Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་།
   
   
   
   
   
   
   
   
   


 
previousརྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་།next

རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་།

རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་བཞུགས།

ན་མོ་ཨཱཪྱ་མཉྫུ་ཤྲཱི་ཡེ། གསེར་མངལ་ཅན་དང་མགྲིན་སྔོན་པད་དཀར་མིག །མིག་སྟོང་ལྡན་དང་ལུས་མེད་བདག་པོ་དང་། །རྒྱུ་སྐར་རྒྱལ་པོ་པདྨོའི་གཉེན་སོགས་ཀྱིས། །ཞབས་པད་གུས་བསྟེན་ཐུབ་དབང་དེ་ལ་འདུད། །རྒྱལ་བ་དེ་ཡི་བསྟན་པ་འཕགས་བོད་དུ། །ཇི་ལྟར་བྱུང་ཚུལ་རྒྱལ་རབས་དང་འབྲེལ་བར། །སྔ་ཕྱིར་དམ་པའི་སྐྱེས་བུ་རིམ་བྱོན་གྱི། །ཆོས་འབྱུང་མཚོན་ཙམ་དད་པས་བྲི་བར་བྱ། །དེ་ལ་གསུམ། སྔོན་ཚེ་འཕགས་ཡུལ་དུ་རྒྱལ་རབས་ཇི་ལྟར་བྱོན་ཚུལ་དང་། དེའི་རྗེས་སུ་ཇི་ལྟར་བྱོན་ཚུལ་དང་། བོད་དུ་བྱུང་ཚུལ་ལོ། །དང་པོ་ནི། མང་པོས་བཀུར་བའི་རྒྱལ་རབས་ནི་རྒྱ་ཆེར་རོལ་པ། མངོན་འབྱུང་། འདུལ་བ་ལུང་། འཇིག་རྟེན་བཞག་པ་སོགས་ནས་བཤད་ཅིང་དེ་དག་ལ་མིང་མི་འདྲ་བ་དང་རྒྱས་བསྡུས་ཀྱང་ཅུང་ཟད་མི་འདྲ་བ་རེ་འབྱུང་ཞིང་། འདིར་འདུལ་བ་ལུང་ལས་འབྱུང་བ་ལྟར་བསྡུས་ཏེ་བརྗོད་ན། བསྐལ་བ་དང་པོའི་མི་རྣམས་ནི་བརྫུས་སྐྱེས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་ཅིང་། དགའ་བ་ཟས་སུ་ཟ་བ། རང་ལུས་འོད་དང་ལྡན་པ་སོགས་ཁྱད་པར་དུ་མ་ཡོད་པ་ལས། ཕྱེས་ཚེ་དང་ལས་སྟོབས་རིམ་གྱིས་བྲི་སྟེ་ལུས་ཀྱི་འོད་ཉམས་པ་ན། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ཉི་ཟླ་རྒྱུ་སྐར་རྣམས་བྱུང་། དེ་རྗེས་མ་རྨོས་པའི་ལོ་ཏོག་བྱུང་བའི་ཚེ་རྐུ་འཕྲོག་བྱས་པ་ལ་བརྟེན་ནས། སེམས་ཅན་དེ་དག་མང་པོ་གྲོས་བྱས་ཏེ་སྐྱེས་བུ་བསོད་ནམས་དང་ལྡན་པ་ཞིག་རྒྱལ་པོར་བསྐོས་པས། དེ་ལ་མང་པོས་བཀུར་བའི་རྒྱལ་པོ་ཞེས་གྲགས་སོ། །དེའི་བུ་འོད་མཛེས། དེའི་བུ་དགེ་བ། དེའི་བུ་དགེ་མཆོག །དེའི་གསོ་སྦྱོང་འཕགས། དེའི་བུ་སྤྱི་བོར་ཕོལ་མིག་ལས་ང་ལས་ནུ་བྱུང་སྟེ། དེ་ནི་གླིང་གཞིར་དབང་བའི་རྒྱལ་པོ། །རྒྱལ་པོ་ང་ལས་ནུའི་བརླ་གཡས་པར་ཕོལ་མིག་ལས་མཛེས་པ། གཡོན་པའི་ཕོལ་མིག་ལས་ཉེ་མཛེས་སྐྱེས་ཏེ་སྔ་མས་གླིང་གསུམ་དང་། ཕྱི་མས་གླིང་གཉིིས་ལ་དབང་སྒྱུར། ཉེ་མཛེས་ཀྱི་རྐང་བའི་བོལ་གྱི་ཕོལ་མིག་ལས་མཛེས་ཅན་བྱུང་སྟེ། དེས་གླིང་གཅིག་ལ་དབང་བསྒྱུར། འདི་དུས་མི་རྣམས་ནི་ཚེ་ལོ་བཞི་ཁྲི་རེ་ཐུབ་ཅིང་། སངས་རྒྱས་འཁོར་བ་འཇིག་བྱོན་པར་བཤད་དོ། །ཉེ་མཛེས་ཀྱི་རྐང་མཐིལ་ལས་ཕོལ་མིག་ཞིག་བྱུང་བ་ལས་མཛེས་ལྡན་ཏེ། དེ་ཡང་གླིང་གཅིག་ལ་དབང་ངོ་། །དེ་ནས་གཞན་ཞིག་ལས་མཛེས་ལྡན་གྱི་བུ་ནི་བཏང་བའོ། །དེའི་བུ་ནི་བཏང་བཟུང་ངོ་ཞེས་འབྱུང་ཡང་། འདུལ་བ་ལུང་ལས་མཛེས་ལྡན་གྱི་རྗེས་སུ་རིམ་པ་བཞིན་དུ། རྒྱས་བྱེད་དང་། སྲེད་པ་དང་། ཉེ་སྲེད་དང་། བཏང་བ་དང་། བཏང་བཟུང་དང་། ལུས་ཐུལ་དང་། ཤེས་ལྡན་དང་། ངན་སྤོང་དང་། ཤིང་རྟ་སྡུ་གུ་ཅན་དང་། དུག་ཅན་དང་། དུག་ཅན་ཆེན་པོ་དང་། ཀུ་ཤ་ནི་དང་། ཀུ་ཤ་ནི་ཆེན་པོ་དང་། ཀུ་ཤི་དང་། ཉེ་བའི་ཀུ་ཤི་དང་། ཀུ་ཤི་ཆེན་པོ། རྒྱས་བྱེད་དང་། རྒྱས་བྱེད་ཆེན་པོ་དང་། ལེགས་མཐོང་དང་། ལེགས་མཐོང་ཆེན་པོ་དང་། གནོད་སེལ་དང་། ཉེ་བའི་གནོད་སེལ་དང་། རྨ་བྱ་དང་། ངེས་འགྲོ་དང་། བདེ་བྱེད་དང་། རབ་འདུལ་དང་། རབ་ཏུ་སྒྲ་སྒྲགས་པ་དང་། རབ་ཏུ་དང་ལྡན་དང་། འོད་བྱེད་དང་། ལྷུན་པོ་དང་། རི་རབ་དང་། ལྷུན་པོ་ལྡན་དང་། མེ་ལྕེ་དང་། མེ་ལྕེ་ཕྲེང་དང་། མེ་ལྕེ་ལྡན་དང་། མེ་ལྡན་གྱི་བུ་དང་ཚ་བོ་དང་ཡང་ཚའི་བུ་རྒྱུད་ཀྱི་རྒྱལ་པོ་འབུམ་གྲོང་ཁྱེར་གྲུ་འཛིན་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ། དེའི་བུ་ཚ་བོ་ཡང་ཚའི་བརྒྱུད་ཀྱི་རྒྱལ་པོ་ལྔ་ཁྲི་བཞི་སྟོང་གྲོང་ཁྱེར་འཐབ་མེད་དུ་བྱུང་། དེའི་འོག་ཏུ་རྒྱལ་པོ་མ་ཕེབས་པ་འབེབས་པ་ཞེས་བྱ་བ་བུ་ཚ་བརྒྱུད་དྲུག་ཁྲི་སུམ་སྟོང་གྲོང་ཁྱེར་ཝ་ར་ཎ་སིར་བྱུང་། དེའི་རྗེས་སུ་རྒྱལ་པོ་བཟོད་དཀའ་བུ་ཚ་བརྒྱུད་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་མདའ་འཛིན་དུ་བྱུང་། དེའི་འོག་ཏུ་རྒྱལ་པོ་ཚངས་པས་བྱིན་བུ་ཚ་བརྒྱུད་སུམ་ཁྲི་ཉིིས་སྟོང་གྲོང་ཁྱེར་གླང་ཆེན་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་གླང་པོའི་བྱིན་བུ་ཚ་བརྒྱུད་ལྔ་སྟོང་གྲོང་ཁྱེར་རྡོ་འཇོག་ཏུ་བྱུང་། དེའི་འོག་ཏུ་རྒྱལ་པོ་བལ་བུའི་བུ་ཚ་བརྒྱུད་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་ལུ་ར་ཤར་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་ཚན་ཆེན་ཐུབ་ཀྱི་བུ་ཚ་བརྒྱུད་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་མ་ཕེབས་སུ་བྱུང་། དེའི་འོག་ཏུ་རྒྱལ་པོ་ཞེས་བྱ་བ་བུ་ཚ་བརྒྱུད་ཁྲི་ཉིས་སྟོང་གྲོང་ཁྱེར་ཀན་ནྱ་ཀུབ་ཛར་བྱུང་། དེའི་འ ོག་ཏུ་རྒྱལ་པོ་རྒྱལ་བའི་སྡེའུ་བུ་ཚ་བརྒྱུད་ཁྲི་བརྒྱད་སྟོང་གྲོང་ཁྱེར་ཙམ་པ་ཀར་བྱུང་། དེའི་འོག་ཏུ་རྒྱལ་པོ་ཀླུ་ལྷ་བུ་ཚ་བརྒྱུད་ཉིས་ཁྲིི་ལྔ་སྟོང་གྲོང་ཁྱེར་ཏ་མ་ལི་བ་ལྟར་བྱུང་། དེའི་འོག་ཏུ་རྒྱལ་པོ་མིའི་ལྷ་བུ་ཚ་བརྒྱུད་ཁྲི་ཉིས་སྟོང་གྲོང་ཁྱེར་སྔ་མ་དེར་བྱུང་། དེའི་འོག་ཏུ་རྒྱལ་པོ་དུག་ཅན་པའི་ལྷ་བུ་ཚ་བརྒྱུད་ཁྲི་བརྒྱད་སྟོང་གྲོང་ཁྱེར་སོ་ལྡན་དུ་བྱུང་། དེའི་འོག་ཏུ་རྒྱལ་པོ་བློ་བཟང་བུ་ཚ་བརྒྱུད་ཆིག་ཁྲི་ཉིས་སྟོང་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བྱུང་། དེའི་འོག་ཏུ་རྒྱལ་པོ་མུན་སེལ་བུ་ཚ་བརྒྱུད་བརྒྱ་ཐམ་པ་གྲོང་ཁྱེར་ཝཱ་ར་ཎ་སིར་བྱུང་། དེའི་འོག་ཏུ་རྒྱལ་པོ་དབང་ཆེན་སྡེ་བུ་ཚ་བརྒྱུད་ཁྲི་བཞི་སྟོང་གྲོང་ཁྱེར་ཀུ་ཤི་ལྡན་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་རྒྱ་མཚོ་ལྷའི་བུ་ཚ་བརྒྱུད་སྟོང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་དཀའ་ཐུབ་སྤྱོད་བུ་ཚ་བརྒྱུད་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་ཀུ་ཤི་ལྡན་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་ས་གཙོ་བུ་ཚ་བརྒྱུད་སྟོང་གྲོང་ཁྱེར་ཝཱ་ར་ཎ་སིར་བྱུང་། དེའི་རྗེས་སུ་རྒྱལ་པོ་ས་བདག་བུ་ཚ་བརྒྱུད་སྟོང་གྲོང་ཁྱེར་འཐབ་མེད་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་ས་འཛིན་བུ་ཚ་བརྒྱུད་བརྒྱད་ཁྲི་སྟོང་གྲོང་ཁྱེར་ཡང་འདྲེས་པར་བྱུང་། དེའི་རྗེས་སུ་རྒྱལ་པོ་ལྷ་ཆེན་པོ་བུ་ཚ་བརྒྱུད་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་འདྲེས་པར་བྱུང་ངོ་། །དེ་ནས་རྒྱལ་པོ་དེས་འཕན། དེའི་བུ་མུ་ཁྱུད། དེ་བཞིན་དུ་ཆིག་བརྒྱུད་དུ་མཛད་ནས་མུ་ཁྱུད་བརྟན། ཚན་པོ་ཆེ། ཟ་བ། ཉེ་ཟ། ཟ་བ་ཅན། ཟ་ལྡན། གྱ་ནོམ་སྣང་བ། མཉམ་ལྟ། ཐོས་པའི་སྡེ། ཆོས་ཀྱི་སྡེ། རྟོགས་པ། རྟོགས་ཆེན། རྟོགས་སྡེ། མྱ་ངན་མེད། མྱ་ངན་བྲལ། མཚམས་བརྟན། རྒན་མཚམམས། དུན་དུ་མ་ར། སྐྱ་རེངས། ཕྱོགས་བདག །རྟུལ་བཟང་། བདེ་བྱེད། ཀུན་དགའ། མེ་ལོང་ཞལ། སྐྱེད་པ་པོ། ཁྱུ་ཆོག །བཟའ་བཏུང་ལྡན། བཟའ་བཏུང་མོད། ཐུབ་མེད། གཞན་གྱིས་མི་ཐུབ་པ། བརྟན་པོ། རབ་བརྟན། སྟོབས་པོ་ཆེ། བཞོན་པ་མང་། བློ་བཟང་། བརྟན་གཞོན། གཞུ་བཅུ་པ། གཞུ་བརྒྱ་པ། གཞུ་དགུ་བཅུ་པ། རྣམ་པར་རྒྱལ་བའི་གཞུ། གཞུ་བཀྲ། གཞུ་སྲ། གཞུ་བརྟན། ཤིང་རྟ་བཅུ་པ། ཤིང་རྟ་བརྒྱ་པ། ཤིང་རྟ་དགུ་བཅུ་པ། ཤིང་རྟ་སྣ་ཚོགས། ཤིང་རྟ་རྣམ་པ་སྣ་ཚོགས། ཤིང་རྟ་གླིང་པ། ཤིང་རྟ་བརྟན་ཕྱུང་སྟེ་དེའི་བུ་ཚ་བརྒྱུད་བདུན་ཁྲི་བདུན་སྟོང་གྲོང་ཁྱེར་ལེགས་སྣང་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་ནམ་མཁའི་བདག་པོ་དང་། དེའི་བུ་ཀླུང་བསྲུངས་བྱུང་སྟེ། དེའི་བུ་ཚ་བརྒྱུད་བརྒྱ་ཐམས་པས་གྲོང་ཁྱེར་ཝཱ་ར་ཎ་སིར་རྒྱལ་སྲིད་བྱས་སོ། ། དེའི་རྗེས་སུ་ཚེ་ལོ་ཉིས་ཁྲིས་དུས་སུ་རྒྱལ་པོ་ཀྲི་ཀི་ཞེས་པ་བྱུང་སྟེ། དེའི་ཚེ་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནོ། །རྒྱལ་པོ་ཀྲི་ཀིའི་བུ་ལེགས་སྐྱེས་བུ་ཚ་བརྒྱུད་ཀྱི་རྒྱལ་པོ་བརྒྱ་ཐམ་པས་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་བྱས། དེའི་རྗེས་སུ་རྒྱལ་པོ་རྣ་བ་ཅན་བྱུང་། དེའི་བུ་ནི་གོའུ་ཏ་མ་དང་བ་ར་དྷ་ཛ་གཉིས་ཏེ་གོའུ་ཏ་མའི་བུ་ནི་བུ་རམ་ཤིང་པའོ། །བུ་རམ་ཤིང་པའི་བུ་ཚ་བརྒྱུད་བརྒྱ་ཐམ་པས་ཀྱང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་བྱས་སོ། །དེ་དག་གི་རྗེས་སུ་རྒྱལ་པོ་འཕགས་སྐྱེས་པོ་ཞེས་པ་བྱུང་སྟེ། །འདི་ལ་བུ་བཞི་སྟེ་བཞིན་འབར་དང་། ལག་རྣམས་དང་། གླང་ཆེན་འདུལ་དང་། རྐང་གདུབ་ཅན་ནོ། །རྐང་གདུབ་ཅན་གྱི་བུ་ནི་གནས་འཇིག །དེའི་བུ་བ་ལང་གནས། དེའི་བུ་སེང་གེའི་འགྲམ་དང་། སེདྒེའི་སྒྲའོ། །སེངྒེའི་འགྲམ་ལ་བུ་བཞི་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩི་ཟས་སོ། །ཟས་གཙང་ལ་བུ་གཉིས་ཏེ། བཅོམ་ལྡན་འདས་དང་། དགའ་བོའོ། །ཟས་དཀར་གྱི་བུ་རྒྱལ་བ་དང་བཟང་ལྡན་ནོ། །བྲེ་བོ་ཟས་ཀྱི་བུ་མིང་ཆེན་དང་མ་འགགས་པའོ། །བདུད་རྩིའི་ཟས་ཀྱི་བུ་ཀུན་དགའ་བོ་དང་། ལྷས་བྱིན་ནོ། །བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་གཅན་འཛིན་ནོ། །དེ་ཡན་ཆད་ཀྱིས་བུ་རམ་ཤིང་བའི་རྒྱལ་བརྒྱུད་རྫོོགས་ཀྱང་། མང་པོས་བཀུར་བའི་རྒྱལ་བརྒྱུད་ནི་འཕགས་ཡུལ་དང་། བོད་དུ་ཡང་བྱོན་ཏེ་རྒྱལ་པོ་གཉའ་ཁྲི་བཙན་པོ་སོགས་སོ། །མང་བོས་བཀུར་བ་ནས་བཟུང་སྟེ་སྟོན་པའི་བར་རྒྱལ་རབས་ཁྱོན་བསྡོམས་ན། དགུ་འབུམ་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་དང་སོ་གཅིག་བྱུང་ངོ་། །༈ གཉིས་པ་ལ་གཉིས། སྟོན་པ་བཞུགས་དུས་སུ་བྱོན་པ་དང་། སྟོན་པ་འདས་ནས་རྒྱལ་རབས་སོགས་ཇི་ལྟར་བྱུང་ཚུལ་ལོ། །དང་པོ་ནི་སྟོན་པ་སྐུ་བལྟམས་པ་དང་དུས་མཚུངས་པར་རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ་དང་། ཀཽ་ཤམྦྷིར་ཉི་མ་རབ་ཤར། འཕགས་རྒྱལ་དུ་གཏུམ་པོ་རབ་སྣང་། གོ་ས་ལར་རྒྱལ་པོ་གསལ་རྒྱལ་རྣམས་བྱུང་ངོ་། །དེ་དག་ལས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ནི་མ་སྐྱེས་དགྲ་སྟེ། དེས་བསྟན་པ་ལ་བྱ་བ་བྱས་ཚུལ་ནི་འཆད་པར་འགྱུར་རོ། །ཡང་དེའི་ཚེ་ཨུ་རྒྱན་གྱི་ཡུལ་དུ་ཕྱག་རྡོར་གྱི་སྤྲུལ་པ་རྒྱལ་པོ་ཨིནྡྲ་བོ་དྷི་ཆེན་པོ་བྱོན་ནས་རྒྱུན་རིང་དུ་བཞུགས་ཤིང་། སྟོན་པའི་བསྟན་པ་ལ་གསང་སྔགས་ཀྱི་གྲུབ་བརྙེས་ཀུན་གྱི་ཐོག་མ་ཡིན། གཞན་ཡང་། རྒྱ་གར་གྱི་ཕྱོགས་གཞན་དག་ཏུ་རྒྱལ་པོ་ཆེ་ཆུང་མང་དུ་བྱུང་ཡང་བསྟན་པ་ལ་བྱ་བ་ཆེན་པོ་འདི་བྱས་མི་སྣང་བས་མ་བྲིས་སོ། །གཉིས་པ་ལ་གསུམ། རྒྱལ་རབ་དང་བཅས་པའི་བསྟན་འཛིན་བྱོན་ཚུལ་དངོས་དང་། ཐོར་བུ་ཕྱོགས་གཅིག་ཏུ་དགོད་པ་དང་། འཕྲོས་དོན་ནོ། །དང་པོ་ནི། འདི་དག་གི་བྱུང་ཚུལ་རྒྱས་པར་བཤད་ན་པོ་ཏི་ཆེན་པོར་འགྱུར་བའི་ཕྱིར་དོན་བསྡུས་ཏེ་བཤད་པར་བྱའོ། །དེ་ལ་རྒྱལ་པོ་མ་སྐྱེས་དགྲའི་མིང་གཞན་རྒྱལ་པོ་དགེ་མཐོང་ཞེས་བྱ་སྟེ། སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཕྱི་ལོ་རྒྱལ་པོ་འདིས་སྦྱིན་བདག་མཛད་ནས་རྒྱལ་པོའི་ཁབ་ཏུ་ཀུན་དགའ། འོད་སྲུང་། ཉེ་བར་འཁོར་གསུམ་གྱིས་སྡེ་སྣོད་གསུམ་བསྡུས་ཏེ་བཀའ་བསྡུ་དང་པོ་མཛད། རྒྱལ་པོ་འདི་བསོད་ནམས་འཕེལ་ཏེ་སྤོང་བྱེད་མ་གཏོགས་པའི་གྲོང་ཁྱེར་ཆེན་པོ་ལྔ་པོ་འཐབ་རྩོད་མེད་པར་མངའ་འོག་ཏུ་ཆུད་དོ། །སྟོན་པ་དགུང་ལོ་ངོ་མཐོང་གྱ་གཅིག་བཞུགས་ནས་བསྟན་པ་འོད་སྲུང་ཆེན་པོ་ལ་གཏད། དེས་བསྟན་པ་བསྐྱངས་ཏེ་ལོ་འགའ་ནས་ཀུན་དགའ་བོ་ལ་བསྟན་པ་གཏད། དེས་ཁྱེའུ་གསེར་མདོག་དགྲ་བཅོམ་ལ་བཀོད་པ་ན། མ་སྐྱེས་དགྲས་ཀུན་དགའ་བོ་སོགས་དགྲ་བཅོམ་པ་ལྔ་སྟོང་ལ་ལོ་ལྔའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །ཀུན་དགའ་བོས་བ་ར་དྷྭ་ཛ་སོགས་ལ་རྫུ་འཕྲུལ་དང་ཆོས་བསྟན་ཏེ་བྲམ་ཟེ་ལྔ་བརྒྱ་དང་སྐྱེ་བོ་ཁྲིི་ཁྲག་བརྒྱ་བདེན་པ་མཐོང་བ་ལ་བཀོད། ཁྱིམ་བདག་ཤ་ནའི་གོས་ཅན་གྱིས་ཀུན་དགའ་བོ་དང་དགེ་འདུན་རྣམས་ལ་ལོ་ལྔར་དུས་སྟོན་ཆེན་པོ་བྱས་ཤིང་། ཀུན་དགའ་བོས་བསྐུལ་ཏེ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པའི་ཚེ་བསྟན་པ་གཏད། ཀུན་དགའ་བོས་སྔ་ཕྱིར་དགྲ་བཅོམ་ལ་བཀོད་པ་ནི་ཁྲི་སྐོར་བྱུང་ངོ་། །དེས་སྟོན་པ་འདས་པ་ནས་ལོ་བཞི་བཅུའི་སྐོར་བསྟན་པ་ལ་བྱ་བ་ཁྱད་པར་ཅན་མང་པོ་མཛད་ནས་མཐར་གདྒའི་ཆུ་དབུས་སུ་ཉི་མའི་གུང་པ་སོགས་རབ་ཏུ་བྱུང་ནས་མྱ་ངན་ལས་འདས་པ་ན། སྐུ་གདུང་ལས་མེ་རང་འབར་དུ་བྱུང་ནས་བསྲེགས་ཏེ། རིན་པོའི་ཆེའི་ག་བུར་ལྟ་བུ་ཆ་གཉིས་སུ་སོང་བ་མ་སྐྱེས་དགྲ་དང་། སྤོང་བྱེད་པ་རྣམས་ཀྱིས་བླངས་ནས་མཆོད་པར་བྱས་སོ། །དེའི་ཕྱི་ལོ་རྒྱལ་པོ་མ་སྐྱེས་དགྲ་ཡང་འདས་ནས་དེའི་བུ་ལག་བཟང་གིས་རྒྱལ་སྲིད་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ། དགྲ་བཅོམ་པ་ཉི་མའི་གུང་བ་འཁོར་དགྲ་བཅོམ་པ་ཁྲིས་བསྐོར་ནས་བྱང་ཕྱོགས་ཤི་རང་བྱོན་པ་ན་དེར་ཁྱིམ་བདག་ཨ་ཛ་ཞེས་བྱ་བས་དགེ་འདུན་ཐམས་ཅད་ལོ་གཅིག་གི་བར་མཆོད་པའི་ཚེ་དགྲ་བཅོམ་པ་བཞི་ཁྲི་འདུས་སོ། །ཤ་ནའི་གོས་ཅན་གྱིས་མཉན་ཡོད་དུ་ཆོས་བསྟན་པས་དགྲ་བཅོམ་ཐོབ་པ་སྟོང་དུ་ཉེ་བ་བྱུང་ངོ་། །དེ་ནས་ལག་བཟང་གི་བུ་གཞུང་བཟང་གིས་རྒྱལ་སྲིད་བྱེད་པའི་ཚེ། ཉི་མའི་གུང་པ་ཁ་ཆེར་བྱོན་ཏེ། ཁ་ཆེའི་སྐྱེ་བོ་མང་པོ་རྫུ་འཕྲུལ་གྱིས་རི་བོ་སྤོས་ངད་ལྡན་དུ་ཁྲིད་ནས་ཀླུ་བཏུལ་ཏེ་གུར་གུམ་མང་པོ་བླངས་ནས་སླར་ཁ་ཆེར་ཕེབས་པ་དང་། ཁ་ཆེའི་ཡུལ་གུར་གུམ་འབྱུང་གནས་སུ་བྱིན་གྱིས་བརླབས་སོ། །ཡུལ་དེའི་སྐྱེ་བོ་རྣམས་ལ་ཆོས་བསྟན་ནས་དོན་མང་དུ་མཛད། ཤ་ནའི་གོས་ཅན་གྱིས་སྔ་ཕྱིར་ཆོས་བསྟན་ནས་བདེན་པ་མཐོང་བ་ནི་འབུམ་ཙམ་དང་དགྲ་བཅོམ་ཐོབ་པ་ནི་ཁྲི་སྐོར་རོ། །འདིས་ཉེར་སྤས་ལ་བསྟན་པ་གཏད་དེ་ཡུལ་ཙམ་པ་ཀར་མྱ་ངན་ལས་འདས་སོ། །དེ་ནས་ཉེར་སྦས་བྱང་ཕྱོགས་སུ་གཤེགས་ཏེ། ཁྱིམ་བདག་བ་སུ་ར་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་ནས་དགེ་འདུན་ལ་མཆོད་པ་ཞིག་ཡོད་པ་དེར་བཞུགས་ནས་ཆོས་བསྟན་པས། ཟླ་བ་གསུམ་ལ་དགྲ་བཅོམ་ཐོབ་པ་སྟོང་ཕྲག་གཅིག་བྱུང་། རིའི་རྒྱལ་པོ་མནྡྷ་རར་བྱོན་ནས་ཆོས་བསྟན་པས་སྐྱེ་བོ་དཔག་ཏུ་མེད་པ་བདེན་པ་མཐོང་བ་ལ་བཀོད། དེ་ནས་ཡུལ་བཅོམ་བརློག་ཏུ་བྱོན་ནས་བདུད་སྡིག་ཅན་བཏུལ་ཏེ་ཉིན་ཞག་བདུན་དུ་ཆོས་བསྟན་པས་སྐྱེ་བོ་འབུམ་ཕྲག་བཅོ་བརྒྱད་བདེན་པ་མཐོང་བའི་འཕགས་ལམ་ལ་བཀོད། འདིས་ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད་དང་རྒྱར་ཁྲུ་བཅུ་གཉིས་ཡོད་པ་ཞིག་ཏུ། དགྲ་བཅོམ་ཐོབ་པར་མཛད་པའི་གྲངས་ཀྱི་ཤིང་བུ་སོར་བཞི་བ་རེ་འཕངས་པས། མཐར་ཕུག་པ་དེ་ཤིང་བུ་ངེས་པར་མཚམས་མེད་པར་གང་ངོ་། །དེས་ན་འདིས་སངས་རྒྱས་དང་ཕྱོགས་མཚུངས་པའི་ཕྲིན་ལས་མཛད་པར་གྲགས་སོ། །མཐར་དྷཱི་ཏི་ཀ་ལ་བསྟན་པ་གཏད་ནས་མྱ་ངན་ལས་འདས་པ་ན་ཤིང་བུ་དེ་རྣམས་ཀྱི་སྐུ་གདུང་བསྲེགས་པའི་ཚེ་གདུང་རིལ་པོ་རིང་བསྲེལ་གཅིག་ཏུ་གྱུར་བ་ལྷས་ཁྱེར་རོ། །དེའི་ཚེ་ཤར་ཕྱོགས་སུ་དགྲ་བཅོམ་པ་བླ་མ་ཞེས་བྱ་བ་བྱུང་སྟེ། དེས་རྒྱལ་པོ་དབང་ཆེན་དད་པར་བྱས་ཆོས་བསྟན་པས་འབྲས་བུ་བཞི་ཐོབ་པར་མང་དུ་བྱུང་ཞིང་། དེའི་སློབ་མའི་གཙོ་བོ་དགྲ་བཅོམ་པ་གྲགས་པའོ། །རྒྱལ་པོ་ཙ་མ་ཤས་རྒྱལ་སྲིད་བྱེད་པའི་དུས་སུ་ཡུལ་མ་ག་དྷར་བྲམ་ཟེ་མོ་ཛ་ནས་ཞེས་བྱ་བ་ལ་བུ་རྒྱལ་བ་དང་། ལེགས་རྒྱལ་དང་། དགེ་བ་ཞེས་བྱ་བ་གསུམ་བྱུང་སྟེ། གསུམ་ཀས་ཀྱང་སྟོན་པའི་སྐུ་གཞུགས་པའི་ལྷ་ཁང་རེ་བཞེངས་ནས་མཆོད་པར་བྱེད་ཅིང་། ལྷ་བཟོ་རྣམས་ནི་ལྷའི་བཟོ་བོ་མིར་སྤྲུལ་ནས་བྱས་སོ། །དགེ་བས་བཞེངས་པའི་ལྷ་ཁང་དང་རྟེན་རྡོ་རྗེའི་གདན་གྱི་བྱང་ཆུབ་ཆེན་པོ་ལྷ་ཁང་རྟེན་དང་བཅས་པ་སྟེ། ཐུབ་པ་བྱང་ཆུབ་ཆེན་པོ་འདི་རང་བྱོན་དངོས་སུ་གསུང་འབྱོན་མར་ཡང་གྲགས་ཤིང་། འཕགས་ཡུལ་གྱི་རྟེན་ཀུན་གྱི་གཙོ་བོར་གྱུར་ཏོ། །ཉེར་སྦས་ཀྱི་དྷཱི་ཏི་ཀ་ལ་བསྟན་པ་གཏད་པ་ན། དེས་གྲོང་ཁྱེར་དྲུག་ཏུ་འཁོར་རྣམ་བཞི་ལ་ཆོས་སྟོན་ཅིང་། བསྟན་པ་རྒྱས་པར་མཛད། ཁྱད་པར་རྒྱལ་པོ་མི་ན་ཞེས་བྱ་བ་འཁོར་བཅས་ལ་ཆོས་བསྟན་པས་སྐྱེ་བོ་དཔག་ཏུ་མེད་པ་སྐྱབས་འགྲོ་དང་བསླབ་པའི་གནས་དང་བདེན་པ་མཐོང་བ་ལ་བཀོད་ཅིང་། དགྲ་བཅོམ་ཐོབ་པ་ཡང་སྟོང་ཙམ་བྱུང་། ཚུལ་དེ་ལྟར་ཡུལ་གཞན་དག་ཏུ་བྱོན་ནས་རྫུ་འཕྲུལ་དང་ཆོས་བསྟན་ནས་སྐྱེ་བོ་ཁྲི་ཁྲག་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་བསྟན་པ་དར་བར་མཛད་དོ། །མཐར་དྷཱི་ཏི་ཀས་འཕགས་པ་ནག་པོ་ལ་བསྟན་པ་གཏད་ནས་མྱ་ངན་ལས་འདས་སོ། །དེའི་ཚེ་བྱང་ཕྱོགས་སུ་རྒྱལ་པོ་མྱ་ངན་མེད་ཅེས་པ་བྱུང་སྟེ། དེས་དམག་བྱས་ཏེ་ཁ་བ་ཅན་དང་ལི་ཡུལ་དང་རི་བོ་འབིགས་བྱེད་ཀྱི་བར་ཡུལ་ཀུན་ལ་དབང་བྱས་ཏེ་སྡིག་མང་པོ་བསགས། ཕྱིས་དགྲ་བཅོམ་པ་གྲགས་པ་དང་མཇལ་ཏེ་ཆོས་བསྟན་ནས་ཤིན་ཏུ་དད་དེ་དགེ་འདུན་ཁྲི་ལ་ཉིན་རེ་བཞིན་དུ་མཆོད་ཅིང་ཉིན་མཚན་དུ་དགེ་བ་ལ་འབད་དོ། །དེ་ནས་དགྲ་བཅོམ་པ་དེས་སངས་རྒྱས་ཀྱིས་ལུང་བསྟན་པའི་ཚུལ་བཤད་པས། དེའི་ཚེེ་མ་སྐྱེས་དགྲའི་གདུང་སྐལ་གྱི་རིང་བསྲེལ་སྔོན་མ་ག་དྷའི་བྲེ་བོ་ཆེ་གང་རྒྱལ་པོའི་ཁབ་ཀྱི་མཆོད་རྟེན་གྱི་འོག་གཏེར་དུ་སྦས་ཡོད་པ་ཕྱིས་ཁལ་དྲུག་གི་ཚད་དུ་འཕེལ་བ་ལས་རྒྱལ་པོས་ཁྲོ་བོ་ཆེ་གཅིག་བླངས་ནས་ཉིན་བཞག་གཅིག་ལ་རིང་བསྲེེལ་སྙིང་པོ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་སྟོང་གྲུབ་པར་བྱས། འགའ་ཞིག་ལས་འབུམ་གྲུབ་པར་ཡང་བཤད་དོ། །ཡུལ་ཐམས་ཅད་ལ་བཀའ་བསྒོས་ཏེ་མཆོད་རྟེན་རྣམས་ལ་རིན་པོ་ཆེ་དང་གདུགས་མར་མེ་བདུག་སྤོས་སོགས་མཆོད་པའི་རྣམ་གྲངས་དུ་མས་མཆོད་པར་བྱས། སྐྱེ་འཕགས་ཀྱི་དགེ་འདུན་སྟོང་ཕྲག་མང་པོ་ལ་ཟླ་བ་དྲུག་གི་བར་དུ་མཆོད་ཅིང་། མཐར་དགེ་སློང་རེ་རེ་ལ་གོས་རིན་ཐང་ཤིན་ཏུ་ཆེ་བ་རེ་རེ་ཕུལ་ནས་འཚང་རྒྱ་བའི་སྨོན་ལམ་བཏབ་པ་འགྲུབ་པའི་རྟགས་བྱུང་། ཕྱིས་དགེ་འདུན་འབུམ་ཕྲག་དུ་མ་ལ་ལོ་ལྔའི་བར་དུས་སྟོན་ཆེན་པོ་བྱས། དུས་གཞན་ཞིག་ན་ཡང་དགེ་འདུན་དཔག་ཏུ་མེད་པ་རེ་རེ་ལ་གསེར་སྲང་དུ་མ་དང་ཡོ་བྱད་གཞན་མང་དུ་ཕུལ། མདོར་ན་རྒྱལ་པོ་འདི་ནི་སྟོབས་འབྱོར་དང་དགེ་འདུན་གྱི་ཞབས་ཏོག་བྱས་པ་འདྲ་བ་འཕགས་ཡུལ་གྱི་རྒྱལ་པོ་སུལ་འང་མ་བྱུང་སྙམ། རྒྱལ་པོ་འདི་ལ་དང་པོ་གཏུམ་པོ་མྱ་ངན་མེད། བར་དུ་འདོད་ཆེན་མྱ་ངན་མེད། ཕྱིས་ཆོས་རྒྱལ་མྱ་ངན་མེད་དུ་གྲགས་ཏེ་དོན་དང་མཐུན་ནོ། །དྷཱི་ཏི་ཀའི་སྐུ་ཚེའི་སྨད་དུ་ཀོའུ་ཤམྦྷེར་དགེ་སློང་རྣམས་ལ་ཆོས་སྟོན་ཅིང་བཞུགས་པའི་སྐབས་ཞིག་ཡངས་པ་ཅན་གྱི་དགེ་སློང་དག་གིས་མི་རུང་བའི་གཞི་བཅུ་ལ་སྤྱོད་པ་ནི། རྒྱལ་པོ་འདིས་སྦྱིན་བདག་བྱས་ནས་དགྲ་བཅོམ་པ་གྲགས་པ་སོགས་ཀྱིས་བཀའ་བསྡུ་གཉིས་པ་མཛད། འདི་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་སྐོར་སོང་བ་ན་བྱུང་བར་མངོན་ནོ། །དེའི་ཚེ་འཕགས་པ་ནག་པོ་པས་བསྟན་པ་བསྐྱངས་ཤིང་ཆོས་བསྟན་ནས་འབྲས་བུ་བཞི་ཐོབ་པ་ཤིན་ཏུ་མང་བ་བྱུང་། སིང་ག་ལར་བྱོན་ནས་ཆོས་བསྟན་ནས་མང་པོ་ཞིག་འབྲས་བུ་བཞི་ལ་བཀོད་དེ། གླིང་དེར་བསྟན་པ་དར་བར་མཛད་དོ། །མཐར་འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་ནས་མྱ་ངན་ལས་འདས། ལེགས་མཐོང་གིས་སྔར་བཞིན་བསྟན་པའི་རྒྱུན་བསྐྱངས་ཤིང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་ལྷ་ཁང་བཞེངས་པ་དང་། དགེ་འདུན་གྱིས་ཁྱབ་པར་བྱས། གླིང་ཕྲན་མང་པོར་ཡང་བསྟན་པའི་སྲོལ་བཙུགས་ཏེ་མི་མ་ཡིན་མང་པོ་བཏུལ། སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་དེ་མྱ་ངན་ལས་འདས་སོ། །མདོར་ན་འོད་སྲུང་ཆེན་པོ། །ཀུན་དགའ་བོ། །ཤ་ནའི་གོས་ཅན། ཉེར་སྦས། དྷི་ཏི་ཀ། ནག་པོ་པ། ལེགས་མཐོང་ཆེན་པོ་སྟེ་བདུན་ནི་བསྟན་པའི་གཏན་རབས་སོ། །དེ་བདུན་གྱིས་སྟོན་པ་འདས་ནས་བསྟན་པ་ལ་བྱ་བ་ཆེན་པོ་བྱས་ལ། སྟོན་པ་བཞུགས་པའི་དུས་སུ་ནི་སྔ་མ་གཉིས་དང་ཤཱ་རིའི་བུས་བསྟན་པ་ལ་བྱ་བ་ཆེན་པོ་མཛད་དོ། །མྱ་ངན་མེད་སྐུ་གཤེགས་ནས་དེའི་རྒྱལ་སྲིད་ལ་བུ་མྱ་ངན་བྲལ་བསྐོས། དེའི་དུས་སུ་དགྲ་བཅོམ་པ་འོད་སྲུང་ཞེས་བྱ་བ་བྱུང་སྟེ་བསྟན་པ་དང་སེམས་ཅན་དུ་མ་ལ་ཕན་བཏགས། མྱ་ངན་བྲལ་གྱི་བུའི་བཙུན་མོ་ལྷ་མོ་དཔལ་གྲུབ་པ་ཞིག་གིས་ཕྱོགས་བཞིའི་དགེ་སློང་རྣམས་མཆོད་ཅིང་། ལོ་གསུམ་དུ་སྔར་གྱི་ས་སྟེང་གི་མཆོད་རྟེན་ཐམས་ཅད་ལ་མཆོད་པའི་རྣམ་གྲངས་མང་པོ་བྱས། བཅོམ་བརླག་ཏུ་བྲམ་ཟེ་གྲགས་ལྡན་ཞེས་བྱ་བས་ལྷ་ཁང་བཞེངས་ནས་དགེ་འདུན་འབུམ་ཕྲག་ལ་དུས་སྟོན་ཆེན་པོ་བཙུགས། རྒྱལ་པོ་དགའ་བོ་ཞེས་བྱ་བའི་དུས་སུ་བྲམ་ཟེ་མཁས་པ་ཞེས་བྱ་བ་བྱུང་སྟེ། ཕྱོགས་བཞིའི་དགེ་སློང་རྣམས་བསྡུས་ཏེ་ལོ་བདུན་དུ་མཆོད་པ་བྱས། དེའི་རྗེས་སུ་ཀ་ཤི་ཝ་ཎ་སིར་ཞེས་པའི་རྒྱལ་པོས་ལོ་མང་དུ་དགེ་སློང་རྣམས་ལ་མཆོད། འདིའི་དུས་སུ་དགེ་སློང་ཀླུ་ཞེས་བྱ་བ་བྱུང་ནས་ཆོས་སྟོན་ཚུལ་གྱི་དབང་གིས་སྡེ་པ་བཞིར་གྱེས་སོ། །དེའི་ཚེ་བྲམ་ཟེ་པཱ་྄ཎིས་འཕགས་པ་འཇིག་རྟེན་འཇིག་རྟེན་དབང་ཕྱུག་བསྒྲུབས་ཏེ་ཞལ་གཟིགས་ནས་སྒྲ་རིག་པ་སྟོན་པའི་བསྟན་བཅོས་ཆེན་པོ་པཱ་ཎི་བརྩམས། དེ་ནས་རྒྱལ་པོ་མེས་བྱིན་ཞེས་བྱ་བས་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་སོགས་འཕགས་པ་སུམ་སྟོང་ལ་ལོ་སུམ་ཅུ་ལྷག་ཙམ་དུ་མཆོད། གནས་བརྟན་ཀླུའི་རྗེས་འཇུག་དགེ་སློང་ཞིག་གིས་རྩོད་པ་སྤེལ་བས་སྡེ་བ་བཅོ་བརྒྱད་དུ་གྱེས་པའི་འགོ་བརྩམས། རྒྱལ་པོ་པདྨ་ཆེན་པོའི་གྲོགས་པོ་བྲམ་ཟེ་བཟང་པོ་དང་། མཆོག་སྲིད་གཉིས་བྱུང་བའི་གཉིས་ཀས་དགེ་འདུན་ལ་མཆོད་པ་ཆེན་པོ་བྱས། རྒྱལ་པོས་ཀྱང་གཙུག་ལག་ཁང་ཉི་ཤུ་བཞེངས་ནས་མཆོད། ཡུལ་ཨོ་བི་ཤིར་རྒྱལ་པོ་ཟླ་བ་སྲུང་ཞེས་བྱ་བ་བྱུང་སྟེ། དེའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་གཟུགས་བྱོན་ནས་ཐེག་པ་ཆེན་པོ་ཆོས་ཅི་རིགས་བསྟན་ཅིང་། ཁྱིམ་དུ་ཤེར་ཕྱིན་གྱི་གླེགས་བམ་ཞིག་བཞག་སྟེ། སྟོན་པ་འདས་ནས་མི་ཡུལ་དུ་ཐེག་པ་ཆེན་པོའི་ཆོས་བྱུང་བའི་ཐོག་མའོ། །དེའི་རྗེས་སུ་རྒྱལ་རིགས་ལེགས་མཐོང་ཞེས་བྱ་བའི་དགྲ་བཅོམ་པས་ཛ་ལནྡྷ་རིའི་རྒྱལ་པོ་ཞིག་དད་པ་ལ་བཀོད་ནས་དེས་བྱང་ཕྱོགས་ཀྱི་མཆོད་རྟེན་ཐམས་ཅད་མཆོད་ཅིང་ཕྱོགས་བཞིའི་དགེ་འདུན་ལ་དུས་སྟོན་མང་དུ་བཙུགས། དགེ་སློང་ཡང་དག་རྒྱལ་བ་ཅན་ཞེས་བྱ་བས་དགེ་འདུན་འབུམ་ཕྲག་གཉིས་ཀྱི་ཞབས་ཏོག་མཛད། ཁ་ཆེའི་བྲམ་ཟེའི་སུ་རྟ་ཞེས་བྱ་བས་བྱེ་སྨྲའི་བཙུན་པ་ཆོས་སྐྱོབ་སོགས་དགེ་སློང་ལྔ་སྟོང་ལ་མཆོད་དེ། སྡེ་སྣོད་གསུམ་ལྷག་པར་དར་བར་བྱས། དེའི་ཚེ་ཤར་ཕྱོགས་ནས་འཕགས་པ་རྩིབས་ལོགས་ཞེས་བྱ་བ་དགྲ་བཅོམ་པ་ཞིག་གིས། རྒྱལ་པོ་ཀྲི་ཀིའི་རྨི་ལམ་དུ་ལུང་བསྟན་ཏེ་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ནས་བཀའ་བསྡུ་གསུམ་པ་བྱས། འདིའི་དུས་སུ་སྡེ་སྣོད་གསུམ་པོ་ཡི་གེར་བཀོད་ཅིང་། སྔར་རེ་གཉིས་འཁོད་པ་ལའང་དག་ཐེར་བྱས་སོ། །དེའི་རྗེས་སུ་བྱང་ཕྱོགས་སུ་ཁྱིམ་བདག་ཛ་ཊི་ཞེས་བྱ་བས་བྱང་ཕྱོགས་ཀྱི་མཆོད་རྟེན་རྣམས་ལ་མཆོད་ཅིང་། བྱེ་བྲག་སྨྲ་བའི་བཙུན་པ་དབྱིག་བཤེས་དང་། དབྱངས་སྒྲོགས་གཉིས་སྤྱན་དྲངས་ནས། དགེ་སློང་སུམ་འབུམ་ལ་ལོ་བཅུ་གཉིས་སུ་མཆོད་དེ་བྱང་ཆུབ་སྨོན་ལམ་བཏབ་པ་འགྲུབ་པའི་ལྟས་བྱུང་། རྒྱལ་པོ་ཀ་ནི་ཀའི་བུས་དགྲ་བཅོམ་པ་བརྒྱད་དང་དགེ་སློང་གཞན་ཁྲི་ལ་ལོ་ལྔར་དུས་སྟོན་བྱས། བྲམ་ཟེ་བ་དུཿཞེས་བྱ་བས་ཤོ་ལོ་འབུམ་རེ་ཡོད་པའི་སྡེ་སྣོད་གསུམ་ཚར་བརྒྱ་ཕྲག་མང་པོ་བཞེངས་ཏེ་མཆོད། འཕགས་པ་ཨ་ཤྭ་གུབ་ཏ་ཞེས་བྱ་བས་ཆོས་བསྟན་པས་དགྲ་བཅོམ་པ་དང་འཕགས་པ་སློབ་པ་མང་དུ་བྱུང་། ལཀྴ་ཨ་ཤྭ་ཞེས་བྱ་བའི་རྒྱལ་པོས་ཀྱང་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། ལྷོ་ནུབ་ཏུ་བྲམ་ཟེ་རིགས་ལྡན་ཞེས་བྱ་བ་བྱུང་སྟེ། དེས་དགྲ་བཅོམ་པ་ནནྡྷ་སོགས་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་མང་པོ་སྤྱན་དྲངས་ཏེ། དེ་རྣམས་ཀྱང་རིགས་གསུམ་མགོན་པོ་དང་། བྱམས་པ་སོགས་སོ་སོ་ལ་ཆོས་དངོས་སུ་གསན་ནུས་པའོ། །མདོར་ན་དེའི་ཚེ་ཐེག་པ་ཆེན་པོའི་ཆོས་སྟོན་པ་པོ་ལྔ་བརྒྱ་ཙམ་བྱུང་ངོ་། །དེའི་ཚེ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་ཆེན་གྱི་མདོ་ཕལ་ཆེར་བྱུང་སྟེ། ལྷ་ཀླུ་སོགས་ཀྱི་ཡུལ་ནས་ཀྱང་སྤྱན་དྲངས་སོ། །དེའི་དུས་སུ་རྒྱལ་པོ་ལཀྴ་ཨ་ཤྭས་ཆོས་སྨྲ་བ་དེ་དག་ལྔ་བརྒྱའི་གྲངས་ཀྱི་ལྷ་ཁང་དེ་སྙེད་བཞེངས་ནས་ཆོས་སྨྲ་བ་དེ་རྣམས་སྤྱན་དྲངས་ནས་བཞུགས་པར་མཛད་དེ། །བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་ནས་ཐེག་པ་ཆེན་པོའི་ཆོས་ཉན་ཏུ་བཅུག །རྒྱལ་པོས་སྡེ་སྣོད་འབུམ་ཕྲག་བཞུགས་པ་རྣམས་བྲིས་ནས་དགེ་སློང་རྣམས་ལ་ཕུལ་ཏེ་ཕྱིས་ནཱ་ལནྡར་སྤྱན་དྲངས་ནས་བཞུགས། ཆོས་སྨྲ་བའི་དགེ་སློང་ལྔ་བརྒྱ་པོ་ཐམས་ཅད་ཀྱང་གཟུགས་དང་བཟོད་པ་ཐོབ་པ། མངོན་པར་ཤེས་པ་དང་ལྡན་པ་ཤ་སྟག་གོ །དེའི་ཚེ་ཉན་ཐོས་སྡེ་པ་དག་གིས་བློར་མ་ཤོང་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་བཀའ་མ་ཡིན་ནོ་ཞེས་སྐུར་བ་བཏབ། དེའི་སྐབས་སུ་མ་ག་དྷར་བྲམ་ཟེ་ཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་ཞེས་བྱ་བ་བྱུང་སྟེ། ཐོ་བཙུན་གྱིས་སྟོན་པ་ལ་ཁྱད་པར་འཕགས་སྟོད་དང་། བདེ་བྱེད་ཀྱི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས་ཏེ་ཀུན་ལ་སྤེལ་ཞིང་། སྔ་མས་ཐེག་པ་ཆེ་ཆུང་གི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར། དེ་གཉིས་ཀས་གཙུག་ལག་ཁང་བརྒྱད་བཞེངས་ནས་ཐེག་ཆེན་གྱི་གླེགས་བམ་རྣམས་བཞུགས་པར་བྱས། དེའི་འོག་ཏུ་རྒྱལ་པོ་ཙན་དན་སྐྱོང་གི་ལྷ་ཁང་བཞེངས་ནས་དགེ་འདུན་གྱི་སྡེ་ལ་མཆོད། དེ་ནས་ས་ར་ཧཱཾ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ཡང་ནཱ་ལནྡ་རར་བྱོན་ཏེ། གསང་སྔགས་ཀྱི་སློབ་དཔོན་འགའ་དང་། གསང་བའི་བདག་པོ་སོགས་ལྷག་པའི་ལྷ་ལ་མདོ་སྔགས་ཐམས་ཅད་གསན་ཅིང་། རྡོ་རྗེ་རྣལ་འབྱོར་མས་ཀྱང་རྗེས་སུ་བཟུང་སྟེ་གྲུབ་པ་བརྙེས་ཤིང་། དབུ་མའི་ལུགས་དར་བར་མཛད་དོ། །འདི་དང་དུས་མཉམ་དུ་ཀ་མ་ལ་གརྦྷ་སོགས་དབུ་མའི་ཚུལ་སྟོན་པའི་སློབ་དཔོན་བརྒྱད་བྱུང་། དེའི་ཚེ་སྒྲིབ་སེལ་གྱིས་རྗེས་སུ་བཟུང་བའི་སློབ་དཔོན་ཞིག་གིས་འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འབུམ་ཡོད་པ་སྤྱན་དྲངས། སྔར་གྱི་སློབ་དཔོན་ལྔ་བརྒྱའི་སློབ་མ་མང་པོས་རྒྱུད་སྡེ་བཞི་ཅི་རིགས་སྤྱན་དྲངས། གཞན་ཡང་དགེ་སློང་བརྩོན་འགྲུས་ཆེན་པོ་དང་། སངས་རྒྱས་ལྷ་དང་།དཔལ་ལེན་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དར་བར་བྱས་ཤིང་། ཆོས་སྐྱོང་དང་། དབྱངས་སྒྲོགས་དང་། དབྱིག་བཤེས་དང་། སངས་རྒྱས་ལྷ་བཞི་སློབ་མ་དང་བཅས་པས་ཀྱང་བྱེ་སྨྲ་བའི་ལུགས་དར་བར་མཛད། དུས་འདི་ཙམ་ནས་རྒྱལ་པོ་བི་སུ་ཀལྦ་ཞེས་པ་བྱུང་སྟེ་འདུས་པ་བསྟན། བྲམ་ཟེ་ཆོས་ལྡན་ཞེས་བྱ་བས་ཀྱང་ལྷ་ཁང་བརྒྱ་རྩ་དང་། འདུལ་བ་སྟོན་པའི་ཆོས་གཞི་བརྒྱ་རྩ་བརྒྱད་བྱས། དེའི་དུས་སུ་རྒྱལ་པོ་ཧ་ར་ཙནྡྲས་སྔགས་ལམ་ལ་བརྟེན་ནས་རིག་འཛིན་ཐོབ་བོ། །དེའི་རྗེས་སུ་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། དཔལ་ས་ར་ཧའི་བྲམ་ཟེ་སྒྲ་ཅན་འཛིན་དཔལ་བཟང་པོ་ལས་མདོ་སྔགས་ཀྱི་ཆོས་གསན་ནས་དབུ་མའི་ཚུལ་དར་བར་མཛད། ཉན་ཐོས་པ་རྣམས་ལའང་ཕན་ཆེར་བཏགས། ཚུལ་ཁྲིམས་འཆལ་བ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་འདུག་པ་མང་པོ་གནས་ནས་བསྐྲད། ནཱ་ལནྡྲའི་མཁན་པོ་དང་སྡེ་པ་ཀུན་གྱི་བདག་པོ་མཛད་ཅིང་། ནཱ་ལནྡ་རར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་པོ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ནས་འཚོ་བ་སྦྱར། ལྷ་མོ་ཙནྚི་ཀ་བསྒྲུབས་ནས་དགེ་འདུན་ལ་འཚོ་བ་སྦྱོར་བར་མཛད་པ་ན། དགེ་ཚུལ་ངན་པ་ཞིག་གིས་ལྷ་མོ་དེ་ལ་འདོད་པའི་དུས་བཏབ་པའི་རྐྱེན་གྱིས་ལྷ་མོ་དེ་མི་སྣང་བར་སོང་བས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ནས་ཆོས་གཞི་གཙུགས། དེར་ནག་པོ་ཆེན་པོའི་སྐུ་རེ་རེ་བཞེངས་ནས་བསྟན་པ་སྲུང་བའི་གཉེར་གཏད་བྱས། རྡོ་རྗེའི་གདན་གྱི་བྱང་ཆུབ་ཀྱི་ཤིང་ལ་གླང་ཆེན་གྱི་གནོད་པ་སྲུང་བའི་ཐབས་སུ་ནག་པོ་ཆེན་པོ་སྐུ་དང་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང་། ནང་དུ་མཆོད་ཁང་མང་པོ་བཞེངས། ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སྤྱན་དྲངས། རིགས་ཚོགས་དྲུག་ལ་སོགས་པ་དབུ་མ་སྟོན་པའི་བསྟན་བཅོས་དང་། གསང་འདུས་ཀྱི་སྐོར་འགའ་ཞིག་མཛད། སྒྲོལ་མ་དང་འཕགས་པ་འཇམ་དཔལ་གྱི་ངོ་བོ་རྒྱལ་སྲས་བློ་གྲོས་རིན་ཆེན་གྱིས་ཞལ་གཟིགས་ཏེ་རྗེས་སུ་བཟུང་། །རྒྱལ་པོ་བདེ་སྤྱོད་བཏུལ་ནས་དེས་གཙུག་ལག་ཁང་མང་དུ་བཞེངས། བྲག་རི་འགའ་ཞིག་གསེར་དུ་བསྒྱུར་བར་བཞེད་པ་ན་སྒྲོལ་མས་མ་འོངས་ན་རྩོད་པའི་གཞིར་འགྱུར་གསུངས་ནས་བཀག །བྲམ་ཟེ་མ་དྷུ་དང་། པྲ་མ་དྷུ་གཉིས་བཏུལ་ནས་དེ་གཉིས་ཀྱིས་ཐེག་ཆེན་གྱི་ཆོས་སྨྲ་བ་པོ་ཉིས་བརྒྱ་ལྔ་བཅུ་རེ་མཆོད་ཅིང་། ཐེག་ཆེན་གྱི་གསུང་རབ་རྣམས་བྲིས། མུ་སྟེགས་ཀྱི་རྒོལ་བ་བརྒྱ་ཕྲག་མང་པོ་ཡང་རྩོད་པས་ཚར་བཅད་ནས་བསྟན་པ་ལ་བཅུག་སྟེ་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། དཔལ་གྱི་རི་ལ་སྒྲུབ་པ་མཛད་པས་སྐུ་ཚེ་དེ་ལ་གྲུབ་པ་མཆོག་བརྙེས་ཏེ། སྐུ་གསེར་གྱི་མདོག་ཅན་ལ་མཚན་དཔེས་བརྒྱན་པར་གྱུར། སྟོན་པ་འདས་ནས་ལོ་བཞི་བརྒྱའི་དུས་སུ་འབྱོན་པ་དང་། ལོ་དྲུག་བརྒྱར་བཞུགས་པར་ལུང་བསྟན་ཀྱང་བར་དུ་བདེ་བ་ཅན་དུ་བྱོན། ཁྱད་པར་དུ་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པའི་དབུ་མའི་སྲོལ་ལེགས་པར་ཕྱེའོ། །དེའི་ཚེ་བཙུན་པ་དགའ་བོ་དང་། དམ་པའི་སྡེ་དང་། ཡང་དག་བདེན་པ་གསུམ་གྱིས་སེམས་ཙམ་པའི་ལུགས་སྟོན་པའི་བསྟན་བཅོས་ཅི་རིགས་མཛད། དེ་ཙམ་ནས་རྒྱལ་པོ་མུཉྩ་འཁོར་མང་པོ་དང་བཅས་པས་རིག་འཛིན་གྲུབ་ཅིང་། རྒྱལ་པོ་བྷེ་ཛ་འཁོར་སྟོང་དང་ཅས་པས་ཀྱང་མི་སྣང་བ་སོགས་ཀྱི་གྲུབ་པ་བརྙེས། དེའི་དུས་སུ་བྲམ་ཟེ་བིཥྞུ་ཞེས་བྱ་བས་ནཱ་ལནྡར་ལྷ་ཁང་དང་ལྷ་མང་པོ་བཞེངས་ནས། ཐེག་པ་ཆེན་པོའི་ཆོས་གཞི་དེ་སྙེད་བཙུགས། ཀླུ་སྒྲུབ་ཀྱི་གྲོགས་པོ་སློབ་དཔོན་མཆོག་སྲིད་ཀྱིས་སྤྱན་རས་གཟིགས་ལོ་བཅུ་གཉིས་སུ་བསྒྲུབས་པས་ཞལ་གཟིགས་ཏེ་གྲུབ་པ་ཆེན་པོ་བརྒྱད་གྲུབ་ཅིང་དེའི་སྒོ་ནས་མང་པོ་ལ་ཕན་བཏགས། སྐབས་འདིར་སྒྲའི་བསྟན་བཅོས་ཀཱ་ལ་པ་བྱུང་སྟེ། ལོ་རྒྱུས་ལ་མི་མཐུན་པ་སྣང་ངོ་། །དགྲ་བཅོམ་པ་དགེ་འདུན་འཕེལ་ཡང་དུས་འདིར་བྱུང་། རྒྱལ་པོ་ཧ་རི་བྷ་དྲ་འཁོར་སྟོང་དང་བཅས་པས་རི་ལུའི་དངོས་གྲུབ་ཐོབ། དུས་དེ་ཙམ་ནས་ཀླ་ཀློའི་ཆོས་དང་པོར་བྱུང་སྟེ། དེ་ཡང་སྡེ་སྣོད་འཛིན་པ་མང་དུ་ཐོས་པ་ཞིག་བསླབ་པ་འཆལ་བས་དགེ་འདུན་གྱི་གནས་དབྱུང་བྱས་པ་ན། དེས་གཞན་དུ་སོང་ནས་འཚེ་བ་ཆོས་སུ་སྨར་བའི་བསྟན་བཅོས་བརྩམས་ཤིང་། བདུད་ཀྱིས་བྱིན་གྱིས་བརླབས་པས་རིགས་སྔགས་ཀྱང་མང་པོ་འགྲུབ། བསྟན་བཅོས་དེ་གཏེར་དུ་སྦས་པ་ན་བདུད་ཀྱིས་སྤྲུལ་པ་ཞིག་བྱུང་སྟེ་བཏོན་ནས་གཞན་ལ་བསྟན་པས་དར་རོ། །དེའི་རྗེས་རྒྱལ་པོ་ནི་མ་ཙནྟྲའི་དུས་སུ་མུ་སྟེགས་རྣམས་འདུས་ནས་དམག་བྱས་ཏེ་ནང་པའི་གཙུག་ལག་ཁང་མང་པོ་མེར་བསྲེགས། དགེ་སློང་མང་པོ་ཡང་བསད། འགའ་ཞིག་ཡུལ་གཞན་དུ་བྲོས་པས་བསྟན་པ་ཅུང་ཟད་འགྲིབ་པར་བྱས། དེའི་རྗེས་སུ་རྒྱལ་གོ་ཌེ་འཕེལ། ཅེས་བྱ་བས་སྔར་གྱི་གཙུག་ལག་ཉམས་པ་རྣམས་བསོས་ཏེ་ཆོས་གཞི་རྒྱས་པར་བྱས། གནས་བརྟན་པས་མ་རྫོགས་ཞེས་པས་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་རྒྱས་པར་བྱས་ཤིང་། མ་ག་དྷཱར་ཆོས་གཞི་དྲུག་ཅུ་བཙུགས། དེའི་ཚེ་ཀླ་ཀློའི་རྒྱལ་པོའི་ཐོག་མ་རྒྱལ་པོ་ཧ་ལུ་ཞེས་པ་བྱུང་། བྲམ་ཟེ་ཤི་ཛ་ཏ་ཞེས་པས་སྔར་གྱི་ཆོས་གཞི་ཀུན་མཆོད་ཅིང་། ཆོས་སྨྲ་བ་དྲུག་ཅུ་རྩ་བཞི་འཁོར་དང་བཅས་པའི་འཚོ་བ་སྦྱར་ནས་བསྟན་པ་ཉམས་པ་བསོས། དེའི་ཚེ་ནཱ་ལནྟར་སློབ་དཔོན་ཨཱཪྱ་དེ་བ་དང་། སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་བསྟན་པ་བསྐྱངས། སློབ་དཔོན་ཨཱཪྱ་དེ་བས་གཙོ་བོར་མགོན་པོ་ཀླུ་སྒྲུབ་བསྟེན་ནས་མདོ་སྔགས་ཐམས་ཅད་ཐུགས་སུ་ཆུད་དེ་ཡང་སློབ་དཔོན་ཀླུ་སྒྲུབ་རྒྱལ་པོོ་བདེ་སྤྱོད་ཀྱི་གནས་ན་བཞུགས་པའི་ཚེ་མཇལ་ནས། ཕྱིས་དཔལ་གྱི་རིར་དཔོན་སློབ་གཉིས་ཀས་སྒྲུབ་པ་མཛད་པས་སྐབས་ཞིག་ན། ལྷ་དབང་ཕྱུག་ཆེན་པོས་དངོས་སུ་བྱིན་གྱིས་བརླབས་པའི་མུ་སྟེགས་རྟ་དབྱངས་ཞེས་བྱ་བས་རྒྱ་གར་ཤར་ཕྱོགས་པའི་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ། ཡུལ་དབུས་ནཱ་ལེནྡྲར་འོངས་ནས་རྩོད་པ་བྱའོ་ཞེས་བརྗོད་པའི་ཚེ། དེར་བཞུགས་པའི་གནས་བརྟན་རྒན་པ་དག་གིས་འདིས་བསྟན་པ་ཉམས་པར་བྱེད་པར་སངས་རྒྱས་ཀྱིས་ལུང་བསྟན་པས་རང་རེ་རྣམས་ཀྱིས་མི་ཐུབ་ཀྱི། ཀླུ་སྒྲུབ་ཡབ་སྲས་དཔལ་གྱི་རིར་བཞུགས་པ་སྤྱན་དྲངས་ནས་རྩོད་པ་བྱེད་དུ་གཞུག་གོ་ཞེས་བརྗོད་པ་ལྟར། ཆོས་སྐྱོང་ལ་བསྐུལ་ནས་སྤྲིངས་ཡིག་བསྐུར་བ་སློབ་དཔོན་ཡབ་སྲས་ལ་འཕྲོད་པས། འདུལ་བའི་དུས་ཡིན་པར་མཁྱེན་ནས་ཨཱཪྱ་དེ་བ་བཏང་བས་བྱོན། དབང་ཕྱུག་གིས་གནང་བའི་སྲིང་མོ་པཎྡི་ཏ་དང་། ནེ་ཙོ་དང་། ཐོད་ལོ་དང་ཀོར་རྣམས་དགེ་བརྙེན། བྱི་ལ། མར་ནག་གསུམ་གྱིས་བཏུལ་ནས་མུ་སྟེགས་དང་བརྩད་པས་སློབ་དཔོན་རྒྱལ་ཏེ་མུ་སྟེགས་རྟ་དབྱངས་ནང་བར་བཅུག །འདིས་ནི་དགོས་པའི་དབང་གིས་མུ་སྟེགས་ཀྱི་ཚུལ་བསྟན་པ་ཙམ་དུ་སེམས་ཏེ། འདི་སངས་རྒྱས་ཀྱིས་ལན་གཉིས་ལུང་བསྟན་པ་མཐོང་བའི་ཕྱིར་རོ། །རབ་ཏུ་བྱུང་ནས་སློབ་དཔོན་རྟ་དབྱངས་ཞེས་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ཀུན་ལ་མཁས་པའི་དབང་པོར་འགྱུར། དེའི་རྐྱེན་གྱིས་མུ་སྟེགས་པ་མང་པོ་ཞིག་ཀྱང་ནང་བར་ཞུགས། ཨཱཪྱ་དེ་བས་བཞི་བརྒྱ་པ་སོགས་བཙམས་ཏེ་ཀླུ་སྒྲུབ་ལུགས་ཀྱི་དབུ་མའི་སྲོལ་བཟུང་། ནཱ་ལནྟྲ་དང་ལྷོ་ཕྱོགས་ཀྱི་རྒྱུད་དུ་སེམས་ཅན་མང་པོའི་དོན་མཛད་དེ། མཐར་སྒྲ་གཅན་འཛིན་ཞེས་བྱ་བ་ཞིག་ལ་བསྟན་པ་གཏད་ནས་འདས། རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་བསྟོད་པ་དང་སྐྱེ་རབས་བརྩམས་པ་སོགས་ཀྱི་སྒོ་ནས་བསྟན་པ་ལ་ཕན་བཏགས་པ་དུས་དེར་སློབ་དཔོན་ཀླུ་སྒྲུབ་ཞེས་བྱ་བ་ཀླུ་རྣམས་ཀྱིས་སྤྱན་དྲངས་ཏེ། ཀླུ་རྣམས་ལ་ཕན་བཏགས་ཅིང་ཐེག་པ་ཆེན་པོའི་མདོ་སྡེ་དུ་མའི་བཤད་པར་མཛད་དོ། །ཀླུ་སྒྲུབ་འཕགས་པ་ལྷ་རྟ་དབྱངས་ཀླུ་བོས་རྣམས་ནི་སངས་རྒྱས་ཀྱིས་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་པས་གང་ཟག་ཁྱད་པར་ཅན་ཁོ་ནའོ། །སློབ་དཔོན་ཀླུ་བྱང་ནི་ཀླུ་སྒྲུབ་ཀྱི་ཕྱག་གཡོག་ཉེར་གནས་ཏེ། བཅུད་ལེན་གྱི་དངོས་གྲུབ་ཐོབ་ཅིང་། གསང་འདུས་གྱི་དཀྱིལ་མཆོག་ཉི་ཤུ་པ་བརྩམས། ཕྱིས་དངོས་གྲུབ་མཆོག་བརྙེས་ནས་དེ་ལྟ་ཡང་དཔལ་གྱི་རིར་བཞུགས་པར་གྲགས། ཀླུ་སྒྲུབ་ཀྱི་སློབ་མ་གྲུབ་ཐོབ་ཤིང་ཁ་བ་ནི། ཕྱག་ཆེན་གྱི་དངོས་གྲུབ་ཐོབ་པ་ཞིག་སྟེ། ལན་གཅིག་སྣོད་ཆུས་གང་བ་མང་པོར་རང་གི་དྲི་ཆུ་ཅུང་ཟད་རེ་བླུགས་པ་ཙམ་གྱིས་ཆུ་ཐམས་ཅད་གསེར་འགྱུར་གྱི་རྩིར་བསྒྱུར་རོ། །སློབ་དཔོན་གྱིས་དེ་དག་གཏེར་དུ་སྦས་ཏེ་མ་འོངས་པར་ན་ཕན་པའི་སྨོན་ལམ་བཏབ་། ཤཱཀྱ་བཤེས་གཉེན་ནི་སློབ་དཔོན་ནྱཾ་སློབ་མ་གསང་འདུས་ཀྱིི་བརྒྱུད་འཛིན་ཞིག་ཡིན་ལ། ཤཱ་ཝ་རི་དབང་ཕྱུག་ནི་བདེ་མཆོག་དང་མགོན་པོའི་བླ་བརྒྱུད་ནས་འབྱུང་བ་བཞིན་ཏེ་གྲུབ་པ་བརྙེས་པའོ། །གྲུབ་ཐོབ་མ་ཏང་ཀི་ནི་གསང་འདུས་ཀྱི་བརྒྱུད་འཛིན་སྔ་མ་ལས་ཅུང་ཟད་ཕྱིའོ། །དེ་ནས་རྒྱལ་པོ་སྙིང་པོ་ཐེག་ལེའི་སློབ་དཔོན་བྲམ་ཟེ་ཙན་ཀ་ཞེས་བྱ་བ་བྱུང་སྟེ། དེས་གཤིན་རྗེ་གཤེད་གྲུབ་ཅིང་རྒྱལ་པོ་དང་བཅས་པས་དྲག་པོའི་ལས་སྦྱོར་གྱིས་རྒྱལ་པོ་གཞན་གྱི་འབངས་ལས་སྐྱེ་བོ་སྟོང་ཕྲག་མང་པོ་སྨྱོ་བ་དང་། བསྐྲད་པ་དང་། དབྱེ་བ་དང་། རེངས་པ་དང་། ལྐུགས་པར་བྱས་པས་ཤི་ནས་དམྱལ་བར་སྐྱེས་པ། གཤིན་རྗེ་གཤེད་ཀྱིས་དྲངས་པར་བཤད་དེ། དེས་ན་གཞན་ལ་གནོད་ཆེ་བའི་དྲག་ལས་བྱས་ན་ལྷ་དངོས་སུ་འགྲུབ་ཀྱང་ངན་སོང་དུ་སྐྱེ་བར་འགྱུར་རོ། །རྟ་དབྱངས་སམ་མ་ཁོལ་གྱི་སྐུ་ཚེའི་སྨད་ལ་རྒྱལ་པོ་ཤྲཱི་ཙནྟྲས་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་བཞེངས་ཏེ། ཐེག་ཆེན་གྱི་ཆོས་སྨྲ་བ་ཉིས་སྟོང་རེའི་འཚོ་བ་སྦྱར། འཕགས་པ་ལྷའི་སློབ་མ་སྒྲ་གཅན་འཛིན་གྱིས་ནཱ་ལནྡའི་མཁན་པོ་མཛད་དེ། དྲི་གཙང་ཁང་བཅུ་བཞི་བཞེངས་ནས་ཆོས་གཞི་མི་འདྲ་བ་བཅུ་བཞི་བཙུགས། རྒྱལ་པོ་ཀ་ནི་ཀས་གཙུག་ལག་ཁང་ཆེན་པོ་བཞི་བཞེངས་ཏེ། ཆོས་སྨྲ་བ་སུམ་ཁྲི་རེ་ལ་རྒྱུན་དུ་མཆོད། དེ་ནས་རྒྱལ་པོ་དྷཱརྨཱ་ཙནྟྲ་དང་དེའི་སློབ་དཔོན་བ་སུ་ནེ་ཏྲས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཆེན་པོ་བཏགས། དེའི་ཚེ་བྲམ་ཟེ་ཏུ་རུ་ཥྐའི་རྒྱལ་པོ་ཞིག་གིས་དམག་བྱས་ནས་མ་ག་དྷའི་གཙུག་ལག་ཁང་མང་པོ་བཤིག །ནཱ་ལནྡར་གནོད་པ་ཆེན་པོ་བྱས་པས་དགེ་འདུན་རྣམས་ཐག་རིང་པོར་བྲོས། དེའི་འོག་ཏུ་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་བྱ་བས་རྒྱལ་ཕྲན་མང་པོ་དང་འདུས་ཏེ། སྟག་གཟིག་གི་རྒྱལ་པོ་ལ་དམག་བྱས་ཏེ་བསད་ནས་སྔར་བཤིག་པའི་ལྷ་ཁང་ཐམས་ཅད་བསོས། དགེ་འདུན་རྣམས་སྤྱན་དྲངས་ནས་ནཱ་ལནྡར་ཆོས་གཞི་བརྒྱད་ཅུ་རྩ་བཞི་བྱས་ཏེ་བསྟན་པ་སླར་རྒྱས་པར་བྱས་སོ། །དེ་ནས་སློབ་དཔོན་མཱ་ལི་ཀ་བུདྡྷི་ཞེས་བྱ་བས་ཆོས་གཞི་ཉེར་གཅིག་བཙུགས་ཤིང། མཆོད་རྟེན་ལྷ་ཅན་སྟོང་བཞེངས་ཏེ་ཤེར་ཕྱིན་གྱི་ཆོས་དར་བར་བྱས་སོ། །སློབ་དཔོན་ཀུན་ཏུ་བཟང་པོ་ཞེས་བྱ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། དེས་སྔར་གྱི་མཆོད་རྟེན་བཤིག་པ་རྣམས་བསོས་ཏེ། རེ་རེ་ལ་མཆོད་རྟེན་བཅུ་བཅུས་བསྐོར། གཞན་གྱིས་ཕྲག་དོག་བྱས་པ་ན་འཕགས་པ་ཀུན་ཏུ་བཟང་པོས་ཁྲིད་དེ་ལི་ཡུལ་དུ་ཕྱིན་ནས་བསྟན་པ་དར་བར་བྱས། དེའི་ཚེ་རྒྱལ་པོའི་བློན་པོ་ཞིག་གིས་ལྷ་ཁང་བཞེངས་པའི་དགའ་སྟོན་གྱི་དུས་སུ་དགེ་འདུན་ཚོགས་པའི་ཚེ། དགེ་ཚུལ་གཏུམ་པོ་ཞིག་གིས་མུ་སྟེགས་སློང་མོ་བ་གཉིས་ལ་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར་ཁྱི་རྦད་པས་དེ་གཉིས་ཤིན་ཏུ་ཁྲོས་ནས་གཅིག་གིས་ཉི་མ་བསྒྲུབས་པས་འགྲུབ་སྟེ། སྔགས་བཟླས་པའི་ཐལ་བ་གཏོར་བ་ཙམ་གྱིས་མེ་འབར་དུ་བྱུང་ནས་སངས་རྒྱས་པའི་ཆོས་གཞི་བརྟེན་པའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་མེར་བསྲེག ། གསུར་རབ་མཐའ་དག་བཞུགས་པའི་ལྷ་ཁང་གསུམ་ཡང་བསྲེག་ནས་ཡུལ་གཞན་དུ་བྲོས་ཀྱང་། སྡིག་པའི་ལས་ཀྱིས་རང་ལུས་ལ་མེ་འབར་ནས་ཤི། དེ་ནས་ཕྱོགས་ཕྱོགས་ཀྱི་དགེ་སློང་རྣམས་ཀྱི་བློ་ལ་བཞུགས་པ་དང་། གླེགས་བམ་དུ་བཞུགས་པ་ཐོར་པ་རྣམས་བསྡུས་ཏེ་ཡི་གེར་སྤེལ། རྒྱལ་པོ་སངས་རྒྱས་ཕྱོགས་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞེན་ཆེ་བས། དེས་སྔར་ལྷ་ཁང་མེས་ཚིག་པ་རྣམས་སླར་བསོས་སོ། །དེ་ཡང་སྔོན་མི་ཡུལ་དུ་སྡེ་སྣོད་ཆ་བཅོ་ལྔ་ཙམ་བྱུང་བའི་ཆ་བཅུ་བཞིའི་ཚད་མེ་དགྲ་སོགས་ཀྱི་རྐྱེན་དབང་གིས་ནུབ་ནས་ད་ལྟ་ཆ་གཅིག་ཙམ་ལུས་གསུང་ངོ་། །དེ་ནས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་གཙུག་ཁང་ཆེན་པོ་ཞིག་བཞེངས་ནས་བཀའ་དང་བསྟན་བཅོས་མཐའ་དག་བསྡུས་ནས་ཚར་གསུམ་བཞེངས། ཆོས་གཞི་ཆེན་པོ་བརྒྱ་དང་དགེ་སློང་ལྔ་བརྒྱ་ཚོགས་པར་བྱས། ཡང་རྒྱལ་པོ་དེའི་བློན་པོ་རྣམས་ཀྱིས་ལྷ་ཁང་ཞིག་བཞེངས། དེར་བྲམ་ཟེ་ཤངྐུ་གསུང་རབ་རྣམས་བཞེངས་ནས། བྲམ་ཟེ་ཕུར་བུས་ཀྱང་ལྷ་ཁང་བཞེངས་ཏེ་ཆོས་གཞི་དང་དགེ་འདུན་གྱི་འཚོ་བ་རྣམས་སྦྱར་རོ། །བྲམ་ཟེ་ཤངྐུ་སྒྲོལ་མས་རྗེས་སུ་བཟུང་བས་སྒྲོལ་མའི་ལྷ་ཁང་ཞིག་ཀྱང་བཞེངས་ཏེ། དཀོན་མཆོག་ལ་མཆོད་པ་ཆེན་པོ་བྱས་སོ། །བྲམ་ཟེ་འདི་གཉིས་ཀས་ཀྱང་ཀླུ་དབང་དུ་སྡུད་ནུས་ཤིང་། ཕྱི་མས་ཀུ་རུ་ཀུ་ལེའི་རིག་སྔགས་གྲུབ་བོ། དེའི་འོག་ཏུ་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བུ་ཟབ་མོའི་ཕྱོགས་ཞེས་བྱ་བ་བྱུང་སྟེ། དགེ་འདུན་མང་པོ་བསྡུས་ནས་མཆོད་ཅིང་། སངས་རྒྱས་ཀྱི་ཚེམས་བཞུགས་པའི་མཆོད་རྟེན་ཆེན་པོ་ཞིག་བཞེངས། དགེ་སློང་སོགས་བརྒྱ་ཕྲག་མང་པོ་མཆོད་རྟེན་མཆོད་པར་བསྐོས། སྐུ་གཟུགས་ཀྱང་ཤིན་ཏུ་མང་པོ་བཞེངས། དེའི་ཚེ་དགེ་སློང་ཛི་བ་ཀ་ར་དང་། དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པ་འཁོར་ལྔ་སྟོང་རེས་བསྐོར་བ་ཤེར་ཕྱིན་གྱི་དོན་ཉམས་སུ་ལེན་པ་བྱུང་། དུས་དེར་སློབ་དཔོན་ཨརྟ་ཞེས་བྱ་བ་བུམ་པ་བཟང་པོ་གྲུབ་པ་ཞིག་བྱུང་སྟེ། དེས་དགེ་འདུན་མང་པོ་ལ་ལོ་བཞི་བཅུར་ཉེ་བར་མཆོད་པ་བྱས། འདི་མཐུ་ཤིན་ཏུ་ཆེ་སྟེ་ཚངས་པ་དབང་ཕྱུག་བརྒྱ་བྱིན་ཡང་རིག་སྔགས་ཀྱིས་འགུག་ནུས་སོ། །གྲུབ་ཆེན་ལཱུ་ཧི་བ་ཡང་སྐབས་འདིར་བྱོན་པར་གསལ་ཞིང་ལོ་རྒྱུས་གཞན་དུ་བལྟའོ། །འཕགས་པ་ཐོགས་མེད་ཀྱིས་སློབ་དཔོན་ཨརྟ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་ལོ་བཅུ་གཉིས་སུ་བསྒོམས་པས་ཞལ་དངོས་སུ་གཟིགས། དགའ་ལྡན་དུ་འཁྲིད་ནས་ཆོས་བསྟན་ཏེ་བྱམས་ཆོས་སྡེ་ལྔ་གནང་། སླར་འཛམ་གླིང་དུ་བྱོན་ནས་ཐེག་པ་ཆེན་པོའི་ཆོས་དར་བར་བྱས། ས་སྡེ་ལྔ་སོགས་བསྟན་བཅོས་མང་དུ་བརྩམས་ཏེ་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ། རྫུ་འཕྲུལ་དང་གཞན་སེམས་ཤེས་པའི་མངོན་ཤེས་ཐོག་མེད་མངའ། དགུང་ལོ་མང་དུ་ལོན་ཀྱང་སྔོན་བྱམས་པས་ཞལ་གཟིགས་པའི་དུས་ཀྱི་ན་ཚོད་ལྟར་གནས། ཤིན་ཏུ་ཞི་ཞིང་དུལ་ཡང་གྲུབ་མཐའ་ངན་པ་དང་སྤྱོད་པ་ངན་པ་ཚར་གཅོད་པ་སོགས་ལ་ལྷག་པར་རྣོ། ཏིང་འཛིན་མཐའ་ཡས་པ་ཐོབ་ཅིང་། གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། གདུལ་བྱ་གྲངས་མེད་པ་ཡང་དག་པའི་ལམ་ལ་བཀོད། རྒྱལ་པོ་ཟབ་མོའི་ཕྱོགས་ཀྱིས་སློབ་དཔོན་འདི་ལ་མངོན་ཤེས་ཡོད་པ་བདེན་མི་བདེན་བརྟགས་པས་བདེན་པར་ཤེས་ཏེ་དགའ་ནས་དད་པ་ན། སློབ་དཔོན་གྱིས་བསྐུལ་ཏེ་ཐེག་ཆེན་གྱི་ཆོས་གཞི་ཉེར་ལྔ་བྱེད་དུ་བཅུག །སློབ་དཔོན་ལྷོ་ཕྱོགས་སུ་བྲམ་ཟེ་བ་སུ་ནཱ་ག་ཞེས་བྱ་བས་གདན་དྲངས་པས་འཁོར་བཅས་རྫུ་འཕྲུལ་གྱིས་བྱོན་ཏེ་དེའི་ཡུལ་གྱི་སྐྱེ་བོ་རྣམས་ལ་ཆོས་མང་དུ་བསྟན། ཨུ་རྒྱན་གྱི་ཡུལ་དུ་དེ་བཞིན་དུ་བྱོན་ནས་རིང་བར་བཞུགས། ཡུལ་དེ་གཉིས་ཀར་ཐེག་ཆེན་དར་བར་མཛད་དེ། མཆོད་རྟེན་བརྒྱ་ཕྲག་རེ་དང་། ལྷ་ཁང་ཉི་ཤུ་ཙ་ལྔ་རེ་བཞེངས། ཐེག་ཆེན་གྱི་ཆོས་གཞི་རེ་ཡང་བཙུགས། མ་ག་དྷར་ཡང་མཆོད་རྟེན་བརྒྱ་དང་ཆོས་གཞི་ཉེར་ལྔ་བཙུགས། སློབ་དཔོན་འདི་ལ་མངོན་ཤེས་ཐོགས་མེད་མངའ་བའི་སྟོབས་ཀྱིས་ཆོས་བསྟན་པ་ལ་དོན་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། །སློབ་དཔོན་རང་ཉིད་ཀྱིས་ཆོས་གཞི་བརྒྱ་དང་། རེ་རེར་ཡང་བློ་སྦྱོང་བ་ཉིས་བརྒྱ་རེ་ཉུང་མཐའ་བྱུང་། སྤྱིར་ཆོས་ཉན་པ་དཔག་ཏུ་མེད་པ་ལས་ས་ཐོབ་པ་དང་ལམ་རྒྱུད་ལ་སྐྱེས་པ་སྟོང་ཕྲག་མང་པོ་བྱུང་། གྲུབ་མཐའི་སྒོ་ཐམས་ཅད་གསུངས་པས་ཉན་ཐོས་རྣམས་ཀྱང་ལྷག་པ་དད། ཀླུ་སྒྲུབ་ཀྱི་དུས་ལས་ཀྱང་འདི་དུས་ཐེག་ཆེན་གྱི་དགེ་སློང་མང་སྟེ། ཁྲི་ཁྲག་མང་པོ་བྱུང་ཞེས་གྲགས། སློབ་མ་གྲངས་མེད་ཀྱང་ལྷན་ཅིག་གནས་པ་ཉེར་ལྔ་ཙམ་སྟེ། ཐམས་ཅད་ཀྱང་ཚུལ་ཁྲིམས་དག་པ། སྡེ་སྣོད་འཛིན་པ། བཟོད་པ་ཐོབ་པ། ལྷག་པའི་ལྷས་རྗེས་སུ་བཟུང་བ་ཤ་སྟག་གོ །སྐུ་ཚེའི་སྨད་ལ་ནཱ་ལནྡར་བཞུགས་པའི་ཚེ་དགུན་དུས་ཉིན་རེ་བཞིན་མུ་སྟེགས་ཀྱི་རྒོལ་བ་རེ་ཡོང་བ་ལ། དེའི་གྲུབ་མཐའ་རིགས་པ་སྣ་ཚོགས་ཀྱིས་སུན་ཕྱུང་མུ་སྟེགས་སྟོང་ཙམ་ནང་བར་བཙུག །དགེ་སློང་ལྟ་བ་དང་ཚུལ་ཁྲིམས་ཉམས་པ་སོགས་ཚར་བཅད་ནས་འཁོར་རྣམས་ཀྱང་ཤིན་ཏུ་དག་པར་མཛད་དེ། མཐར་རྒྱལ་པོའི་ཁབ་ཏུ་སྐུ་གཤེགས་སོ། གཅུང་དབྱེག་གཉེན་ནི། ཁ་ཅིག་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དང་། འགའ་ཞིག་ཐོགས་མེད་འཁྲུངས་པའི་ཕྱི་ལོ་འཁྲུངས་ཞེས་ཟེར་ཞིང་གང་ལྟར་ཡང་ཡུམ་ཅིག་གོ །རབ་ཏུ་བྱུང་ནས་ཁ་ཆེའི་སློབ་དཔོན་འདུན་བཟང་སོགས་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིགས་གནས་དང་སྡེ་སྣོད་གསུམ་ལས་མཁས་པར་བྱས། འཕགས་པ་ཐོགས་མེད་ལས་ཐེག་ཆེན་གྱི་སྡེ་སྣོད་མ་ལུས་པར་གསང་བས་ཐུགས་སུ་ཆུད་ཅིང་། དེར་མ་ཟད་རྒྱལ་བའི་བཀའ་མི་ཡུལ་ན་བཞུགས་པ་ཐམས་ཅད་ཀྱི་ཚིག་དོན་མཁྱེན་པས། སྟོན་པ་འདས་ནས་སློབ་དཔོན་དབྱིག་གཉེན་ལྟ་བུའི་མང་དུ་ཐོས་པ་ནི་འགའ་ཡང་མེད་དོ་སྔགས་ཤིང་སངས་རྒྱས་གཉིས་པ་གྲགས། ཐེག་ཆེན་གྱི་མདོ་གཟུངས་མང་པོ་དང་། བརྒྱད་སྟོང་པ་ཉིན་རེ་བཞིན་ཚར་རེ་གསུངས། ཐོགས་མེད་ཀྱིས་ནཱ་ལནྡའི་མཁན་པོ་མཛད་རྗེས་སུ་སློབ་དཔོན་འདིས་མཛད། རབ་ཏུ་འབྱུང་བ་དང་ཆོས་སྤྱོད་བཅུ་ཉིན་རེ་བཞིན་མཛད། ཉིན་རེ་བཞིན་ཐེག་ཆེན་གྱི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ལན་མང་དུ་གསུང་། བར་བར་དུ་བསྟན་བཅོས་རྩོམ་པ་དང་། མུ་སྟེགས་ཀྱི་རྒོལ་བ་མང་པོ་བཟློག་པར་མཛད། མདོ་སྡེ་དུ་མའི་དགོངས་འགྲེལ་གྱི་བསྟན་བཅོས་མཛད་ཅིང་། ས་སྡེ་ལྔ་སོགས་ནི་གྲགས་ཆེའོ། །གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་འབུམ་བཟླས་པ་དེའི་རིགས་སྔགས་འགྲུབ་ཅིང་། གསང་བདག་གི་ཞལ་མངོན་གསུམ་སུམ་དུ་གཟིགས་ཏེ་ཆོས་གསན། ཏིང་ངེ་འཛིན་དཔག་ཏུ་མེད་པ་ཐོབ། མ་ག་དྷར་ཆོས་གཞི་རྙེད་པ་གསོ་བ་དང་། ཐེག་ཆེན་གྱི་ཆོས་གཞི་གསར་པ་བརྒྱ་རྩ་བརྒྱད་བཙུགས། ཤར་ཕྱོགས་གཽ་རིའི་ཡུལ་དུ་བྱོན་ནས་ཆོས་བསྟན་པས་ལྷས་མེ་ཏོག་གི་ཆར་མང་པོ་དངོས་སུ་འབབ་པ་དེའི་སྐྱེ་བོ་ཀུན་གྱིས་བླངས། ཆོས་གཞི་ཡང་བརྒྱ་རྩ་བརྒྱད་བཙུགས། ཨོ་ཌིར་ཤར་བྲམ་ཟེ་ཞིག་གི་བོས་ནས་བྱོན་ཏེ་མང་པོ་ལ་ཆོས་བསྟན་པས་དེའི་ཁྱིམ་དུ་རིན་པོ་ཆེའི་འབྱུང་ཁུངས་བརྡོལ་དེར་ཆོས་བཞི་བརྒྱ་རྩ་བརྒྱད་བཙུགས་སློབ་དཔོན་གྱི་ཕྱོགས་གཞན་དང་གཞན་དུ་རྒྱལ་པོ་སོགས་ལ་བཀའ་བསྒོས་པས་བཙུགས་པ་ཀུན་བསྡོམས་ན། ཆོས་གཞི་དྲུག་བརྒྱ་ལྔ་བཅུ་བྱུང་ངོ་། །ཞེས་གྲགས། ཐོགས་མེད་ཀྱི་དུས་ལས་ཀྱང་འདི་དུས་ཐེག་ཆེན་དར་ཆེ་སྟེ། ཐེག་ཆེན་གྱི་དགེ་སློང་ཀུན་བསྡོམས་ན་དྲུག་ཁྲི་ལོངས་སྐད། སློབ་དཔོན་ཉིད་དང་ལྷན་ཅིག་གནས་པའི་དགེ་སློང་ཡང་སྟོང་ཙམ་སྟེ། ཐམས་ཅད་ཀྱང་ཚུལ་ཁྲིམས་ལྡན་ཞིང་མང་དུ་ཐོས་པ་ཤ་སྟག་གོ །སློབ་དཔོན་འདི་གང་དུ་བཞུགས་པ་དེར་རིན་པོ་ཆེའི་འབྱུང་ཁུངས་བརྡོལ་བ་དང་། མི་མ་ཡིན་གྱིས་ཡོ་བྱད་སྦྱོར་བ་སོགས་མང་ངོ་། བསམས་ན་ཤེས་པའི་མངོན་ཤེས་མངའ་བས་དྲིས་པ་ཐམས་ཅད་བདེན་པར་ལུས་སྟོན་ནུས་ཤིང་། བདེན་སྟོབས་བརྗོད་པས་གྲོང་ཁྱེར་མེ་ཤོར་བ་ཞི་བ་དང་། རིམས་ནད་ཞི་བར་བྱེད་ནུས། སྔ་ཕྱིར་མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་རིགས་པས་སུན་ཕྱུང་ཞིང་། སྤྱིར་བྲམ་ཟེ་དང་མུ་སྟེགས་སྟོང་ཕྲག་ལྔ་ཙམ་བསྟན་པ་ལ་བཅུག །མཐར་སློབ་མ་དང་བཅས་པ་ལ་ཡུལ་དུ་ཕྱིན་ནས་ཆོས་གཞི་བཙུགས་ཏེ་དགེ་འདུན་གྱི་སྡེ་མང་པོ་སྤེལ། དེར་ཁྱིམ་བཙུན་ཞིག་ཆོས་གོས་གྱོན་བཞིན་དུ་ཞིང་རྨོ་བར་གཟིགས་ནས་བསྟན་པ་ཉམས་སོ། །ཞེས་གསུངས་ཏེ། དགེ་འདུན་རྣམས་ལ་ཆོས་བསྟན་ནས་མྱ་ངན་ལས་འདས་པས་ཆོས་ཀྱི་ཉི་མ་རེ་ཞིག་ནུབ་ཅེས་གྲགས་སོ། །སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་ཐོ་རི་གཉན་གཙན་བྱུང་བ་དུས་མཉམ་པར་གྲགས། སློབ་དཔོན་འདི་དགུང་ལོ་བརྒྱར་ཉེ་བ་ཙམ་བཞུགས། ཐོགས་མེད་ལོ་བརྒྱ་དང་ལྔ་བཅུར་བཞུགས་ཅེས་ལུང་བསྟན་པ་ནི་ཕྱེད་ལོ་ཡིན་ཞེས་གསུངས་ཏེ་ཞིབ་ཆ་དགོས་པར་སྣང་ངོ་། །དབྱིག་གཉེན་གྱི་སྐུ་ཚེའི་སྟོད་དུ་རྒྱལ་པོ་དཱ་རི་ཀ་པ་དང་སྨད་ལ་སློབ་དཔོན་བློ་བརྟན་དང་། ཡོན་ཏན་འོད་དང་། ཕྱོགས་གླང་དང་། དེའི་ཅུང་ཟད་རྗེས་སུ་སློབ་དཔོན་འཕགས་པ་གྲོལ་སྡེ་བྱོན། དེ་ལས་ཅུང་ཟད་ཕྱི་ཙམ་ནས་སངས་རྒྱས་བསྐྱངས་དང་དེའི་འོག་ཏུ་ལེགས་ལྡན་དང་། དེ་ནས་བཙུན་པ་གྲོལ་སྡེ་བྱུང་། འདི་དུས་ཟླ་བ་གྲགས་པ་ཡང་བྱོན། ལེགས་ལྡན་གྱི་དུས་ཙམ་ནས་རྒྱལ་པོ་ཤྲི་ཧཱངྴ་ཞེས་བྱ་བ་སྟོབས་ཅན་ཞིག་བྱུང་སྟེ། དེས་ཀླ་ཀློས་བསྟན་པ་བསྣུབས་པར་འདོད་ནས་དབེན་པར་ཞིག་ཏུ་ཤིང་འབའ་ཞིག་ལས་བྱས་པའི་ཁང་པ་ཆེན་པོ་བརྩིགས་ནས་དེར་ཀླ་ཀློའི་སྟོན་པ་འཁོར་བཅས་བོས་ཏེ་ཟླ་བ་འགར་ཞབས་ཏོག་བྱས། དེའི་ལུགས་ཀྱི་ཆོས་རྣམས་བསྡུས་ནས་ལྷན་ཅིག་ཐམས་ཅད་མེར་བསྲེགས་པས་ཀླ་ཀློའི་ལུགས་འཛིན་པ་སྟོང་ཕྲག་བཅུ་གཉིས་ཙམ་འཚིག །དེའི་སྡིག་པ་སྦྱོང་བའི་ཆེད་དུ་ཡུལ་མང་པོར་གཙུག་ལག་ཁང་རེ་བཞེངས་ནས་དགེ་འདུན་སྟོང་ཕྲག་རེའི་འཚོ་བ་སྦྱར་ཏེ་ཆོས་ཤིན་ཏུ་དར་བ་བྱས་སོ། །སློབ་དཔོན་བློ་བརྟན་ནི་སྒྲོལ་མས་བྱིན་གྱི་བརླབས་པས་བློ་གྲོས་ཐོགས་མེད་དུ་གྱུར་ཏེ། མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད་པས་སྨྲ་བའི་དབང་ཕྱུག་ཏུ་གྲགས། མངོན་པ་ལ་ཤིན་ཏུ་མཁས་ཤིང་སློབ་དཔོན་དབྱིག་གཉེན་གྱི་གཞུང་ལ་འགྲེལ་པ་དགའ་རེ་མཛད། དཀོན་མཆོག་བརྩེགས་པ་ཞལ་འདོན་མཛད་ཅིང་། བྱ་བ་ཐམས་ཅད་སྒྲོལ་མས་སྟོན། ཆོས་གཞི་བརྒྱ་རྩ་བཙུགས། སློབ་དཔོན་ཡོན་ཏན་འོད་ནི། སློབ་དཔོན་དབྱིག་གཉེན་བརྟེན་ནས་གཞུང་ལུགས་སྤྱི་དང་། འདུལ་བ་ལ་མཁས་ཤིང་། འདུལ་བ་འབུམ་སྡེ་ལ་ཞལ་འདོན་མཛད། ཚུལ་ཁྲིམས་ཤིན་ཏུ་དག་པས་བདེན་ཚིག་བརྗོད་པ་འགྲུབ། གདུལ་བའི་གཞུང་གི་ཚིག་དོན་མཐའ་དག་སྡུད་པའི་མདོ་རྩ་བ་བརྩམས་པ་སོགས་ཀྱིས་བསྟན་པ་རྒྱས་པར་བྱས་སོ། །ཕྱོགས་གླང་ནི་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མཁས་ཤིང་། དབྱིག་གཉེན་བསྟེན་ཏེ་ཚད་མ་ལ་ལྷག་པར་མཁས། འཇམ་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པས་ཚད་མ་རིག་པ་སྟོན་པའི་བསྟན་བཅོས་ཐོར་བུ་མང་དུ་མཛད། ཚད་མ་ཀུན་བཏུས་མཛད་པར་བཞེད་པའི་ཚེ་མཆོད་བརྗོད་བྲིས་པ་མུ་སྟེགས་ནག་པོ་ཞེས་བྱ་བས་ལྐོག་ཏུ་བསུབས་པས། སློབ་དཔོན་གྱིས་རྩོད་པར་ནུས་ན་ལུས་སྟོན་ཅིག་ཅེས་བྲིས་པའི་ཚེ་དེས་ལུས་བསྟན་ཏེ་སློབ་དཔོན་དང་བརྩད་པན་སློབ་དཔོན་གྱིས་དེ་ལན་གསུམ་དུ་ཕམ་པར་མཛད་པ་སོགས་ཀྱི་ལོ་རྒྱུས་ནི་གཞན་དུ་གསལ། དེ་ནས་ཀུན་བཏུས་ཀྱང་བརྩམས། མུ་སྟེགས་ཀྱི་རྒོལ་བ་དུ་མ་དང་ཁྱད་པར་དུ་གཞན་གྱིས་ཐུབ་དཀའ་བ་དག་ཀྱང་རིགས་པས་ཚར་བཅད་ཏེ་བསྟན་པ་ལ་བཅུག་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས། ཆོས་གཞི་ཉམས་པ་མང་པོ་བསོས། ཆོས་ཀྱི་སློབ་མས་ཕྱོགས་ཀུན་ཏུ་ཁྱབ་ཀྱང་ལྷན་ཅིག་གནས་པ་གཅིག་ཀྱང་མ་བཟུང་། འདིས་རྒྱལ་པོའི་སློབ་དཔོན་ཞིག་བསྐུལ་ནས་ལྷ་ཁང་བཅུ་དྲུག་བཞེངས་སུ་བཅུག་སྟེ་དེ་རེ་རེར་དགེ་འདུན་གྱི་སྡེ་དང་ཆོས་གཞི་མང་དུ་ཡོད་པར་བྱས་སོ། །འཕགས་པ་གྲོལ་སྡེ་ནི། སློབ་དཔོན་དབྱིག་གཉེན་བསྟེན་ནས་ཤེར་ཕྱིན་ལ་མཁས་པར་སྦྱངས་ཤིང་། སློབ་དཔོན་དགེ་འདུན་སྲུང་བའི་སློབ་མ་མཛད་ནས་ཤེར་ཕྱིན་གྱི་མན་ངག་མཐའ་དག་ཞུས། དེ་གཉིས་ཀྱི་སྐུ་ཚེའི་སྨད་ཀྱི་སློབ་མའོ། །ཡུམ་གསུམ་གྱི་དོན་ཐམས་ཅད་ཐུགས་སུ་ཆུད་ནས་ཡུམ་དོན་དབུ་མར་འགྲེལ་བ་ལ། ཉི་ཁྲིའི་འགྲེལ་བ་ཉེ་སྣང་བརྩམས་པ་ནི་གྲགས་ཆེ། ཤེར་ཕྱིན་གཙོ་བོར་བཤད་པས་ལོ་སུམ་ཅུའི་བར་དུ་དགེ་སློང་ཤེར་ཕྱིན་ཉན་མཁན་སྟོང་རེ་འདུས། སློབ་དཔོན་དགེ་འདུན་འབངས་ནི། མངོན་པ་ལ་མཁས་ཤིང་མངོན་པའི་ཆོས་གཞི་ཉེར་བཞི་བཙུགས། གཙུག་ལག་ཁང་གཉིས་བཞེངས་ནས་ཐེག་ཆེན་ཡང་དར་བར་བྱས། ཆོས་འབངས་ནི་སྡེ་སྣོད་གསུམ་ལ་མཁས་ཤིང་། ཕྱོགས་བཞིར་འཇམ་དབྱངས་ཀྱི་ལྷ་ཁང་རེ་རེ་བཞེངས། འདི་གཉིས་ཀའང་དབྱིག་གཉེན་གྱི་སློབ་མའོ། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དགེ་འདུན་སྲུང་ལས་ཀླུ་སྒྲུབ་ཀྱི་གཞུང་རྣམས་གསན་ནས་མཁས་པར་མཛད་དེ། རྩ་ཤེའི་འགྲེལ་པ་བུངྔྷ་པཱ་ལི་ཏ་བརྩམས་པའི་སྒོ་ནས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེ། འཇམ་དཔལ་གྱི་ཞལ་གཟིགས་ཤིང་རིལ་བུའི་དངོས་གྲུབ་བརྙེས་ཏེ་རིག་འཛིན་གྱི་གནས་སུ་གཤེགས། ལེགས་ལྡན་འབྱེད་ནི། སྡེ་སྣོད་ཐམས་ཅད་ལ་མཁས་ཤིང་། སློབ་དཔོན་དགེ་འདུན་སྲུང་ལས་ཀླུ་སྒྲུབ་ཀྱི་གཞུང་རྣམས་གསན། ཕྱག་ན་རྡོ་རྗེའི་ཞལ་གཟིགས་ཤིང་། སངས་རྒྱས་བསྐྱངས་འདས་པ་ན་དེའི་འགྲེལ་བ་གཟིགས་ཏེ་དགག་པ་མཛད་ནས་རང་རྒྱུད་ཀྱི་ཤིང་རྟའི་སྲོལ་ཕྱེ། རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མེ་སོགས་བརྩམས་འདིས་ཀྱང་རིལ་བུའི་དངོས་གྲུབ་ཐོབ་སྟེ་སྐུ་ཚེ་ཕྱི་མར་རིག་འཛིན་གྱི་གནས་སུ་གཤེགས། སློབ་དཔོན་འདི་ལ་སློབ་མ་པཎྜི་ཏ་ཤིན་ཏུ་མང་བས་འདིའི་ལུགས་དར་ཆེ། འདི་གཉིས་མ་བྱོན་གོང་དུ་ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱིས་ཕྱེ་བའི་ལུགས་མི་མཐུན་པའི་སོ་སོར་གཅོད་པ་མི་བྱེད་ཀྱང་། འདི་གཉིས་བྱོན་ནས་དེ་གཉིས་ཀྱི་ལུགས་ཐ་དད་པའོ་ཞེས་སོ་སོར་ཕྱེའོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ནི། སློབ་དཔོན་ཕྱོགས་གླང་གི་གྲོགས་པོ་སྟེ། མཁྱེན་པ་ཡང་གཉིས་ཀ་མཉམ་པར་གྲགས། ཆོས་གཞི་ལྔ་བཅུ་ཙམ་བཙུགས་ཤིང་། སངས་རྒྱས་ཀྱི་བསྟོད་པ་བྱེད་པར་ཅན་མཛད་དོ། །དུས་འདིར་དགེ་བསྙེན་བཞི་བའི་གོ་ཆ་ཞེས་བྱ་བ་པོ་ཏ་ལར་ཕྱིན་ནས་སྤྱན་རས་གཟིགས་ཁ་སར་པ་ཎི་ལྷ་ལྔ་འཛམ་གླིང་དབུས་སུ་སྤྱན་དྲངས་པས་དངོས་སུ་བྱོན། དེ་ནས་རྒྱལ་པོ་ངང་ཚུལ་ཞེས་བྱ་བ་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ནས་མཆོད་པར་བྱེད་པ་ཞིག་བྱུང་། རྒྱལ་པོ་སེདྒེ་ཞེས་བྱ་བའི་དུས་སུ་སློབ་དཔོན་ཙཎྜ་གོ་མི་འཁྲུངས་ཤིང་། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པ་བྱུང་། དེ་ལས་ཟླ་གྲགས་ནི། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཞིག་ལ་ཀླུ་སྒྲུབ་ཀྱི་གཞུང་མཐའ་དག་གསན་པས། མདོ་སྔགས་ཐམས་ཅད་དང་འཕགས་པའི་ལུགས་ལ་མཁས་པའི་ཕུལ་བྱུང་དུ་བྱུང་། ནཱ་ལནྡའི་མཁན་པོ་མཛད། ལེགས་ལྡན་འདས་པའི་ཚེ་དེས་མཛད་པའི་འགྲེལ་པ་ལ་གཟིགས་པས། དེས་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་སྐྱོན་བརྗོད་མཛད་པ་རྣམས་མི་འཐད་པར་རྟོགས་ནས། རྩ་ཤེའི་འགྲེལ་པ་ཚིག་གསལ་མཛད་པའི་སྒོ་ནས་སྐྱོན་སྤངས་ཏེ། འཕགས་པའི་དགོངས་པ་མཐར་ཐུག་སངས་རྒྱས་བསྐྱངས་དང་མཐུན་པར་བཀྲལ། འདུས་པའི་རྒྱུད་གྱི་འགྲེལ་པ་སོགས་དང་། འཇུག་པ་སོགས་མཛད་དེ་འཕགས་པའི་དགོངས་པ་རྫོགས་པར་བཀྲལ་ལོ། །ཆོས་རྣམས་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པ་ཙམ་དུ་བཤད་པས་འགའ་ཞིག་ན་རེ། དེ་ཡིན་ནའང་བ་དངོས་དང་རི་མོར་བྲིས་པའི་བ་ལ་འོ་མ་བཞོ་རྒྱུ་ཡོད་མེད་ཁྱད་ཡོད་ཅེས་ཟེར་བ་ན། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་དངོས་སུ་བཞོས་ནས་དགེ་འདུན་ལ་དྲངས། རྩིག་པ་སོགས་ལ་ཐོགས་མེད་དུ་བྱོན་པ་སོགས་ངོ་མཚར་བའི་མཛད་པ་མང་དུ་བསྟན། མུ་སྟེགས་ཀྱི་རྩོད་པ་མང་པོ་ཟློག །ཆོས་གཞི་ཡང་མང་དུ་བཙུགས། ཏུ་རུ་ཥྐའི་དམག་བྱུང་བ་ན་རྡོའི་སེདྒེ་བཏང་སྟེ་བཟློག །འཇམ་དབྱངས་ཀྱི་དངོས་སུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བས་མདོ་རྒྱུད་རིག་གནས་གང་ལ་ཡང་ཐོགས་པ་མེད་པ་སོགས་དང་། རིང་དུ་བཞུགས་ནས་མཐར་སྒྱུ་ལུས་གྲུབ་བོ། །ཙནྜ་གོ་མི་ནི། ཚེ་སྔོན་མ་སྤྱན་རས་གཟིགས་འགྲུབ་པའི་པཎྜི་ཏ་ཞིག་སྟེ། དེས་མུ་སྟེགས་རྒྱང་པན་པ་ཞིག་དང་སྐྱེ་བ་ཕྱི་མ་ཡོད་མེད་བརྩད་པས་མུ་སྟེགས་ཕམ་ཀྱང་དེས་སྐྱེ་བ་ཕྱི་མ་ཡོད་པ་དངོས་སུ་མི་མཐོང་ཞེས་ཁས་མ་བླངས་པའི་ཚེ་པཎྜི་ཏ་དེས་རྒྱལ་པོ་སོགས་དབང་དུ་བཞག་ནས་རྟགས་མཚན་བཏབ་སྟེ་རྒྱལ་རིགས་ཀྱི་པཎྜི་ཏ་ཞིག་གི་བུར་སྐྱེ་བ་བཞེངས་པར་ཁས་བླངས་པ་ལྟར་སྐྱེས་པའི་རྟགས་མཚན་དེ་དག་ཀྱང་དངོས་སུ་བྱུང་ནས་རྒྱལ་པོ་སོགས་སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆེས། སྐྱེས་མ་ཐག་ཏུ་མ་ལ་ཕྱག་བྱས་ནས་འོ་བརྒྱལ་བར་གྱུར་ཏམ་ཞེས་སྨྲས་པ་ན། མས་བཙས་མ་ཐག་གཏམ་སྨྲ་བ་མི་རིགས་ཁ་རོག་སྡོད་ཅེས་བྱས་པ་ན་ལོ་བརྒྱད་ཀྱི་བར་ལྐུག་པ་ལྟར་བསྡད། དེའི་ཚེ་མུ་སྟེགས་ཀྱི་པཎྜི་ཏ་མཁས་པ་ཞིག་གིས་ཚིགས་བཅད་གཅིག་བྲིས་ཏེ་རྒྱལ་པོ་ལ་བྱིན་ནས་འདིའི་དོན་ཤེས་མཁན་གྱི་ནང་པ་ཡོད་ན་ཁོ་བོ་དང་རྩོད། མེད་ན་ནང་པ་རྣམས་མུ་སྟེགས་པར་ཆུགས་ཅེས་བྱས་པ་ན། གཞན་གྱིས་ཇི་ལྟ་བ་བཞིན་མ་ཤེས། སློབ་དཔོན་འདིས་དེའི་དོན་དཀྲོལ་ནས་མུ་སྟེགས་པ་དེ་འཁོར་བཅས། ནང་པར་བཅུག་པའི་ལོ་རྒྱུས་རྒྱས་པ་ནི་གཞན་དུ་གསལ། རྒྱལ་བོས་བུ་མོ་བྱིན་ཀྱང་དེ་ལ་མ་བསྡད་པའི་ཚེ་རྒྱལ་པོས་སྒྲོམ་དུ་བཅུག་ནས་ཆུ་བོ་གདྒཱ་བསྐུར། སློབ་དཔོན་གྱིས་སྒྲོལ་མ་ལ་གསོལ་བ་བཏབ་པས་མཚོ་འགྲམ་ནས་འཐོན་ཏེ་ཕྱོགས་ཞིག་ཏུ་བཞུགས་པས་དེར་གྲོང་ཁྱེར་ཆགས། ཐེག་པ་ཆེན་པོའི་ཆོས་གཞི་མང་དུ་བཙུགས། དེ་ནས་ནཱ་ལནྡར་བྱོན་པས་ཟླ་བ་གྲགས་པ་ར་བའི་ཕྱི་རོལ་ན་ཆོས་འཆད་པ་དང་མཇལ་ཏེ། འཇམ་དབྱངས་ཀྱི་སྐུ་ཤིང་རྟའི་ནང་དུ་བཞུགས། གཡས་གཡོན་དུ་ཟླ་གྲགས་དང་ཙནྡ་གོ་མི་བཞུགས་ཏེ་ནང་དུ་འབྱོན་པའི་ཚེ་སྐུ་དེ་ལ་ཙནྡ་གོ་མིས་བསྟོད་པ་ཕུལ་བས་སྐུ་དེ་དབུ་གཡོན་ཕྱོགས་ལ་གཡོན་ནས་གསན་འཕྲོ་ལ་ལུས་པས་འཇམ་དབྱངས་དབུ་གཡོན་མར་གྲགས། ནང་དུ་བྱོན་ནས་ཙནྜ་གོ་མི་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ཏུ་བཞུགས་ནས་ཐོགས་མེད་ལྟར་སེམས་ཙམ་པའི་ལུགས་བཟུང་། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་ལུགས་བཟུང་ནས་རིང་དུ་བརྩད། ཟླ་གྲགས་ཀྱིས་རྩོད་པ་ལན་དཀའ་བ་དག་བཀོད་ཀྱང་། ཙནྜ་གོ་མིས་འཕགས་པ་ལ་དྲིས་ནས་དེའི་ལན་ཐོགས་མེད་དུ་བཏབ་པས། དེ་ལ་ཟླ་གྲགས་ཀྱི་ལན་གདབ་དཀའ་བ་ལྟར་གྱུར་པ་ན། འདི་ལ་རྩོད་པ་སློབ་མཁན་ཞིག་ཡོད་འདྲ་བསམས་ནས་ཕྱིར་འབྲང་སྟེ་སྒོ་གསེབ་ནས་བལྟས་པས། སྤྱན་རས་གཟིགས་ཀྱི་རྡོ་སྐུ་ཞིག་ཡོད་པ་དེ། སྤྱན་རས་གཟིགས་སུ་གྱུར་ཏེ་མཛུབ་མོས་ཙཎྜ་གོ་མི་ལ་སློབ་དཔོན་གྱིས་སློབ་མ་ལ་སྟོན་པ་ལྟར་སློབ་པ་གཟིགས། འཕགས་པ་ཉེ་རིང་མི་མངའ་འམ་ཞེས་ཞུས་ཏེ་སྒོ་ཕྱེ་བ་ན། དེ་ཉིད་རྡོ་སྐུར་གྱུར་ནས་མཛུབ་མོ་ཀེ་རེ་ལུས་པས་དེ་ལ་འཕགས་པ་མཛུབ་ཀེར་མར་གྲགས་ཤིང་དེའི་ཚེ་རྩོད་པ་ཡང་ཞི། ཟླ་གྲགས་ཀྱིས་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས་མནལ་ལམ་དུ་གཟིགས་ཤིང་། ཕྱིས་བསྒྲུབས་པས་ཞལ་དངོས་སུ་གཟིགས། སྒྲ་མདོ་ཀུན་ཏུ་བཟང་པོ་ཞེས་པ་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་མཛད་དེ་འདིར་མ་དར། ཙཎྜ་གོ་མིས་ཙཎྜ་པ་ཞེས་པའི་སྒྲ་མདོ་ཞིག་མཛད་པ་འཕགས་བོད་གཉིས་ཀར་དར་ཆེ་ཞིང་། དེར་བཟོ་གནས་དང་། སྒྲ་དང་། རྟོག་གེ །སྨན་དཔྱད། ཟློས་གར། སྡེབ་སྦྱོར། མངོན་བརྗོད། སྙན་ངག །སྐར་རྩིས་སོགས་ཐ་སྙད་རིགས་པའི་བསྟན་བཅོས་མང་དུ་མཛད་ནས་སློབ་མ་རྣམས་ལ་གཙོ་བོར་བཤད་པའི་ཚེ། སྒྲོལ་མས་བསྐུལ་ཏེ། ས་བཅུ་བ་དང་ཏིང་ངེ་འཛིན་རྒྱལ་པོ་དང་། སྡོང་པོ་བརྒྱན་དང་། ལངྐར་གཤེགས་པ་དང་། ཤེར་ཕྱིན་གྱི་མདོ་རྣམས་གཙོ་བོར་འཆད་ཅིང་། སྔ་མ་རྣམས་ཞར་བྱུང་བྱས་སྤྱན་རས་གཟིགས་དང་སྒྲོལ་མའི་སྒྲུབ་ཐབས་རྒྱ་རྩ་རེ་བརྩམས། དབུལ་མོ་ཞིག་གི་བུ་མོ་མཛེས་མ་ཞིག་བག་མར་འགྲོ་བའི་ཆས་ཀ་མེད་ནས་སློབ་དཔོན་ལ་སྤོང་མོ་བྱས་པས། སྙིང་རྗེས་སྒྲོལ་མའི་བྲིས་སྐུ་ཞིག་ལ་གསོལ་བ་བཏབ་པས་དེ་སྒྲོལ་མར་གྱུར་ཏེ་རིན་པོ་ཆེའི་རྒྱན་ཕུད་ནས་སློབ་དཔོན་ལ་བྱིན། སློབ་དཔོན་གྱིས་དེ་ལ་བྱིན་པས་ཤིན་ཏུ་དགའོ། ། དེ་ལ་སོགས་པ་གཞན་ཡང་མང་ངོ་། །རྒྱལ་པོ་གསལ་བས་ནི་ཟླ་གྲགས་སོགས་མཆོད་ཅིང་། མུ་ཏིག་གིས་བཀང་བའི་གསེར་བུམ་བརྒྱ་རྩ་བརྒྱད་ཆོས་གཞིའི་ཐེབས་སུ་ཕུལ། མ་ག་དྷའི་ལྷ་ཁང་དང་མཆོད་རྟེན་རྣམས་ལ་མཆོད་པ་ཆེན་པོ་བྱས། རྒྱལ་པོ་མེ་ཏོག་ཅེས་པས་ཀྱང་ཕྱོགས་བཞིར་གཙུག་ལག་ཁང་བྱས་ནས། དགེ་འདུན་གྱི་སྡེ་མང་པོ་ལ་མཆོད་པ་ཆེན་པོ་མཛད། ཆོས་གཞི་ཉི་ཤུ་དང་། མཆོད་རྟེན་ཡང་མང་དུ་བཞེངས། བཙུན་པ་གྲོལ་སྡེས་བྱམས་པ་ལོ་མང་པོར་བསྒྲུབས་པས་འགྲུབ། དེ་སྐབས་སུ་སློབ་དཔོན་དུལ་བའི་སྡེ་བྱོན་ཏེ་བསྟན་བཅོས་འགའ་རེ་བརྩམས། མི་ཕམ་མགོན་པོ་ཞལ་གཟིགས་ནས་དེའི་སྐུ་བཞེངས། དེའི་གསུང་ནས་སྒྲོལ་སྐུ་བཞེངས་ཤིག་གསུངས་པ་ལྟར་བཞེངས། སློབ་དཔོན་ཡོན་ཏན་བློ་གྲོས་ནི་རིག་གནས་ཐམས་ཅད་དང་མངོན་པ་ལ་མཁས། བློ་བརྟན་གྱི་རྗེས་སུ་འབྲང་ནས་ལེགས་ལྡན་འགོག་པའི་འགྲེལ་པ་ཡང་བྱས། སློབ་དཔོན་ཆོས་སྐྱོང་ནི། མདོ་སྡེ་མང་པོ་ལ་མཁས་ཤིང་ནམ་མཁའི་སྙིང་པོའི་ཞལ་གཟིགས། བྱང་སེམས་ཀྱི་ལྟུང་བ་བྱུང་བ་རྣམས་ལ་ནམ་མཁའི་སྙིང་པོའི་དྲུང་དུ་བཤགས་སུ་འཇུག །ནམ་མཁའ་མཛོད་ལས་ནོར་བླངས་ནས་དགེ་འདུན་ལ་ཡོ་བྱས་སྦྱར། མུ་སྟེགས་བྱེད་པ་དབྱིག་སྔོན་ཅན་གྱི་སྒོ་ནས་དག་ནོན་མཛད། བཅུད་ལེན་གྱི་དངོས་གྲུབ་ཐོབ་བོ། རྒྱལ་སྲས་ཞི་བ་ལྷ་ནི། རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས་ཏེ་རྒྱལ་སྲིད་ལ་བསྐོ་བར་བརྩམ་པ་ན། མནལ་ལམ་དུ་འཇལ་དཔལ་དང་སྒྲོལ་མས་བཀག་པའི་མཚན་མ་བསྟན་པས། མི་རུང་བར་ཤེས་ཏེ་བྲོས་རྟག་ཏུ་འཇམ་དཔལ་གྱི་ཞལ་གཟིགས་ཤིང་། གྲུབ་པའི་རྟགས། རལ་གྲི་ཞིག་གནང་། རྒྱལ་པོ་སིདྒེ་ལྔ་པ་བཏུལ་ཏེ་ནང་པའི་ཆོས་གཞི་ཉི་ཤུ་ཚུགས་ཤིག་ཅེས་བསྒོས། རབ་ཏུ་བྱུང་ནས་ཆོས་ཐམས་ཅད་འཇམ་དཔལ་ལ་གསན་ནས་ཐུགས་སུ་ཆུད་ཀྱང་གཞན་ངོར་མི་མཁས་པའི་ཚུལ་བསྟན་ཏེ་ཉལ་ནས་བསྡད་པ་ལྟར་མངོན། གཞན་དག་གིས་ཐོས་བསམ་གང་ཡང་མི་བྱེད་པའི་མི་དད་རྫས་ཆུད་ཟ་བ་འདི་བསྐྲད་པར་བྱའོ་ཞེས་འགྲོས། མདོ་འདོན་རེས་བྱས་ན་འདི་རང་བུད་ལ་འགྲོ་ཞེས་ཟེར་ཏེ། དེ་ལྟར་བྱས་པས་རེ་ཞིག་ཁས་མ་བླངས། ནན་ཆེར་བརྗོད་པས་ཁས་བླངས། དེ་ནས་ཁྲི་བརྩེེགས་པར་བཞུགས་ནས་སྤྱོད་འཇུག་བརྩམས། ཤེས་རབ་ལེའུའི་སྐབས་སུ་སྐུ་མི་སྣང་བར་བྱས་ཏེ་རིམ་གྱིས་ནམ་མཁར་འཕུར་ནས་རྫོགས་པ་ན་གཞན་དུ་གཤེགས། དེའི་ཚེ་བསླབ་བཏུས་ཀྱང་སྔར་བརྩམས་པ་ཤེས་། ཡུལ་གཞན་ཞིག་ཏུ་མུ་སྟེགས་ཞིག་གི་རྒྱལ་པོ་ལ་ཞུས་ཏེ་ནང་བ་དང་ནུས་པ་འགྲན་པ་བྱས་པ་ན། གཞན་གྱིས་མ་ནུས་པས། སློབ་དཔོན་གྱིས་ནུས་པའི་ཆོ་འཕྲུལ་བསྟན་པ་མུ་སྟེགས་བཏུལ་ཞིང་རྒྱལ་པོ་འཁོར་བཅས་ཆོས་ལ་བཀོད་དོ། །མདོར་ན་ངོ་མཚར་ཅན་གྱི་མཛད་པ་བདུན་བསྟན་ཅིང་། འདི་དང་ཙཎྜ་གོ་མི་གཉིས་ལ་གནས་རྨད་དུ་བྱུང་བའི་སློབ་དཔོན་གཉིས་ཞེས་གྲགས་སོ། །ཐམས་ཅད་མཁྱེན་པའི་བཤེས་གཉེན་ནི། སྒྲོལ་མ་ཞལ་དངོས་སུ་གཟིགས་པ་ཞིག་སྟེ་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་ནས་ཐམས་ཅད་སྦྱིན་པ་བཏང་། རྒྱལ་པོ་ཞིག་གིས་ལོག་ལྟས་མི་བརྒྱ་དང་བདུན་སློབ་དཔོན་འདིི་དང་བཅས་བརྒྱ་རྩ་ཉོས་ནས་མེ་ལ་མཆོད་སྦྱིན་བྱེད་པ་ན། སློབ་དཔོན་འདིས་སྒྲོལ་མ་ལ་གསོལ་བ་བཏབ་པས། བྱོན་ནས་ཕྱག་ནས་ཆར་ཆེན་པོ་བབབ་ཏེ་མེ་ཞི། རྒྱལ་པོ་ཡ་མཚན་སྐྱེས་ནས་མི་ཐམས་ཅད་བཏང་སྟེ་སློབ་དཔོན་ལ་མཆོད། ཡང་སྒྲོལ་མ་ལ་གསོལ་བ་བཏབ་པས་དེས་ཡུལ་གཞན་ཞིག་ཏུ་འཁྲིད་པ་དེར་སྒྲོལ་མའི་ལྷ་ཁང་ཆེན་པོ་ཞིག་བཞེས་ནས་ཆོས་བསྟན་ཏེ་མང་པོའི་དོན་བྱས། དུས་འདི་ཙམ་ནས་གྲུབ་ཌོཾ་བི་ཧེ་རུ་ཀ་དང་། གྲུབ་ཆེན་དྲིལ་བུ་ཡང་བྱུང་སྟེ་ལོ་རྒྱུས་ནི་གཞན་དུ་གསལ་ལོ། །དེའི་ཚེ་སུ་ཁ་དེ་བ་ཞེས་བྱ་བ་བྱུང་སྟེ། སྤྱན་རས་གཟིགས་བསྒྲུབས་པས་ཞལ་མཐོང་སྟེ་གྲུབ་པ་ཐོབ་བོ། །དེ་ནས་རྒྱལ་པོ་སེངྒེ་ལྔ་བའི་དུས་སུ་མུ་སྟེགས་ཀྱི་སྟོན་པ་བྲམ་ཟེ་གཞོན་ནུ་རོལ་བ་དང་། གཟེག་མ་སྒྲ་སྒྲོགས་ཅེས་པ་གཉིས་བྱུང་སྟེ། དེ་གཉིས་ཀྱིས་ནང་བ་ལ་རྩོད་པ་མང་པོ་བྱས་པ་ན་ནང་བའི་པཎྜི་ཏ་དེ་རྣམས་ཀྱིས་མ་ཐུབ་པས། ནང་བའི་ལོངས་སྤྱོད་མང་པོ་མུ་སྟེགས་བྱེད་ལ་ཤོར། འོན་ཀྱང་དེའི་རྗེས་སུ་སློབ་དཔོན་དེ་ཝ་ཤྲ་མ་ཞེས་པས་མུ་སྟེགས་འགའ་ཞིག་ཕམ་པར་བྱས་ཏེ་བསྟན་པ་བཅུག་སྟེ་ལྷ་ཁང་དང་། མཆོད་རྟེན་མང་པོ་བཞེངས། ཆོས་གཞི་ཡང་བཙུགས་སོ། །དུས་དེར་སློབ་དཔོན་ཆོས་ཀྱི་གྲགས་པ་བྱོན་ཏེ། ཆུང་ངུ་ནས་བློ་ཤིན་ཏུ་རྣོ་བས་རིག་གནས་མང་པོ་དང་། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་སྦྱངས་པས་ལོ་བཅོ་བརྒྱད་ཚུན་ལ་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པར་གྱུར། སྐབས་ཞིག་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་གཟིགས་པས་དད་དེ། ནང་བའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བ་ན། གཞན་དག་གིས་དེ་ཅི་ཡིན་དྲིས་པས། ནང་པའི་བསྔགས་པ་བརྗོད་པས་མུ་སྟེགས་པས་བསྐྲད། འདིར་ཅུང་མི་འདྲ་བ་ཞིག་ཀྱང་འབྱུང་། རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས། ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེ་ལ་ཕྱོགས་གླང་གི་གཞུང་ཉན་པས་དོན་ཐམས་ཅད་མཁྱེན། ཧེ་རུ་བསྒྲུབས་པས་ཞལ་མངོན་སུམ་གཟིགས་ཏེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བྱིན། ལྷོ་ཕྱོགས་སུ་བྱོན་ནས་མུ་སྟེགས་ཀྱི་སྟོན་པ་གཞོན་ནུ་རོལ་པའི་གཡོག་ཏུ་བཞུགས་ནས་མུ་སྟེགས་ཀྱི་གྲུབ་མཐའི་གསང་ཚིག་མཐའ་དག་རྟོགས་པར་བྱས་ཏེ། མུ་སྟེགས་ལ་ཡོན་བྱིན་ནས་ནུབ་མོ་བྲོས་ནས་བྱོན། དེ་ནས་རྒྱལ་པོ་ཞིག་གི་སར་སྒོ་ཡིག་བཏབ་སྟེ་རྩོད་པར་འདོད་པ་སུ་ཡོད་ཅེས་བྱས་པས། གཟེག་ཟན་གྱི་གྲུབ་མཐའ་འཛིན་པ་སོགས་མུ་སྟེགས་ལྔ་བརྒྱ་ཙམ་འདུས་པ་དང་ཟླ་བ་གསུམ་དུ་བརྩད་པས། ཐམས་ཅད་རིམ་གྱིས་ཕམ་པར་བྱ་སྟེ་བསྟན་པ་བཙུག །རྒྱལ་པོ་དབང་བསྒྱུར་ཏེ་ལོངས་སྤྱོད་ཅན་ལྔ་བཅུ་ཙམ་གྱིས་ནང་པའི་ཆོས་གཞི་རེ་བཙུགས། གཏམ་དེ་གཞོན་ནུ་རོལ་བས་ཐོས་ནས་འོངས་ཏེ་བརྩད་པས། སློབ་དཔོན་གྱིས་དེའི་དམ་བཅའ་ཐམས་ཅད་རེ་རེ་ནས་རིགས་པའི་རྣམ་གྲངས་བརྒྱ་བརྒྱས་བཀག་ནས་ཕམ་པར་བྱས་ཏེ། གཞོན་ནུ་རོལ་པ་ཡང་བསྟན་པ་ལ་བཙུད། འཁོར་གྱི་བྲམ་ཟེ་ཐམས་ཅད་ཀྱང་བསྟན་པ་ལ་དད་པ་ཐོབ་ནས་རབ་ཏུ་བྱུང་གཞན་ཡང་མུ་སྟེགས་ཀྱི་རྩོད་པའི་ཁྱུ་མཆོག་མང་པོ་རིགས་པས་ཕམ་པར་བྱས། དྲ་བ་ལིའི་ཡུལ་དུ་བྱོན་ནས་རྩོད་ནུས་པ་ཡོད་དམ་དྲིལ་བསྒྲགས་པས། ཕལ་ཆེར་གཞན་དུ་བྲོས། འགའ་ཞིག་གིས་རྩོད་མི་ནུས་པར་ཁས་བླངས་ནས་དེར་ཆོས་གཞི་ཐམས་ཅད་གསོས་ཏེ། ནགས་ཚལ་ཞིག་ཏུ་བསམ་གཏན་མཛད་ཅིང་བཞུགས་པ་ལས། ནཱ་ལནྡར་དབང་ཕྱུག་ཆེན་པོ་འགྲུབ་པའི་སཾ་ག་ཨཱ་ཙཪྱས་སད་ཕོད་རྩོད་པ་བྱའོ་ཞེས་དུས་བཏབ། རྩོད་པའི་དུས་སུ་རྒྱལ་པོ་རབ་གསལ་གྱིས་ཝ་ར་ཎ་སིར་དཔང་བོ་ཀུན་བསྡུས་ནས་རྒྱལ་པོ་སོགས་དཔང་བོ་ཚོགས་དང་བཅས་པའི་དབུས་སུ་སློབ་དཔོན་དང་དེ་གཉིས་བརྩད་པས། སློབ་དཔོན་གྱིས་དེ་ལན་མང་དུ་ཕམ་པར་བྱས་ཏེ་མཐར་ཅང་མི་སྨྲ་བའི་གནས་ལ་བཀོད། བསྟན་པ་ལ་བཞུགས་བྱས་ཀྱང་མ་ཉན་པར་གདྒཱར་མཆོངས་ནས་ཤི་སྟེ། ཁོ་རང་གི་སློབ་མ་བྷ་དྲ་ཨཱ་ཙཪྱའི་བུར་སྐྱེ་བ་བླངས། དེའི་སློབ་མ་མང་པོ་བསྟན་པ་ལ་བཅུག ། ལྷག་མ་མང་པོ་ཞིག་ནི་ཐག་རིང་དུ་བྲོས་སོ། །སཾ་གྷ་ཨཱ་ཙཪྱའི་འདི་སྐྱེ་བ་ལེན་པ་ལ་དབང་ཐོབ་པ་ཞིག་ཡིན་འདུག་པས་གང་ཟག་ཁྱད་པར་ཅན་དུ་སེམས། བྷ་དྲ་ཨཱ་ཙཪྱ་ཞེས་པ་ནི་ཚངས་པའི་བུ་མོས་རྗེས་སུ་བཟུང་ནས་སྒྲ་ཚད་ལ་ཤིན་ཏུ་མཁས་པས་ནང་པ་མང་པོ་དང་བརྩད་ནས་དེ་རྣམས་ཕམ་པར་བྱས་ཏེ། ནང་བའི་ཆོས་གཞི་མང་པོ་འཕྲོག །དགེ་བསྙེན་མང་པོ་ཞིག་མུ་སྟེགས་འཇུག་དགོས་པ་བྱུང་། དེས་ཀྱང་ལོ་བདུན་ལྷ་མཉེས་པར་བྱས་ནས་སློབ་དཔོན་དང་བརྩད་པས་སློབ་དཔོན་ཤིན་ཏུ་ཕམ་པར་བྱས་ཏེ། སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་པར་ཆུར་མཆོངས་ནས་ཤི། དེར་མུ་སྟེགས་དྲང་པོའི་བློ་ཅན་ལྔ་བརྒྱ་ནི་བསྟན་པ་ལ་རབ་ཏུ་བྱུང་། ལྔ་བརྒྱ་ཙམ་ནི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་བྱས། ཕལ་ཆེར་ནི་ཐག་རིང་དུ་བྲོས་སོ། །གཞན་ཡང་བྲམ་ཟེ་གང་བ་དང་གང་བ་བཟང་པོ་ཞེས་པ་གཉིས་ཀྱང་རྟོག་གེ་ལ་ཤིན་ཏུ་མཁས་ཤིང་། རང་གི་ལྷས་བྱིན་གྱིས་བརླབས་པ་སྟེ། དེ་གཉིས་སྔ་ཕྱིར་རྩོད་དུ་འོངས་པ་སློབ་དཔོན་གྱིས་བཏུལ་ནས་བསྟན་ལ་བཞུགས། དེ་གཉིས་རེ་རེས་ཀྱང་ཆོས་གཞི་ལྔ་བཅུ་རེ་བཙུགས། སློབ་དཔོན་དང་འདི་གཉིས་ཀྱང་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་འདུག་པས་སྐྱེས་ཆེན་དམ་པའོ། །སཾ་ག་ཨཱ་ཙཪྱའི་སྐྱེ་བ་གཉིས་པ་དེ་སྔོན་མ་ལས་ཀྱང་མཁས་ཤིང་། དབང་ཕྱུག་བུམ་པའི་ཁར་ལུས་རྫོགས་པར་བསྟན་ནས་རིགས་པས་སློབ་པར་བྱེད། དེས་ཀྱང་མང་པོའི་དབུས་སུ་སློབ་དཔོན་དང་སྔར་བཞིན་བརྩད་པས་ཕམ་སྟེ་མ་ཉན་པར་ཆུར་མཆོངས་ནས་ཤི། ཡང་བྷ་དྲ་ཨཱ་ཙཪྱའི་བརྒྱུད་དུ་སྐྱེ་བ་བླངས། དེ་ཡང་དང་སྔ་མ་ལས་བློ་རྣོ་ཞིང་། དབང་ཕྱུག་ཆེན་པོ་རང་གི་མདུན་དུ་འོངས་ནས་རིགས་པ་སློབ་པར་མཛད། དེས་ཀྱང་སློབ་དཔོན་དང་སྔར་ལྟར་བརྩད་པས་སློབ་དཔོན་གྱིས་ཕམ་པར་བྱས་ནས་ནང་པར་བཅུག་སྟེ་དེས་ལྷ་ཁང་བཟང་པོ་ཞིག་བཞེངས། མུ་སྟེགས་མཁས་པ་འགའ་ཞིག་དྲང་པོའི་སེམས་ཀྱིས་སློབ་དཔོན་གྱི་མདུན་དུ་འོངས་ནས་བརྒལ་བརྟག་བྱས་པའི་ཚེ། སློབ་དཔོན་གྱིས་ཡང་དག་པའི་རིགས་པ་བསྟན་པས་དད་དེ་སློབ་དཔོན་གྱི་ལུགས་དར་བར་བྱས། དེའི་ཚེ་སློབ་དཔོན་གྱི་སྙན་པ་ས་སྟེང་ཐམས་ཅད་དུ་ཁྱབ་བོ། །སློབ་དཔོན་འདིས་མུ་སྟེགས་བསྟན་པ་ལ་བཅུག་པ་འབུམ་ལོངས་པར་གྲགས། དེའི་ཚེ་ཕྱོགས་གཞན་དུ་བྱོན་ནས་བསྟན་པའི་འགལ་རྐྱེན་རྣམས་རྩོད་པས་ཚར་བཅད་དེ་ཉམས་པ་རྣམས་གསོས། རྒྱལ་པོ་དད་པ་ཅན་དང་བློན་པོ་སོགས་ཆོས་ཀྱི་སྒོ་ནས་དབང་དུ་བསྡུས་ཏེ་དགེ་འདུན་གྱི་སྡེ་ཐུག་མེད་དུ་དར་བར་མཛད། རང་ཉིད་ཀྱིས་ལྷ་ཁང་བརྒྱ་རྩ་བཞེངས་ཤིང་། གཞན་ལ་བསྐུལ་ཏེ་བཞེངས་པ་ནི་གྲངས་མེད་དོ། །ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་ཚད་མ་སྡེ་བདུན་བརྩམས། གྲུབ་པ་ཡང་ཐོབ་ཅིང་ཀུན་ཏུ་བཟང་པོའི་སྤྲུལ་བར་གྲགས། མཐར་སྐུ་འདས་པའི་ཚེ་གདུང་ཞུགས་ལ་ཕུལ་བས་གདུང་ཐམས་ཅད་མཆིང་བུ་འདྲ་བའི་གོང་བུ་གཅིག་ཏུ་སོང་སྟེ་རུས་པའི་རྣམ་པ་ཡེ་མེད་ལ། དེའི་དུས་སྟོན་གྱི་མཆོད་པ་ད་ལྟ་ཡང་བྱེད་ཅེས་གྲགས་སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་མཉམ་ཞེས་བཤད། འདི་དུས་སུ་གྲུབ་ཆེན་ལྭ་ཝ་དང་། ཨིནྡྲ་བྷུ་ཏ་བར་པ་དང་། སློབ་དཔོན་ཀུ་ཀུ་རཱ་ཛ་དང་། སློབ་དཔོན་མཚོ་སྐྱེས་དང་ལཱ་ལི་ཏ་སོགས་རིམ་པར་བྱོན་ཞིང་། དེ་ལས་མཚོ་སྐྱེས་ནི་རྒྱལ་པོ་ཞིག་གིས་མེར་བསྲེགས་པ་ན་དེར་མཚོ་ཆུང་ཞིག་ཏུ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་དངོས་སུ་གྱུར་པའི་འགྲུབ་ཆེན་ཤིག་ཡིན་ལ་གཞན་རྣམས་ཀྱང་བདེ་མཆོག །དགྱེས་རྡོར། གཤིན་རྗེ་གཤེད་ལ་སོགས་རིགས་ཀྱི་སྒོ་ནས་གྲུབ་པ་ཆེན་པོ་ཐོབ་པ་སྟེ་ལོ་རྒྱུས་ནི་གཞན་དུ་གསལ། ལཱ་ལི་ཏས་འཇམ་དཔལ་བསྒྲུབས་པའི་ཞལ་གཟིགས་ཏེ་ལུང་བསྟན་པ་ལྟར་ཨུ་རྒྱན་ནས་གཤིན་རྗེ་གཤེད་ནག་པོ་སྐོར་གྱི་རྒྱུད་རྣམས་སྤྱན་དྲངས། ཡེ་ཤེས་མཁའ་འགྲོ་མས་རྗེས་སུ་བཟུང་ཞིང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། མངོན་སྤྱོད་ཀྱིས། མི་དང་མི་མ་ཡིན་གདུག་པ་ཅན་མང་པོ་བཏུལ་ནས་འགྲོ་བའི་དོན་མཛད་དོ། །གྲུབ་ཆེན་བཱི་རུ་པ་ནི་རྡོ་རྗེ་ཕག་མོས་རྗེས་སུ་བཟུང་ཞིང་། །ཤིན་རྗེ་གཤེད་དངོས་སུ་གཟིགས་ནས་དེའི་སྒྲུབ་ཐབས་ཀྱང་མཛད། གཤིན་རྗེ་གཤེད་དམར་པོའི་རྒྱུད་སྤྱན་དྲངས། ནུས་པ་ཆེ་བའི་ལས་ཚོགས་ཀུན་ལའང་ཐོགས་པ་མེད། ད་ལྟ་གྲུབ་ཐོབ་ཉི་མ་འཛིན་ཞེས་གྲགས་པ་དེ་འདི་ཡིན་པར་སྣང་ངོ་། །དེའི་སློབ་མ་ཌོཾ་བྷི་ཧེ་རུ་ཀ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་ཞིང་། དགྱེས་རྡོར་གྱི་སྒྲུབ་ཐབས་མཛད། རྒྱུད་དོན་མང་པོ་མངོན་ཤེས་མཁྱེན། དེའི་ཚེ་ཀ་ལ་གོ་མི་ཞེས་བྱ་བ་སྤྱན་གཟིགས་ཀྱི་གྲུབ་ཐོབ་ཞིག་བྱུང་། ཆོས་ཀྱི་གྲགས་པ་འདས་པ་ན་རྒྱལ་པོ་གོ་མི་ཙནྡྲ་བྱུང་། དེའི་དུས་སུ་གྲུབ་ཆེན་ཛ་ཡནྡྷ་རི་པ་དང་། ནག་པོ་སྤྱོད་པ་གཉིས་ཀྱིས་བདེར་དགྱེས་ཀྱི་སྒོ་ནས་གྲུབ་པ་ཐོབ་ཅིང་། བདེ་མཆོག་ཡབ་ཡུམ་གཉིས་ཀྱིས་རྗེས་སུ་བཟུང་བ་སྟེ། ལོ་རྒྱུས་རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ལ། ཛ་ལནྡྷ་ར་བ་འདི་གྲུབ་ཆེན་མཐུ་ནུས་བྱིན་རླབས་ཤིན་ཏུ་ཆེ་བ་ངོ་མཚར་ཅན་ཞིག་གོ །ནག་པོ་སྤྱོད་པས་གདུལ་བྱ་མང་པོ་བདེ་དགྱེས་ཀྱི་གྲུབ་པ་ལ་བཀོད་ཅིང་། འཁོར་ནི་སྟོང་དང་བཞི་བརྒྱ་ཙམ་རྗེས་སུ་འབྲང་ལ། ཧེ་རུ་ཀའི་གསུང་གིས་བསྐུལ་ཏེ་བདེ་མཆོག་གི་སྐོར་མང་དུ་མཛད། དེར་གྲུབ་ཆེན་ཛ་ལནྡྷ་རི་བའི་སློབ་མ་གྲུབ་ཐོབ་ཏནྚི་པ་ཡང་བྱུང་སྟེ། རྗེ་བཙུན་རྣལ་འབྱོར་མས་དངོས་སུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་ཞིག་ཡིན་ལ། ཕྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་ཐོབ་བོ། །དུས་འདིར་སློབ་དཔོན་དཔལ་སྐྱེས་དང་དེའི་སློབ་དཔོན་ཡེ་ཤེས་སྙིང་པོ་ཉིད་ཀྱང་བྱོན་ནས་རང་རྒྱུད་པའི་དབུ་མའི་ལུགས་བཟུང་། ཡེ་ཤེས་སྙིང་པོར་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་ཞལ་གཟིགས། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ཞེས་བྱ་བར་འཇམ་དཔལ་གྱི་ཞལ་གཟིགས། སྒྲོལ་མའི་རིག་སྔགས་ཀྱང་འགྲུབ་བོ། ། དེའི་ཚེ་སློབ་དཔོན་ཆོས་བཤེས་བྱོན་ཏེ་འདུལ་བ་རྒྱ་ཆེར་འགྲེལ་བརྩམས། སྐབས་དེར་མུ་སྟེགས་ཀྱི་རྒོལ་བ་ཤིན་ཏུ་མང་བར་གྱུར་ནས། ནང་བ་རྣམས་ཐུགས་འཚབ་འཚབ་པོར་གནས་དགོས་པ་བྱུང་། འདིས་ཞྭ་རྩེ་རིང་གྱོན་ནས་མུ་སྟེགས་ཀྱི་རྒོལ་བ་ཞིག་བརྩད་པས་རྒྱལ་བ་ན། དེ་ཕྱིན་ཆད་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་དར་། རྒྱལ་པོ་གོ་སཱ་ལ་ཞེས་བྱ་བས་ལྷ་མོ་ཙུནྡའི་གྲུབ་པ་ཐོབ་སྟེ། གཙུག་ལག་ཁང་བཞེངས་ནས་དགེ་འདུན་གི་སྡེ་མང་དུ་བཙུགས་ཤིང་མཆོད་པ་ཆེན་པོ་བྱས་སོ། །འདིའི་དུས་སུ་སློབ་དཔོན་ཤཱཀྱ་འོད་བྱུང་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་ཆེར་མཛད། འདུལ་བ་སུམ་བརྒྱ་པ་བརྩམས། དེའི་ཚེ་ཁ་ཆེའི་ཡུལ་དུ་དཱ་ན་ཤཱི་ཆེན་པོ་སོགས་འདུལ་འཛིན་མཁན་པ་མང་དུ་བྱོན། དེ་ནས་བཱི་རུ་བ་ཆུང་བ་ཞེས་པ་གྲུབ་པ་བརྙེས་པ་ཞིག་བྱུང་། མུ་སྟེགས་པ་དྲང་པོའི་རང་བཞིན་ཅན་རོ་ལངས་གསེར་དུ་བསྒྱུར་ནུས་ཤིང་། རལ་གྲི་དངོས་གྲུབ་ཐོབ་པ་ཞིག་ཀྱང་བྱུང་སྟེ། དེས་རོ་ལངས་གསེར་དུ་བསྒྱུར་བ་ནང་བའི་དགེ་བསྙེན་ཞིག་ལ་བྱིན་པས། དེས་གཙུག་ལག་ཁང་ཆེན་པོ་བཞེངས། དགེ་སློང་དང་དགེ་བསྙེན་ལྔ་བརྒྱ་རེའི་འཚོ་བ་སྦྱར། མ་ཤིའི་བར་ཆོས་གཞི་གཙུགས་ཤིང་། འཆི་བའི་ཚེ་ཆོས་གཞི་རྒྱལ་པོ་གཏད་དོ། །དེ་ནས་རྒྱལ་པོ་དེ་བ་པཱ་ལ་ཞེས་བྱ་བ་བྱུང་སྟེ། འདིས་དམག་བྱས་ཏེ་མུ་སྟེགས་ཀྱི་ལྷ་ཁང་མང་པོ་བཤིག་ནས་ནང་པ་ལ་ཕན་བཏགས། འདིའི་རིང་ལ་ནག་པོ་སྤྱོད་པ་ཆུང་བ་ཞེས་བྱ་བ་བྱུང་སྟེ། བདེ་དགྱེས་གཤིན་རྗེ་གཤེད་དག་སུམ་ལ་མཁས། རྐང་མགྱོགས་ཀྱི་དངོས་གྲུབ་ཆེན་པོ་བརྙེས་སོ། །དེ་ལ་གྲུབ་ཆེན་ནག་པོ་སྤྱོད་པ་དང་། ནག་པོ་སྤྱོད་པ་ཆུང་བ་དང་། ནག་པོ་དམ་ཚིག་རྡོ་རྗེ་གསུམ་སོ་སོ་ཡིན་ལ། དེ་བཞིན་དུ་ཨིནྡྲ་བྷོ་དྷི་གསུམ། སྒྲ་གཅན་འཛིན་གསུམ། མར་མེ་མཛད་གསུམ། དཱ་རི་ཀ་པ་ལ་གཉིས། ཨ་མོ་གྷ་བཛྲ་གཉིས་བྱུང་བས་རྣམས་མིང་འདྲ་ཡང་གང་ཟག་སོ་སོ་བ་ཡིན་པར་ཤེས་པར་བྱའོ། །སློབ་དཔོན་ཞི་བ་འཚོ་ནི་དཔལ་ལྡན་ཆོས་ཀྱི་གྲགས་པའི་གོང་དེར་བྱོན་ཡང་སྐུ་ཚེ་རིང་བས་རྒྱལ་པོ་འདིའི་བར་དུ་བཞུགས་ཞེས་གྲགས། དབུ་མའི་སྲོལ་བཟུང་ཞིང་། རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་དུས་སུ་མཁན་པོ་མཛད། དབུ་མ་རྒྱན་མཛད་པ་སོགས་ཀྱི་སྒོ་ནས་བསྟན་པ་དང་ཁྱད་པར་དུ་བོད་ལ་བཀའ་དྲིན་ཆེ། འདི་དུས་ཁ་ཆེར་མཆེ་བའི་སྡེ་སོགས་བྱོན། སློབ་དཔོན་སེང་བཟང་ཡང་བྱོན་ཏེ་ཤེར་ཕྱིན་དར་བ་བྱས་པ་ནི་གྲགས་ཆེ། ཤཱཀྱ་བཤེས་གཉེན་གྱིས་དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ལའི་རྒྱན་མཛད། གང་བློ་མ་མཛད་མཁན་གྱི་སློབ་དཔོན་རྡོ་རྗེ་མཚོན་ཆ་ཞེས་དེ་ཡང་བྱོན། འཇམ་དཔལ་གྲགས་པ་ཞེས་བྱ་བ་མཚན་བརྗོད་ཀྱི་འགྲེལ་པ་མཛད་པོ་པ་སྟེ། རིགས་ལྡན་འཇམ་དཔལ་གྲགས་ནི་མིན་ནོ། །དེའི་ཚེ་བཛྲ་དེ་ཝ་ཞེས་བྱ་བ་སྤྱན་རས་གཟིགས་གྱི་ཞལ་མངོན་སུམ་མཐོང་བ་ཞིག་བྱོན་ཏེ་སྙན་ངག་ལ་མཁས་པར་གྲགས། སློབ་དཔོན་སྒེག་པའི་རྡོ་རྗེར་འཇམ་དཔལ་གྱིས་ཞལ་གཟིགས་ཤིང་། སྔགས་ཀྱི་ཆོས་དུ་མ་དང་། མཚན་བརྗོད་གྱི་འགྲེལ་པ་ཡང་མཛད། མ་ཏང་གི་ཡང་སྐབས་འདིར་བྱུང་བར་བཤད་དེ་རྟག་དགོས་པར་སྣང་། ཀོ་ཀ་ན་ས་དང་པཎྜི་ཏ་སྒྲ་ཅན་འཛིན་ཞེས་པ་གཉིས་བྱུང་སྟེ་འཕགས་བསྐོར་རྣམས་དང་བ་ཙམ་བྱས། རྒྱལ་པོ་དྷརྨཱ་པ་ལ་ཞེས་པ་ཞིག་བྱུང་སྟེ། སློབ་དཔོན་སེང་བཟང་པོ་བསྟེན་ནས་ཤེས་ཕྱིན་དར་བར་བྱས། ཆོས་གཞི་སྤྱིར་ལྔ་བཅུ་བཙུགས་པ་ལས། ཤེར་ཕྱིན་འཆད་པའི་ཆོས་གཞི་སོ་ལྔ་བྱས། ལྷ་ཁང་ཆེ་ཆུང་བརྒྱ་རྩ་བརྒྱད་བཞེངས། དགེ་འདུན་བརྒྱ་བཞི་བཅུ་ལ་རྒྱུན་དུ་འཚོ་བ་སྦྱར་ནས་སྐབས་འགར་ཡོན་འབུལ། རྒྱལ་པོ་དེ་ཤེར་ཕྱིན་དར་བར་མཛད་པའི་སྨོན་ལམ་འགྲུབ་པ་ཞིག་ཡིན་ཏེ། ཤེར་ཕྱིན་བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་ལུང་བསྟན་པའི་ཐོག་མ་འདི་ཡིན་པར་བཤད་དོ། །གཞན་ཡང་རྒྱལ་པོ་འདིའི་དུས་སུ་སློབ་དཔོན་རྒྱ་མཚོ་སྤྲིན་དང་། གང་སྤེལ་དང་། སངས་རྒྱས་གསང་བ་དང་། སངས་རྒྱས་ཡེ་ཤེས་ཞབས་སོགས་ཀྱང་བྱོན། རྒྱ་མཚོ་སྤྲིན་གྱིས་ནི་བྱམས་པའི་ཞལ་གཟིགས་ཤིང་། ས་སྡེ་ལྔ་ལ་འགྲེལ་པ་མཛད། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཚེའི་སྟོད་ལ་སེང་བཟང་བསྟན་ནས་ཤེར་ཕྱིན་ལ་སྦྱངས་ཤིང་། སྨད་ལ་འཇམ་དཔལ་གྱི་ཞལ་མངོན་སུམ་གཟིགས་ནས་དབང་བསྐུར་ཏེ། གསང་འདུས་ལྷ་བཅུ་དགུ་མ་སོགས་གནང་ཞིང་སློབ་དཔོན་ཉིད་ཀྱིས་ཀྱང་གྲོལ་བའི་ཐིག་ལེ་སོགས་མཛད་དེ། རྒྱུད་སྡེ་མང་པོའི་དོན་བཤད། ཛམྦྷ་ལས་ཉིན་རེ་བཞིན་གསེར་པ་ཎ་བདུན་བརྒྱ་རེ་དང་། ནོར་རྒྱུན་མས་མུ་ཏིག་གི་དོ་ཤལ་སུམ་རྒྱ་རེ་འདུལ་ཞིང་། དེ་ཐམས་ཅད་དགེ་བའི་ཕྱོགས་ལ་བཏང་། ཁྱད་པར་གསང་བ་འདུས་པའི་ལྷ་ཚོགས་ལ་མར་མེ་སོགས་ཀྱི་མཆོད་པ་རྒྱ་ཆེན་པོ་རྒྱུན་མི་ཆད་དུ་མཛད་ཅིང་། ལྷག་མ་སྦྱིན་པ་བྱས་ཏེ་རྒྱས་པར་ནི་གཞན་དུ་གསལ། སློབ་དཔོན་གྱི་སློབ་མ་གྲུབ་ཆེན་མར་མེ་མཛད་ཀྱང་འདི་དུས་བྱོན་ཏེ་སློབ་དཔོན་འདི་དང་ཡོན་ཏན་མཉམ་པའི་ལོ་རྒྱུས་ནི་གཞན་དུ་ཤེས། སློབ་དཔོན་འདིའི་སློབ་མ་རབ་ཞི་བཤེས་གཉེན་གྱིས་གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། ཛམྦྷ་ལ་འགྲུབ་ནས་སློང་བ་པོ་རྣམས་ཚིམ་པར་མཛད། གཙུག་ཁང་བཟང་པོ་ཞིག་བཞེངས། མཐར་རིག་འཛིན་གྱི་དངོས་གྲུབ་ཐོབ། རྒྱལ་རིགས་སྒྲ་གཅན་འཛིན་ཞེས་པས་གསང་བ་འདུས་པའི་སྒྲུབ་པར་བྱས་པ་དེ་བཞིན་གཤེགས་པ་ལྔ་དང་། གསང་བདག་གི་ཞལ་དངོས་སུ་གཟིགས། གསང་སྔགས་མང་དུ་གསུངས་ཤིང་། འདུས་པའི་ལྷ་ཁང་ཆེན་པོ་ཞིག་བཞེངས། རིག་འཛིན་གྲུབ་ཅིང་ཀླུ་འདུལ་བའི་ཆེད་དུ་རྒྱ་མཚོར་བྱོན་ནས་ད་ལྟ་ཡང་བཞུགས་པར་གྲགས། སངས་རྒྱས་ཞི་བ་ནི་སློབ་དཔོན་འདིའི་སློབ་མ་ཡིན་ལ། གསང་སྔགས་ཀྱི་ཆོས་མང་པོ་དང་། རྒྱུད་སྡེ་འོག་མ་གསུམ་ལ་མཁས་ཤིང་། རྣལ་འབྱོར་རྒྱུད་ལ་བརྟེན་ནས་གྲུབ་པ་ཐོབ། སྤྱན་རས་གཟིགས་དང་སྒྲོལ་མའི་ཞལ་གཟིགས། སངས་རྒྱས་གསང་བས་ནི་འཇམ་དཔལ་གྱི་ཞལ་གཟིགས་ཤིང་དངོས་གྲུབ་བརྙེས། རྒྱུད་སྡེ་འོག་མ་གསུམ་དང་རྣལ་འབྱོར་རྒྱུད་ལ་ཤིན་ཏུ་མཁས་ཤིང་། དེའི་ཆོ་ག་དང་སྒོམ་ཚུལ་བཤད། འདི་གཉིས་ཀ་པོ་ཏར་བྱོན་ནས་སྒྲོལ་མ་རྒན་མ་དང་། སྤྱན་རས་གཟིགས་རྡོ་སྐུའི་རྣམ་པར་མཐོང་བ་སོགས་ཀྱི་ལོ་རྒྱུས་ཡོད། སྒྲོལ་མ་དང་འཇམ་དཔལ་གྱིས་སངས་རྒྱས་གསང་བ་ལ་ཏི་སིར་སྒྲུབ་པ་གྱིས་ཞེས་བསྐུལ་བ་ལྟར་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོས་ཡང་ཡང་ཞལ་གཟིགས། འཇམ་དཔལ་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་ཐམས་ཅད་བྲན་དུ་བཀོལ་ཅིང་། ལས་ཚོགས་དུ་མ་ལ་ཐོགས་པ་མེད་པ་བྱུང་། བོད་ཀྱི་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱིས་བོད་དུ་གདན་འདྲེན་ལ་བཏང་ཀྱང་འཇམ་དཔལ་གྱིས་འབྱོན་དུ་མ་གནང་། སློབ་དཔོན་ཀ་མ་ཤཱི་ལ་ཡང་རྒྱལ་པོ་འདིའི་སྐུ་ཚེའི་སྨད་ལ་བོད་དུ་བྱོན་ཏེ་རྒྱ་ནག་ཧཱ་ཤང་གི་ལུགས་བཀག་ཅིང་། དབུ་མའི་སྒོམ་རིམ་སོགས་མཛད། རྒྱལ་པོ་དྷརྨཱ་པཱ་ལའི་སྲས་ཞིག་གི་དུས་སུ་སློབ་དཔོན་ཆོས་མཆོག་དྷརྨ་མི་ཏྲ་སོགས་སློབ་དཔོན་མང་དུ་བྱོན། དེའི་རྗེས་སུ་རྒྱལ་པོ་མ་ཧི་པཱ་ལ་ཞེས་བྱ་བ་ཞིག་བྱུང་སྟེ། འདི་ནི་བོད་ཀྱི་རྒྱལ་པོ་ཁྲི་རལ་བཞུགས་པའི་དུས་དང་རགས་པར་མཉམ་མོ། །འདིའི་དུས་སུ་སློབ་དཔོན་ཀུན་དགའ་སྙིང་པོ་སོགས་མང་དུ་བྱོན་ཞིང་། གྲུབ་ཆེན་ཏེ་ལོ་པ་ཡང་དུས་འདིར་བྱོན་པར་མངོན་ནོ། །སློབ་དཔོན་ཀུན་དགའ་སྙིང་པོ་ནི། རིག་པའི་གནས་ལྔ་ལ་མཁས་ཤིང་། ཁྱད་པར་དུ་རྣལ་འབྱོར་རྒྱུད་ལ་མཁས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཀྱི་ཞལ་གཟིགས་ནས་བསྟན་བཅོས་རྩོམ་པར་ལུང་བསྟན་ཐོབ། ལྷག་པའི་ལྷ་དང་མི་ལྟར་གཏམ་མཛད། རིག་སྔགས་ཀྱི་མཐུ་གྲུབ་པ་ལས་ཚེགས་གང་ལའང་ཐོགས་པ་མེད། ཡི་གེའི་རྒྱུད་ནི་འགྲེལ་པ་མང་པོ་མཛད་ནས་སེམས་ཅན་མང་པོའི་དོན་བྱས་སོ། །དེ་ཙམ་ན་སློབ་དཔོན་བྷ་གོ་ཞེས་བྱ་བ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ཆེན་པོའི་ཞལ་གཟིགས་པ་ཞིག་བྱུང་། ཧེ་རུ་ཀ་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེའི་སློབ་མ་སློབ་དཔོན་བདུད་རྩི་གསང་བས་གཏེར་གྱིས་བུམ་པ་བརྒྱད་བསྒྲུབས་ནས་འཕོངས་པ་རྣམས་ཚིམ་པར་མཛད། ཆོས་གཞི་ཆེན་པོའི་བརྒྱད་བཙུགས། དེའི་སློབ་མ་ཞིག་གིས་ཀྱང་། རོ་ལངས་ཀྱི་དངོས་གྲུབ་ཐོབ། །བུམ་པ་བཟང་པོ་བསྒྲུབས་ནས་ཕྱོགས་བཞིའི་སྐྱེ་བོ་ཚིམ་པར་བྱས། རིགས་ལྔ་དང་རྡོ་རྗེ་བདུད་རྩིའི་ལྷ་ཁང་ཆེན་པོ་ཡང་བཞེངས་སོ། །རྒྱལ་པོ་བ་ཧཱ་པཱ་ལའི་སྲས་ཀྱིས་དགེ་སློང་ལྔ་བརྒྱ་དང་། ཆོས་སྟོན་པ་ལྔ་བཅུ་ལ་རྒྱུན་དུ་འཚོ་བ་སྦྱར། ཉན་ཐོས་ཀྱི་དགེ་འདུན་མང་པོར་མཆོད། གཙུག་ལག་ཁང་དང་། ཆོས་གཞི་ཡང་མང་པོ་བྱས། རྒྱལ་པོ་དེའི་སྐུ་ཚེའི་སྨད་ཙམ་ནས་བི་ཊོ་ཨཱ་ཙཪྱས་དུས་འཁོར་སྤྱན་དྲངས་ནས་དང་བར་མཛད། ཤེས་འབྱུང་སྦས་པ་དང་། ཛེ་ཏ་རི་དང་། ནག་པོ་དམ་ཚིག་རྡོ་རྗེ་དང་། སློབ་དཔོན་ཐ་ག་ན་སོགས་བྱོན། དུས་འཁོར་ཞབས་ཀྱང་འདི་དུས་བྱོན་པར་མངོན། དེ་ལ་སློབ་དཔོན་ཛི་ཏ་རི་རྒྱལ་པོ་པ་ན་པ་ལའི་དུས་སུ་བྱུང་སྟེ། རྒྱལ་པོ་དེ་ལ་བཙུན་མོ་མཛེས་མ་ཞིག་ཡོད་པ་དེ་དང་གསེར་དང་། གླང་པོ་ཆེ་ལ་སོགས་པ་སློབ་དཔོན་སྙིང་པོའི་ཞབས་ལ་གསང་འདུས་ཀྱི་དབང་ཞུས་པའི་ཡོན་དུ་ཕུལ་བ་ལས་འཁྲུངས། འཇམ་དབྱངས་བསྒྲུབས་པས་རྗེས་སུ་བཟུང་སྟེ་བྱིན་གྱིས་བརླབས་པས་ཐ་སྙད་པའི་རིག་གནས་རྣམས་ནི་བསླབ་མ་དགོས་པར་ཤེས། རིག་གནས་འགའ་ཞིག་དང་མདོ་རྒྱུད་རྣམས་ལ་ལན་ཅིག་བལྟས་པ་ཙམ་གྱིས་མཁྱེན་ཏེ་མཁས་པའི་དབང་པོར་གྱུར། འཇམ་དཔལ་ལས་དངོས་སུ་ཆོས་མང་དུ་གསན། སྒྲོལ་མས་ཀྱང་མངོན་སུམ་དུ་ཞལ་བསྟན། མུ་སྟེགས་ཀྱི་རྩོད་པ་བཟློག་པས་སློབ་དཔོན་དགྲ་ལས་རྣམ་རྒྱལ་དུ་གྲགས། མདོ་སྔགས་ཀྱི་གསུང་རབ་མང་པོའི་དགོངས་འགྲེལ་མཛད། ནག་པོ་དམ་ཚིག་རྡོ་རྗེ་དགྱེས་པ་རྡོ་རྗེ་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་། ནུས་པ་དཔག་ཏུ་མེདཔ་ཡང་བརྙེས་སོ། །རྒྱལ་པོ་མ་ཧཱ་པཱ་ལའི་སྐུ་ཚེའི་སྨད་ཙམ་ནས་མཁས་པ་སྒོ་དྲུག་གི་ཐ་སྙད་ཀྱང་བྱུང་། ནཱ་ལནྡ་དང་། བི་ཀྲམ་ཤྲཱི་ལའི་ཤར་སྒོ་སྲུང་བ་སློབ་དཔོན་ཆེན་པོའི་ཤནྟི་པ་ནི། མདོ་རྒྱུད་དང་རིག་གནས་མཐའ་དག་ལ་མཁས་ཤིང་། བྱམས་པ་དང་། འཇམ་དབྱངས། སྒྲོལ་མ། རྗེ་བཙུན་རྣལ་འབྱོར་མས་བྱིན་གྱིས་བརླབས། མདོ་སྔགས་གཉིས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་བརྩམས་པ་ནི་ཤིན་ཏུ་མང་སྟེ། འཕགས་ཡུལ་གྱི་མཁས་གྲུབ་བསྟན་བཅོས་མཛད་མཁན་རྣམས་གྱི་ནང་ནས་སློབ་དཔོན་འདིས་མཛད་པ་ལས་མང་བ་མ་མཐོང་། འཕགས་ཡུལ་ནམ་མཁས་པའི་དབང་པོར་གྲགས་ཤིང་། མུ་སྟེགས་ཀྱི་རྩོད་པ་ཤིན་ཏུ་མང་པོ་བཟློག་པས། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཞེས་རྒྱལ་པོ་སོགས་ཀྱིས་སྔགས། གྲུབ་པ་བརྙེས་ཤིང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཡང་འདིས་མཛད་དེེ་གྲགས་ཆེའོ། །ལྷོ་སྒོ་སྲུང་བ་ཤེར་འབྱུང་བློ་གྲོས་ནི། རིག་པའི་གནས་མཐའ་དག་ལ་མཁས་ཤིང་། འཇམ་དཔལ་གྱིས་ཞལ་མངོན་སུམ་གཟིགས་པ་ཞིག་སྟེ། མུ་སྟེགས་དང་རྩོད་པའི་ཚེ་འཇམ་དཔལ་གྱི་བྲིས་སྐུ་ཞིག་ཡོད་པ་དེ་ལ་གསོལ་བ་བཏབ་པ་ན། མུ་སྟེགས་ཀྱིས་ཇི་ལྟར་ཟེར་བ་དང་། དེའི་ལན་འདེབས་ཚུལ་ཅིག་ཅར་ཐུགས་ལ་ཤར་ནས། སང་རྩོད་པའི་ཚེ་ངེས་པར་རྒྱལ་བ་ཞིག་འོང་ངོ་། །ནུབ་སྒོ་སྲུང་བ་སློབ་དཔོན་ངག་དབང་གྲགས་པ་ནི། མདོ་སྔགས་རིག་གནས་མཐའ་དག་ལ་མཁས་ཤིང་། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་པའི་ལྷ་ཚོགས་ཞལ་གཟིགས་ཉི་མ་རེར་ཚིགས་བཅད་སྟོང་རེ་རེའི་ཚད་ཀྱི་གཞུང་གི་ཚིག་བློ་ལ་འཛིན་ནུས་ཤིང་། དོན་ཀུན་མཁྱེན་པའི་ངག་གི་དབང་ཕྱུག་ཆེན་པོ་གྲུབ་པས་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད། སྒྲོལ་མས་རྟག་པར་ཞལ་གཟིགས་ཤིང་། ཐེ་ཙོམ་གཅོད། ཡུལ་སྣ་ཚོགས་སུ་བྱོན་པ་ནས་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད་ཅིང་། ནུབ་ཕྱོགས་ཁོ་ན་ནས་འོངས་པའི་རྒོལ་བ་སུམ་བརྒྱ་ཙམ་སུན་བྱུང་། ཚོགས་བདག་ལས་ནོར་བླངས་ནས་དགེ་འདུན་མང་པོ་ལ་མཆོད། ཤེར་ཕྱིན་འཆད་པའི་ཆོས་གཞི་བརྒྱ། འདུས་པའི་ཆོས་གཞི་བཞི། བདེ་དགྱེས་གདན་བཞིའི་ཆོས་བཞི་རེ་རེ། དབུ་ཚད་ཀྱི་ཆོས་བཞི་ཐོར་བུ་མང་པོ་བཙུགས། བཅུད་ལེན་གྱི་དངོས་གྲུབ་འགྲུབ་ནས་གཞན་ལ་གནང་། རྒན་པོའི་ལུས་གཞོན་ལུས་སུ་བསྒྱུར། རབ་བྱུང་དང་ཁྱིམ་པ་ཆོས་ལྡན་ལྔ་བརྒྱ་ཙམ་ལ་ཕན་བཏགས། མདོ་སྔགས་ཀྱི་ཆོས་མང་པོ་བཤད། མཐར་སྒྱུ་ལུས་གྲུབ་སྟེ་ད་ལྟ་ཡང་བཞུགས་སོ། །བོད་ཀྱི་ལོ་རྒྱུས་འགར་ལྷོ་སྒོ་སྲུང་བར་གྲགས་ནའང་འདིར་ནུབ་སྒོ་སྲུང་བའི་ལུགས་ལྟར་རོ། །བྱང་སྒོ་སྲུང་བའི་ནཱ་རོ་པ་ནི། གྲུབ་ཆེན་ཏེ་ལོ་བས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་ལོ་རྒྱུས་ནི་གཞན་དུ་གསལ་ལ། འདིས་བདེ་མཆོག་གི་སྒོ་ནས་གྲུབ་པ་ཐོབ་ཅིང་། བདེ་གསང་གཉིས་རྒྱུད་དོན་མན་ངག་ཏུ་བླངས་པ་འཕགས་ཡུལ་དང་། བོད་ཀྱི་མར་བ་ལོ་ཙ་སོགས་ལ་བཤད་པའི་སྲོལ་ད་ལྟ་དར་ཆེ་བ་འདི་བཞིན་ཏེ་བོད་ཀྱི་སྔགས་ཕྱོགས་ཀྱི་ཆོས་རྒྱུད་ལ་ཕན་ཆེན་པོའི་བཏགས་པས་བཀའ་དྲིན་ཆེ། རྡོ་རྗེ་རྣལ་འབྱོར་མས་ཀྱང་བྱིན་གྱིས་བརླབས་ཤིང་མཐར་སྤྱོད་པ་ལ་གཤེགས་ནས་དངོས་གྲུབ་མཆོག་མཉེས་ཞེས་གྲག་གོ །ནཱ་རོ་པའི་རྗེས་སུ་བྱང་སྒོ་སྲུང་བར་གནས་བརྟན་བྱང་བཟང་གི་མཛད་དེ། འདི་ནི་སྤྱན་རས་གཟིགས་ཀྱི་ཞལ་དངོས་སུ་གཟིགས་པ་ཞིག་གོ །དབུས་ཀྱི་ཀ་ཆེན་དང་པོ་རྡོ་རྗེ་རིན་ཆེན་ནི་འཁོར་ལོ་སྡོམ་པ་དང་རྡོ་རྗེ་ཕག་མོ་སྒྲུབ་པས་ཞལ་གཟིགས། ཚད་མ་སྡེ་བདུན་དང་། བྱམས་ཆོས་སོགས་ལ་ཤིན་ཏུ་མཁས། མུ་སྟེགས་མང་པོའི་རྩོད་པ་བཟློག་ནས་བསྟན་པ་ལ་བཅུག་གོ །ཀ་ཆེན་གཉིས་པ་ཛྙ་ན་ཤྲཱི་མི་ཏྲ་ནི་སྡེ་སྣོད་གསུམ་ལ་མཁས་ཤིང་། གསང་སྔགས་ཀྱི་ཆོས་མང་པོ་ཡང་མཁྱེན། སྟོན་པ་དང་བྱམས་པ་དང་སྤྱན་རས་གཟིགས་ཀྱི་ཞལ་གཟིགས། མངོན་ཤེས་ཀྱང་ཐོགས་མེད་མངའ། ཇོ་བོ་རྗེའི་བླ་མ་སྐུ་དྲིན་ཆེ་བ་ཞིག་ཡིན། ཆོས་གཞི་མང་པོ་ཞིག་བཙུགས། ཇོ་བོ་རྗེ་ཡང་འདི་དུས་སུ་བྱོན་ཏེ་ནཱ་ལནྡའི་མཁན་པོ་མཛད་ཅིང་། ཨོ་ཏནྟ་པུ་རི་ཡང་བསྐྱངས། ཕྱིས་བོད་དུ་བྱོན་པའི་ལོ་རྒྱུས་ནི་གྲགས་ཆེ། མི་ཏྲི་པ་ཡང་འདི་དུས་སུ་བྱོན་ཏེ། སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པའི་ལོ་རྒྱུས་ནི་གཞན་དུ་གསལ། དེའི་ཚེ་ཨ་མོ་གྷ་བཛྲ་དང་། བླ་མ་མངོན་ཤེས་ཅན་དང་། པྲཛྙ་རཀྵི་ཏ་སོགས་མང་དུ་བྱོན། ཌོཾ་བྷི་བ་ཕྱི་མ་ནི་ནཱ་རོ་པའི་སློབ་མ་ཡིན་ཏེ། ཧེ་རུ་ཀའི་གྲུབ་པ་བརྙེས། ཀ་སོ་རི་པས་ནི་རྡོ་རྗེ་ཕག་མོ་ཞལ་གཟིགས་ཤིང་ནུས་པ་ཆེ། རི་རི་བ་ནི་ནཱ་རོ་པའི་སློབ་མ་སྟེ། འཁོར་ལོ་སྡོམ་པའི་གྲུབ་པ་ཐོབ་ཅིང་ནགས་ཀྱི་སྲོག་ཆགས་གདུག་པ་ཅན་སྟག་སོགས་བཀུག་ནས་ཆིབས་ནུས། འདི་གཉིས་ཀའང་འཇའ་ལུས་སུ་གཤེགས། ནཱ་རོ་པའི་སློབ་མ་པྲཛྙ་རཀྵི་ཏ་ནི་རྒྱུད་སྡེ་ཀུན་དང་བདེ་མཆོག་གི་སྐོར་ལ་ལྷག་པར་མཁས། བདེ་མཆོག །འཇམ་དཔལ། དུས་འཁོར་སོགས་ལྷ་མང་པོའི་ཞལ་གཟིགས། ལན་གཅིག་མུ་སྟེགས་ཀྱི་རྒོལ་བ་བརྒྱད་རྩོད་དུ་འོངས་པ་ལ་ལྟ་སྟངས་མཛད་པས་དྲུག་ངག་ལྐུགས། གཉིས་མིག་ལོང་ཡང་སླར་གྲོལ་བར་མཛད། སློབ་དཔོན་དཔེ་མེད་འཚོ་བ་ནི། རིག་གནས་ཐམས་ཅད་དང་དུས་འཁོར་ལ་མཁས། སྤྱན་རས་གཟིགས་ཀྱི་ཞལ་མཐོང་། ཕྱག་ཆེན་གྱི་དངོས་གྲུབ་ཐོབ། འདི་དུས་སུ་ཡ་མ་རི་ཞེས་པ་བྱུང་སྟེ། པཎྜི་ཏ་ཡིན་ཡང་འབྱོར་བ་ཆུང་བས་ནོར་རྒྱ྄ུན་མ་བསྒྲུབས་པའི་འགྲུབ་སྟེ་འབྱོར་བ་ཆེན་པོ་བྱུང་། བྲམ་ཟེ་དགའ་བྱེད་ཅེས་བྱ་བ་ཚང་མ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་སྟེ། ཆོས་གྲགས་ཀྱི་ལུགས་འགོག་པའི་ཚད་མ་གསར་པ་ཞིག་བྱའོ་སྙམ་པ་ན། འཇམ་དབྱངས་ཀྱིས་རྨི་ལམ་དུ་ཆོས་ཀྱི་གྲགས་པ་ནི་འཕགས་པ་ཡིན་པས་ཁྱོད་ཀྱི་དགག་མི་ནུས། སྐྱོན་དུ་མཐོང་བ་དེ་ཁྱེད་རང་གི་བློ་སྐྱོན་ཡིན། ཞེས་གསུངས་པས། བཤགས་པ་ཕུལ་ནས་ཆོས་གྲགས་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་བརྩམས། རྒྱལ་པོ་ཨ་མྲ་པཱ་ལའི་དུས་སུ་སློབ་དཔོན་རཏྣ་ཨཱ་ཀ་ར་གུཔྟས་རྡོ་རྗེ་གདན་གྱི་མཁན་པོ་མཛད་དེ། སྐྱེས་མཆོག་ངོ་མཚར་ཅན་ཞིག་ཡིན། འདིའི་རྗེས་སུ་པཎ་གྲུབ་ཆེ་ཕྲ་མང་པོ་བྱོན། གྲགས་ཆེ་བ་སློབ་དཔོན་ཨ་བྷྱ་ཀ་ར་སྟེ། འདི་མདོ་རྒྱུད་ཐམས་ཅད་ལ་མཁས་ཤིང་། རྨི་ལམ་དུ་རྡོ་རྗེ་རྣལ་འབྱོར་མས་ཞལ་གཟིགས་ནས་སཾ་བྷུ་ཊིའི་ཊྲིཀྐ་མཛད་པའི་གནས་པ་ཐོབ། རྡོ་རྗེའི་གདན་དང་། བི་ཀྲ་མ་ཤྲཱི་ལ་དང་། ནཱ་ལནྡའི་མཁན་པོ་མཛད། ཤེར་ཕྱིན་གྱི་དགོངས་འགྲེལ་དང་། འོད་སྙེ་སོགས་ཕྲེང་བ་གསུམ་གྱི་སྐོར་སོགས་མང་དུ་མཛད་དེ་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། འདི་དུས་སུ་བི་ཀྲ་མ་ཤཱི་ལ་པཎྜི་ཏ་དྲུག་ཅུ་ཙམ་དང་། རྒྱུན་དུ་དགེ་སློང་གཞན་སྟོང་རེ་ཙམ་དང་། མཆོད་པ་བྱེད་པ་སོགས་ཀྱི་དུས་སུ་རབ་བྱུང་ལྔ་སྟོང་ཙམ་རེ་འདུ། རྡོ་རྗེ་གདན་དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང་། ཉན་ཐོས་ཀྱི་དགེ་འདུན་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང་། སྐབས་འགར་དགེ་སློང་ཁྲི་ཕྲག་རེ་ཙམ་ཚོགས་པ་འབྱུང་། ཨོ་ཏནྟ་དང་པུ་རིར་རྒྱུན་དུ་དགེ་སློང་སྟོང་ཕྲག་རེ་དང་། སྐབས་འགར་རབ་བྱུང་སྟོང་ཕྲག་བཅུ་གཉིས་རེ་འབྱུང་བར་གྲགས་སོ། །སློབ་དཔོན་འདི་ལ་རྒྱལ་པོས་ས་ཆ་བཟང་པོ་ཞིག་ཀྱང་ཕུལ། འདིའི་རྗེས་སུ་སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་དང་། ཛྙ་ན་ཨཱ་ཀ་ར་གུབྟ་སོགས་མཁས་པ་དུ་མ་བྱོན་ཞིང་། དེ་ལ་གྲགས་ཆེ་བ་ནི་པཎ་ཆེན་ཤཱཀྱ་ཤྲཱི་སྟེ། འདི་ནི་སྒྲོལ་མས་རྗེས་སུ་བཟུང་ཞིང་མདོ་སྔགས་ཀྱི་གསུང་རབ་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པའོ། །ཕྱིས་བོད་དུ་བྱོན་ནས་དོན་མཛད་ཅིང་། དེ་ཡང་ས་སྐྱ་པཎྜི་ཏ་བཞུགས་པའི་སྐབས་སུ་ཡིན་ནོ། །སློབ་དཔོན་རཏྣ་རཀྵི་ཏ་ནི། མཁྱེན་རབ་ཤཱཀྱ་ཤྲཱི་དང་མཉམ་ཞིང་། བདེ་མཆོག །དུས་འཁོར། གཤིན་རྗེ་གཤེད་སོགས་ལྷ་མང་པོའི་ཞལ་གཟིགས། དབང་བསྐུར་བའི་ཚེ་ཡེ་ཤེས་པ་དངོས་སུ་འབེབས་ནུས། གཏོར་མ་མཁའ་འགྲོས་དངོས་སུ་ལེན། སྟ་སྟངས་ཡང་གྲུབ་པ་སོགས་མང་ངོ་། །ཛྙཱ་ན་ཨཱ་ཀ་གུབྟས་ནི་བྱམས་པའི་ཞལ་གཟིགས། བུདྡྷ་ཤྲཱི་མི་ཏྲས་ནི་མནལ་ལམ་དུ་རྡོ་རྗེ་རྣལ་འབྱོར་མ་ལས་ཆོས་གསན། ཕྱག་རིས་ཀྱང་གླང་ཆེན་གནོན་ནུས། དེ་གཉིས་ཀའང་རིག་གནས་ཀུན་ལ་མཁས་ཤིང་། རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་བརྙེས་པའོ། །འདི་དག་གི་དུས་རྒྱལ་པོ་སེ་ན་བཞི་བྱུང་སྟེ། དེའི་རིང་ལ་ཕྱོགས་ཀུན་ཏུ་མུ་སྟེགས་ཇེ་འཕེལ་དུ་སོང་ཞིང་། ཀླ་ཀློའི་གྲུབ་མཐའ་འཛིན་པ་ཡང་ཇེ་མང་དུ་གྱུར། དེའི་རྗེས་སུ་ཏུ་རུ་ཥྐའི་རྒྱལ་པོ་ཞིག་བྱུང་སྟེ། དེས་ཏུ་རུཥྐའི་རྒྱལ་ཕྲན་གཞན་དང་ལྷན་ཅིག་ཏུ་མ་ག་དྷའི་ཡུལ་ཐམས་ཅད་བཅོམ། ཨོ་ཏནྟ་པུ་རིར་རབ་བྱུང་མང་པོ་བསད་ནས་དེ་དང་བི་ཀྲ་མ་ཤྲཱི་ལ་གཉིས་ཅིག་ཅར་དུ་བཤིག པཎྜི་ཏ་རྣམས་ཕྱོགས་གཞན་དུ་བྲོས་ཏེ་དེ་གཉིས་སུ་བསྟན་པ་ནུབ་བོ། །འདི་ཇོ་བོ་རྗེ་བི་ཀྲ་མ་ཤྲཱི་ལའི་མཁན་པོ་མཛད་ནས་བླ་རབས་བཅུ་པ་པཎ་ཆེན་ཤཱཀྱ་ཤྲཱིས་དེའི་མཁན་པོ་མཛད་རྗེས་སུ་བྱུང་བར་བཤད་དོ། །དེ་དུས་སུ་གྲུབ་ཐོབ་འགའ་རེ་ཡོད་ཀྱང་སེམས་ཅན་སྤྱི་མཐུན་གྱི་ལས་བཟློག་ཐབས་མ་རྙེད་པར། ཡུལ་གྱི་དབུས་མ་ག་དྷར་བསྟན་པ་ནུབ་པ་ལྟར་སོང་ངོ་། །དེའི་རྗེས་སུ་རྒྱལ་པོ་ཙ་ག་ལ་རཱ་ཛ་ཞེས་པ་ཞིག་བྱུང་སྟེ། དེས་རྡོ་རྗེའི་གདན་དུ་མཆོད་པ་ཆེན་པོ་བྱས། སྔར་བཤིག་པའི་ལྷ་ཁང་ཕལ་ཆེར་ལ་ཞིག་གསོས་དང་། ཆོས་གཞི་ཡང་བཙུགས། ནཱ་ལནྡར་ལྷ་ཁང་ལ་མཆོད་པ་ཆེན་པོ་བྱས་ཀྱང་ཆོས་གཞི་མ་ཚུགས། རྒྱལ་པོ་དེ་ཕྱིན་ཆད་མ་ག་དྷར་མཆོད་པ་བྱེད་པའི་རྒྱལ་པོ་མ་བྱུང་ཞིང་། སྡེ་སྣོད་འཛིན་པ་ཡང་མ་བྱུང་ངོ་། །ཕྱིས་རྒྱལ་པོ་མུ་ཀུ་དེ་བས་ཕྱོགས་གཞན་ཞིག་ཏུ་ལྷ་ཁང་བཞེངས་ནས་ཆོས་གཞི་འགའ་རེ་བཙུགས་སོ། །དེ་ཕྱིན་ཆད་ཕྱོགས་འགའ་རེ་ན་བསྟན་པ་ལ་བྱ་བ་བྱེད་པའི་རྒྱལ་པོ་དང་། མཁས་གྲུབ་འགའ་ཡོད་ནའང་ཡུལ་དབུས་སུ་གྲགས་ཆེ་བ་ནི་མེད་དོ།། །།༈ གཉིས་པ་ཐོབ་རུ་འགའ་ཞིག་བཤད་པར་བྱ་སྟེ། རྒྱལ་པོ་པུ་རཀྵི་ཏའི་དུས་སུ་ལངྐ་རྒྱལ་བཟང་བྱོན་ཏེ། སྡེ་སྣོད་ཐམས་ཅད་ལ་མཁས་ཤིང་། འཁོར་ལོ་སྡོམ་པའི་ཞལ་གཟིགས། ནུས་པ་ཆེན་པོ་ཐོབ། དེའི་རྗེས་སུ་གྲུབ་ཆེན་དཔལ་འཛིན་བྱོན་ཏེ། གཤིན་རྗེ་གཤེད་ཀྱི་སྒོ་ནས་གྲུབ་པ་ཐོབ། དབྱངས་ཅན་མའི་ཞལ་གཟིགས། དགེ་སློང་སྡེ་སྣོད་འཛིན་པ་ཞིག་ཏུ་རུ་ཥྐའི་རྒྱལ་པོས་མགོ་གཅོད་པར་བརྩོམ་པ་ལས་སློབ་དཔོན་འདིས་རང་གི་དབུ་བྱིན་ཏེ་བསླུས་ནས། རང་གི་སྐེ་ལ་མ་ཧེའི་མགོ་འབྱར་བའི་རྫུ་འཕྲུལ་བསྟན་ནོ། །དེའི་རྗེས་སུ་བྷ་ཝ་བྷ་དྲ་བྱོན་ཏེ། སྡེ་སྣོད་ཐམས་ཅད་ལ་མཁས་ཤིང་ཁྱད་པར་དུ་རྣམ་རིག་པའི་གྲུབ་མཐའ་དང་། མ་རྒྱུད་ལ་མཁས། འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས་ཤིང་། སྒྲོལ་མའི་ཞལ་གཟིགས། རིལ་བུའི་དངོས་གྲུབ་འགྲུབ་བོ། །དེ་ནི་རྗེས་སུ་སྐལ་ལྡན་གྲགས་པ་བྱོན་ཏེ། གསང་སྔགས་ལ་ཤིན་ཏུ་མཁས་ཤིང་། མངོན་ཤེས་བརྙེས་སོ། དེ་རྗེས་ལི་ལ་བཛྲ་བྱུང་སྟེ། གཤིན་རྗེ་གཤེད་ཀྱི་གྲུབ་པ་བརྙེས། དེ་རྗེས་མི་ཐུབ་ཟླ་བ་བྱོན་ཏེ། གསང་སྔགས་ཀུན་དང་འདུས་པ་ལ་མཁས་ཤིང་དངོས་གྲུབ་བརྙེས། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ་བྱོན་ཏེ། གཤིན་རྗེ་གཤེད་དང་བདེ་མཆོག་ལ་མངའ་བརྙེས། དུད་འགྲོ་སོགས་ཀྱི་སྐད་དང་མ་སློབ་པའི་བསྟན་བཅོས་མང་པོ་རང་ཤེས་སུ་བྱུང་། དེའི་འོག་ཏུ་བྷོ་དྷི་བྷ་དྲ་བྱུང་སྟེ། གསང་སྔགས་ཀུན་ལ་མཁས་ཤིང་། འཇམ་དཔལ་གྱི་ཞལ་གཟིགས། དེ་རྗེས་ཀ་མ་ལ་རཀྵི་ཏ་བྱོན་ཏེ། མདོ་རྒྱུད་ཀུན་དང་། ཤེར་ཕྱིན་དང་གསང་འདུས་ལ་ལྷག་པར་མཁས།། གཤིན་རྗེ་གཤེད་ཞལ་གཟིགས་ནས་ཐགས་ཀར་ཐིམ། འཇམ་དཔལ་ལས་ཆོས་དུ་མ་གསན་ཏེ་གྲུབ་པ་བརྙེས། མ་ག་དྷ་དམག་གིས་བཅོམ་པའི་ཚེ་དབུས་ཀྱི་མཁས་པ་ཕལ་ཆེར་ཤར་ཕྱོགས་སུ་བྲོས་ནས་རྒྱ་མཚོ་དང་ཉེ་བར་རྒྱལ་པོ་ཞིག་གི་ཡུལ་དུ་གནས་པ་ན། རྒྱལ་པོ་དེས་ལྷ་ཁང་མང་དུ་བཞེངས་ནས་ཆོས་གཞི་ཡང་མང་པོ་བཙུགས་ཤིང་། བསྟན་པ་དར་བར་བྱས། དེའི་རྒྱུན་ལ་ཕྱིས་སུ་དགེ་འདུན་ཁྲི་ཕྲག་གཉིས་གསུམ་ལོངས་ཞེས་གྲགས། གཞན་ཡང་ཀོ་ཀིའི་ཡུལ་དང་། གསེར་གླིང་། ཟངས་གླིང་སོགས་གླིང་ཕྲན་རྣམས་སུ་སྔ་མོ་ནས་བསྟན་པ་དར་ཞིང་། དེའི་རྒྱུན་ད་ལྟའི་བར་ཡང་ཡོད་ཅེས་གསུངས། སེདྒ་ལར་སྟོན་པའི་ཞབས་རྗེས་ཀྱི་དུས་སྟོན་གྱི་ཚེ་དགེ་སློང་སྟོང་ཕྲག་བཅུ་གཉིས་རེ་འདུས་ཏེ་ཕར་ཆེར་ཉན་ཐོས་སོ། །མ་ག་དྷ་ཏུ་རུཥྐ་བཅོམ་པའི་རྗེས་སུ་ལྷོ་ཕྱོགས་ཀ་ལིངྐ་དང་། རི་བོ་འབིག་བྱེད་སོགས་སུ་བསྟན་པ་དར་ནས་རྒྱུན་ད་ལྟ་ཡང་ཡོད་པར་གྲག་གོ ༈ །གཞན་ཡང་སྔོན་རྒྱལ་པོ་ལོངས་སྤྱོད་སྐྲ་བཟང་སོགས་གསུམ་གྱི་རིང་ལ་གསེར་འགྱུར་གྱི་རྩི་འགྲུབ་སྟེ་སློང་བ་པོ་སུ་བྱུང་ཡང་སྦྱིན་པ་རྒྱ་ཆེན་བྱས། ཡང་རྒྱལ་པོ་གསུམ་ལས་ཅིག་གིས་ལྷ་ཁང་ཆེ་ཆུང་སྟོང་ཕྲག་ལྷག་བཞེངས། གཅིག་གིས་དགེ་སློང་སྟོང་ཕྲག་རེ་རྒྱུན་དུ་མཆོད། གཅིག་གིས་བྲམ་ཟེ་ཁྲི་ཕྲག་རེ་དང་། སངས་རྒྱས་པ་ཁྲི་ཕྲག་རེ་ལ་རྒྱུན་དུ་ཆོས་སྟོན་བྱེད། རྒྱལ་པོ་གཞོན་ནུ་གདོང་དྲུག་ཅེས་བྱ་བས་ནོར་རྒྱུན་མ་གྲུབ་སྟེ། དབུལ་པོ་ཐམས་ཅད་ལ་གོས་རེ་དང་། ཟས་ཀྱིས་ལོ་ཉི་ཤུར་ཚིམ་པར་བྱས། རྒྱལ་པོ་དབང་ཆེན་བུ་ཚ་བོའི་རིང་ལ་བྲམ་ཟེའི་སྐྱེ་བོ་རྣམས་དཀོན་མཆོག་གསུམ་ཁོ་ན་མཆོད་པར་བཀའ་བསྒོས་ནས་མཆོད། བུ་གཉིས་ཀྱིས་ལྷ་ཁང་ལྔ་བཅུ་རེ་བཞེངས། བྲམ་ཟེ་པཱ་ལ་མི་ཏྲ་ཞེས་བྱ་བ་ཞིག་གིས་རྒྱ་མཚོའི་མཐར་ཐུག་པར་མཆོད་རྟེན་གྱིས་གང་བར་བྱས་ཏེ། འདི་ནི་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན། བྲམ་ཟེ་ནཱ་ག་ཀེ་རུ་ཞེས་བྱ་བས་སྟོན་པའི་སྐུ་འབུམ་ཕྲག་གཅིག་བཞེངས་ནས་རེ་རེ་ལ་ཡང་ཡོ་བྱད་བཅུ་རེས་མཆོད། བྲམ་ཟེ་འགྲེལ་བའི་འཕྲེང་བ་ཞེས་བྱ་བའི་གླེགས་བམ་སྟོང་ཕྲག་བཅུ་བཞེངས་ནས། རེ་རེ་ལ་ཡང་མཆོད་པའི་ཡོ་བྱད་བཅོ་ལྔ་རེས་མཆོད། གླེགས་བམ་ལ་ལྟ་བའི་དགེ་སློང་དང་དགེ་བསྙེན་སྟོང་ཕྲག་དག་ལ་རྟག་ཏུ་འཚོ་བ་སྦྱར། ཐེག་ཆེན་གྱི་སློབ་དཔོན་ནི་གགྒ་རི་ཞེས་བྱ་བ་གཞན་སེམས་ཤེས་པ་ཞིག་གིས་ཆོས་བསྟན་ནས་སློབ་མ་སྟོང་གི་བཟོད་པ་ཐོབ། དེ་ལྟ་བུའི་དགེ་བསྙེན་ཞིག་གིས་ཆོས་བསྟན་ནས་དགེ་བསྙེན་སྟོང་ཕྲག་མང་པོས་ཤེར་ཕྱིན་གྱི་དོན་རྟོགས། ཡང་དགེ་བསྙེན་བློ་གྲོས་གཞོན་ནུ་ཞེས་བྱ་བ་ཞིག་གིས་ཆོས་བསྟན་ནས་གདུལ་བྱ་ཁྲི་ཁྲག་ཙམ་བསམ་གཏན་པར་གྱུར། དགེ་སློང་བྷ་དྲ་ཞེས་པས་བདེན་ཚིག་ཁོ་ན་བརྗོད་དེ་གྲོང་དང་གྲོང་ཁྱེར་གྱི་ནང་གདོན་ཞི་བར་བྱས། དགེ་བསྙེན་དཱ་ན་བྷ་དྲ་དང་། ལངྐ་རེ་བ་ཞེས་བྱ་བ་གཉིས་ཀྱིས་མཆོད་རྟེན་དང་སངས་རྒྱས་ཀྱི་སྐུ་གཟུགས་རི་མོ་བྲིས་པ་དང་། རྡོ་ཤིང་སོགས་ལས་སྟོང་ཕྲག་མང་པོ་བཞེངས་ནས་རེ་རེར་ཡང་མཆོད་པའི་རྣམ་གྲངས་རྒྱལ་མཚན་བཅུ་རེ་ཕུལ། ཡང་དགེ་བསྙེན་ཧུ་བྱུ་ཛེ་ཞེས་བྱ་བས་འབྲུ་དང་གསེར་དང་ཟས་གོས་སོགས་སློང་བ་ཀུན་ལ་བྱིན། མཐར་ཐམས་ཅད་བཏང་སྟེ་བསྒོམས་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ལུས་དེ་ཉིད་ཀྱིས་བདེ་བ་ཅན་དུ་སོང་ཞེས་གྲག །དགེ་བསྙེན་དབུ་མའི་བློ་གྲོས་ཞེས་བྱ་བ་བྱུང་སྟེ། མུ་སྟེགས་སོ་སོའི་ནང་དུ་སོང་ནས་དེ་དག་དང་འདྲ་བའི་གཟུགས་སྤྲུལ་ཏེ། དེ་དང་དེའི་བསྟན་བཅོས་བཤད་པའི་ཞོར་ལ་བདག་མེད་དང་སྙིང་རྗེ་ཆེན་པོ་བསྟན་པས། མ་ཚོར་བཞིན་དུ་གྲུབ་མཐའ་ནང་པར་བསྒྱུར་ཏེ། ཚུལ་དེས་མུ་སྟེགས་ཁྲི་ཕྲག་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་གོ །སློབ་དཔོན་ཕྱི་མ་འདི་དག་ནི་ཀླུ་སྒྲུབ་ཀྱི་སྔོན་ཙམ་དུ་བྱུང་བ་མངོན་ལ། འགའ་ཞིག་ནི་ཐེག་ཆེན་དར་བ་ནས་ཆོས་གྲགས་ཡན་ཆད་དུ་བྱུང་བར་སེམས་ནའང་། དུས་ཇི་ལྟ་བ་བཞིན་བསྒྲིགས་དཀའོ། །དེ་དག་ནི་འཕགས་ཡུལ་གྱི་གཏམ་བརྒྱུད་ལས་བྱུང་བ་ལྟར་བཀོད་ཀྱི། གཞན་དུ་མཁས་གྲུབ་མཐའ་དག་གི་བྱོན་ཚུལ་ཚད་བཟུང་དཀའ་སྟེ། འཕགས་ཡུལ་དུ་མཁས་གྲུབ་གཞན་དཔག་ཏུ་མེད་པ་བྱོན་པའི་ཕྱིར་དང་། ཁྱད་པར་དུ་ཀླུ་སྒྲུབ་ཀྱི་དུས་སུ་སྒྲོལ་མའི་སྔགས་ཀྱི་གྲུབ་ཐོབ་སྟོང་ཕྲག་ལྔ་ཙམ་དང་། རྒྱལ་པོ་དཱ་རི་ཀ་པའི་འཁོར་དུ་སྟོང་ཕྲག་དང་། ནག་པོ་སྤྱོད་པའི་འཁོར་དུ་གྲུབ་པ་བརྙེས་པ་བརྒྱ་ཕྲག་མང་པོ་བཤད་པའི་ཕྱིར་རོ། །གསུམ་པ་འཕྲོས་དོན་ལ། སྔོན་དུས་རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་གྱི་འབྲས་བུ་བཞི་ཐོབ་པ་མང་པོ་དང་། གྲུབ་པ་ཐོབ་པ་ཡང་མང་དུ་བྱུང་འདུག་ཅིང་། ད་ལྟ་ནི་དེ་འདྲ་དཀོན་པ་འདི་ཅི་ཡིན་སྙམ་ན། དཔྱོད་ལྡན་ལ་དེའི་ལན་མདོར་བསྡུས་ཞིག་བཤད་པར་བྱ་སྟེ། དེ་ནི་སྤྱིར་གོང་དུ་བརྗོད་པ་ལྟར་དུས་ཀྱི་འགྱུར་བའི་ཆོས་ཉིད་ཀྱིས་ཡིན་ཏེ། དེ་ཡང་བསྐལ་པ་དང་པོའི་སེམས་ཅན་ནས་བཟུང་སྟེ་རིམ་གྱི་ཚེ་དང་ལས་སྟོབས་བྲི་ནས་ཚེ་ལོ་བརྒྱ་དང་། མཐར་ཚེ་ལོ་བཅུ་བ་ལ་ཐུག་གི་བར་དུ་འགྱུར་བ་འོང་ཞིང་། དེ་ལ་སྔོན་གྱི་གདུལ་བྱ་རྣམས་ནི་གཙོ་ཆེར་རྒྱུད་དབང་པོ་ཚོགས་ཏེ་སྨིན་པ་གསུམ་ཤེས་ཆེ་ཞིང་། ལས་ཉོན་མོངས་རྣམ་སྨིན་གྱི་སྒྲིབ་པ་གསུམ་ཤས་ཆུང་བས། དེ་དག་གི་རྒྱུད་ལ་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་སླ་བར་མ་ཟད། ཆོས་སྟོན་པ་པོ་སངས་རྒྱས་སོགས་འཕགས་པའི་གང་ཟག་ཆེན་པོ་དེ་རྣམས་ཀྱི་བྱིན་རླབས་དང་མཐུ་ནུས་ཀྱང་མྱུར་དུ་སྐྱེ་བར་འོང་ལ། ད་ལྟའི་གདུལ་བྱ་རྣམས་ལས་འགའ་ཞིག་མ་གཏོགས། སྨིན་པ་གསུམ་ཤས་ཆུང་ཞིང་སྒྲིབ་པ་གསུམ་ཤས་ཆེ་བས་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་སྐྱེ་ཤིན་ཏུ་དཀའ་བ་ཡིན་པའི་ཕྱིར་རོ། །འཕགས་བོད་གཉིས་ཡུལ་གྱི་དབང་དུ་བྱས་ནའང་མི་འདྲ་སྟེ། འཕགས་ཡུལ་ནི་སངས་རྒྱས་བྱང་སེམས་སོགས་འཕགས་པའི་གང་ཟག་མང་པོ་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་པའི་གནས་ཡིན་ཞིང་། དེ་ལས་ཀྱང་ཨུ་རྒྱན་གྱི་ཡུལ་ནི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཞིག་དངོས་སུ་བཞུགས་པའི་གནས་ཡིན་པས། དེ་རྣམས་ཀྱི་བྱིན་གྱི་རླབས་དང་རྗེས་སུ་འཛིན་པ་མྱུར་བ་ལས་ཀྱང་ས་ལམ་གྱི་རྟོགས་པ་སྐྱེ་སླ་བས་སྨིན་ཅིང་གྲོལ་བ་མྱུར། བོད་ཡུལ་སོགས་ནི་ཁྱད་ཆོས་རྣམས་དང་བྲལ་བས་ན་སྨིན་ཅིང་གྲོལ་དཀའ་བའི་ཕྱིར་རོ། །སངས་རྒྱས་བྱོན་ནས་ཀླུ་སྒྲུབ་ཀྱི་གོང་དེའི་བར་དུ་འབྲས་བུ་བཞི་ཐོབ་པ་མང་ཞིང་དེའི་རྗེས་ནས་ཆོས་ཀྱི་གྲགས་པ་ཡན་ཆད་དུ་ནི་འགའ་རེ་བྱུང་ཡང་སྔོན་ལྟར་མང་པོ་མེད་ལ། ཆོས་གྲགས་མན་ཆད་ལ་འབྲས་བུ་བཞི་ཐོབ་པ་ནི་རེ་གཉིས་ལས་མང་དུ་འབྱུང་བར་གྲགས་སོ། །དགྲ་བཅོམ་པ་ས་གའི་ལྷ་ནི་ཕྱོགས་གླང་བཞུགས་པའི་ཚེ་བྱོན་ལ། སྔོན་བོད་འདིར་མངའ་རིས་སུ་དགྲ་བཅོམ་པ་ཞིག་བྱུང་བར་བཤད་དོ། །འབྲས་བུ་བཞི་ཐོབ་པ་ཉུང་དུ་སོང་བ་ན་སྔགས་ལ་བརྟེན་པའི་གྲུབ་ཐོོབ་རྣམས་བྱོན་ཏེ། དེ་ཡང་ཇོ་བོ་རྗེ། ཡན་ཆད་དུ་མང་པོ་བྱོན་པ་སྔར་བཤད་པ་ལྟར་ཡིན་ལ། དེ་འདས་པ་ནས་མང་དུ་མ་བྱུང་ངོ་། །དེས་ན་བོད་དུ་གྲུབ་པ་ཐོབ་པ་ནི་སྔོན་འགའ་རེ་བྱུང་ཡང་ཕྱིས་དཀོན་ཞིང་། རྗེ་ཡབ་སྲས་ལྟ་བུ་གང་ཟག་ཁྱད་པར་ཅན་གདུལ་བྱའི་དོན་དུ་བསམ་བཞིན་དུ་བྱོན་པ་མང་དུ་སྣང་བ་རྣམས་ཀྱི་ཚོད་བཟུང་དཀའོ། །ད་ལྟ་འབྲས་བུ་བཞི་གང་རུང་ཐོབ་པ་དང་། གྲུབ་པ་བརྙེས་པ་དཀོན་ཡང་མདོ་སྔགས་ཀྱི་ཆོས་ཚུལ་བཞིན་ཉམས་སུ་བླང་ནས་ས་ལམ་སྣ་རེ་རྒྱུད་ལ་སྐྱེས་པ་དང་། ཉམས་སུ་ལེན་པ་ལ་བརྩོན་པ་རྣམས་ནི་ད་ལྟའི་དུས་ལ་སྔོན་གྱི་དམ་པ་རྣམས་དང་ཆ་མཚུངས་པའི་གང་ཟག་ཁྱད་པར་ཅན་དུ་བཟུང་དགོས་སོ། །དེ་ཡང་དུས་ཀྱི་དབང་ཡིན་པས་ཆོས་ལ་ལོག་ལྟ་བྱར་མི་རུང་ཞིང་། དེ་བཞིན་དུ་ད་ལྟའི་དུས་སུ་སྐྱེས་ཆེན་དམ་པ་མང་དུ་འབྱུང་ཡང་སྔོན་ལྟར་མི་གསལ་བ་ནི་དུས་ཀྱི་དབང་ཡིན་པའི་ཁྱད་པར་ཡང་ཤེས་དགོས་སོ། །སྔོན་འཕགས་ཡུལ་དུ་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ནས་གྲུབ་པ་བརྙེས་པ་མང་ཞིང་། འདུས་པ་བདེ་དགྱེས་གཤིན་རྗེ་གཤེད་རྣམས་ཀྱི་རྣལ་འབྱོར་པ་མང་ལ། ལྷ་རེ་རེ་ནས་རྗེས་སུ་བཟུང་བ་ལ། འཇམ་དབྱངས། སྤྱན་རས་གཟིགས། སྒྲོལ་མ་དང་། དེ་ལས་འཇམ་དབྱངས་དང་སྒྲོལ་མ་གཉིས་དང་། ལྷག་ཏུ་སྒྲོལ་མས་དངོས་སུ་རྗེས་སུ་བཟུང་བ་མང་བར་མངོན་ནོ། །མུ་སྟེགས་ཀྱི་ལྷ་ལ་ཚངས་པ་དང་དབང་ཕྱུག་དང་ཁྱབ་འཇུག་སོགས་མང་ཡང་། དེའི་མཁས་གྲུབ་ཕལ་ཆེར་དབང་ཕྱུག་ཡུམ་དང་ཚངས་པའི་བུ་མོ་དབྱངས་ཅན་མས་རྗེས་སུ་བཟུང་ངོ་། ཟ་མ་ཏོག་བཀོད་པའི་མདོ་ལས། དབང་ཕྱུག་ཆེན་པོ་ནི་སྤྱན་རས་གཟིགས་ཀྱི་དཔྲལ་བ་དང་དབྱངས་ཅན་མ་དེའི་ཚེམས་ལས་སྤྲུལ་པར་བཤད་ཅིང་གཞན་ནས་ཨུ་མ་སྒྲོལ་མའི་སྤྲུལ་བར་བཤད་འདུག་པས། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་དེ་ལ་སྨད་དུ་མི་རུང་སྟེ། མདོ་ལས་ང་དང་ང་འདྲ་བས་གང་ཟག་ཚོད་བཟུང་གི །གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་སྟེ་ཞེས་གསུངས་པ་ལྟར་རོ། །མུ་སྟེགས་ཀྱི་ཆོས་ལུགས་ནི། བདག་ཅག་གི་སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་བྱུང་བ་ཡིན་ཏེ། སྟོན་པའི་དུས་སུ་མུ་སྟེགས་ཀྱི་སྟོན་པ་དྲུག་སོགས་བྱུང་བ་མདོ་ལས་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །མུ་སྟེགས་ཀྱི་ཆོས་ལུགས་ནི་སྟོན་པ་དང་བསྟན་པ་དང་ལྟ་བ་གསུམ་གྱི་སྒོ་ནས་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། དཀོན་མཆོག་ལ་སྐྱབས་སུ་མི་འགྲོ་ཞིང་། བསྟན་པ་གཞན་ཡིན་པ་དང་། བདག་མེད་རྟོགས་པའི་ལྟ་བ་ཁས་མི་ལེན་པའི་ཕྱིར་རོ། །མུ་སྟེགས་འཚེ་བ་ཆོས་སུ་སྨྲ་བ་ཡོད་ཀྱང་། ནང་པ་དང་ཐུན་མོང་བའི་ཉམས་ལེན་ཡོད་དེ། སྦྱིན་གཏོང་བྱེད་པ་སོགས་དང་། སྲོག་གཅོད་སྤོང་བ་དང་། བསམ་གཏན་དང་། གཟུགས་མེད་ཀྱི་སྙོམས་འཇུག་སྒོམ་པ་དང་། སྒྲ་རིག་པ་དང་། གསོ་བ་དང་། གཟོ་དང་། གཏན་ཚིགས་རིག་པ་ལ་ཐོས་བསམ་བྱེད་པ་སོགས་ཀྱང་ཡོད་པའི་ཕྱིར་རོ། །གཏན་ཚིགས་རིག་པ་ལ་ཐུན་མོང་བ་ཡོད་ཀྱང་། ཕལ་ཆེར་ནི་ཁོ་རང་གི་ལུགས་ཐུན་མོང་མ་ཡིན་པ་མང་སྟེ་དེ་ནི་ནང་བའི་གཏན་ཚིགས་རིག་པ་དག་དང་མི་འདྲ་བས་འགོག་པ་ན་ཚུལ་འདིས་འགོག་པ་ཡིན་ནོ། །ཀླ་ཀློའི་ཆོས་ལུགས་ནི་ཕྱིས་བྱུང་བ་སྟེ། འཚེ་བ་ཆོས་སུ་སྨྲ་ཞིང་ལོག་ཆོས་ཡིན་ཡང་། རྒྱལ་བའི་ལུགས་དང་མཐུན་པ་མང་ལ། ད་ལྟ་ནི་རྒྱ་གར་ན་ལུགས་དེ་གཉིས་ཀ་དར་ནས་ཡོད་ཅེས་བཤད་དོ། །བོད་དུ་དེ་གཉིས་ཀྱི་ལུགས་མཚན་ཉིད་པ་མེད་ཀྱང་། སྔོན་བོན་པོ་དཀར་ནག་ཕྲ་གསུམ་བྱུང་ཞིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་དུས་སུ་དཀར་པོའི་ལུགས་མ་གཏོགས་ནག་ཁྲ་གཉིས་བསྣུབས་ཀྱང་། དེའི་རྒྱུན་ལུས་པ་འགའ་ཞིག་དང་དཀར་པོ་ནི་ཕྱོགས་དེ་དང་འདི་ཕྱོགས་སུའང་བྱུང་ངོ་། །བོད་དུ་ནི་གསང་སྔགས་གསར་རྙིང་གཉིས་ཀ་དར་ཞིང་། གསང་སྔགས་སྙིང་མའི་ལུགས་ནི། གཙོ་ཆེར་ཨུ་རྒྱན་རིན་པོ་ཆེ་ནས་བརྒྱུད་དེར་བྱོན་ལ། དེ་ནི་གདུལ་བྱ་མང་པོ་ཞིག་གི་དོན་དུ་འགྱུར་བའི་ཆོས་ལུགས་བྱེ་བྲག་པ་ཡིན་པས་སྨད་དུ་མི་རུང་ཡང་། རྒྱལ་བའི་གསང་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་ནི་གསར་མའི་ལུགས་བུ་སྟོན་རིན་པོ་ཆེ་དང་། རྗེ་ཡབ་སྲས་ཀྱིས་བཀྲལ་བ་ལྟར་ཡིན་པར་རྣམ་དཔྱོད་ཅན་གྱིས་རྟོགས་ཏེ། དེའི་ཕྱིར་རང་ཅག་རྣམས་ཀྱི་ཚུལ་དེ་ལ་འཇུག་པ་ཡིན་ནོ། །སྔོན་དུས་ཐེག་པ་ཆེ་ཆུང་གཉིས་དང་གྲུབ་མཐའ་བཞི་སོ་སོ་དང་། སྡེ་པ་བཅོ་བརྒྱད་ཀྱི་ལུགས་སོ་སོར་མ་འདྲེས་པར་བྱུང་ཞིང་གནས་ལ། ཕྱིས་ཕ་ཆེར་ནི་དབྱེ་མེད་པར་ཐེག་ཆེན་གྱི་ལུགས་གཉིས་ཅི་རིགས་དང་གཅིག་ཏུ་འདྲེས་ནས་ལག་ལེན་དུ་བྱེད་དེ། དཔེར་ན། སྔགས་ལ་ཞུགས་མ་ཞུགས་གཉིས་ཀས་གསང་སྔགས་ཀྱི་ཆོས་འདོན་པ་དང་། འདུལ་བའི་ལུགས་ལྟར་སོ་ཐར་ཉམས་སུ་ལེན་པ་བཞིན་ནོ། །དེའི་དང་པོ་ནི་རྣམ་དབྱེ་མ་བྱུང་བ་ཡིན་ལ། ཕྱི་མ་ནི་ཤེས་ན་འོས་ཤིང་འཐད་པ་ཡིན་ནོ། །དེ་དག་སྟོན་པའི་བསྟན་པ་འཛམ་གླིང་འདིའི་དབུས་དང་། བོད་ཡུལ་དུ་བྱུང་བའི་དབང་དུ་བྱས་ལ། འཛམ་གླིང་གི་བྱང་ཕྱོགས་ཤམྦྷ་ཡར་ཆོས་རྒྱལ་རིག་ལྡན་རིམ་པ་བྱོན་པ་དང་འབྱོན་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་སྤེལ་བའི་རྒྱུན་ད་ལྟའང་དར་བཞིན་པའོ། །འཇིག་རྟེན་གྱི་ཁམས་གཞན་དག་ཏུའང་རྒྱལ་བའི་བསྟན་པ་བརྒྱུད་མར་འབྱུང་བའི་ཕྱིར་ན། སངས་རྒྱས་ཀྱི་བསྟན་པ་དང་དེའི་འཕྲིན་ལས་རྒྱུན་མི་འཆད་དེ། གསེར་འོད་ལས། སངས་རྒྱས་མྱ་ངན་ཡོད་མི་འདས། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །ཞེས་དང་། རྒྱུད་བླར་ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། རྒྱན་ལས་ཀྱང་། དེ་བཞིན་འཁོར་བ་ཇི་སྲིད་འདིའི། ལས་ནི་རྒྱུན་མི་ཆད་པར་འདོད། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་བྱམས་པའི་བསྟན་པ་དུས་ནམ་གྱི་ཚེ་འབྱུང་ཞེ་ན། མི་རྣམས་ཀྱི་ཚེ་ལོ་བཅུ་པ་ནས་ཡར་འཕེལ་ཏེ། ཚེ་ལོ་བརྒྱད་ཁྲི་ཐུབ་པ་འོང་། ད་ནས་རིང་ཞིག་ནས་མར་འགྲིབ་པའི་དུས་སུ་བྱམས་པ་ཉིད་འཚང་རྒྱ་བའི་ཚུལ་སྟོན་ཏེ། དེ་ཡང་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་ནས་འབྱུང་བར་བཤད་པ་ལྟར་རོ། །འོན་ཀྱང་བྱམས་པའི་སྤྲུལ་པ་མང་པོས་སེམས་ཅན་གྱི་དོན་མཛད་པ་ནི། ཚེ་ལོ་ཡར་འཕེལ་བའི་སྐབས་ཞིག་ནས་ཀྱང་འབྱུང་བར་བཤད་པ་ལྟར་ཤེས་དགོས་སོ།། །།༈ གསུམ་པ་བོད་དུ་བྱུང་ཚུལ་མདོར་བསྡུས་ཏེ་བརྗོད་ན། བོད་ཀྱི་རྒྱལ་པོའི་ཐོག་མ་ནི་རྗེ་གཉའ་ཁྲི་བཙན་པོ་སྟེ། དེ་ནི་རྒྱ་གར་ནས་བོད་དུ་བྱོན་པ་མང་པོས་བཀུར་བའི་རྒྱལ་བརྒྱུད་དོ། །དེ་ལ་སོགས་པ་གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས་དང་ལེགས་དྲུག །སའི་ལྡེ་བརྒྱད། འོག་གི་བཙན་བཞི་སྟེ་གདུང་རབས་ཉེར་བདུན་རིམ་པར་བྱོན་པའི་དུས་སུ་བོད་རྣམས་སྒྲུང་ལྡེའུ་བོན་པོ་རྣམས་ཀྱིིས་བསྐྱངས་པའི་རྗེས་སུ། ཐོ་རི་གཉན་བཙན་གྱི་དུས་སུ་ཟ་མ་ཏོག་སོགས་ནམ་མཁའ་ནས་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་པ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ། ཡི་གེའི་སྲོལ་གཏོད་ཅིང་དགེ་བཅུའི་ཁྲིམས་བཅས། མདོ་རྒྱུད་ཁ་ཤས་བསྒྱུར། ལྷ་ས་ཁྲ་འབྲུག་སོགས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཇོ་བོ་རྣམ་གཉིས་སྤྱན་དྲངས་ནས་བསྟན་པའི་སྲོལ་ཕྱེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། མཁན་སློབ་གཉིས་སོགས་རྒྱ་གར་གྱི་པཎྜི་ཏ་མང་པོ་སྤྱན་དྲངས་ནས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། བསམ་ཡས་ཀྱི་ལྷ་ཁང་རྟེན་དང་བཅས་པ་བཞེངས་ནས་བསྟན་པ་དར་རྒྱས་སུ་མཛད། དེའི་སྲས་མུ་ནེ་བཙན་པོས་ལྷ་ཁང་འགའ་རེ་བཞེངས་ཁྲི་རལ་པ་ཅན་གྱིས་ཀ་ཅོག་ཞང་གསུམ་ལ་བརྟེན་ནས་གསུང་རབ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། མཆོད་གནས་རབ་བྱུང་རེ་རེ་ལ་མི་ཁྱིམ་བདུན་ཕུལ། དགེ་འཕེལ་ལྷ་ཁང་ཆེན་པོ་བཞེངས། བྱང་ཆུབ་འོད་ཀྱི་དུས་སུ་ཇོ་བོ་རྗེ་དང་འབྲོམ་སྟོན་སོགས་བྱོན་ནས་བཀའ་གདམས་ཀྱི་བསྟན་པ་དར་བར་མཛད། དེ་རྗེས་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། སྐྱེས་མཆོག་རིན་ཆེན་བཟང་པོ་སོགས་བྱོན་ནས་ཆོས་མང་དུ་བསྒྱུར། དེ་ནས་ས་སྐྱ་གོང་མ་རྣམས་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་རྒྱས་པར་མཛད། དེ་རྗེས་བུ་སྟོན་ཐམས་ཅད་མཁྱེན་པ་བྱོན་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་ལྷག་པར་དར་བར་བྱས། དེའི་རྗེས་སུ་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་སོགས་བྱོན་ནས་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རྣམ་པར་དག་པ་རྒྱ་མཚོའི་མཐའ་ལ་ཐུག་གི་བར་ཉི་མ་ལྟར་གསལ་བར་མཛད། རྗེས་སྲས་པཎ་ཆེན་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་བཏབ་ནས་གཙང་ཕྱོགས་སུ་རྗེའི་བསྟན་པ་དར་ཞིང་དེ་ནས་པཎ་ཆེན་སྐུ་སྔ་ཕྱི་དང་། རྒྱལ་དབང་སྔ་ཕྱི་རྣམས་རིམ་པར་བྱོན་ཏེ་རྗེའི་བསྟན་པ་ལྷག་པར་དར་བར་བྱས། ཕྱིས་སུ་སྡེེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོ་བྱོན་ནས་པོ་ཏ་ལའི་ལྷ་ཁང་རྟེན་བརྟེན་པ་མང་པོ་དང་། གསེར་གདུང་ཆེན་མོ་བཞེངས་ཤིང་། བེ་དཀར་བརྩམས་པ་སོགས་ཀྱི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། རྗེའི་བསྟན་པ་རྒྱ་བོད་ཧོར་གསུམ་གྱི་གནས་ཀུན་ཏུ་དར་ཞིང་། ཁྱད་པར་དུ་ཅོ་ནེའི་དགོན་འདིར་ཡང་དཔོན་གོང་མའི་དུས་ནས་ད་ལྟའི་བར་དུ་དར་བ་ལས། ཕྱིས་ཀོའུ་ཤྲི་ནང་སོ་ཡེ་ཤེས་ཀྱིས་མདོ་སྔགས་ཀྱི་འཆད་ཉན་བཙུགས་པའི་ཚེ། སྨོན་ལམ་གྱི་འབྲེལ་བས་ཁོ་བོས་མདོ་སྔགས་གཉིས་ཀྱི་སློབ་དཔོན་པ་བྱས་ཏེ་ཐོས་བསམ་སྒོམ་གསུམ་སྤྱི་དང་། བྱེ་བྲག་ཏུ་མདོ་སྔགས་ཀྱི་བཤད་པ་དང་། རྩོམ་པ་ཅི་ནུས་བྱས་པའི་སྒོ་ནས་བསྟན་པ་ལ་བྱ་བ་ཅུང་ཟདབགྱིས་ཁུལ་ཡིན་ནོ། །སྨྲས་པ། དེ་ལྟར་སྔོན་གྱི་རྒྱལ་པོའི་རབས་ཉིད་དང་། བསྟན་འཛིན་དམ་པ་རིམ་བརྒྱུད་ཉི་འོད་ཀྱིས། །འཛིན་མའི་ཁྱོན་ཀུན་གསལ་དང་ལྷན་ཅིག་ཏུ། །ཕན་བདེའི་པདྨོའི་ཚལ་རབ་འཛུམ་པར་བྱས། །ཚུལ་དེ་མཐོང་ནས་རྒྱལ་བའི་བསྟན་པ་ལ། །བྱ་བ་བྱས་པའི་ཆོས་རྒྱལ་པཎ་གྲུབ་སོགས། །རིམ་པར་བྱོན་པའི་བཀའ་དྲིན་དྲན་གསོའི་ཆེད། །རྣམ་ཐར་ཆོས་འབྱུང་འདི་ཀོ་བདག་གིས་བྲིས། །དེེ་ཡང་རང་བཟོ་ཙམ་མ་ཡིན་པར། །དམ་པ་གོང་མའི་གཏམ་རྒྱུད་ལས། །འབྱུང་བ་དུ་མ་ཕྱོགས་གཅིག་ཏུ། །བསྒྲིགས་ནས་ཉུང་ངུའི་དག་གིས་སྨྲས། །དེ་ལས་ཐོབ་པའི་རྣམ་དཀར་དགེས། །སྐྱེ་ཀུན་དམ་པའི་མགོན་ཉིད་ཀྱིས། །འབྲལ་མེད་རྗེས་བཟུང་དམ་པའི་ཆོས། །འཛིན་ཅིང་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་ཅོ་ནེའི་དགོན་ཉིིིད་དུ་དད་པས་སྦྱར་བའོ།། མདྒ་ལམ།།


previousརྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་།next