད་པ་ཡོངས་བཟུང་བ། །མདོ་སྡེ་ལས་འབྱུང་ལེགས་པར་བཤད་པ་དང་། །ཞིང་དེར་སྐྱེ་བའི་ཐབས་མཁས་སྨོན་ལམ་ཚུལ། །འཕོ་འཁྲིད་སྐྲ་ཆོག་ལྟ་བ་མདོར་བསྡུས་འདི། །གང་གི་ཐུགས་བསྐྱེད་སྨོན་ལམ་དག་པའི་འབྲས། །ཉེ་བར་སྨིན་ལས་ཕྱོགས་འདིར་སྔོན་མེད་ལ། །རང་གི་བགོ་སྐལ་ཉིད་དུ་ཐོབ་གྱུར་ཏེ། །པར་དུ་བཞེངས་པའི་མཛད་བཟང་མངོན་པར་བསྟན། །ཚུལ་འདིར་འབད་ལས་ལས་དཀར་ཅི་མཆིས་དེས། །མཐའ་ཡས་འགྲོ་འདི་འདི་ནས་འཆི་འཕོའི་ཚེ། །བདུད་བཞི་ལས་རྒྱལ་རྒྱལ་བ་མི་འཁྲུགས་པའི། །ཞལ་བཟང་མཐོང་ཞིང་ཞིང་དེར་སྐྱེ་བར་ཤོག །ཅེས་པ་འདི་ནི། མདོ་སྔགས་སྤྱི་དང་ཁྱད་པར་ཐེག་པ་རིམ་དགུའི་གནད་མཁྱེན་པའི་གནས་བརྟན་རིག་པ་འཛིན་པ་རྒྱལ་མཚན་དཔལ་བཟང་པོ་པས། རང་ཉིད་དམ་པའི་ལུང་བསྟན་ལས་མངོན་དགའི་ཞིང་དུ་སྐྱེ་བའི་རྟགས་བབས་པ་ལྟར། དེར་སྐྱེ་བའི་ཐབས་མཆོག་རང་གིས་བསྒྱུར་བ་དང་། གཞན་ལའང་སྤེལ་བའི་ཆེད་དུ་མི་འཁྲུགས་པའི་ཞིང་བཀོད་སྨོན་ལམ་སོགས་པར་དུ་བསྒྲུབ་ཚེ། བསྐུལ་བ་ལྟར་སྦྱར་བའོ།། །།བཀྲ་ཤིས།། །།


previousསྣ་ཚོགས་ཀྱི་སྐོར། next