Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
སློབ་དཔོན་བཤད་སྒྲུབ་མཚན་ཅན་གྱི་རྣམ་ཐར་རྒྱུ་སྐར་རྣམ་པར་རྩེན་པ།
   
   
   
   
   
   
   
   
   
   


 
previousསློབ་དཔོན་བཤད་སྒྲུབ་མཚན་ཅན་གྱི་རྣམ་ཐར་རྒྱུ་སྐར་རྣམ་པར་རྩེན་པ།next

སློབ་དཔོན་བཤད་སྒྲུབ་མཚན་ཅན་གྱི་རྣམ་ཐར་རྒྱུ་སྐར་རྣམ་པར་རྩེན་པ།

སློབ་དཔོན་བཤད་སྒྲུབ་མཚན་ཅན་གྱི་རྣམ་ཐར་རྒྱུ་སྐར་རྣམ་པར་རྩེན་པ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། ཐབས་ཤེས་རླུང་གི་ཤིང་རྟ་ཆེས་དྲངས་སྒྲིབ་བྲལ་ཆོས་སྐུའི་མཁར་འཕགས་ཏེ། །ཚད་མེད་འཕྲིན་ལས་འོད་སྟོང་རབ་འཕྲོ་ལོག་སྨྲའི་རྒྱུ་སྐར་ཟིལ་མནན་ཅིང་། །གདུལ་བྱའི་རྨོངས་མུན་སེལ་དང་ལྷན་ཅིག་དགེ་ལེགས་པདྨོ་འཛུམ་མཛད་པ། །སྨྲ་བའི་ཉི་མ་ཤཱཀྱའི་རྒྱལ་པོར་དུས་རྣམས་ཀུན་ཏུ་ཕྱག་བགྱིའོ། །གདོད་མ་ཉིད་ནས་བྱང་ཆུབ་མཆོག་བརྙེས་སྤངས་དང་རྟོགས་པ་མཐར་ཕྱིན་ཡང་། །རྒྱལ་སྲས་ས་བཅུའི་དབང་ཕྱུག་ཟོལ་བསྟེན་བྱང་ཆུབ་སྤྱོད་པའི་མཚོར་རོལ་ཞིང་། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་ཆར་ཆེན་གདུལ་བྱའི་ཞིང་སར་འབེབས་མཁས་པ། །རྒྱལ་ཚབ་མི་ཕམ་འཇམ་པའི་དབྱངས་ཀྱི་ཞབས་པད་སྤྱི་བོས་རྟག་ཏུ་མཆོད། །ཐུབ་བསྟན་རིན་ཆེན་རི་བོའི་རྩེ་མོར་མང་ཐོས་ས་སྲུང་དབང་པོའི་སྟེང་། །གཞུང་ལུགས་ས་ཆེན་ཁྱོན་ལ་ལྟ་བའི་སྤྱན་བགྲད་རྣམ་དཔྱོད་རྡོ་རྗེ་རྩེ་བརྒྱ་འཛིན། །ལོག་རྟོག་ལྷ་མིན་དཔུང་གི་ཚོགས་འཇོམས་ལེགས་བཤད་བདུད་རྩིའི་བུམ་བཟང་མཆོག །སྦྱིན་མཛད་ཤིང་རྟ་ཆེན་པོ་གཉིས་སོགས་འཛམ་གླིང་མཁས་རྣམས་རྟག་ཏུ་བསྔགས། །མདོ་སྔགས་གཞུང་བརྒྱའི་གངས་རིའི་སྤོར་གནས་མང་ཐོས་ལུས་ངག་སྟོབས་རྩལ་རྫོགས། །ལུང་རིགས་མཆེ་སྡེར་རྣོན་པོ་རབ་འབར་ཕས་རྒོལ་གླང་པོའི་ཀླད་འགེམས་ཤིང་། །རྣམ་དཔྱོད་གཡུ་རལ་མཆོག་གིས་རབ་མཛེས་ཟབ་དོན་གད་རྒྱངས་སྒྲོགས་པ་ཅན། །ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཁྱོད་སྨྲ་བའི་སེངྒེ་ཅིས་མ་ཡིན། །མགོན་དེའི་མདོ་སྔགས་དམ་པའི་ཆོས་ཀྱི་མཛོད། །ཇི་བཞིན་བཟུང་ནས་བསྟན་དང་འགྲོ་བ་ལ། །ཕན་མཛད་རྒྱལ་ཚབ་མཁས་གྲུབ་འདུལ་འཛིན་སོགས། །བརྒྱུད་འཛིན་རིམ་པར་བྱོན་ལའང་གུས་ཕྱག་འཚལ། ཁྱད་པར་བདག་བློའི་རིན་ཆེན་ཀཱ་ལ་ཤར། །མདོ་རྒྱུད་དབང་ལུང་མན་ངག་རིག་གནས་སོགས། །ལེགས་བཤད་སྒྲུབ་ཆར་འབེབས་མཛད་བཀའ་དྲིན་ཅན། ། ཡོངས་འཛིན་རྣམས་ལ་གུས་པས་ཕྱག་བགྱིའོ། །ཚུར་མཐོང་མཁས་རློམ་བདག་ལྟ་བུར། །ལོ་རྒྱུས་བྱིས་པའི་རོལ་རྩེད་ལས། །མཁས་པ་མགུ་བ་བསྐྱེད་ནུས་པའི། །རྣམ་ཐར་ནམ་མཁའི་པདྨོ་བཞིན། །འོན་ཀྱང་ཇི་ལྟར་རྔ་བོ་ཆེ། །དཎྜིས་བསྐུལ་ཚེ་དབང་མེད་པར། །རང་ལས་སྒྲ་ནི་འབྱུང་བ་ལྟར། །དམ་པའི་གསུང་དབྱུང་གིས་བསྣུན་ཚེ། །རང་དབང་གནས་པའི་ནུས་བྲལ་ཏེ། །རྣམ་དཔྱོད་དུནྡྷུ་བྷི་ངོས་སུ། །ལོ་རྒྱུས་ཅ་ཅོའི་གཏམ་ཞིག་བསྒྲག །ཚུལ་འདི་བློ་གྲོས་ལྡན་རྣམས་ཀྱི། །ཐོས་འཛིན་རྒྱན་དུ་འགྱུར་དཀའ་ཡང་། །ཡིད་ལ་གདུང་བྱེད་ཚེར་མ་རུ། །མི་འགྱུར་བདག་ལ་སྡིག་མེད་མཛོད། །ཅེས་པས་མདུན་བསུས་ཏེ་སྐབས་དོན་བརྗོད་པར་བྱ་བ་ལ། ཁོ་བོ་ཅག་སྐྱེས་པའི་ཡུལ་ནི་མདོ་སྨད་ཐོའུ་ཇུའི་སའི་ཆ་གཡོ་སའམ་རབ་སོ་ཡང་ཟེར་བ་ཅོ་ནེ་དཔོན་གྱི་མངའ་འོག་ཏུ་གཏོགས་ཤིང་། མཁས་པ་དུ་མ་བྱོན་པའི་གནས་སུ་ཡབ་བོན་པོ་གཟུངས་སྐྱབས་འབུམ་ཞེས་བྱ་བ་ཡུལ་དེར་བོན་གྱི་རིགས་བརྒྱུད་དུ་གྱུར་པ་ཞིག་སྟེ། འབྲི་འདོན་གཉིས་ལ་མཁས་པར་གྲགས་ཤིང་། བོན་དང་གསང་སྔགས་རྙིང་མའི་ལུགས་དང་། ནག་རྩིས་ཀྱང་དགའ་རབ་ཤེས་པའོ། །ཡུམ་ནི་སྐལ་བཟང་སྨན་ཞེས་བགྱི་བ་ཡང་ཚོ་གསུམ་ཞེས་པ་དེར་བོན་དང་སྔགས་པ་ཟུང་འབྲེལ་བྱེད་པའི་ཁྱིམ་དུ་སྐྱེས་ཤིང་། གཞོན་དུས་ནས་སྒྲོལ་མ་བློར་བཟུང་སྟེ་ཁ་ཏོན་རྒྱུན་དུ་བྱེད་པ་དང་། གཞན་གྱིས་ཟུར་ནས་གདུགས་དཀར་སོགས་འཛིན་ཅིང་འདོན་པ་དག་ནི་བློ་ལ་ཐོར་བུ་འོང་བའང་བདག་གིས་མངོན་སུམ་དུ་གྱུར་པ་ཞིག་སྟེ། གཉིས་ཀའང་དད་པ་དང་ཤེས་རབ་ཆེ་ཞིང་། རང་དཔག་གི་ཁྱིམ་པ་ཕོ་མོ་འཛོམས་པ་དེ་དུས་འདི་གཉིས་ལས་ལྷག་པ་སྡེ་པ་དེར་མི་འདུག་ཅེས་འགའ་ཞིག་དང་། བླ་མ་སྒོམ་ཁྲོམ་པ་ཉིད་དངོས་སུ་གསུང་བ་ཐོས་སོ། །དེ་ལྟ་བུའི་ཡབ་ཡུམ་གཉིས་འདུས་པ་ལས་ཤིང་ཡོས་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་སྔ་དྲོ་བདག་གནོད་མེད་དུ་བཙས་པ་ཡིན་ཞེས་མ་ཉིད་ཟེར་བ་ལན་འགའ་རེ་ཐོས། །ལོ་དེར་ཡབ་ཀྱིས་རྒྱ་ནས་ཚད་ནད་ཞིག་ཁྱེར་འོང་བ་ཡུམ་ལ་འགོས་ཏེ་འོ་མ་སྟེར་མ་ཐུབ་པའི་རྐྱེན་གྱིས། བདག་འཆི་ལ་ཁད་ཀྱུར་པའི་ཚེ་ངེད་ཀྱི་ཨ་ཇེ་རྩྭ་མོ་ཚོ་ཞེས་པས་ཐབས་ཀྱིས་གསོས་པས་སོས། དེ་ནས་བསྐྱེད་བསྲིངས་ནས་ལོ་ལྔ་ལོན་པའི་དུས་སུ་རང་གི་ཁྱིམ་དེར་དཔེ་ཆ་སློབ་ཕྱིར་འོང་བའི་གྲྭ་བ་ཆང་ཆུང་མང་པོ་སྣང་བ་དག་གིས་དཔེ་ཆ་འཛིན་སྐྱོར་བྱེད་པ་ཉན་པས་འགའ་རེ་བློར་ཟིན་ཅིང་། ཡི་གེ་ཡང་མ་སློབ་པར་ཐར་ཐོར་ཤེས་པ་བྱུང་ཞེས་ཡབ་ཡུམ་ཟེར། ལོ་བདུན་སོང་བའི་སྐབས་སུ་ཡི་གེ་འབྲི་ཀློག་སློབ་ཅིང་དཔེ་འཛིན་བྱས་པས་དཀའ་ཚེགས་མེད་པར་ཤེས་པ་བྱུང་སྟེ། ལོ་དགུ་སོང་བའི་ཕག་ལོའི་བཅུ་པའི་མཆོད་རིང་སྐབས་ཁྲི་ཆེན་མཁན་རིན་པོ་ཆེ་དགེ་འདུན་གྲགས་པའི་ཞལ་སྔ་ནས་ཀྱི་དྲུང་ནས་རབ་བྱུང་བསྒྲུབས། དེ་ནས་ལོ་བཅོ་ལྔ་ཡན་ལ་ཀུན་རིག །ཚེ་དཔག །འཇིགས་བྱེད། ཆོས་སྐྱོང་སྐོར་དང་། སྦྱིན་བསྲེག །སྨོན་ལམ་བསྟོད་ཚོགས་སྐོར་དགོན་འདིར་འདོན་པ་རྣམས་བློར་བཟུང་ཞིང་། བཅུ་དྲུག་བཅུ་བདུན་ལ་གསང་འདུས་མངོན་དཀྱིལ་དབང་ཆོག་སྐོར་དང་། སྨན་བླ་རྣམས་བློར་བཟུང་། དེ་ནས་ཕྱིས་མཚན་བརྗོད་དང་། བདེ་མཆོག་གི་མངོན་རྟོགས་ཀྱི་ཚལ་པ་ཙམ་བློར་བཟུང་སྟེ། ཡབ་ཀྱི་བླངས་པའི་ཆོས་འབྲི་བ་དང་། རྫི་འོ་ཡང་བྱེད་དགོས་བྱུང་བས་དཔེ་ཆ་གཞན་འཛིན་པ་ཆེར་མ་བྱུང་། དེ་ནས་རང་གི་ཡབ་ཀྱིས་སྔར་གསོས་པའི་དགེ་ཚུལ་དམ་ཆོས་དཔལ་བཟང་ཞེས་བྱ་བ་ཞིག་མཚོ་ཀར་སོང་བ་དེ། སྤྲེལ་ལོའི་དགུན་ཐོག་ཡུལ་དུ་སླེབ་པ་ན་དེ་ལ་བརྟེན་ནས་དབུས་ལ་འགྲོ་བའི་འདུན་པས་བྱ་ལོའི་ཟླ་བ་དང་པོའི་ཚེས་བཞིར་མཚོ་ཁར་སོང་། དེ་ནས་ལོ་ཕྱེད་གསུམ་ཙམ་ལ་ནི་དབུས་སུ་འགྲོ་བའི་སྟབས་མ་འགྲིག་པས། དེར་སྦྱིན་བདག་ཅི་རིགས་སུ་ཆོས་འདོན་བྱེད་ཅིང་གནས་པ་དང་། སྟག་རིས་དགེ་སློང་ཞེས་བྱ་བའི་སྨན་པ་མཁས་པ་ཞིག་འདུག་པའི་དྲུང་དུ་སྨན་དཔེ་འགའ་ཞིང་ལ་བལྟས་པས་དོན་རགས་རིམ་ཞིག་ཤེས་ནས། རྩ་མདོ་ཆུ་མདོ་ཐོར་བུ་བློར་བཟུང་སྟེ་ནད་པ་འགའ་ཞིག་གི་རྩ་ཡང་ལྟ་དགོས་པ་བྱུང་། སྨན་སྦྱོར་ཤེས་པ་ཙམ་སླ་བར་འདུག་སྙམ་ཡང་། རྩྭ་ནི་ཚ་གྲང་སྤྱི་ཙམ་ཤེས་ཀྱང་ཕུག་དཀའ་བར་མཐོང་། དེའི་ཚེ་ཁ་ཅིག་དང་དབུས་སུའང་གྲོགས་འགའ་ཞིག་གིས་ཁྱེད་སྨན་སློབ་དང་ལེགས་པོ་ཤེས་པར་འོང་འདུག་ཅེས་ཟེར་བ་ན་ངེད་ཀྱིས་རྩེད་མོའི་ཚུལ་གྱིས་ཡིན་ཡང་། ཕོ་མོ་གཙང་མི་གཙང་དུ་མའི་ལག་ངར་ནས་འཛིན་པར་མི་འདོད་ཀྱི། མགོ་ལ་ལག་པ་འཇོག་པ་འདོད་ཅེས་སྨྲས་ནས་མ་ཉན་ནོ། །དེར་པཎ་ཆེན་གོང་མས་མཛད་པའི་དགེ་སློང་གི་བསླབ་བྱ་ཚིགས་བཅད་མ་དང་། མི་ལའི་མགུར་འབུམ་པར་མ་ཤོག་གུ་བཞི་བཅུའི་སྐོར་ཞིག་འདུག་པའི་ནང་ནས་ཚིགས་བཅད་གང་ཡོད་པ་བློར་བཟུང་ནས་བཏོན་པའི་ཚེ་ངེས་འབྱུང་ལྟར་སྣང་ཞིག་སྐྱེས། ཕག་ལོའི་སྟོན་ཀ་རྒྱུ་ཚིག་དང་འགྲོགས་ཏེ་དབུས་ཕྱོགས་སུ་ཕྱིན་པས་ནག་ཆུ་ཁར་སླེབ་པའི་ཚེ་ཡམ་ནད་ལྟ་བུ་ཞིག་གིས་གྲོགས་རེ་གཉིས་ཤི་ཞིང་། རང་ཉིད་ཀྱང་ན་བའི་ཚེ་འདི་གནས་འདི་ལྟ་བུའི་རང་ཚུལ་དུ་གྱུར་ན་མ་ལེགས་ཀྱི། དབུས་སུ་ཕྱིན་ནས་ཇོ་བོ་མཇལ་ཏེ་གཞན་ཅི་ཡང་བྱེད་རྒྱུ་མ་བྱུང་རུང་ཤི་ཡང་འགྱོད་པ་མེད་སྙམ་དུ་མི་རྟག་པའི་ཚུལ་བཅོས་མ་མིན་པ་ཞིག་དྲན། བཅུ་གཅིག་པའི་ཚེས་འགོ་ལ་གྲྭ་སར་སླེབ་པ་ན་ནད་ཀྱང་སོས། ཟླ་བ་དེའི་ཉི་ཤུའི་སྐོར་ནས་རྒྱན་འཇུག་གཉིས་ལ་བརྩོན་པ་བྱས་ཏེ་བཟུང་ནས། བཅུ་གཉིས་པའི་ཉི་ཤུའི་སྐོར་ལ་རྒྱན་འཇུག་གཉིས་ཀ་བློར་བཟུང་ཟིན་པས་རང་ཉིད་ཀྱིིས་རང་འཛིན་བཟང་སྙམ་པ་མ་བྱུང་ཡང་། །གཞན་དག་གིས་བློ་འཛིན་བཟང་བར་བརྗོད་གླེང་བྱེད། དེ་ནས་བྱི་བ་ལོའི་ཟླ་བ་དང་པོའི་ཚེས་བརྒྱད་དགུ་ནས་ར་མོ་ཆེར་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས། སེ་རར་འོངས་ཏེ་རང་འདོད་ཀྱིས་རྒྱུ་འབྲས་ཆེ་བའི་དཔེ་ཞིག་མཐོང་ནས་བློ་འཛིན་བྱས་པས་ཅུང་འཛིན་དཀའ་བར་བྱུང་བ་ན། ངེད་ཀྱི་རྒན་པ་བཀྲ་ཤིས་དཔལ་བཟང་ཞེས་བྱ་བས་ཁྱོད་ཀྱིས་རྒྱན་འཇུག་གཉིས་དེ་ཙམ་འཛིན་སླ་བར་བྱས་པས། འདི་ལ་དཀའ་རྒྱུ་ཅང་མེད་ཀྱང་དཀའ་དཀའ་ལྟར་བྱེད་པ་ཅི་ཞིག་ཡིན་ཞེས་ཟེར་ཏེ། སྔར་བསྡུས་དཔེ་གཞན་མ་ཟུང་བའི་རྐྱེན་དུ་སྣང་། དེ་ནས་ཆོས་ཐོག་ཏུ་རྩིས་གཞག་འཛིན་པ་དང་། དཔེ་ཐོག་ཏུ་འཛིན་པ་ཟུང་འབྲེལ་བྱས་ནས་བསྡུས་དཔེ་ཐར་ཐོར་མང་པོ་བཟུང་། ཁྱད་པར་དུ་དཔོན་སློབ་བཙན་པོ་པས་མཛད་པའི་བསྡུས་དཔེ་ཤོག་གྲངས་བཞི་བཅུའི་སྐོར་ཞིག་སྣང་བ་དེ་ཡོངས་རྫོགས་བློ་འཛིན་བྱས་ཏེ། གཞུང་ལ་གཞུགས་ཀྱི་བར་དུ་མ་བརྗེད་པར་སྐྱོར་བྱང་བྱས་པས་བློ་བསྐྱེད་ཆེ་བར་བྱུང་། དེ་ནས་སེ་རར་ཆོས་ཐོབ་གཉིས་གསུམ་ཙམ་སོང་བའི་དབྱར་ཆོས་ར་བ་སྟོད་དུ་སོང་སྟེ། ཆོས་ཐོག་ཏུ་ཉིན་རེ་རྩིས་བཞག་ལན་གཉིས་རེ་གནང་བ་ལས། ལན་རེར་ཡང་རང་གི་འཛིན་གྲྭའི་སྐྱོར་དཔོན་བྱེད་པའི་ཞོར་ལ་འཛིན་གྲྭ་གཞན་གཉིས་ཀྱི་རྩིས་བཞག་ཀྱང་བློ་ལ་བཟུང་ནས་སྐྱོར་སྦྱང་བྱས་ཏེ་སྟོན་ཆོས་གཉིས་གསུམ་ལའང་དེ་ལྟར་འབད། དགུན་ག་འཇང་གི་དགུན་ཆོས་ཟླ་བ་ཕྱེད་གཉིས་ཡིན་པའི་ཐོག་ཏུ་སོང་ནས་ཟླ་བ་གཅིག་གི་རིང་ལ་སྔར་ལྟར་བྱས་ཏེ་འཛིན་གྲྭ་ལྔ་ལྔའི་རྩིས་བཞག་དུས་གཅིག་ཏུ་བཟུང་བས། ཧ་ཅང་སྐྱོར་རྒྱུ་མང་བས་ཟླ་བ་ཕྱེད་ལ་དུས་གཅིག་ཏུ་རྩིས་བཞག་གསུམ་གསུམ་བློ་ལ་བཟུང་། དེའི་ཚེ་རྩིས་བཞག་ཀྱང་ཉི་མ་རེར་གཏོང་ཐང་གཉིས་རེ་མ་ཆགས་པར་བྱུང་སྟེ། ར་བ་སྟོད་པའི་ཆོས་འཆད་ཉན་འཕེལ་དུས་ནི་ཆོས་ཐོག་དེ་ཡིན་པར་བྱེད། དེའི་མཇུག་ཏུ་ད་ནི་བསྡུས་གྲྭ་བཟང་པོ་ཤེས་སོ་སྙམ་པའི་རློམ་པ་ཞིག་ཀྱང་བྱུང་། དེའི་ཚེ་རྟགས་རིགས་བློ་རིགས་ཀྱང་ཅི་ལྟར་རིགས་པར་བློ་ལ་བཟུང་ཡང་འདི་ལ་རྩོད་པ་དེ་ཙམ་མ་བྱས་པ་མ་གཏོགས། གཞན་སེ་ར་ནས་འོང་བའི་གྲྭ་པ་རྣམས་ཀྱི་ནང་ནས་རང་ཉིད་བསྡུས་གྲྭ་བཟང་ཁུལ་བྱས་ཏེ། སྔོན་གྱི་བག་ཆགས་ལྟ་བུར་མཐོང་། དེ་ནས་ལོ་དེ་ཉིད་ཀྱི་ཕྱི་རོལ་དཔྱིད་ཀ་ར་བ་སྟོད་དུ་སོང་ནས་རྩིས་བཞག་འཛིན་སྐྱོང་སོགས་ལ་བརྩོན་པ་དྲག་ཏུ་འབད། ད་ནི་བསྡུས་གྲྭ་ལེགས་པོར་ཤེས་པས་གཞུང་དཔེ་འཛིན་རན་སྙམ་པ་སྐྱེས། མདོར་ན་དེ་དག་གི་སྐབས་སུ་ནམ་ཕྱེད་ཉེ་བ་ཙམ་དུ་བསྡད་ནས་དཔེ་ཆ་སྐྱོར་ཞིང་སྐུ་རིམ་ཀྱང་བྱས་ཏེ་བརྩོན་འགྲུས་དྲག་པོས་དཔེ་ཆ་འཛིན་སྐྱོར་མ་གཏོགས། བཟའ་བཏུང་བྱེད་པ་ལའང་དཔེ་ཆ་འགོག་པའི་འདུ་ཤེས་བྱུང་། དེའི་ཚེ་བསྡུས་དཔེ་བློ་འདོན་བྱེད་རྒྱུ་ཡོད་པ་བྲིས་ན་ཤོག་གྲངས་ཉིས་བརྒྱ་སུམ་བརྒྱའི་སྐོར་འབྱུང་བར་སེམས། དེ་ནས་ཟླ་བ་གཉིས་པའི་ནང་དུ་གཞུང་ལ་མ་ཞུགས་ཀྱང་ཕར་ཕྱིན་གྱི་དབུ་ནས་ཉིན་རེ་ཤོག་གུ་གཉིས་རེ་བློ་འཛིན་བྱེད་པར་བློས་བཅད་དེ་བྱས། ཟླ་བ་བཞི་པའི་མཇུག་ཏུ་གཞུང་ལ་འཇུག་དུས་ཕར་ཕྱིན་གྱི་སྐབས་དང་པོའི་མཐའ་དཔྱོད་ལ་ཤོག་གྲངས་བརྒྱ་དང་བཅུ་སྐོར་ཞིག་སྣང་བ་ཡང་ཚར་ལ་ཁད་བྱས་ཏེ་འགའ་ཞིག་ལོ་རྒྱུས་ཡོད། གཞུང་ལ་འཇུག་པའི་སྐབས་སུ་གྲྭ་ཚང་དུ་བསྡུས་གྲྭའི་དམ་བཅའ་ཡང་བཞག་ཅིང་། གཞུང་ལ་ཞུགས་ནས་ཀྱང་བསྡུས་གྲྭ་བློ་ལ་སྐྱོར་རྒྱུ་ཡོད་པའི་ནང་ནས་ཡུལ་ཡུལ་ཅན་སོགས་ཆེ་བའི་སྐོར་རྣམས་རེ་ཞིག་བར་དུ་མ་བརྗེད་པར་བྱས་པས། གཞུང་ལ་ཞུགས་ནས་རིམ་གྱིིས་དེ་རྣམས་ཀྱི་དོན་གོ་བ་བྱུང་། མདོར་ན་བསྡུས་གྲྭ་ལ་ལོ་ཕྱེད་དང་གཉིས་ཙམ་སོང་ཡང་ད་ལྟ་འདི་ཀའི་བསྡུས་གྲྭ་ལ་ལོ་བཅུ་སྐོར་བསྡད་པ་འདི་དག་ལས་ལྷག་གོ་ཞིང་། དེར་མ་ཟད་དེ་དུས་སེ་རར་ཡང་བསྡུས་གྲྭར་ལོ་འགའ་རེ་སོང་བའི་བསྡུས་གྲྭ་བ་དག་ཀྱང་དཔའ་སྐོང་བར་བྱས་ཏེ་རང་བསྟོད་ཙམ་མིན་པར་དེ་དུས་ཀྱི་རང་དང་ལྷན་ཅིག་བརྒལ་བརྟག་བྱེད་པ་དག་གིས་ཤེས། དེ་ནས་གཞུང་ལ་ཞུགས་ནས་ཆོས་ཐོག་གི་སྐབས་མ་གཏོགས་ཉི་མ་རེར་སྔ་དྲོ་ཡན་གཞུང་དཔེ་ཤོ་གུ་གཉིས་གསུམ་སོགས་ཅི་ལྟར་རིགས་པ་བློ་འཛིན་བྱས་ནས་ཕྱི་དྲོ་འཛིན་ཐུབ་ཀྱང་མ་བཟུང་སྟེ་སྐྱོར། རྩིས་བཞག་གི་འཛིན་གྲྭ་སྐབས་དང་པོའི་མཇུག་ཏུ་ཡོད་པའི་ཚེ་ཕར་ཕྱིན་གྱི་མཐའ་གཅོད་ཡོངས་རྫོགས་ཟུར་བཀོལ་བཞི་དང་བཅས་པ་བློར་བཟུང་ཟིན། དེའི་ཚེ་གྲྭ་ཁང་རྒྱག་པའི་དུས་ཡིན་པས་རྩིས་བཞག་ཐོད་བརྒལ་དུ་བྱས་ནས་གཏོང་བར་མཛད། དེ་ནས་ལོ་གཅིག་གཉིས་ལ་དབུ་མ་མ་བཟུང་བར་ས་ལམ་རྣམ་གཞག་གི་དཔེ་ཆ་ཞིག་དང་། པཎ་ཆེན་གྱིས་མཛད་པའི་སྐབས་དང་པོའི་ཊཱིཀྐ་གཉིས་རྫོགས་པར་བཟུང་ཞིང་། འགྲེལ་པ་དོན་གསལ་གྱི་སྐབས་བཞི་པ་ཡན་ཆད་དང་། །ཕར་ཕྱིན་གྱི་སྤྱི་དོན་ཐར་ཐོར་དང་། རྣམ་བཤད་སྙིང་པོ་རྒྱན་ནས་ཤོག་གྲངས་སུམ་ཅུའི་སྐོར་དང་། ལམ་རིམ་ཆེན་མོ་དང་། དྲང་ངེས་རྣམ་འབྱེད་དང་། དེའི་དཀའ་འགྲེལ་རྣམས་ཀྱི་སྟོད་ནས་ཤོ་གུ་བཅུ་ཉི་ཤུའི་སྐོར་ཙམ་རེ་བཟུང་ནས་བཞག །བར་བར་དུ་ཆོས་ཞུ་བ་དང་། ས་རིས། ལཉྩ། ཧོར་ཡིག །དག་ཡིག །སུམ་རྟགས། སྙན་ངག །ནག་རྩིས། དབྱངས་ཅན་སྒྲ་མདོ་རྣམས་ཅི་ལྟར་རིགས་པར་སློབ། ཆོས་གྲྭར་ཞུགས་པའི་ལོ་དྲུག་པའི་ཐོག་དཔེ་མཚམས་སུ་སོང་ནས་དབུ་མའི་མཐའ་དཔྱོད་བློ་འཛིན་བྱས། དེའི་ཚེ་གཞན་དང་འཛིན་བཟང་ངན་སད་པས་ཉིན་གཅིག་ལ་དབུ་མའི་མཐའ་གཅོད་མདའ་ཚད་མ་ཐིག་པ་ཤར་དགུ་རེ་ཡོད་པ་ཞིག་ཤོ་གུ་དྲུག་ཟིན་པས་གྲོགས་པོ་ཧ་ལས། ཕར་ཕྱིན་ཟུར་བཀོལ་དང་བཅས་པ་ཡོངས་རྫོགས་དང་དབུ་ཕར་གཉིས་སྦྲེལ་ནས་ལོ་ཁ་ཤས་སྐྱོར་སྦྱར་བྱས། ལོ་བདུན་པའི་ཚེ་དབུ་མའི་སྤྱི་དོན་བློ་འཛིན་བྱས་པས་འདི་ནང་དུ་དོན་ཚང་འདུག་པས་མཐའ་གཅོད་ཟུར་དུ་འཛིན་མ་དགོས་པར་འདུག་སྙམ་དུ་སེམས་པའི་འགྱོད་ངན་སྐྱེས། བརྒྱད་པའི་ཐོག་ལོ་གཅིག་པོ་དེའི་ནང་དུ་མཛོད་རྩ་དང་འདུལ་བ་ཡོངས་རྫོགས་འཛིན་པ་དང་། སྒྲོལ་མ་དང་། རྣམ་པར་རྒྱལ་མའི་གཟུངས་ཁྲི་ཁྲག་རེ་འདོན་པའི་དམ་བཅའ་ཕུལ་ནས་དེ་བཞིན་བསྒྲུབས་པས་དཀའ་ཙམ་བྱུང་ཡང་གྲུབ། དགུ་པའི་ནང་དུ་ལྔ་པ་ཆེན་པོའི་མཛོད་ཀྱི་ཡིག་ཆ་བློ་ལ་བཟུང་། ཉིན་རེ་ནན་ཏན་བྱས་ཏེ་བཟུང་ན་ཅི་ཙམ་ཟིན་བལྟས་པས་ཤོ་གུ་དགུ་ཟིན། ལོ་བཅུ་སོང་བའི་བྱ་ལོའི་ཟླ་བ་དང་པོའི་ནང་དུ་སློབ་དཔོན་རིན་པོ་ཆེ་ཚུལ་ཁྲིམས་དར་རྒྱས་ཞལ་སྔ་ནས་ཀྱིས་ཁྱི་ལོའི་ཟླ་བ་དང་པོར་ལྷ་སའི་སྨོན་ལམ་ཆེན་མོའི་ཐོག་ཏུ་མིང་གདགས་བྱེད་དགོས་པའི་བཀའ་བབས་བྱུང་བ་ལྟར་ཁས་བླངས། སྤྱིར་གྲྭ་ཚང་ནས་མིང་གདགས་སྟེར་བའི་ཐོག་མར་སེ་རའི་དཀའ་བཅུ་མཛད་དེ། ཕྱིས་སྨོན་ལམ་མིང་བདགས་འོས་པ་ཞིག་ཡོད་ན་དེ་སྟེར་བའི་སྲོལ་ཡོད་ཀྱང་། ངེད་ལ་ནི་བླ་མས་ཁྱེད་ཀྱིས་དཀའ་བཅུའི་མཚན་གདགས་ཟུར་དུ་བྱེད་དགོས་པར་མི་སྣང་བས་སྨོན་ལམ་གྲྭ་སྐོར་བྱས་ནས་དཀའ་བཅུའི་དོད་ཙམ་དུ་བཤད་པ་དག་དམ་བཅའ་བཞག་ཆོག་ཅེས་གསུངས་ནས་གནང་། སྔར་གྲྭ་ཚང་དུ་མིང་གདགས་མ་བྱས་པར་སྨོན་ལམ་དུ་མིང་གདགས་བྱས་པ་རེ་གཉིས་བྱུང་འདུག་ཟེར་ཡང་ངེད་འདུག་པའི་རིང་ལ་རང་མ་གཏོགས་གྲྭ་ཚང་གི་གྲྭ་པའི་ནང་ནས་སྨོན་ལམ་མིང་གདགས་དང་དཀའ་བཅུ་སྟབས་གཅིག་བྱེད་པ་ངེད་ཙམ་ཡིན་ཞིང་། དེ་ནས་ངའི་ཚབ་ཏུ་དེ་ལྟར་བྱེད་པ་ཞིག་ཀྱང་བྱུང་ངོ་། །དེ་ཡང་གཙོ་བོ་རང་གིས་དཔེ་ཆ་བཟང་པོ་བྱས་པའི་མཐུ་ཡིན་གྱིས། །བླ་མ་ལའང་འཇིག་རྟེན་གྱི་ངོ་སྲུང་ལྟ་བུའི་མཛེས་མཛེས་བྱས་པ་མེད་མོད། འོན་ཀྱང་བླ་མ་ཐུགས་མ་མཉེས་ན་སྐྱོན་དུ་འགྱུར་པའང་མཐོང་། བླ་མའི་ཐུགས་ཟིན་པ་གཞན་མེད་ཀྱང་སེ་རའི་ཚོགས་ཆེན་དུ་བཀའ་བསྟན་བཅོས་དང་། སྐབས་བཞི་པ་དང་། བརྒྱད་པ་དང་། རྟེན་འབྲེལ་དང་། དབུ་མའི་ཐལ་བཟློག་དང་། འདུལ་བའི་དུས་ཚིགས་དང་། གསོ་སྦྱོང་རྣམས་ཀྱིས་ཚོགས་ལངས་བྱས་པའི་ཚེ་བཤད་པ་དང་སྒྲོ་གླེང་གང་བྱས་ཀྱང་བཟང་ངོས་ཤེས་པ་རེ་འོས་པ་ལ་སློབ་དཔོན་ལ་ཐུགས་མཉེས་ཞེས་གྲགས་ལ། ཁྱད་པར་འདུལ་བའི་གསོ་སྦྱོང་ལ་ཚོགས་ལངས་བྱེད་པའི་ཚེ་བླ་མ་བཞུགས་པས་ཤིན་ཏུ་དགྱེས་པ་འདུག་ཅེས་གླེང་། དེ་ལྟར་ནའང་ཁྱི་ལོར་སྨོན་ལམ་དུ་མིང་གདགས་བྱེད་རྩིས་ཡོད་པ་ལས། བྱ་ལོའི་ནང་དུ་བསྟན་པའི་གེགས་ཆགས་སུ་འཁྲུགས་པ་བྱུང་ནས་དབྱར་དུས་སུ་སྡེ་སྲིད་རིན་པོ་ཆེ་སྐུ་ཞི་བར་གཤེགས། །དེའི་དགོངས་རྫོགས་ལ་དམིགས་ནས་བརྒྱད་པའི་ནང་དུ་དགེ་རྩ་གཏོང་བའི་ཚེ། གཙང་ཕྱོགས་མ་གཏོགས་དབུས་ཕྱོགས་ཀྱི་གྲུབ་མཐའ་གཅིག་མི་གཅིག་གི་འདུས་སྡེའི་རིགས་ཐམས་ཅད་ལྷ་སར་བསྡུས་ནས། ཁྲི་ཚོ་གཉིས་གསུམ་ཙམ་ལྷ་སའི་སྨོན་ལམ་ཆེན་མོ་ལྟར་བྱས་ཏེ་ཚོགས། །དེ་ཚོགས་པ་ལ་ཞག་བཅུ་སྐོར་ཙམ་ཡོད་པའི་ཚེ་གཞུང་ནས་བཀའ་བབ་སྟེ། མིང་གདགས་བྱེད་མཁན་ཡང་སྨོན་ལམ་ལྟར་དགོས་ཞེས་གནང་། དེའི་ཚེ་བླ་མས་ང་གཟིམ་ཁང་དུ་བོས་ཏེ་ཁྱོད་ཀྱིས་དགེ་རྩ་ཆེན་མོ་བྱེད་པ་འདི་ཐོག་ཏུ་སྨོན་ལམ་མིང་གདགས་གྱིས་ཞེས་གསུངས། ངེད་ཀྱིས་ལགས། སྔ་མ་གནང་བ་ལྟར་ཁྱི་ལོར་ལྷ་ས་ནས་བྱེད་ཀྱི། ད་རེས་མི་ནུས་ཞེས་ནན་ཆེར་ཞུས་པས། ཁྱེད་ཀྱིས་དཔེ་ཆ་རྣམས་སོང་འདུག་པས་མི་ནུས་པ་ག་ལ་འོངས། །དེར་མ་ཟད་སྨོན་ལམ་སྤྱིར་གྲགས་ཆེ་ཡང་། ད་རེས་དེ་ལས་ལྷག་ཏུ་དགེ་འདུན་གྱི་སྡེ་བཞི་འགྱུར་ལྔ་འགྱུར་གྱི་ཆེ་ཞིང་། དགེ་བའི་བཤེས་གཉེན་བཟང་བཟང་ཐམས་ཅད་ད་རེས་འབྱོན། འགྱེད་ཀྱང་ད་རེས་ལྷག །ལྷ་སའི་སྨོན་ལམ་ཆེན་མོ་ཡོངས་གྲགས་ལ་གང་འཚང་ཀ་རྒྱག་ནུས་པ་དང་དར་གཞོན་ཁ་ཡར་མང་པོ་ལས་རྒན་པ་དང་བཟང་པོ་མང་དུ་མི་ཚོགས། ད་རེས་ནི་དེ་ཐམས་ཅད་ཚོགས་རྒྱུ་ཡིན་འདུག་པས་དགའ་ཞེས་གསུངས་ཡང་། སླར་ཡང་ངས་གཞན་སྟེར་འོས་པ་དེ་འདྲ་ཡོད་འགྲོ་བས་དེ་ལ་བྱིན། ད་རེས་ངས་མི་ནུས་བྱས་པས་ཡོད་ན་ཁྱོད་ཀྱིས་ངེད་ལ་དྲོངས་བྱིན་ཞེས་གསུངས་ཤིང་། ཐུགས་རྒྱལ་བཞེངས་གྲབ་བྱས་ཏེ་ཁྱེད་རང་འདྲི་ས་ཡོད་ན་དྲིས་ཞེས་གསུངས་ཏེ་བཞུགས། ལགས་ཞེས་ཞུས་ནས་འོངས་ཏེ་གྲོགས་མཆེད་འགའ་ཞིག་ལ་སྨྲས་པས། བླ་མའི་བཀའ་བཅག་ན་མི་རུང་འདུག་པས་ཁས་ལོངས་ཞེས་ཟེར་བ་ལྟར། སླར་བླ་མའི་དྲུང་དུ་སོང་སྟེ་དེ་ལྟར་བགྱིད་ལགས་ཞེས་ཞུས་པས་བླ་མ་ཐུགས་ཤིན་ཏུ་དགྱེས་དགྱེས་ལྟར་མཛད། བཤད་པ་བགོས་པས་རྣམ་འགྲེལ་གྱི་ལེའུ་གཉིས་པ་བབས་པ་ལྟར་བློར་བཟུང་སྟེ་ལྷ་སའི་ཁྱམས་གྲྭར་དགེ་འདུན་གྱིི་སྡེ་རྒྱ་མཚོ་ལྟ་བུའི་ནང་དུ་སྒྲ་དག་གསལ་གསུམ་གྱི་སྒོ་ནས་བཤད་པ་ལེགས་པར་རྒྱབ། རང་སྐལ་གྱི་དམ་བཅའ་བཞག་པས་དགའ་རབ་བྱུང་བས་དེར་གནས་པའི་སློབ་དཔོན་པ་དག་མགུ་ནས་སྨན་རམ་པའི་དམ་བཅའ་སྐལ་པའང་ང་ལ་གནང་བྱུང་བས་བཞག །སྒྲོ་གླེང་གཏོང་མཁན་གང་བཟང་བཟང་རྣམས་བྱུང་ཡང་ལན་ཞུམ་པ་མེད་པར་བཏབ། ཚོགས་སུ་གདོང་གྲྭལ་གྱི་འགོར་ངེད་མིང་གདགས་པ་རྣམས་བསྡད་ཆོག་པ་བྱུང་ཞིང་། འགྱེད་ཀྱི་སྐལ་པ་སོགས་ཉིས་འགྱུར་དུ་གནང་ངོ་། །མིང་གདགས་ཐོན་ནས་སླར་སེ་རར་འོང་བ་ན་བླ་མས་པོས་ཏ་ད་རེས་བཟང་བྱུང་ཞེས་གསུངས་ནས། དབོན་པོ་ལ་རབ་འབྱམས་པར་སྟོད་འགག་ཞིག་དང་ཞྭ་སེར་གཅིག་བྱིན་ཅེས་བཀའ་དངོས་སུ་གནང་བྱུང་ཡང་དབོན་པོས་སྐེ་རགས་ཞིག་ལས་མ་བྱུང་སྟེ། བླ་མའི་བདག་རྐྱེན་ལ་དགའ་བྱུང་། དེ་ནས་ལོ་དེའི་དགུ་པའི་ནང་དུ་གྲྭ་ཚང་དུ་མང་ཇ་བཀོལ་ཏེ་བླ་མར་འདུལ་བའི་རྣམ་གྲངས་ཙམ་བྱས། བཤད་པ་རྒྱབ་སྟེ་དམ་བཅའ་བཞག་པས། ཉི་མ་སྔོན་མའི་གུང་ཡོལ་ནས་ཕྱི་མའི་དྲོས་ཆེན་བར་ཐམས་ཅད་ཀྱིས་སྒྲོ་གླེང་བཏང་བྱུང་བ་ལ་ལན་ལེགས་པར་བཏབ། སྤྱིར་སྔར་མིང་གདགས་བྱེད་མན་མཁས་པ་སུ་ཞིག་ཡིན་ཀྱང་སྒྲོ་གླེང་གི་ཚེ་དམ་བཅའ་ཤོར་བའམ་མ་ཤོར་ཡང་སྒྲུབ་བྱེད་ཙམ་དང་། ཉིས་འཛིན་བྱས་ཆོག་པར་ཡང་འཁོར་གསུམ་བྱེད་པས་དམ་བཅའ་བ་ལ་འཁོར་གསུམ་འགའ་རེ་མི་ཕོག་པ་གཏན་མ་བྱུང་ཞིང་། འོན་ཀྱང་ཨ་མོ་ཚང་ཆོས་འབྱོར་རབ་འབྱམས་པའི་ཚ་བོ་མིང་གདགས་བྱེད་དུས་སུ་བླ་མའི་ཞལ་ནས་འདི་བདག་རྐྱེན་ཡིན་པས་འཁོར་གསུམ་གཏན་བྱེད་མི་ཉན། བྱས་ན་ངེད་ཀྱིས་དེ་ཚར་གཅོད་རྒྱུ་ཡིན་ཞེས་གསུངས་ཏེ་དམ་བཅའི་སྐབས་སུ་བཞུགས་པས་སུ་གང་གིས་ཀྱང་འཁོར་གསུམ་བྱེད་མ་ནུས་མོད། ངེད་ལ་དེ་ལྟ་བུ་ལ་མ་ལྟོས་པར་དམ་བཅའི་སྐབས་གྲྭ་ཚང་གི་རྒན་གཞོན་ཐམས་ཅད་ཀྱིས་མཐོང་བཟོས་ཆེན་པོ་མཛད་ནས་འཁོར་གསུམ་བྱེད་མཁན་གཅིག་ཀྱང་མ་བྱུང་སྟེ། འཁོར་གསུམ་ལ་ངེས་པ་ཅི་ཡོད་ཀྱང་རང་ལ་བདག་རྐྱེན་དུ་འདུག་པས་བརྗོད། དེ་ནས་རྡོ་ཆས་སུ་བཤད་པ་ཡང་རྒྱབ་སྟེ་དམ་བཅའ་བཞག་གོ །དེའི་ཕྱི་ལོ་གཙང་དུ་སོང་ནས་བསྙེན་རྫོགས་བསྒྲུབས། སླར་འོངས་ནས་ཁྱི་ལོ་དེའི་སྟོན་ཀ་རྒྱུད་གྲྭར་ཞུགས་ནས་དམ་བཅའ་ལན་གསུམ་བཞག །དགུན་དུས་རྒྱུད་པ་རྣམས་དགའ་ལྡན་དུ་བྱོན་པའི་ཚེ་དགའ་ལྡན་དུའང་དམ་བཅའ་ཞིག་བཞག །ཕག་ལོའི་ཟླ་བ་དང་པོར་རྒྱུད་སྟོད་པ་རྣམས་འབྲས་སྤུངས་སུ་བྱོན་ནས་ཞག་ཆ་ཤས་བཞུགས་པའི་ཚེ་འབྲས་སྤུངས་སུ་དམ་བཅའ་བཞག་པའི་དུས་སུ། སྒོ་མང་ནས་སྒྲོ་གླེང་གཏོང་མཁན་རིག་པ་ཅན་མང་པོ་བྱུང་བས་ངོ་མཚར་ཆེ་བ་བྱུང་ཞིང་། དམ་བཅའ་དེ་རྣམས་ཀྱི་ཚེ་ལན་དགའ་རབ་བྱུང་ཡང་རང་གིས་རང་མི་བསྟོད། སྐབས་དེར་ཐིག་རྩའི་སྐོར་འགའ་རེ་ཡང་འཁྲིད། དེ་ནས་སྐྱོར་མོ་ལུང་དུ་རྒྱུད་ལ་སོང་སྟེ་དམ་བཅའ་འཇོག་རྩིས་བྱས་ཀྱང་། སྔར་སེ་རར་གྲོགས་མཆེད་ཞིག་ལ་ངེད་འཁྲིད་མཁན་བྱུང་ན་ཡུལ་དུ་ལོག་འགྲོ་བས་ཨེ་འདུག་ལྟོས་ཞེས་ལན་བཞག་པ་དེའི་ལན་དུ་འགྲོ་ན་འཁྲིད་མཁན་སྣང་ཞེས་ཟེར་བ་ལ་བརྟེན་ནས། སེ་རར་ཕྱིར་སོང་སྟེ་ཡུལ་དུ་འགྲོ་བའི་གྲབས་བྱས་རྐྱེན་ཡང་ད་དུང་ལོ་གཉིས་གསུམ་ཙམ་ལ་ཆོས་ཁ་ཞུ་རྒྱུ་འགའ་ཞིག་ཞུ་བའི་ཆེད་དུ་རྒྱུད་དུ་འགྲོ་སྙམ་པ་ཡོད་ཀྱང་། ཁང་ཚན་དགེ་རྒན་བྱེད་པའི་དུས་ལ་བབ་འདུག་པས་དེ་ལས་གཡོལ་ན་རང་ཡུལ་དུ་འགྲོ་བ་མ་གཏོགས། གཞན་གང་དུ་ཕྱིན་ཡང་དགེ་རྒན་བྱེད་དགོས་པའི་འབའ་ཡིག་ཡོད་པས། དགེ་རྒན་བྱེད་འདོད་གཏན་མེད་ཀྱང་ཟློག་ཐབས་གཞན་མ་བྱུང་བས་ཡུལ་དུ་འགྲོ་བའི་བསམ་པ་ཤར། དེའི་ཚེ་རྒྱུད་སྟོད་པའི་བླ་མ་སློབ་དཔོན་མཁས་པ་ཆེན་པོ་ཁྲི་ཆེན་བློ་བཟང་དར་རྒྱས་པ་ལ་དགོངས་པ་ཞུས་པ་ན་ཡུལ་དུ་མ་འགྲོ། ཕྱོགས་འདིར་བསྡད་ན་བླ་ཆེན་འོང་ཞེས་གསུངས་བྱུང་ཡང་། ངེད་ཀྱིས་སྒོ་ལ་རྒྱབ་ན་བླ་མ་ཡིན་པས་འདི་ཀའི་བླ་མའི་ཨ་ཉན་མགོ་དཀར་གྱི་དཔེ་ལྟར་འགྲོ་བས་མི་དགོས་ཞེས་སྐུ་རྩེས་ཞུས་ནས་མ་ཉན་པས་གནང་། སེ་ར་ན་ཡོད་པའི་ཚེ་མིང་གདགས་མ་བྱས་གོང་དང་མིང་གདགས་བྱས་ཟིན་ནས་ཀྱང་རང་གི་གྲོགས་པོ་འགའ་ཞིག་གིས་ཁྱེད་རྩིས་བཞག་གནང་བར་ཞུ་ཞེས་ཟེར་ཏེ་ནན་ཆེ་ཡང་ཡུལ་དུ་འོང་འདོད་ནས་ཁས་མ་བླངས། དབུས་ནས་ཆོས་ཁ་ཇི་ལྟར་ཞུས་ཚུལ་འོག་ཏུ་ལྷན་ཅིག་འཆད་པར་བྱའོ། །སེ་རར་བསྡད་པའི་དུས་སུ་མཐུན་རྐྱེན་ཕྲན་ཚོགས་བསྒྲུབ་པའི་ཆེད་དུ་ལྷ་སར་སོང་ནས་ཉོ་རྒྱུག་ཡིན་པ་དེ་རྒྱལ་ཕམ་གང་བྱུང་ཡང་ཉོས་ཏེ་ཇོ་བོ་རིན་པོ་ཆེ་ལ་བསྐོར་བ་དང་། དྲུང་དུ་སོང་སྟེ་ཕྱག་མཆོད་སྨོན་ལམ་རེ་བྱས་ནས་དགོན་དུ་ཡོང་བ་མ་གཏོགས། གཞན་འགའ་ཞིག་ལྟར་གནས་ཚང་དུ་འགྲོ་བ་སོགས་མ་བྱས་པས་ཉེས་ཆུང་པ་ཡོད། དེ་ནས་དགེ་སློང་བློ་གྲོས་རྒྱ་མཚོས་ཚོང་པ་དགེ་འདུན་དར་རྒྱས་ལ་བསྐུལ་བ་ལྟར་ཁལ་རྟ་སོགས་ཁོང་རང་དང་དུ་བླངས་ཏེ་ཕག་ལོའི་དཔྱིད་ཚོང་པ་དང་འགྲོགས་ནས་བཞི་པའི་བཅོ་ལྔར་མཚོ་ཁར་སླེབ། སྔར་གྱི་ངེད་ཀྱི་དགེ་ཚུལ་དེ་ལ་ཆས་ཁ་ཅང་མི་འདུག་པ་ཐོས་ཀྱང་། ཁོང་ལ་བརྟེན་ནས་དབུས་སུ་སོང་བ་ཡིན་པས་དྲིན་བཟོ་བའི་ཕྱིར་དེའི་རྩར་སོང་ནས་ཟླ་བ་དྲུག་ཙམ་ལ་གྲོང་ཆོག་འགའ་རེ་བྱུང་བའི་ཡོན་བསགས་ཏེ་ཁལ་རྟ་ཉོས་ནས་བཅུ་པའི་ནང་དུ་གཉིས་ཀ་རང་ཡུལ་དུ་སླེབ། དེ་ནས་ཕ་མ་གཉིས་དང་འཕྲད་ཀྱང་ལོ་ཕྱི་མ་ལ་ཕ་ཚེའི་དུས་བྱས་པས་དགེ་རྩ་བཏང་། དེ་ནས་ཟུར་དུ་གྲོང་ཆོག་བྱས་ཆོག་པའི་རི་ཁྲོད་པ་ཞིག་བྱ་སྙམ་ཡང་མས་ལས་སྣ་མ་དྲངས་པར་དུ་མ་འགྲོ། དེ་ནས་ཐག་ཉེ་འདིར་རི་ཁྲོད་བྱས་ནས་སྡོད་ཅེས་ནན་ཆེས་པ་ལྟར་ཁས་བླངས་ནས་སྦྲུལ་ལོའི་བཅུ་པའི་ནང་དུ་ཅོ་ནེ་དགོན་དུ་རང་སྐལ་གྱི་ལས་སྣ་དྲངས་ཏེ་གཞན་ཕན་གྱི་བསམ་པས་སངས་རྒྱས་དུ་མའི་མཚན་བསྒྲིགས་ཞིག་བརྐོས་ཏེ་པར་དུ་བཏབ་ནས་དགེ་འདུན་ཐམས་ཅད་ལ་ཕུལ་ཞིང་འགྱེད་མར་ཁུ་དང་བཅས་བྱས། རྒྱ་ནང་དུ་འགྲོ་བསམ་པ་མེད་ཀྱང་གྲོགས་པོ་འགའ་ཞིག་གིས་ལོ་གཉིས་གསུམ་གྱི་བར་ལ་རྒྱ་ནང་དུ་སོང་ན་ལེགས་པའི་བསྐུལ་མ་ནན་ཏན་དུ་བྱས་པའི་ཚེ་མ་ལ་དོན་དེ་བརྗོད་པས་གཏན་མ་འགྲོ་ཞེས་ཚིག་ནན་ཆེ་བས་འགྲོ་བ་བཀག་གོ །དེ་ནས་རྟ་ལོའི་དཔྱིད་ཀ་རི་ཁྲོོད་ལྟ་བུའི་ཁང་པ་ཞིག་བྱ་བའི་འདུན་པ་བཏང་ནས་ཡོད་པ་ལས། ༈ ཅོ་ནེའི་བསྟན་པའི་མངའ་བདག་ཀོའུ་ཤྲཱི་ནང་སོ་ཡེས་ཉིད་ཕོ་བྲང་དུ་གོང་མ་རྒྱལ་པོ་མཇལ་ཕྱིན་པའི་ཚེ། རྒྱལ་པོ་དང་བླ་ཆེན་དུ་མས་ཡེས་ལ་ཁྱོད་ཀྱིས་རང་དགོན་དེར་མཚན་ཉིད་ཀྱི་བཤད་གྲྭ་ཞིག་ཚུགས་ཞེས་གནང་བ་ལྟར་ཞལ་གྱིས་བཞེས་ཏེ་ཡུལ་དུ་བྱོན་ནས། ཤིང་རྟ་ས་ག་ཟླ་བའི་ཚེས་བདུན་ལ་མཚན་ཉིད་གྲྭ་ཚང་འཛུག་པའི་དུས་སུ་ངེད་ལ་གྲྭ་ཚང་བླ་མ་བྱ་དགོས་པར་བཀའ་བབས་པའི་ཚེ། རྨི་ལྟས་བཟང་པོ་ཞིག་བྱུང་བས་དགོངས་པ་ཡང་མ་ཞུས་པར་ཁས་བླངས། ས་ག་ཟླ་བའི་ཚེས་དྲུག་གི་ཉིན་དགོན་དུ་འོང་བའི་སྐབས་སུ་རྟེན་འབྲེལ་བརྟགས་པས། ཐོག་མ་སྒོར་ཐོན་པའི་ཚེ་རྟེན་འབྲེལ་བཟང་ཞིང་། ལྷག་ཏུ་འདིར་སླེབ་པའི་ཚེ་སྒོ་མོ་ཆེའི་ནང་དུ་ཆུ་ཟོ་གཉིས་དང་ལྷན་ཅིག་འགྲོགས་ནས་འགྲོ་བའི་རྟེན་འབྲེལ་འགྲིག་བྱུང་བས་ལེགས་པོ་འོང་བ་འདྲ་སྙམ་པ་བྱུང་། དེར་མ་ཟད་ཚེས་བདུན་གྱི་ཉིན་ཆོས་གྲྭར་འགྲོ་བའི་ཐོག་མར་རྟེན་འབྲེལ་བརྟགས་པ་ན་དེ་ཡང་ལེགས་པ་ཞིག་བྱུང་། དེ་ནས་རྩིས་བཞག་ཉི་མ་རེ་ལ་རེ་གནང་སྟེ། ལོ་ངོ་གསུམ་དུ་བསྡུས་གྲྭའི་རྩིས་བཞག་འཛིན་གྲྭ་ཐོག་མ་ལ་བཏང་བ་ཙམ་བྲིས་པས་ཤོག་གྲངས་བརྒྱ་དང་ལྔ་བཅུའི་སྐོར་བྱུང་བ་ད་ལྟ་བླ་མ་གཞན་འགའ་ཞིག་གིས་རྩིས་བཞག་དེ་ཐོག་ནས་མཛད་འདུག །ལུག་གི་ལོར་མ་ཉིད་དུས་ལས་འདས་པའི་དགེ་རྩ་བཏང་། སྔར་རང་ཉིད་ཀྱིས་བསྡུས་གྲྭ་སྐྱོར་སྦྱང་མང་པོ་བྱས་ཤིང་དོན་ཡང་ལེགས་པར་གོ་བའི་མཐུས་དེའི་བར་བསྡུས་གྲྭའི་ཚིག་དོན་རྣམས་ཡིད་ལ་བིས་པ་ལྟར་སྣང་བས་དཔེ་གཞན་ལ་རག་མ་ལས་ཤིང་། ཕྱིས་ནི་དབུས་ནས་རྐྱང་བསྡུས་དཔེ་ཞིག་བྲིས་ནས་བསྐུར་བྱུང་། དེར་མ་ཟད། ད་དུང་ཡང་ཟར་ཟུར་འགའ་རེ་མ་གཏོགས་བསྡུས་གྲྭའི་གནད་རྣམས་མ་བརྗེད་པར་སྣང་ཞིང་དོན་ལྷག་པར་གོ་འདུག ཁ་ཅིག་བསྡུས་གྲྭའི་རིགས་པ་རྣམས་རང་ལ་བློ་རྩེ་གཏད་མཚམས་ལེགས་པོ་མེད་པ་རྒྱུ་མཚན་དུ་བྱས་ནས་ངེད་ཀྱང་དེ་ལྟ་བུའི་སྙམ་དུ་ཐོག་མར་སེམས་ཀྱང་ཕྱིས་ཀྱི་བློ་གཏད་ཡོད་མེད་ཤེས་སོང་། དེ་ནས་ལོ་གསུམ་པ་ལ་གཞུང་བཙུགས་ཏེ་ཕར་ཕྱིན་གྱི་དབུ་ནས་རྩིས་བཞག་རིམ་གྱིས་བཏང་བས་སྐབས་ལྔ་པར་སླེབ་པའི་ཚེ་གླང་གི་ལོ་ལ་ཡེས་ཀྱི་བཀས་ཁྲི་བྱེད་པ་དང་མཚན་ཉིད་ཀྱི་ཆོས་འཆད་པ་གཉིས་ཟུང་འབྲེལ་གྱིས་སྐྱོང་དགོས་ཞེས་བཀའ་བབས་པ་ན་རྨི་ལྟས་བཟང་ངན་འདྲེས་མ་ཞིག་བྱུང་ཡང་སྐྱོན་མེད་སྙམ་ནས་ཐོམ་ཐོམ་དུ་བྱེད་པར་ཁས་བླངས་ཏེ་བྱས། ལོ་དེར་འབྲུམ་བུའི་ཡམས་ནད་ཞིག་དཀོན་པར་བྱུང་སྟེ་འགའ་རེ་ཤི། ངེད་ལ་ཚ་བོ་བནྡེ་ཆོས་གར་ཞུགས་པ་འཛིན་ཤེས་རབ་སོགས་ངེད་ལས་ལྷག་པ་འོང་དུ་རེ་བ་ཞིག་ཡོད་པ་དེ་འབྲུམ་པ་བྱུང་ནས་དུས་བྱས་པས་སེམས་ཁྲལ་ཆེན་པོ་བྱུང་། དེའི་རྐྱེན་གྱིས་ངེད་ཀྱང་ནད་ཀྱིས་ཟིན་པ་ན། ཀོའུ་ཤྲཱི་ཡེས་ཀྱིས་ཐུགས་ཁུར་བཞེངས་ནས་སྨན་པ་བོས་ཏེ་གསོ་བ་དང་རིམ་གྲོ་ཡང་མང་དུ་བྱས་པས་རིམ་གྱིས་བདེ་བར་སོང་ཡང་། བནྡེ་དེ་དང་བྲལ་བའི་རྐྱེན་གྱིས་གཟིམ་ཁང་དུ་འདུག་གཏན་ནས་མི་འདོད་པ་དཔེར་ན་བཙོན་ཁང་ནས་ཐར་འདོད་ལྟ་བུ་ཞིག་བྱུང་ཡང་བསྡད། སྟག་གི་ལོར་ནད་སྐྱོན་ཆེར་མི་འདུག་ཀྱང་རང་ལ་འདོད་པ་མེད་པས་ཡེས་ལ་དགོངས་པ་ཞུས་པ་ན་འགྱོད་བཞིན་དུ་གནང་བས་དགའ་སྤྲོ་དཔག་མེད་བྱུང་། ཁྲི་བྱེད་དུས་སུ་ཡི་དམ་སྒྲུབ་སྐོར་དེ་དང་དག་ཡིག་ཆེ་ཆུང་གཉིས་སོགས་འགའ་ཞིག་བརྩམས་ནས་པར་དུ་བརྐོས་པས་པར་བརྐོས་ཀྱི་ཐོག་མ་ཡིན། གྲྭ་ཚང་སློབ་དཔོན་པ་བྱེད་དུས་དབུ་ཕར་གཉིས་ཀྱི་ཡིག་ཆ་སོགས་འགའ་རེ་བརྩམས་ཏེ་གངས་འོག་ཏུ་ལྷན་ཅིག་འཆད། དགོངས་པ་ཞུས་ཏེ་རང་གི་ཁང་པར་སླེབ་ནས་ལོ་རེ་གཉིས་ལ་ལམ་གྱི་གཙོ་བོ་རྣམ་གསུམ་སོགས་བརྩམས་ཏེ་པར་དུ་བརྐོས། དེ་ནས་རང་ཡུལ་དེར་རི་ཁྲོད་ལྟ་བུ་ཞིག་བྱ་བའི་ཁང་པ་ཟུར་དུ་བཏབ་སྟེ་རེ་ཞིག་ལ་ཕར་འགྲོ་ཚུར་འགྲོ་དང་ཕྱིས་རྒྱུན་དུ་འདུག་རྒྱུ་ཨེ་འོང་སྙམ་ནས་ཁང་པ་བྱས་པ་དེར་ལོ་གསུམ་ཙམ་གྱི་རིང་དབྱར་དུས་སུ་ཟླ་བ་རེ་བསྡད་ཀྱང་དོན་མེད་དུ་མི་འགའ་རེ་འོངས་ནས་འཕྲོས་གླེང་གིས་དགེ་སྦྱོང་ཆགས་ཤིང་། མཐུན་རྐྱེན་མ་འཛོམ་པས་བཟའ་བཏུང་ཙམ་ཡང་ཐད་ཀར་བྱེད་མི་ཐུབ་པ་དང་། ཉེ་དུ་དང་ཐག་ཉེ་བར་གོ་རྒྱུ་དང་ཐོས་རྒྱུ་མང་པོ་རྣ་བར་འོང་བའི་རྐྱེན་གྱིས་དེར་སྡོད་མི་འདོད་པ་བྱུང་སྟེ། ལུག་ལོའི་ནང་དུ་ནང་སོ་ཡེས་ཀྱིས། སླར་ཁྲི་ཐོག་ཏུ་འོང་དགོས་པའི་བཀའ་ནན་ཆེས་པས་ཟློག་མ་ཐུབ་པ་ན་བྱེད་པར་ཁས་བླངས། དེའི་ཚེ་རྨི་ལམ་གྱི་ལྟས་ཤིན་ཏུ་ལེགས་པ་འགའ་རེ་བྱུང་བས་སྐྱོན་མེད་པ་འདྲ་སྙམ་དུ་སེམས། ཁྲི་བྱས་པའི་ལོ་གསུམ་པ་བྱ་ལོ་ལ་བསྟན་པའི་མངའ་བདག་ཀོའུ་ཤྲཱི་ཡེས་ཀྱིས་རྒྱུད་པ་གྲྭ་ཚང་གསར་བཙུགས་ཀྱི་སློབ་དཔོན་པ་བྱེད་དགོས་པའི་བཀའ་གནང་བ་ལྟར་ཁས་བླངས་པའི་ཚེ་རྨི་ལྟས་ལེགས་པ་འགའ་རེ་བྱུང་། དེ་གོང་མཚན་ཉིད་ཀྱི་འཆད་ཉན་གྱི་སློབ་དཔོན་པ་ཡང་ཡིན་པ་ལ། དེ་གཞན་ལ་བྱེད་དུ་བཅུག་སྟེ་ཁོ་བོ་ཉིད་ཀྱིས་རྒྱུད་པའི་བླ་མ་དང་མཁན་པོ་ཟུང་འབྲེལ་བྱས་ནས་རྒྱུད་པ་སོགས་གྲྭ་པ་མང་པོ་ལ་བདེ་གསང་གཉིས་ཀྱི་དབང་བསྐུར་བ་སོགས་བྱས། ཁྲི་བྱེད་བཞིན་པར་གསང་བདེ་འཇིགས་གསུམ་གྱིི་བསྐྱེད་རྫོགས་སོགས་མང་དུ་བརྩམས་ཏེ་བསྐྱེད་རྫོགས་གཉིས་ཀྱི་འཆད་ཉན་དང་འགྲེལ་པ་བཞི་སྦྲགས་ཀྱི་བཤད་པ་སོགས་བྱས་པས་རྒྱུད་པ་གྲྭ་ཚང་ནས་མཚན་གདགས་ཀྱང་ཐོན། དེའི་ཚེ་རྒྱུད་པ་གྲྭ་ཚང་དགོན་འདིར་མ་ཟད་གོང་སོ་དགོན་དང་ནགས་མདོ་དང་ཐུར་ཚང་དང་ཡེས་ཉིད་བཞུགས་པའི་གནས་རྣམས་སུ་བྱོན་ཏེ་རྒྱུད་པའི་འཆད་ཉན་དང་རྩོམ་པ་སོགས་ཡར་ངོའི་ཟླ་བ་ལྟར་འཕེལ་བ་ན་འགའ་ཞིག་མ་དགྱེས་པའི་རྣམ་འགྱུར་བསྟན་བྱུང་ཡང་། རང་ངོས་ནས་ཉེས་པ་བྱས་པ་ཅི་ཡང་མེད་པས་འཕྲལ་དུ་སེམས་ལ་གནོད་ཙམ་ལས་མ་བྱུང་། དེ་ལྟར་ལོ་ཁ་ཤས་སོང་བ་ན་བྱ་བ་རྣམས་ལེགས་པར་འགྲུབ་སྟེ་མཐར་དགོངས་པ་ཞུས་པས་གནང་བྱུང་བས་དགའ། དེ་ནས་བླ་མ་གཞན་ཞིག་ཁྲི་ཐོག་ཏུ་བསྐོས་ཏེ་རྒྱུད་པའི་འཆད་ཉན་གྱི་སློབ་དཔོན་བྱེད་དུ་བཅུགས་ཀྱང་ཚེས་མ་ཆོག་པ་ན་སླར་ངེད་རྒྱུད་པའི་སློབ་དཔོན་པ་བྱེད་དགོས་བྱུང་སྟེ། དེའི་ཚེ་འགྲེལ་པ་བཞི་སྦྲགས་ཀྱི་བཤད་པ་རྫོགས་པར་བྱས་ཤིང་གསང་བ་དེ་གཉིས་ཀྱི་རྩ་རྒྱུད་ལ་འགྲེལ་པ་རེ་དང་ལྷན་ཐབས་སོགས་མང་དུ་བརྩམས། དགོན་པ་ལ་བརྟེན་ནས་བྱུང་བའི་དངོས་པོ་དང་ཡེས་ཀྱིས་གནང་སྦྱིན་བྱས་པ་ཕལ་ཆེར་དགོན་པའི་ཞབས་ཏོག་ཏུ་བཏང་ཞིང་། འགའ་ཞིག་ནི་དགེ་སློང་དབུས་སུ་འགྲོ་སྐབས་སེར་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་རྣམས་སུ་མང་ཇ་དང་གྲྭ་ཚང་ལ་འགྱེད། སྐུ་ཞབས་དང་པཎ་ཆེན་སོགས་ལ་འབུལ་བའི་ཆེད་དུ་བསྐུར་རོ།། །།ད་ནི་དེ་དག་གི་སྐབས་སུ་ཆོས་ཇི་ལྟར་ཞུས་པ་ནི། དབུས་ན་ཡོད་དུས་སུ་སློབ་དཔོན་སེམས་དཔའ་ཆེན་པོ་པཎྜི་ཏའི་སྐུ་ཞབས་ནས་གསང་འདུས། འཇིགས་བྱེད། ཀུན་རིག །ཚེ་དཔག །རྟ་མགྲིན། ཁྲོས་མ་ནག་མོའི་དབང་ལ་སོགས་པ་དབང་བཀའ་ཅི་རིགས་དང་། གསང་བདེ་འཇིགས་གསུམ་སོགས་ཀྱི་མངོན་དཀྱིལ་སྐོར་དང་། མདོ་སྡེ་བརྒྱད་བརྒྱ་པ། རྟོགས་བདུན། ཁྲིད་ཆེན་བརྒྱད་སོགས་གཞན་དུ་མའི་ལུང་བྱུང་ཞིང་། མགོན་པོ་དང་། རྣམ་སྲས། མང་པོའི་རྗེས་གནང་དང་། ཁྱད་པར་དུ་འཇམ་དཔལ་ཞལ་ལུང་ནས་སྐྱེས་བུ་འབྲིང་ཡན་གྱི་འཁྲིད་རྒྱུན་བློ་འཛིན་གྱི་ཚུལ་དུ་ཐོབ་ཅིང་། སྐྱེས་བུ་ཆེན་པོའི་སྐོར་ལ་དེ་ལྟར་བྱེད་པ་མ་བྱུང་ཡང་འཁྲིད་རྒྱུན་ཞུས་ཤིང་། འཇིགས་བྱེད་ཀྱི་བསྐྱེད་རིམ་བསྲེ་བརྒྱུད་པའི་འཁྲིད་རྒྱུན་གྱི་དཔེ་ཆ་བློ་འཛིན་གྱི་ཚུལ་དུ་ཐོབ། རྫོགས་རིམ་གྱི་སྟོད་ཆ་དེ་ལྟར་བྱས་ཀྱང་སྨད་ལུང་འཁྲིད་ཙམ་བྱས། ཁྲི་རིན་པོ་ཆེ་བློ་བཟང་དར་རྒྱས་སྐུ་ཞབས་ནས་གསང་འདུས་བསྐྱེད་རིམ་གྱི་འཁྲིད་རྒྱུན་རྫོགས་པར་ཞུས་ཤིང་། རྫོགས་རིམ་ནི་སྐབས་གཞན་དུ་ཐོར་བུར་བྱས་ཏེ་གསུངས་པ་ཐོབ་ལ། ལྕགས་མཁར་ཟུར་དགུ་པའི་སྐོར་དང་། ཆོས་སྤྱོད། ཡི་དམ་སྒྲུབ་སྐོར་ཆུང་བ། སྐུ་ཞབས་རིན་པོ་ཆེའི་གཏོར་མ་སྣ་ཚོགས་སོགས་ཐོབ། གཞན་འགའ་ཞུས་ཀྱང་བརྗེད་འདུག །པཎ་ཆེན་རྒྱལ་དབང་སྔ་ཕྱི་གཉིས་སྡེ་སྲིད་རིན་པོ་ཆེ་སོགས་འགའ་ལའང་ཆོས་འབྲེལ་ཞུས། རྒྱུད་པ་དབུ་མཛད་པར་ལྕགས་མཁར་ཟུར་བཅུ་དྲུག་པའི་སྐོར་ཞུས། ཨ་ར་རབ་འབྱམས་པར་ལམ་རིམ་གྱི་འཁྲིད་སོགས་འགའ་རེ་དང་། གྲུབ་ཁང་དཔོན་སློབ་ལ་རིགས་གསུམ་མགོན་པོ་སོགས་ཀྱི་རྗེས་གནང་དང་ལུང་ཐར་ཐོར་འགའ་རེ་ཞུས་ཤིང་། མངའ་རིས་སྤྲུལ་སྐུར་མཚན་བརྗོད་དང་། བླ་མ་མཆོད་པ་སོགས་འགའ་རེའི་ལུང་ཞུས། གྲྭ་ཚང་དཔོན་སློབ་ཀྱི་དྲུང་ནས་ལམ་རིམ་གྱི་ལུང་ལན་འགའ་རེ་ཐོབ་སྟེ་མཇུག་མ་རྫོགས། ཡུལ་འདིར་སྔོན་རྗེ་དྲུང་རིན་པོ་ཆེས་ལམ་རིམ་ཆེན་མོའི་ལུང་གནང་བའི་ཚེ་དོན་གོ་རྒྱུ་མ་བྱུང་ཡང་ལུང་མ་ཆགས་པར་ཉན། སློབ་དཔོན་བཟང་པོ་རྒྱལ་མཚན་པར་ལམ་རིམ་ཆེན་མོའི་ལུང་། ཡི་དམ་སྒྲུབ་སྐོར་ཆེ་བའི་ལུང་སོགས་འགའ་ཞིག་ཉན་ཡང་ལ་ལ་བརྗེད་སོང་སྣང་། ། སྟོང་འཁོར་ཞབས་དྲུང་ནས་འཇམ་དཔལ་ཞལ་ལུང་དང་། རོང་ཕུག་སློབ་དཔོན་བྱང་ཆུབ་མི་ལ་ཚང་གི་དྲུང་དུ་པཎ་ཆེན་གོང་མའི་གསུང་འབུམ་ཡོངས་རྫོགས། སྡུད་པ་དང་གཅོད་པ། མངོན་རྟོགས་རྒྱན། སྤྱོད་འཇུག །དབུ་མ་རིགས་ཚོགས་དྲུག་སོགས་འགའ་རེའི་ལུང་ཉན། མཁས་གྲུབ་ངག་དབང་བརྩོན་འགྲུས་པའི་དྲུང་ནས། བདེ་མཆོག་ལྷ་ལྔ་དང་། འཇིགས་བྱེད་དཔའ་གཅིག །དུས་འཁོར་དབང་མདོར་བསྟན། རྒྱལ་དབང་ལྔ་པའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ། དབྱངས་ཅན་མ་དང་། མི་འཁྲུགས་པའི་རྗེས་གནང་སོགས་འགའ་རེ་ཞུས། ཡུལ་འདིར་སློབ་དཔོན་བློ་བཟང་སྦྱིན་པའི་དྲུང་ནས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་དང་། ཆོས་སྐྱོང་སྐོར་གྱི་རྗེས་གནང་དང་། ཀླུ་དབང་གི་རྒྱལ་པོའི་རྗེས་གནང་སོགས་འགའ་རེ་དང་། བཅུ་གཅིག་ཞལ་གྱི་དབང་དང་། ཚེ་དབང་། རྟ་མགྲིན་གཉིས་སྦྲེལ་བའི་རྗེས་གནང་དབུས་ཕྱོགས་ནས་ཀྱང་ལན་འགའ་རེ་དང་། འདིར་བྱོན་ནས་ཀྱང་ལན་ཁ་ཡར་ཐོབ་ཅིང་། རྗེས་གནང་གཞན་མང་པོ་དང་། ཐུན་མོང་མ་ཡིན་པའི་མན་ངག་འགའ་རེ་ཡང་ཐོབ་པས་བདག་ལ་ཆོས་ཀྱི་སྒོ་ནས་བཀའ་དྲིན་ཆེ། དབུས་སུ་གཞན་དག་གིས་འདི་པའི་དྲུང་དུ་ལུང་འཁྲིད་སོགས་ཞུས་པའི་ཞོར་ལ་ཉན་པ་འགའ་ཡོད་ཀྱང་སྔོན་དེའི་དུས་སུ་ཡི་གེར་མ་བཀོད་ཅིང་། ཕྱིས་དྲན་པ་རྣམས་ཡི་གེར་བཀོད་པ་ཡང་སྦྱིན་སྲེག་བྱས་འདུག །སློབ་དཔོན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱ་མཚོའི་སྐུ་ཞབས་ནས་བདེ་མཆོག་ལཱུ་ཧེ་པ་དང་། གསང་འདུས། ཀུན་རིག་གསུམ་གྱི་དབང་། བདེ་གསང་གཉིས་ཀྱི་རྩ་རྒྱུད་ཀྱི་ལུང་། འགྲེལ་པ་བཞི་སྦྲགས་ཀྱི་ལུང་རྒྱུན། བདེ་མཆོག་རྒྱུད་འགྲེལ། སྔགས་རིམ། གསང་བདེ་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལུང་འཁྲིད། འཇིགས་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལུང་རྒྱུན་དང་། ལུང་དང་རྗེས་གནང་གཞན་རེ་གཉིས་ཞུས་ཤིང་། གསང་བདེ་གཉིས་ལ་ཁོང་བཀའ་དྲིན་ལྷག་པར་ཆེ། གཞན་ཡང་། དབུས་ནས་ཡུལ་དུ་འོངས་པ་ན་རང་དགར་མ་བསྡད་པར་བཀའ་འགྱུར་ཚར་གཅིག་བསྒྲགས། རང་གིས་དབུས་ནས་དཔེ་ཆ་དུམ་པ་བཅུ་དྲུག་ཙམ་ཁྱེར་འོང་བ་རྣམས་ལ་ཡང་ཡང་བལྟས་པས་དོན་གོ་རྒྱུ་སྔར་ལས་ལྷག་ཏུ་སོང་ཞིང་། ཁྱད་པར་དུ་གྲྭ་ཚང་གི་བླ་མ་བྱེད་དུས་སོགས་སུ་དབུ་ཕར་འདུལ་མཛོད་རྣམ་འགྲེལ་ཊཱིཀ་ཆེན་སོགས་དང་། རྩ་ཤེའི་འགྲེལ་བ་སོགས་དཔེ་ཆེན་དུ་མ་དང་། བཀའ་འགྱུར་དང་། བསྟན་འགྱུར་དང་། རྗེའི་གསུང་འབུམ་གྱི་ནང་ནས་ལྟ་འདོད་པ་རྣམས་ལ་ཡང་ཡང་བལྟས་པས་བློ་གྲོས་ཡར་ངོའི་ཟླ་བ་ལྷར་འཕེལ། དེ་དག་ལས་རྩ་ཤེའི་ཊཱིཀྐ་ཆེན་མོ་དང་། རྣམ་འགྲེལ་ཊཱིཀ་ཆེན་གཉིས་ལ་དབུས་ན་ཡོད་པའི་དུས་སུ་འགའ་རེ་བལྟས་པས་དོན་སུམ་ཆ་ཙམ་ཞིག་ལས་གོ་རྒྱུ་མ་བྱུང་ཡང་། འདིར་འདུ་ཁང་ཐོག་སོགས་ནས་ལན་མང་དུ་བལྟས་པའི་མཐུས། ད་ལྟ་བལྟས་ན་མིག་བྱེ་བ་ལྟར་སྣང་། སྐབས་ཞིག་ཏུ་འདི་གཉིས་ཀྱི་དོན་རྫོགས་པར་རྟོགས་དཀའ་མོད་འདི་ལྟར་གོ་བཙལ་ཡང་དབུས་གཙང་དུ་ཅུང་དཀོན་ཞིང་། ཕྱོགས་འདིར་ནི་ཁོ་བོ་ཙམ་མོ་སྙམ་དུ་ཁེངས་པ་ཡང་སྐྱེས། འོན་ཀྱང་རྒྱ་མཚོ་ལྟ་བུའི་གཞུང་དོན་མཐོང་ནས་དགའ་སྐྲག་ཞུམ་པ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་གྱུར། དེ་ལྟ་བུ་ནི་བདག་གི་རྣམ་ཐར་གྱི་མཆོག་ཏུ་བྱས་ཀྱང་རུང་སྟེ། མཁས་པ་མགུ་བའི་གནས་ནི་འདི་ཡིན་པས་སོ། ཁོ་བོ་ཅག་གིས་ནི་ཚད་མའི་སྐོར་གྱི་ཡིག་ཆ་ཐར་ཐོར་མང་དུ་མཐོང་ཞིང་བལྟས་ཀྱང་སྡེ་བདུན་ཡིད་ཀྱི་མུན་སེལ་རང་ཕན་ཆེ་བ་བྱུང་། གཞན་ཡང་གཟིམ་ཁང་དུ་ཡོད་པའི་ཚེ་དཔེ་ཆ་ཕན་ཐོགས་སུ་འགྱུར་ངེས་གང་རྩོམ་པའི་ཚེ། རྨི་ལྟས་བཟང་པོ་རེ་ངེས་པར་འོང་ཞིང་ཕྱིས་ཀྱང་དེ་བཞིན་དུ་འོང་། དེ་ལྟ་བུའི་ཚེ་རྨི་ལྟས་བཟང་པོ་འགའ་བྱུང་བ་དེ་འདིར་མི་འབྲི་སྟེ། མི་ཆོས་བླ་མའི་བརྫུན་དུ་སྨྲ་བའི་སྒྲོ་སྐུར་བྱ་བར་དོགས་སོ། །འོན་ཀྱང་མཚོན་ཙམ་སྐབས་ཞིག་ཏུ་འཕགས་པ་ནཱ་གཱ་རྫུ་ནས་བྱིན་གྱིས་རློབ་པའི་མཚན་མ་ངེས་པར་ཡིན་ནམ་སྙམ་པའི་རྨི་ལྟས་ཁྱད་པར་ཅན་གཞན་དང་མི་འདྲ་བ་ཞིག་བྱུང་ནས་ཤིན་ཏུ་དགའ་ཡང་། རྨི་ལམ་དུ་མི་རྨི་བ་ཅི་ཡང་མེད་པས་དེ་ཙམ་ཡིད་ཆེས་མ་བྱས། རྨི་ལམ་བཟང་པོ་འགའ་ཞིག་དད་ཅན་རེ་གཉིས་ལ་བཤད་པས་དེའི་རྐྱེན་ཡིན་ནམ། ཡང་ན་དམ་ཚིག་ལྟ་བུ་ཞིག་ལ་སེལ་བྱུང་ངམ་སྙམ་སྟེ། དེ་གཞན་ལ་སྨྲས་པ་དེ་ནས་ལོ་ངོ་གཉིས་གསུམ་ཙམ་ལ་རྨི་ལམ་བཟང་པོ་དེ་དག་གཏན་ནས་མ་བྱུང་བས་མ་ལེགས་པར་ཤེས། དེས་ན་རྨི་ལམ་བཟང་པོ་བྱུང་ནའང་བཤད་རྒྱུ་མིན་འདུག་གོ །གཞན་ཡང་། ཡེས་ཀྱིས་དབུ་མ་སོགས་འགའ་ཞིག་པར་དུ་བརྐོས་ཤིང་། དབུ་ཕར་གཉིས་ཀྱི་དཔེ་སོགས་འགའ་ཞིག་ནི་དགོན་འདི་ནས་དབུས་སུ་སོང་བའི་ངེད་རང་གི་སློབ་མ་དད་པ་ཅན་དཀའ་བཅུ་བྱམས་པ་དཔལ་བཟང་གིས་ཐུགས་བསྐྱེད་བཟང་པོས་དབུས་སུ་བསྐུར་ཞེས་བསྐུལ་བ་ལྟར་དེ་ཕྱོགས་སུ་ཕུལ་བས། དཀའ་བཅུ་ཁུ་ཚན་གཉིས་ཀྱིས་ངེད་ཀྱིས་དཔེ་ཆ་བསྐུར་བ་རྣམས་གཞན་ལ་ཕན་པའི་འཕྲིན་ལས་སྒྲུབ་གྲོགས་བྱས་ཤིང་། ཕྱིས་འདུལ་མཛོད་ཀྱི་ཡིག་ཆ་གཉིས་ཀྱང་བརྩམས་ཏེ་བསྐུར་རོ། །དེས་ན་ཡེས་ཉིད་དང་། ཁོང་རྣམ་གཉིས་ཀྱིས་ཀྱང་ངེད་ཀྱིས་རྩོམ་པའི་དཀའ་ལས་བྱས་པ་དོན་ལྡན་དུ་མཛད་པ་ཡིན། བྱ་བ་གཞན་སྐུ་གསུང་ཐུགས་ཀྱི་རྟེན་འགའ་ཞིག་བཞེངས་ནས་ཡུལ་གྱི་མཆོད་ཁང་དུ་བཞག་ཅིང་། གཞན་ལ་ཕན་ཆེད་སྐུ་འདྲ་བཅུ་སྐོར་པར་དུ་བརྐོས་པ་རྣམས་དང་། རྩོམ་དཔེ་པར་བརྐོས་རྣམས་རང་གནས་པའི་ཁང་པར་བཟུང་། རྩོམ་དཔེ་པར་དུ་བརྐོས་མ་བརྐོས་གཉིས་ཀྱི་གྲངས་ནི་འདི་ལྟ་སྟེ། མངོན་རྟོགས་རྒྱན་གྱི་ཚིག་འགྲེལ་མཐའ་གཅོད། །དེའི་སྤྱི་དོན། ཟུར་བཀོལ་བཞི། མངོན་རྟོགས་རྒྱན་གྱི་ཊཱི་ཀ་རྐྱང་། དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀྐ། དབུ་མ་འཇུག་པའི་ཚིག་འགྲེལ་མཐའ་གཅོད། །ཉམས་ལེན། ཐོག་མར་འཛིན་ཆོས་སུ་བཏང་བའི་བསྡུས་དཔེ་ཡོངས་རྫོགས། ཚད་མའི་ལོ་རྒྱུས་ས་བཅད་དང་བཅས། བསྡུས་གྲྭ་ཚིགས་བཅད་མ་སོགས་དང་། གྲུབ་མཐའི་རྣམ་གཞག །འདུལ་བའི་ཡིག་ཆ། འདུལ་བའི་བསླབ་བྱ་རྒྱས་ཙམ། མཛོད་ཀྱི་ཊཱིཀྐ་རྒྱས་པ་དང་། དེའི་དོན་བསྡུས་པ། སྡོམ་གསུམ་གྱི་བསླབ་བྱ་ཚིགས་བཅད་དང་ཚིགས་ལྷུགས་སུ་བྱས་པ་གཉིས། དབུ་མའི་ལྟ་ཁྲིད་ཅུང་ཟད་རྒྱས་པ། མཚན་བརྗོད་ཊཱིཀྐ། བླ་མ་མཆོད་པའི་ཊཱིཀྐ། རྟེན་འབྲེལ་བསྟོད་པའི་ཊཱིཀྐ། ཚངས་ཅོད་མའི་ཊཱིཀྐ། བསྟོད་སྤྲིན་རྒྱ་མཚོའི་ཊཱིཀྐ། འཆི་མེད་གྲུབ་པའི་ཊཱིཀྐ། སྐབས་གསུམ་མའི་ཊཱིཀྐ། ཐོག་ཐ་བར་དགེའི་ཊཱིཀྐ། རྟེན་འགྲེལ་སྙིང་པོའི་ཊཱིཀྐ། དམིགས་བརྩེ་མའི་ཊཱིཀྐ། འདུལ་བ་རྒྱ་མཚོའི་སྙིང་པོའི་ཊཱིཀྐ། གང་བློ་མའི་ཊཱིཀྐ། བློ་ཆེན་མེས་པོའི་ཊཱིཀྐ། བར་དོའི་འཕྲང་སྒྲོལ་གྱི་ཊཱིཀྐ། ལམ་རིམ་བསྡུས་དོན་གྱི་ཊཱིཀྐ། ཤེར་སྙིང་ཊཱིཀྐ། འདུས་པའི་རྩ་རྒྱུད་ཀྱི་ཊཱིཀྐ། བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ། དུས་གསུམ་རྒྱལ་བ་མའི་འགྲེལ་པ། སུམ་རྟགས་འགྲེལ་པ། བཤེས་སྤྲིངས་མཆན་འགྲེལ། བོ་བསྟོད་འགྲེལ་པ། ཡིག་བརྒྱའི་ཊཱིཀྐ་དང་སྒྲོལ་ཊཱིཀྐ། བླ་མ་སྣ་ཚོགས་ཀྱི་གསོལ་འདེབས། ལམ་རིམ་བརྒྱུད་པའི་གསོལ་འདེབས། ཡང་ལམ་རིམ་བརྒྱུད་པ་དང་དགོན་འདིའི་བླ་བརྒྱུད་ཀྱི་གསོལ་འདེབས། བསྐལ་བཟང་རྒྱ་མཚོའི་བརྟན་བཞུགས་གསོལ་འདེབས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་གསོལ་འདེབས་རྒྱས་བསྡུས་གསུམ། སློབ་དཔོན་བཟང་པོ་རྒྱལ་མཚན་དང་སློབ་དཔོན་བློ་བཟང་སྦྱིན་པ་དང་སློབ་དཔོན་བློ་གྲོས་རྒྱ་མཚོ་སློབ་དཔོན་བློ་བཟང་དར་རྒྱས་རྣམས་ཀྱི་གསོལ་འདེབས་བརྟན་བཞུགས། དོ་ལོ་ནོར་བླ་མ་དང་བྷི་ལིག་ཐུ་ནོ་མོ་ཧང་གཉིས་ཀྱི་བརྟན་བཞུགས། རྗེ་བཙུན་མི་ལ་དང་རྒྱལ་སྲས་ཞི་བ་ལྷའི་གསོལ་འདེབས་བསྟོད་པ། འཇམ་དབྱངས་དམར་སེར། འཇམ་དབྱངས་དཀར་པོ། སྤྱན་རས་གཟིགས། བྱམས་པ། ཕྱག་རྡོར། རྣམ་རྒྱལ། དབྱས་ཅན་མ། མི་གཡོ་བ་རྣམས་སོ་སོའི་བསྟོད་པ། མི་འཁྲུགས་པའི་ཞིང་བཀོད། སྨོན་ལམ། འཕོ་བ། མངོན་རྟོགས་བུམ་བསྐྱེད་དཀྱིལ་ཆོག་ས་ཆོག་དང་བཅས་པ། རྣམ་རྒྱལ་ས་ཆོག །ཀུན་རིག་ཆོག་བསྒྲིགས་མ། དེའི་ཚོགས་ཞིང་། ཚེ་དཔག་ཆོག་བསྒྲིགས་མ། བདེ་མཆོག་ཆོག་བསྒྲིགས་མ། རྗེའི་རྣལ་འབྱོར་དང་འབྲེལ་བའི་ལྟ་ཁྲིད་ཚིགས་བཅད་མ། མགོན་ཆོས་སོ་སོའི་གཏོར་འབུལ་དང་། ཆོས་སྐྱོང་སྤྱིའི་གཏོར་འབུལ་གཉིས། མིང་གི་རྣམ་གྲངས། བསྔོ་བ་བྱེད་ཚུལ་རྒྱས་བསྡུས་གསུམ་སོགས་དང་། སངས་རྒྱས་བྱང་སེམས་དུ་མའི་མཚན་བསྒྲིགས་དང་། སངས་རྒྱས་སྟོང་གི་མཚན་བསྒྲིགས། རྟེན་འབྲེལ་གྱི་རྣམ་གཞག །དཀོར་སྤྱོད་ཡན་ལག་བདུན་པ་བྱེད་ཚུལ། བདེ་མཆོག་ལྷ་ལྔ་དང་འཇིགས་བྱེད་དཔའ་གཅིག་བདེ་མཆོག་ལྷན་སྐྱེས་དང་བཅུ་གསུམ་མ། །འདུས་པའི་མདུན་བསྐྱེད་ཀྱི་ལྷན་ཐབས། ཀ་ཁ་ཚིགས་བཅད་མ་ཚར་གཉིས། ཐོས་པ་ལ་བསྐུལ་བ། ཀུན་རིག་གི་ལྷན་ཐབས། དེའི་སྔགས་དོན་དང་ཕྱག་རྒྱའི་སྐོར། དེའི་བུམ་བསྐྱེད་བསྡུས་པ། སྨྱུང་གནས་ཆོག །རིལ་སྒྲུབ་ཆོ་ག །དམིགས་བརྩེ་མའི་རིལ་སྒྲུབ། ཚེ་སྒྲུབ་རྒྱས་བསྡུས་གཉིས། བཅུ་གཅིག་ཞལ་གྱི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད། འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་ཚིགས་བཅད་མ། ཚེ་དཔག་དང་འཇིགས་བྱེད་ལ་བརྟེན་པའི་ལྷོ་སྒོ་བྱེད་ཚུལ། འཇམ་དབྱངས་དཀར་པོ་དང་དམར་སེར་གྱི་མངོན་རྟོགས་ཅུང་ཟད་རྒྱས་པ། ངག་བྱིན་རླབས། ཀུན་རིག་གི་དབང་པོའི་སྦྱོར་བ་བྱེད་ཚུལ། ཡི་དམ་སྣ་ཚོགས་པའི་སྒྲུབ་སྐོར། སྔགས་ཀྱི་ཀློག་ཚུལ་རྒྱས་བསྡུས་གཉིས། དག་ཡིག་རྒྱས་བསྡུས་གཉིས། སྙན་ངག་གི་དཔེར་བརྗོད་ཅུང་རྒྱས་པ། ཡང་སྙན་ངག་མངོན་བརྗོད་བརྡ་རྙིང་གསུམ་གྱི་རྣམ་གཞག །ལམ་རིམ་སོགས་ནས་འབྱུང་བའི་དོན་ཚིགས་བཅད་དུ་བྱས་པ། མངའ་འཇུག་གི་མདོའི་དོན་བསྡུས་པ། མདོ་སྡེ་མང་པོ་ནས་བཏུས་པའི་བསླབ་བྱ་ཚིགས་བཅད་མ། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོའི་དོན་བསྡུས་པ། མི་འཁྲུགས་རྣམ་རྒྱལ་རྣམ་སྣང་གསུམ་གྱི་སྒོ་ནས་སྐྲ་ཆོག་བྱེད་ཚུལ་བླ་མ་དང་འོད་དཔག་མེད་བྱམས་པ་གསུམ་གྱི་འཕོ་བ། དོན་བདུན་ཅུའི་རྣམ་གཞག་འཕྲོས་དང་བཅས་པ། སྐྱབས་འགྲོའི་ཁྲིད་དང་སྟོབས་བཞིའི་བཤགས་པ་བྱེད་ཚུལ། འབྱུང་བཞི་དང་བརྒྱ་རྩ་བསྡུས་པ། སཱཙྪ་གདབ་ཚུལ། སྔགས་རིམ་གྱི་སྙིང་པོ་བསྡུས་པ། རྡོར་སེམས་བུམ་སྒྲུབ། ཡུམ་གྱི་བགྲེས་རྐང་གི་དོན་བཤད་པ། རྒྱུད་བླའི་དོན་རྡོ་རྗེའི་གནས་བདུན་བཤད་པ། རྒྱུ་དང་འབྲས་བུ་རྣམ་གཞག །འདུས་པའི་བླ་བརྒྱུད་དང་བདག་མདུན་བདེ་གསང་གཉིས་ཀྱི་བསྡུས་དོན་དང་འཆད་ཚུལ། འདུས་པའི་བསྡུས་དོན་རྒྱས་པར་ཕྱེ་བ། འདུས་པའི་རྩ་རྒྱུད་ཀྱི་གླེང་གཞིའི་ཡི་གེ་བཞི་བཅུའི་བཤད་པ་ཟུར་དུ་བསྟན་པ། འདུས་པའི་བསྐྱེད་རྫོགས་གཉིས། བདེ་མཆོག་བསྐྱེད་རྫོགས་གཉིས། འཇིགས་བྱེད་བསྐྱེད་རྫོགས་གཉིས། འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རྫོགས། བདེ་མཆོག་ལྷ་ལྔའི་བསྐྱེད་རྫོགས། བདེ་གསང་གཉིས་འདོན་ཚུལ་རྒྱས་བསྡུས་ཀྱི་དབྱེ་བ་ཤེས་བྱེད། དཀོན་མཆོག་གསུམ་གྱི་རྣམ་གཞག །སེངྒེའི་སྒྲ་དང་ཕྱག་རྡོར་ལ་བརྟེན་པའི་གདོན་འགྲོ་བྱ་ཚུལ། སེངྒེའི་སྒྲའི་མངོན་རྟོགས་ཟུར་བ། ཀླུའི་གདོན་འགྲོལ། ཚེ་དབང་བསྐུར་ཚུལ། གྲུབ་མཐའ་ལ་ཕྱོགས་འཛིན་གྱི་ཆགས་སྡང་འགོག་པའི་ཡིག་ཆ། སྣོད་བཅུད་ཀྱི་རྣམ་གཞག །འཚམས་སྦྱོར་ལྔ་པ། སྡོམ་པའི་སྐོར་གྱི་དོགས་གཅོད། ཉམས་ལེན་སྤྱིའི་དོགས་གཅོད། འཇིགས་བྱེད། རབ་གནས། སྦྱིན་སྲེག །ཟོར་ལས། བདེ་མཆོག་མངོན་དཀྱིལ་བུམ་བསྐྱེད་ལག་མཆོད་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད་ཀྱི་སྐོར་བསྒྲིགས་མ། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་ལྟ་ཁྲིད་དང་བཅས་པ། བདེ་བ་ཅན་གྱི་ཞིང་བཀོད་སྨོན་ལམ་དང་བཅས་པ། སྦྱོང་རྒྱུད་དང་རྟོག་བདུན་གཉིས་ཀྱི་བསྡུས་དོན། ལམ་རིམ་གྱི་ཁྲིད་དམིགས་རྒྱས་བསྡུས་གཉིས། བསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ། བླ་མའི་རྣལ་འབྱོར་འགའ་ཞིག །སྨན་བླའི་མདོ་ནས་འབྱུང་བའི་སྨོན་ལམ་ཟུར་དུ་བྱས་ནས་འདོན་ཚུལ། སྨན་བླ་བསྡུས་པའི་ལྷན་ཐབས། དུས་ཆེན་གྱི་བཤད་པ། འཇམ་དབྱངས་ནང་གསང་གཉིས་ཀྱི་སྒྲུབ་ཐབས། གཟུངས་གཞུག་རབ་གནས་བསྡུས་པ། འཇིགས་བྱེད་གཙོ་བོར་བྱས་པའི་བསྙེན་ཡིག །འཇིགས་བྱེད་གཏོར་འབུལ། ས་ལམ་རྣམ་གཞག །བུམ་གཏེར་དང་ལྟོ་འཕྱེ་བརྟག་ཚུལ། ནག་རྩིས་ཞེ་བདུན་མ་དང་བཅུ་གསུམ་མའི་སྐོར། སྐར་རྩིས་ཐོར་བུ། གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར་རྒྱས་པ། བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་གཞག །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ། གྲུབ་མཐའ་བཞི་དང་འབྲེལ་བའི་ལྟ་བའི་རྣམ་གཞག་རྒྱས་ཙམ། ལྟ་བ་དང་དུས་གསུམ་གྱི་རྣམ་གཞག་ཟབ་མོ། བསླབ་གསུམ་སོགས་ཀྱི་ཁྱད་པར་བཤད་པ། དགོན་འདི་བླ་བརྒྱུད་ཀྱི་རྣམ་ཐར་དཀར་ཆགས། དགོན་འདིའི་རྟེན་ཐམས་ཅད་ཀྱི་དཀར་ཆགས། དུས་ཚིགས་ཀྱི་རྣམ་གཞག །བདེན་གཉིས་རྣམ་གཞག །ལས་དཀར་ནག་གི་རྣམ་གཞག ། འཁོར་བའི་འཇུག་རིམ། ཡུམ་གྱི་མདོ་ནས་འབྱུང་བའི་བརྒལ་ལན། འཁོར་ལོ་ཆེན་པོའི་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད། སེང་གདོང་མའི་མངོན་རྟོགས་བསྐང་གསོ་སྦྱིན་བསྲེག་མདོས་ཟོར་བཅས་པ། ཡིག་བསྐུར་རྣམ་གཞག་ཚར་གཉིས། གཤིན་རྗེ་འཆར་ཀའི་མངོན་རྟོགས་མདོས་ཀྱི་རིམ་པ། སྣང་བརྒྱད་ཀྱི་ཆོ་ག །ནོར་ལྷ་ལ་བརྟེན་ནས་གཡང་ལེན་ཚུལ། སྐར་ཡིག་བསྒྲིགས་མ། བསངས་ཡིག་གི་སྐོར། བཅའ་ཡིག །མར་མེ་འབུལ་ཚུལ། ཆར་འབེབས་བྱེད་ཚུལ། གཞན་དཀའ་འགྱུར་དང་། རྗེའི་གསུང་འབུམ་དང་། གྲ་ཁང་དང་། ཇོ་བོའི་ལྷ་ཁང་སོགས་དཀར་ཆགས་ཀྱི་སྐོར་ཤིན་ཏུ་མང་ཞིང་། འདིར་བློ་རིགས་རྒྱས་ཙམ་དང་། བསྡུས་དཔེ་ཟུར་བ་ཞིག་དང་། དབུས་ན་ཡོད་དུས་བྱམས་གཞུང་། སྐབས་བཞི་པ། འདུལ་བའི་དུས་ཚིགས་དང་གསོ་སྦྱོང་གི་བཤད་པ་བསྒྲིགས་མ་སོགས་དང་། གཞན་བན་བོན་འགའ་ཞིག་གིས་ནན་ཆེར་བསྐུལ་བའི་ངོ་བོར་དེ་དག་གི་འདོད་པ་ལྟར་ལྷ་གཞན་དང་གཞན་གྱི་མངོན་རྟོགས་སོགས་འགའ་ཞིག་ཅུང་མི་མངོན་པའི་ཚུལ་གྱིས་བསྒྲིགས་བྱིན་པ་ཡང་ཡོད་དེ། རྨ་ཁར་ཕན་ན་ཁྱི་ཚིལ་གྱི་དཔེ་ལྟར་ཡིན་གྱི། རྩོམ་ཚད་རང་གིས་བྱེད་དགོས་པའི་ངེས་པ་མེད་ཀྱང་ཀླན་ཀ་འོང་བར་དོགས་ནས་འདིར་མ་བརྗོད། དེར་མ་ཟད་བརྩམས་ནས་བྱིན་ཏེ་གང་ཡིན་བརྗེད་སོང་བ་དང་། ཐར་ཐོར་འགའ་ཞིག་ནི་མ་བྲིས་སོ། །དེ་ཡན་ནི་རེ་གཉིས་མ་གཏོགས། རང་གིས་རྩོམ་འདོད་ལྷག་དང་བཅས་པ་གྲུབ་ཟིན་ནོ། །དེ་དག་ནི་རང་ལོ་རེ་གཉིས་ཐོག་ཡན་ཆད་དུ་ཡིན་ལ། ད་དུང་ཀྱང་རང་འདོད་དང་གཞན་དབང་གིས་འབྲི་བའང་སྲིད་པར་འགྱུར་རོ། །མདོར་ན་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་ཅི་ལྟར་བསྟན་པ་ནི་དེའི་རྣམ་ཐར་ཡིན་ལ། དེ་གསུམ་གྱི་ནང་ནས་གསུང་གི་མཛད་པ་ནི་རྣམ་ཐར་གྱི་མཆོག་ཡིན་ཏེ། ཇི་སྐད་དུ། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་ཞེས་གསུངས་པ་ལྟར་རོ། །དེས་ན་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་གི་མཛད་པ་ནི་དེ་དག་གི་རྣམ་ཐར་གྱི་མཆོག་ཡིན་པས། ཁོ་བོ་ཅག་གི་རྣམ་ཐར་གྱི་ཁུལ་ཡང་རྩོམ་པ་བྱས་པ་འདི་རྣམས་གཙོ་བོ་ལགས་སོ། །གཞན་ཚེ་འདིའི་བྱ་བྱེད་དྲན་ཚད་ཐམས་ཅད་བྲིས་ན་པོ་ཏི་ཆེན་པོར་འགྱུར་ཞིང་དགོས་པ་མི་སྣང་ལ། འགའ་ཞིག་གི་རྣམ་ཐར་དུ་དེ་དུས་ཀྱི་རྒྱལ་པོ་དང་དུས་ཀྱི་འགྱུར་བ་ཇི་ལྟ་བུ་དང་རང་ལ་འབུལ་བ་ཇི་ལྟར་བྱུང་བ་རྣམས་བྲིས་འདུག་པ་ལྟར་བྱས་ཀྱང་དགོས་དོན་ཆུང་བས་བཞག་གོ །དགོས་པའི་དོན་དཔེ་རྩོམ་ཚུལ་དེ་ལྟར་ཡིན་ན་ཉམས་ལེན་ཇི་ལྟར་བྱས་སྙམ་ན། བླ་མ་གྲོང་ཆོག་པ་ལ་ཉམས་ལེན་བཟང་པོ་ཡོད་དཀའ་ཡང་ཅུང་ཟད་བརྗོད་པར་བྱ་སྟེ། སྤྱིར་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཉམས་ལེན་དང་སྙིང་རུས་ལྟ་བུ་ནི་ད་ལྟའི་གང་ཟག་ལ་ཡོད་དཀའ་ལ། འོན་ཀྱང་རང་ཉིད་བརྩོན་འགྲུས་བཟང་བར་རློམ་ཡང་ད་ལྟ་ཐོས་ཉུང་བླུན་པོ་འགའ་ཞིག་གིས་བརྩོན་འགྲུས་བྱེད་པ་མཐོང་ན། ཁོ་བོ་ཅག་ནི་བརྩོན་འགྲུས་ཆེ་བར་མི་སེམས་སོ། །དེ་ལྟ་ནའང་གཞན་ནམ་རང་དོན་དུ་གྲོང་ཆོག་བྱེད་པ་འདི་རེ་ཞིག་སྤོང་མི་ནུས་པ་ཙམ་མ་གཏོགས། རྒྱུན་དུ་ཁ་ཏོན་བྱེད་པའམ། དཔེ་ཀློག་པའམ། རྩོམ་པ་བྱེད་པ་གསུམ་པོ་གང་རུང་མིན་པའི་དོན་མེད་པའི་གཡེང་བ་དང་དོན་མེད་དུ་བསྡད་པ་ཆེར་མ་བྱས་ཤིང་། བསྙེན་འཚམས་འགའ་རེ་དང་། ཁ་ཏོན་ཀྱང་བཅད་རྒྱ་བྱས་ནས་གསང་བདེ་འཇིགས་གསུམ་སོགས་དང་། དེའི་བླ་མའི་རྣལ་འབྱོར་དང་། ལྷ་གཞན་འགའ་ཞིག་གི་རྣལ་འབྱོར་དང་། བདེ་གསང་གི་རྒྱུད་དང་། སྡུད་པ་དང་མཚན་བརྗོད་སོགས་འདོན་པ་དང་། གཟུངས་སྔགས་མང་པོ་དང་། སངས་རྒྱས་བྱང་སེམས་མང་པོའི་མཚན་བརྗོད་པའི་གསོལ་འདེབས་དང་། ལམ་རིམ་གྱི་སྙིང་པོ་བྱམས་སྙིང་རྗེ་ལྷག་བསམ་སེམས་བསྐྱེད་ལྟ་བ་སེམས་ལ་ཉིན་རེ་བཞིན་ཅི་ནུས་སུ་འབད་ཁུལ་བྱས་པ་སྟེ། འདིར་དེ་ཙམ་ལས་ཞིབ་པར་མ་བརྗོད་དོ། །སྨྲས་པ། བཟང་བཟང་རྒྱལ་བའི་མདོ་སྔགས་དམ་པའི་ཆོས། །ངེས་ངེས་འཛིན་པའི་ཆེད་དུ་སྔོན་བྱོན་པའི། །མཁས་མཁས་དམ་པའི་བཤེས་གཉེན་ཐམས་ཅད་ལ། །དུང་དུང་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །སྐྱེ་ཞིང་སྐྱེ་བ་བརྒྱུད་པ་མི་དྲན་ཡང་། །སྔོན་ཚེ་སྔོན་གྱི་རྒྱལ་བའི་ཆོས་ཚུལ་རྒྱུན། །འདི་རུ་འདི་ལྟར་འཛིན་པའི་སྨོན་ལམ་འབྲས། །གང་ཞིག་གང་ལ་འདི་བཞིན་སྨིན་པ་མཚར། །དེ་ཡང་ཡུལ་དུས་སྦྱིན་བདག་མཐུན་རྐྱེན་སོགས། །རྟེན་འབྲེལ་བཟང་པོ་དུ་མ་ལྷན་ཅིག་ཏུ། །ཚོགས་ལས་འབྱུང་གི་རྒྱུ་དང་རྐྱེན་གཅིག་གིས། །འབྲས་བུ་ཕུན་ཚོགས་འདི་ལྟར་ག་ལ་བསྐྲུན། །བསེར་བུས་བསྐྱོད་ཚེ་ཤིང་བལ་འདབ་བཟང་ལ། །འགྲན་པ་བཞིན་འགྲོ་དམ་པའི་རླུང་ཤུགས་ཀྱིས། །བསྐུལ་བས་བྱིའུའི་རྣམ་ཐར་མཁའ་ལྡིང་གི །ངང་ཚུལ་བཞིན་དུ་སྟོན་པ་འདི་ན་མཐོང་། །རབ་དཀར་ཟླ་འདྲའི་ཤོག་ངོས་སུ། །རབ་རྨོངས་བྱིས་པའི་སྤྱོད་ཚུལ་འགའ། །རབ་མཛེས་རི་བོང་མཚན་མ་ལྟར། །རབ་རིབ་མིག་ཅན་དག་ལ་སྣང་། །འོན་ཏེ་མདོ་རྒྱུད་དུ་མ་ལས། །རང་གི་རྩ་བའི་བླ་མ་ཡི། །ཡོན་ཏན་མཛད་སྤྱོད་དམན་ནའང་། །བསྔགས་བརྗོད་བྱས་ཀྱང་ཕན་ཡོན་ནི། །ཆེན་པོ་འབྱུང་བར་གསུངས་ཕྱིར་འདིར། །རང་ལ་ལུང་རྟོགས་ཡོན་ཏན་ཚོགས། ཁྱད་འཕགས་མིན་ཡང་སློབ་མ་ཡིས། །ཆེན་པོར་བསྔགས་བརྗོད་བཟུང་མི་འགལ། །ཚུལ་དེ་གཟིགས་ནས་ཀོའུ་ཤྲཻ་ནང་སོ་ཡིས། ཁ་བཏགས་མཎྜལ་གསེར་དངུལ་གོས་ཡུག་གི །འབུལ་བྱས་རྒྱུད་པའི་ཚོགས་དང་ལྷན་ཅིག་ཏུ། །བསྐུལ་ལས་བཤད་སྒྲུབ་མིང་ཅན་བདག་ཉིད་ཀྱིས། །རང་ལོ་བཅུ་ཕྲག་དྲུག་དང་གཉིས་སོན་ཐོག །རྒྱུད་པའི་སློབ་དཔོན་བྱེད་ཚེ་གཡར་ཁྲལ་ལམ། །གཞན་ངོ་ཙམ་ཕྱིར་སྒྲོ་སྐུར་མེད་པ་རུ། །ཇི་ལྟར་འཚམ་པ་ཉིད་དུ་ལེགས་པར་སྦྱར། །ཞེས་བྱའོ། །སློབ་དཔོན་བཤད་སྒྲུབ་མཚན་ཅན་གྱི་རྣམ་ཐར་འདི་ནི། རྗེ་བཙུན་བྱང་ཆུབ་མི་ལ་རིན་པོ་ཆེའི་དཔོན་པོ་དགེ་སློང་ངག་དབང་བཀྲ་ཤིས་ཞེས་བྱ་བ་རྒྱུད་གྲྭར་ཞུགས་ནས་སྔགས་རམ་པའི་མཚན་གདགས་མཛད་ཟིན་པའི་ཚེ་འདི་སྙམ་དུ་རང་ལ་ཁ་དོག་བཟོ་ལྟ་ཆེན་པོ་མེད་ཀྱང་སྔགས་ཕྱོགས་ལ་ཐོས་བསམ་ཅུང་ཟད་བྱེད་རྒྱུ་བྱུང་བ་དང་། དཀའ་རབ་འབྱམས་ཀྱི་གྲྭལ་དུ་ཚུད་ཙམ་བྱུང་བ་འདི་ཡང་སློབ་དཔོན་རིན་པོ་ཆེ་འདི་དང་ཀོའུ་ཤྲིས་ཡེས་རྣམ་གཉིས་ཀྱི་ཐུགས་རྗེ་ཁོ་ན་ཡིན་སྙམ་པའི་དད་པ་ཁོ་ནས་དྲིན་བཟོ་བའི་ཆེད་དུ་དཔོན་སློབ་ཉིད་ཀྱི་རྣམ་ཐར་འདི་པར་དུ་བསྒྲུབས་པའི་དགེ་བས་རྒྱུད་པའི་འཆད་ཉན་གྱི་བསྟན་པ་དར་བ་དང་། པར་དུ་བསྐྲུན་པ་པོ་ཉིད་ཚེ་རབས་ཐམས་ཅད་དུ་སྔགས་སྒྲུབ་པའི་རྟེན་བཟང་པོ་རིམ་པར་བརྒྱུད་ནས་མྱུར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །པར་གྱི་ཡི་གེ་པ་ནི་དགེ་སློང་བློ་བཟང་ཕུན་ཚོགས་སོ། །བཀྲ་ཤིས།། །།


previousསློབ་དཔོན་བཤད་སྒྲུབ་མཚན་ཅན་གྱི་རྣམ་ཐར་རྒྱུ་སྐར་རྣམ་པར་རྩེན་པ།next