Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྗེའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་དགོངས་འགྲེལ་བསྡུས་པ།
   
   
   
   
   
   
   


 
previousརྗེའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་དགོངས་འགྲེལ་བསྡུས་པ།next

རྗེའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་དགོངས་འགྲེལ་བསྡུས་པ།

རྗེའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་དགོངས་འགྲེལ་བསྡུས་པ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། ཚོགས་གཉིས་རྟ་ལྗང་བདུན་གྱིས་ལེགས་དྲངས་ནས། །བྱང་ཆུབ་སྤྱོད་པའི་མཁའ་ལ་རབ་འཕགས་ཏེ། །སྒྲིབ་གཉིས་མུན་པའི་དགྲ་ལས་རྣམ་རྒྱལ་བ། །ཐུབ་དབང་སྨྲ་བའི་ཉི་མ་མཆོག་དེར་འདུད། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་ནས། །རྒྱལ་བའི་བསྟན་པ་ཕྱོགས་མཐར་གསལ་མཛད་པ། །རྒྱལ་བའི་སྲས་པོ་རྗེ་བཙུན་བླ་མར་འདུད། །མགོན་དེས་ཐར་འདོད་འཇུག་ངོགས་རང་ཉིད་ཀྱིས། །ཇི་བཞིན་གཟིགས་ལྟར་གཞན་ལ་སྟོན་པའི་ཆེད། །རིན་ཆེན་རྣམ་གསུམ་གཏམ་གྱི་སྦྱོར་བ་ཞེས། །བསྩལ་བའི་དགོངས་དོན་མདོར་བསྡུས་བཤད་པར་བྱ། །འདི་ལ་གསུམ། བཤད་པ་ལ་འཇུག་པ། བཤད་པ་དངོས། མཇུག་གི་རིམ་པའོ། །དང་པོ་ལ་བཞི། །སྨོན་པ་དང་། མཚན་བསྟན་པ་དང་། སྐྱབས་སུ་འགྲོ་བ་དང་། རྩོམ་པ་དམ་བཅའ་དང་བཅས་པའི་མཆོད་བརྗོད་དོ། །དང་པོ་ནི། ༀ་བདེ་ལེགས་སུ་གྱུར་ཅིག་ཅེས་སོ། །གཉིས་པ་ནི། བླ་ན་མེད་པའི་རིམ་པ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་བྱ་བ་ཞེས་སོ། །གསུམ་པ་ནི། རྗེ་བཙུན་བླ་མ་འཇམ་པའི་བྱངས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་སྐྱབས་སུ་མཆིའོ་ཞེས་སོ། །བཞི་པ་ལ་གསུམ་གྱི་དང་པོ་ནི། རབ་བརྟན་དད་པས་རྒྱལ་བའི་རྗེས་འཇུག་ཅིང་། །མངོན་པར་སྦྱོར་བ་མི་དམན་རྣམ་དཔྱོད་ཀྱིས། །ཐུབ་པའི་གསུང་ལས་སྙིང་པོ་ལེན་འདོད་ལ། །རིན་ཆེན་གཏམ་གྱི་སྦྱོར་བ་སྒྲོག་འདོད་པས། །ཞེས་པས་དམ་བཅའ་དངོས་བསྟན་ནས། གང་གིས་ཐུགས་རྗེའི་ཟེགས་མའི་ཆ་ཤས་ཙམ། །ཡིད་ལ་ཞུགས་པ་ཡིས་ཀྱང་རྩོལ་མེད་པར། །ཚིག་གི་མཆོག་སྦྱིན་སྟེར་མཛད་འཇམ་པའི་དབྱངས། །དེ་ལ་འདུད་དོ་ཞེས་པས་མཆོད་བརྗོད་དང་། རེ་བ་འབྲས་ལྡན་མཛོད་ཅེས་པས་འདོད་དོན་འགྲུབ་པའི་གསོལ་གདབ་མཛད་དོ། །གཉིས་པ་བཤད་པ་དངོས་ལ་གསུམ། མཁས་བྱའི་རིན་ཆེན་རྣམ་གསུམ་ལ་འཇུག་པའི་རྒྱུ་བསྟན་པ་དང། རིན་ཆེན་རྣམ་གསུམ་ངོས་བཟུང་བ་དང་། རིན་ཆེན་རྣམ་གསུམ་ལ་ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ནི། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །ལང་ཚོ་མི་རྟག་རྒྱུག་པའི་རི་གཟར་ཆུ། །དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན། །ཞེས་པས་བསྟན་པ་ལྟར་རོ། །གཉིས་པ་ལ་གཉིས། རིན་པོ་ཆེ་ངོས་བཟུང་བ་དངོས་དང་། དེའི་སྒྲ་དོན་ནི། དང་པོ་ནི། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པ་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་སོ། །གཉིས་པ་ནི། འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །ཞེས་པས་དེ་གསུམ་ལ་རིན་པོ་ཆེ་བརྗོད་པའི་སྒྲ་བཤད་བསྟན་ནས། མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །ཞེས་པས་གསུམ་པོ་དེ་མཁས་པའི་རྒྱན་ཡིན་གྱི་དེ་ལྟ་བུ་ལས་གཞན་མཁས་པའི་ཡིད་འཕྲོག་པ་དང་མཛེས་པའི་རྒྱན་ཁྱད་པར་ཅན་མེད་ཅེས་པའོ། །འོ་ན། རིན་པོ་ཆེའི་རྒྱན་མེད་དམ་ཞེ་ན། ཡོད་མོད་ཀྱང་དེ་དག་ནི་མཁས་པའི་རྒྱན་ཁྱད་པར་བ་མིན་ནོ། །གསུམ་པ་ཇི་ལྟར་འཇུག་པ་ལ་གསུམ། རིགས་པའི་ལམ་གང་ལ་འཇུག་དགོས་པ་དང་། གཞུང་ལུགས་གདམས་པར་འཚར་ཚུལ་དང་། ཚིག་གི་སྦྱོར་བ་ལའང་མཁས་དགོས་པའི་ཚུལ་ལོ། །དང་པོ་ལ་ལྔ། གང་ལ་འཇུག་པའི་གཞུང་དངོས་བཟུང་ནས་དེ་ལ་འཇུག་དགོས་པ་དང་། དེ་ལ་མ་ཞུགས་ན་ཟབ་དོན་ཕྲ་མོ་མི་ཤེས་པ་དང་། ཅུང་ཟད་ཤེས་ཀྱང་ཡིད་དཔྱོད་ཙམ་ལས་མ་འདས་པ་དང་། རིགས་གཞུང་ལ་ཞུགས་ཀྱང་ལེགས་པར་མ་སྦྱངས་པའི་དབང་གིས་ལོག་རྟོག་འཕེལ་བ་དང་། རྒྱུ་མཚན་དེས་ན་ལེགས་པར་སྦྱངས་དགོས་པའི་ཚུལ་ལོ། །དང་པོ་ནི། སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང་། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས། །ལེགས་པར་འོངས་པའི་རིགས་ལམ་བདུད་རྩིའི་ཆུས། །བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །ཞེས་པ་སྟེ། འདིས་དགག་ཕྱོགས་ནས་དངོས་སུ་བསྟན་ཀྱང་བསྒྲུབ་ཕྱོགས་ནས་གཞུང་དེ་དག་ལ་འཇུག་དགོས་ཞེས་འཕངས་སོ། །འཕགས་པ་ཡབ་སྲས་ཀྱི་གཞུང་ནི། མགོན་པོས་མཛད་པའི་དབུ་མ་རིགས་པའི་ཚོགས་དྲུག་དང་། དེ་དག་གི་དགོངས་འགྲེལ་འཕགས་པ་ལྷ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་ཀྱིས་མཛད་པ་རྣམས་དང་། ཁྱད་པར་ད་ལྟ་ཡོངས་སུ་གྲགས་པ་ཟླ་བས་མཛད་པའི་དབུ་མ་འཇུག་པ་རྩ་འགྲེལ་དང་བཅས་པ་ལ་ཚིག་སྤྱི་ཙམ་མ་ཡིན་པ་ཞིབ་ཏུ་སྦྱངས་དགོས་པར་བསྟན་ལ། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ནི་ཚད་མ་སྡེ་བདུན་མདོ་དང་བཅས་པ་དང་། དེ་དག་གི་དགོངས་འགྲེལ་རྒྱལ་ཚབ་མཁས་གྲུབ་སོགས་ཀྱིས་མཛད་པ་རྣམས་དང་། ཚད་མ་རིགས་པའི་དོན་ཐོར་བུའམ་སྤྱི་ལ་མཁོ་བ་བསྡུས་གྲྭ་ལའང་ལེགས་པར་སྦྱང་དགོས་སོ། །གཉིས་པ་ནི། །ཡང་ཡང་མ་བཀྲུས་ན། ཤིན་ཏུ་ཟབ་གནས་མཐོང་བ་སྨོས་ཅི་དགོས། །རགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན། །ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང་། །ཞེས་པས་གཞུང་དེ་དག་ལ་མ་སྦྱངས་ན་ཤིན་ཏུ་ཟབ་པའི་དོན་མི་ཤེས་པར་མ་ཟད། ལུང་གི་དོན་རགས་པ་ཡང་ལེགས་པར་མི་ཤེས་པར་བསྟན། གསུམ་པ་ནི། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གི །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། ། འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །ཞེས་པ་སྟེ། གལ་ཏེ་གཞུང་དོན་རགས་པ་འགའ་ཞིག་ཤེས་ཀྱང་ཡིད་དཔྱོད་ཀྱིས་བསྡུས་པའི་ཡང་དག་པའི་དམ་བཅའ་ཙམ་ཡིན་མོད། རང་ལུགས་སྒྲུབ་པ་དང་གཞན་ལུགས་སུན་འབྱིན་པ་སྟེ་འགོག་ཤེས་པའི་ཚད་མས་དྲངས་པའི་ངེས་ཤེས་མ་སྐྱེས་པས་ཐེ་ཚོམ་མི་ཆོད་ལ། དེ་མ་ཆོད་པས་གཞན་གྱིས་དགག་སྒྲུབ་བྱས་པ་ན་རང་གི་དམ་བཅའ་ཡང་དག་ཙམ་དེ་ཡང་། དཔེར་ན་འདམ་ལ་བཏབ་པའི་ཕུར་བ་བཞིན་དུ་གཡོ་ཞིང་བརྟན་པོ་མི་འོང་པས་ན་ཚད་མས་དྲངས་པའི་བག་ཆགས་བརྟན་པོ་འཇོག་པར་མི་ནུས་སོ། །བཞི་པ་ནི། འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང་། །ཤར་དུ་འགྲོ་འདོད་ནུབ་ཏུ་བགྲོད་པ་དང་། །ཟླ་འོད་འཕོགས་པས་ཡིག་དགས་སྲེག་པ་བཞིན། །རིགས་གཞུང་ཉིད་ལ་བརྟེན་པའི་ལོག་ཏོག་གིས། །བློ་མིག་ཡང་དང་ཡང་དུ་བསླད་པའི་མཐུས། །འདི་ཕྱིའི་དགེ་ལེགས་ཀུན་འཇོམས་ཡུན་རིང་དུ། །ཡང་དག་ལྟ་ལས་ཕྱིར་ཕྱོགས་འགྱུར་བའི་རྒྱུ། །ཆེས་ཆེར་བརྟན་པོ་སོགས་པ་མང་དུ་སྣང་། །ཞེས་པ་སྟེ། མ་སྦྱངས་པ་ཙམ་དུ་མ་ཟད་ཕྱོགས་འདི་ན་གོང་དུ་བཤད་པའི་རིགས་པའི་གཞུང་གཉིས་ལ་རགས་པ་ཞིག་སྦྱངས་ཀྱང་ལེགས་པར་མ་སྦྱངས་པའི་རྐྱེན་གྱིས་རྒྱུད་ལ་ལས་འབྲས་སོགས་ལ་ཡིད་མི་ཆེས་པའི་ལོག་ལྟ་དང་བཅས་པའི་ལོག་རྟོག་སྐྱེས་ཏེ། ལོག་རྟོག་དེས་བློ་གྲོས་ཀྱི་མིག་ཡང་དང་ཡང་དུ་བསླད་པའི་མཐུས་ལོག་ལྟས་རང་གི་ཚེ་འདི་ཕྱི་ཀུན་ཏུ་བསགས་པའི་དགེ་བ་རྣམས་འཇོམས་ཤིང་། སྐྱེ་བ་མང་པོར་ཡུན་རིང་དུ་ལས་འབྲས་སོགས་ལ་གུས་པའི་ཡང་དག་པའི་ལྟ་བ་བཟང་པོ་ལས་ཡིད་ཕྱིར་ཕྱོགས་པ་སྟེ་འདོར་བར་འགྱུར་བའི་རྒྱུ་ཆེས་ཆེར་བརྟན་པོ་གསོག་པ་མང་པོ་ཞིག་སྣང་ངོ་ཞེས་པ་ནི་རྗེ་བཞུགས་པའི་དུས་སུ་ཡང་དེ་ལྟ་བུ་བྱུང་བའོ། །དེ་ཉིད་དཔེ་དང་སྦྱར་བ་ནི། དཔེར་ན། སྐྱེས་བུ་འགའ་ཞིག་ཤར་དུ་འགྲོ་འདོད་པ་ལ་དེ་ལས་ལྡོག་ཏེ་ནུབ་ཏུ་བགྲོད་པ་ཕྱིན་ཅི་ལོག་ཏུ་འགྲོ་བ་བཞིན་དང་། དཔྱིིད་དུས་ཀྱི་ཟླ་བའི་འོད་ཟེར་ཡིད་དྭགས་འགའ་ཞིག་གི་ལུས་ལ་འཕོག་པའི་ཚེ་ལུས་བསིལ་དགོས་རྒྱུ་ལས་དེའི་ལས་ཀྱི་དབང་གིས་ལུས་ཚིག་པའི་སྣང་བ་འབྱུང་བ་བཞིན་ནོ། །དེ་དོན་ལ་སྦྱར་ན་རིགས་གཞུང་ལ་སྦྱངས་པས་ལས་འབྲས་སོགས་ལ་ཡིད་ཆེས་རུ་འགྲོ་དགོས་རྒྱུ་ཡིན་པ་ལ་ཡིད་མི་ཆེས་པའི་ལོག་ལྟ་རྒྱུད་ལ་སྐྱེས་པ་དང་།རང་རྒྱུད་ལ་ཆོས་ཀྱིས་ཕན་དགོས་རྒྱུ་ཡིན་པ་ལ་ལོག་ལྟས་རྒྱུད་ཀྱི་དགེ་བ་འཇོམས་པ་སོགས་རྒྱུད་སྲེག་པ་དང་རིམ་པ་བཞིན་དུ་སྦྱར་བའོ། །ཚུལ་འདི་ཉིད་ད་ལྟའི་མཚན་ཉིད་པར་གྲགས་པ་ང་རྒྱལ་ཅན་མཁས་རྨོངས་མང་པོ་ཞིག་ལས་འབྱུང་ཉེ་བར་སྣང་སྟེ། རྗེ་ཉིད་ཀྱིས་བརྩེ་བས་འདོམས་པ་འདི་ལ་བསམ་པར་རིགས་སོ། །དེས་ན་སྟོན་པ་དང་རྗེ་སོགས་ཀྱིས་ཐོས་པ་ལ་བསྔགས་ཀྱང་གཞུང་དོན་ལེགས་པར་མ་རྟོགས་པའི་ཚིག་འཁྲི་ཙམ་གྱི་རྗེས་སུ་འཇུག་པ་དང་། ཕྱོགས་ཙམ་ཤེས་པའི་ང་རྒྱལ་གྱིས་གཞན་ཚིག་རྩུབ་སོགས་ཀྱིས་དམའ་འབེབས་ཅིང་། ཁྱད་གསོད་བྱེད་པ་ནི་རང་ཉིད་འཕུང་བར་འགྱུར་བའི་རྒྱུའོ། །འདི་ལྟ་བུ་ལ་དགོངས་ནས་མཁས་གྲུབ་ཆོས་རྗེས་ཐུབ་བསྟན་བྱི་དོར་དུ་བཀའ་བཀྱོན་ཇི་ལྟར་མཛད་པ་ཡང་གཟིགས་དགོས་སོ། །ལྔ་པ་ནི། དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང་། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །མཁས་པའི་བཤེས་ལ་བརྟེན་ནས་ལེགས་པར་སྦྱོངས། ཞེས་པ་སྟེ། རིགས་གཞུང་ལ་ཞུགས་ཀྱང་ལེགས་པར་མ་སྦྱངས་པའི་རྐྱེན་གྱིས་ལོག་རྟོག་འབྱུང་ཞིང་དེས་རང་ལ་གནོད་པའི་ཚུལ་དེ་ལྟ་བུ་ཡོད་པའི་རྒྱུ་མཚན་དེས་ན། སྦྱོང་བ་ན་བློ་གྲོས་ཕྲ་ཞིང་ཞིབ་པ་ལ་མཛངས་པ་དང་། ཀུ་ཤའི་རྩེ་ལྟར་རྣོ་བར་མ་གྱུར་པ་དེ་སྲིད་དུ་ངོམས་མི་སླ་བར་རིགས་པའི་གཞུང་དེ་དག་ལ་མཁས་པའི་བཤེས་གཉེན་བསྟེན་ནས་ལེགས་པར་སྦྱང་དགོས་སོ། །ཚུལ་འདི་ལྟར་སྦྱངས་པའི་མཁས་པ་ཡང་དཀོན་མོད། རང་གི་བློ་ནུས་དང་བསྟུན་ནས་ལེགས་པར་སྦྱངས་དགོས་པ་དང་། རང་གིས་མི་ཤེས་ཀྱང་ལོག་ལྟ་མི་རུང་བའི་དོན་དུ་གསལ་ལོ། །ཁ་ཅིག་ཕྱོགས་རེ་ཙམ་རྟོགས་ནས་འགྲོ་གླེང་ཅུང་ཟད་བྱེད་ཤེས་པའི་ང་རྒྱལ་གྱིས་ཤེས་བྱའི་ཁྱོན་ཡང་འདི་ཙམ་མོ་སྙམ་དུ་འཛིན་པའང་སྣང་སྟེ་ཀྱེ་མའོ་སྙམ་དུ་སེམས་སོ། །དེས་ན་ཤེས་བྱའི་ཆོས་ཐམས་ཅད་ཇི་བཞིན་གཟིགས་པ་ནི་སངས་རྒྱས་ཉག་གཅིག་ཡིན་པས་དྲི་བ་ཀུན་གྱི་ལན་འདེབས་ནུས་པའང་སངས་རྒྱས་ཁོ་ན་ཏེ། སློབ་པ་འཕགས་པ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་དང་རབ་དབྱེ་མཐའ་དག་མངོན་སུམ་དུ་གཟིགས་པ་མིན་ན། བློ་དམན་བདག་གིས་ནི་མེ་ཁྱེར་ལྟར་ཤེས་བྱའི་དབྱེ་བ་ནམ་མཁའ་ལྟ་བུ་ལས་ཆ་ཙམ་ཞིག་མ་གཏོགས་མི་ཤེས་པ་འདི་ལྟར་ཤེས་སོ་སྙམ་དུ་སེམས་ཁེངས་པའི་ང་རྒྱལ་ག་ལ་རུང་སྙམ་དུ་མཁས་རློམ་གྱི་ང་རྒྱལ་འགོག་པ་གལ་ཆེའོ། །གཉིས་པ་ལ་གསུམ། དེ་ལྟར་ལེགས་པར་སྦྱངས་ན་རྒྱལ་བའི་དགོངས་པ་བརྙེད་ཚུལ་དང་། དེ་ལ་བརྟེན་ནས་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་ཚུལ་དང་། དེ་ལས་ལྡོག་ན་དོན་ཆུང་བར་བསྟན་པའོ། །དང་པོ་ནི། དེ་ལྟར་བློ་གྲོས་མིག་ནི་ཕྱེེ་བ་དེས། །རྒྱལ་བས་ཐེག་པ་མཆོག་གི་ཟབ་མོའི་དོན། །རྣམ་རིག་ཙམ་དང་ངོ་བོ་ཉིད་མེད་ཚུལ། ། རྣམ་གཉིས་གསུངས་པའི་དགོངས་པ་རྙེད་པར་འགྱུར། །ཞེས་པ་སྟེ། སྔར་ལྟར་རིགས་པའི་གཞུང་གཉིས་ལ་ལེགས་པར་སྦྱངས་ནས་བློ་གྲོས་ཀྱི་མིག་ཕྱེེ་བའམ་བློ་གྲོས་ཆེ་རུ་སོང་བ་དེས་རྒྱལ་བས་ཐེག་ཆེན་གྱི་ཆོས་ལུགས་ཐོགས་མེད་ཀྱིས་ཕྱེ་བ་ལྟར་རྣམ་རིག་པ་སྟེ་སེམས་ཙམ་པའི་ལུགས་དང་། ཀླུ་སྒྲུབ་ཀྱིས་ཕྱེ་བ་ལྟར་ངོ་བོ་ཉིད་མེད་པ་དབུ་མའི་ཚུལ་གཉིས་གསུངས་པའི་གསུང་རབ་རྣམས་ཀྱི་དགོངས་པ་ལེགས་པར་བརྙེད་པར་འགྱུར་རོ། །འདི་ནི་ལམ་རིམ་བསྡུས་དོན་ལས། རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཞེས་གསུངས་པ་དང་ཕྱོགས་འདྲ་ཞིང་། སྤྱིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དགོངས་པ་རྟོགས་པ་ནི་ཤིང་རྟ་ཆེན་པོ་གཉིས་ནས་བརྒྱུད་པའི་མཁས་གྲུབ་རྣམས་ཀྱི་མན་ངག་ལ་བརྟེན་དགོས་ལ། ཁྱད་པར་དུ་དབུ་སེམས་གཉིས་ཀྱི་ལུགས་ལེགས་པར་ཤེས་པ་ནི་ཤིང་རྟ་ཆེན་པོ་ཡབ་སྲས་ཀྱི་མན་ངག་ལ་བརྟེན་དགོས་སོ། །དེ་ཡང་བྱམས་པ་དང་ཐོགས་མེད་སྐུ་མཆེད་ཕྱོགས་གླང་ཡབ་སྲས་ཀྱི་མན་ངག་ལ་བརྟེན་ནས་སེམས་ཙམ་པའི་ལུགས་ཤེས་དགོས་ལ། འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་བརྒྱུད་པའི་མན་ངག་ལ་བརྟེན་ནས་དབུ་མའི་ལུགས་ལེགས་པར་ཤེས་དགོས་ཤིང་ཤེས་ནུས་པའི་དོན་ནོ། །གལ་ཏེ་ཤིང་རྟ་ཆེན་པོ་གཉིས་ནས་བརྒྱུད་པའི་མན་ངག་ལ་མ་བརྟེན་པར་དབུ་སེམས་གཉིས་ཀྱི་ལུགས་ཤེས་པར་འདོད་ན་ནི་དམུས་ལོང་ལོང་འཁྲིད་མེད་པར་ཉམ་ང་བའི་ཕྱོགས་སུ་འགྲོ་བ་ལྟ་བུར་འགྱུར་རོ། །དེ་གཉིས་ཀྱི་ལུགས་ཇི་ལྟར་ཡིན་པ་ཉིད་རྗེ་ཉིད་ཀྱིས་དྲང་ངེས་རྣམ་འབྱེད་དུ་བཀའ་སྩལ་པ་ལྟར་ཏེ་དེ་ལས་ལྷག་སངས་རྒྱས་ཀྱིས་ཀྱང་བཤད་དུ་མེད་དོ། །གཉིས་པ་ནི། དེ་ནས་མི་ཕམ་ཆོས་རྗེ་ཀླུ་སྒྲུབ་དང་། ཐོགས་མེད་མཆེད་ལ་སོགས་པའི་ཤིང་རྟའི་སྲོལ། །དྲི་མེད་གཞུང་ལུགས་རྣམས་ལ་སྦྱངས་པ་ན། །རྒྱ་ཆེའི་གཏམ་གྱིས་དང་པོའི་ལས་ཅན་རྣམས། །ད་ལྟ་ཉིད་ནས་སངས་རྒྱས་ས་ཡི་བར། །ལེགས་པར་འཁྲིད་པའི་ཟབ་མོའི་གདམས་པ་ལ། །ནང་བྱན་ཆུད་པས་བཀའ་དང་དགོངས་འགྲེལ་ཀུན། །གདམས་པའི་མཆོག་ཏུ་ཤར་ལ་མཁས་པ་ཟེར། །ཞེས་པ་སྟེ། གོང་དུ་བརྗོད་པ་ལྟར་ཤིང་རྟ་ཆེན་པོའི་གཞུང་གིས་ཤིང་རྟའི་སྲོལ་ཕྱེ་བ་ལྟར་ལེགས་པར་སྦྱངས་ནས་རང་གིས་ཁོང་དུ་ཆུད་པ་ན། །ཐོག་མར་ལས་འབྲས་དང་སྦྱིན་པ་ལ་སོགས་པའི་རྒྱ་ཆེ་བའི་གཏམ་གྱིས་གདུལ་བྱ་ལས་དང་པོ་བ་རྣམས་ད་ལྟ་ཉིད་ནས་བཤེས་གཉེན་བརྟེན་ཚུལ་ནས་བཟུང་སྟེ་ཞི་ལྷག་གི་བར་སངས་རྒྱས་ཀྱི་སར་བགྲོད་པའི་ཚུལ་ལམ་རིམ་ནས་འབྱུང་བ་བཞིན་ལེགས་པར་འཁྲིད་པའི་ཟམ་མོའི་གདམས་པ་ལ་ནང་བྱན་ཆུད་པའི་ངེས་པ་རྙེད་ཅིང་། དེའི་མཐུས་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཆེན་པོ་ཀུན་གདམས་པའི་མཆོག་ཏུ་ཤར་བ་དེ་ལ་མཁས་པའི་མཆོག་ཅེས་ཟེར་རོ། ། འདི་ནི་བསྡུས་དོན་ལས། གསུང་རབ་མ་ལུས་གདམས་པར་འཆར་བ་དང་། ཞེས་པ་དང་འདྲ་སྟེ། སྤྱིར་རྒྱལ་བའི་བཀའ་ཐམས་ཅད་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཅི་རིགས་ལ་བཀོད་ནས་མཐར་འཚང་རྒྱ་བའི་ཐབས་སྟོན་པས་མན་ངག་གི་མཆོག་ཡིན་ལ། དེའི་ཕྱིར་དེ་དག་གི་དགོང་པ་འགྲེལ་བའི་ནང་རིག་པའི་བསྟན་བཅོས་ཆེན་པོ་དག་ཀྱང་མན་ངག་གི་མཆོག་ཡིན་ནོ། །དེ་ལྟར་ཡིན་ཀྱང་རང་ཅག་བློ་ཆུང་བ་རྣམས་ཀྱིས་བཀའ་དང་དགོངས་འགྲེལ་ཆེན་པོ་དག་གི་དགོངས་པ་རང་སྟོབས་ཀྱིས་ལེགས་པར་རྟོགས་མི་ནུས་པས་དེ་དག་མན་ངག་གི་མཆོག་ཏུ་གོ་མི་ནུས་ལ། བླ་མའི་མན་ངག་ལམ་རིམ་ལྟ་བུ་ལ་བརྟེན་ནས་ཤེས་པར་འགྱུར་རོ། །ཤེས་ཚུལ་ལ་སོ་སོར་ཕྱེ་ན་མང་ཡང་དོན་བསྡུ་ན། བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དེ་དག་ནས་བླ་མ་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་ཚུལ་ཇི་སྙེད་བཤད་པ་ཐམས་ཅད་ཀྱང་སྐྱབས་འགྲོར་འདུ་ཞིང་། ངན་འགྲོ་ལས་ཐར་ཐབས་ཇི་སྙེད་གསུང་བ་རྣམས་ནི་སྐྱེས་བུ་ཆུང་ངུ་དངོས་སམ་དེ་དང་ཐུན་མོང་བའི་ལམ་སྟོན་པའི་ཆོས་སྐོར་དུ་འདུ་བ་དང་། དེ་བཞིན་དུ་འཁོར་བ་ལས་གྲོལ་བའི་ཐབས་ཇིི་སྙེད་གསུངས་པ་ཐམས་ཅད་ནི་སྐྱེས་བུ་འབྲིང་གི་ཆོས་སྐོར་དངོས་སམ་དེའི་སྡེར་གཏོགས་གང་རུང་དུ་འདུ་བ་དང་། སངས་རྒྱས་ཐོབ་པའི་ཆེད་དུ་ཇི་སྙེད་གསུངས་པ་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་བའི་ཚུལ་ཤེས་ན་བཀའ་དང་བསྟན་བཅོས་ཁྱད་པར་བ་ཐམས་ཅད་ཀྱང་གདུལ་བྱ་རྣམས་རིམ་གྱིས་སངས་རྒྱས་ཀྱི་ལམ་ལ་འཁྲིད་པའི་ཐབས་སམ་མན་ངག་ཏུ་གོ་ནས་གསུང་རབ་དེ་རྣམས་ལས་འདོར་རྒྱུ་ཅི་ཡང་མེད་པར་ཐམས་ཅད་གདུལ་བྱ་ལ་ཕན་པའི་ཕྱིར་གསུངས་པའི་གདམས་ངག་ཏུ་གོ་བར་འགྱུར་རོ། །མདོར་ན་རྒྱལ་བའི་གསུང་རབ་གང་ནས་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོངས་ཞིང་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བར་བསྟན་ཀྱང་དེ་ཉིད་གསུང་རབ་གཞན་གྱི་དོན་དུ་ཡང་འཁྱེར་བར་བྱ་སྟེ། མཚོན་ན་འདུས་བྱས་ཐམས་ཅད་མི་རྟག་པ་ནི་གསུང་རབ་གཅིག་གི་དོན་ཡིན་པ་དེ་བཞིན་དུ་དེ་སྟོན་པའི་གསུང་རབ་གཞན་ཐམས་ཅད་ཀྱི་དོན་ཀྱང་ཡིན་ནོ་སྙམ་དུ་བསམ་ནས་ཉམས་སུ་བླངས་ན་ཕན་ཡོན་ཆེ་ཞིང་དེ་ལྟར་སྟོན་པའི་གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་བཞིན་ནོ། །གསུམ་པ་ལ་གསུམ། གསུང་རབ་གདམས་ངག་ཏུ་གོ་ནས་དོན་ཉམས་སུ་ལེན་པ་གལ་ཆེ་བ་དང་། དོན་ཉམས་སུ་མི་ལེན་པའི་ཚིག་ཙམ་ལ་གཙོ་བོར་འབད་དུ་མི་རུང་བ་དང་། གསུང་རབ་གདམས་ངག་ཏུ་འཆར་བ་གནད་ཆེ་ཚུལ་ལོ། །དང་པོ་ནི། ལྷག་མ་ནེ་ཙོའི་འདོན་པ་ལྟ་བུ་དང་། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཅི་ཕྱིར་ཞེ་ན་མཁས་པའི་མཆོག་རྣམས་ཀྱིས། །གཞུང་རྣམས་ཉམས་ལེན་ཤེས་ཕྱིར་བརྩམས་ཕྱིར་རོ། །ཞེས་པ་སྟེ། དེ་ལྟར་གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་ནས་རང་གི་བློ་དང་འཚམ་པའི་ཉམས་ལེན་གལ་ཆེ་སྟེ། རྒྱུ་མཚན་ནི་སངས་རྒྱས་སོགས་མཁས་པའི་མཆོག་རྣམས་ཀྱིས་ནང་དོན་སྟོན་པའི་གཞུང་རྣམས་ནི་དོན་ཉམས་སུ་ལེན་ཚུལ་ཤེས་པར་བྱ་བའི་ཕྱིར་བརྩམས་པའི་ཕྱིར་རོ། །སྔར་བརྗོད་པའི་ལྷག་མ་གསུང་རབ་གདམས་ངག་ཏུ་མ་ཤར་བ་དང་། ཉམས་ལེན་ཅི་ཡང་མེད་པའི་བཤད་ཆོས་དང་ཚིག་སྦྱོར་དང་རྩོད་པ་ཙམ་ལྷུར་ལེན་པ་དག་ནི། དཔེར་ན། ནེ་ཙོས་མ་ཎི་འདོན་པ་ལྟ་བུ་དོན་ཆུང་བ་དང་། ཆུ་མེད་པའི་ཁྲོན་པས་སྐོམ་མི་སེལ་བ་དང་། རི་མོར་བྲིས་པའི་མར་མེས་མུན་པ་སེལ་མི་ནུས་པ་བཞིན་ནོ། །འོན་ཀྱང་ཐ་སྙད་རིག་པ་ལ་ཐོས་བསམ་བྱས་པའི་དགེ་བ་ངེས་འབྱུང་དང་སེམས་བསྐྱེད་ཀྱིས་ཟིན་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་ཚུལ་ཡོད་པ་བདག་གིས་ཐོས་པ་ལ་བསྐུལ་བར་བཤད་ཟིན་ཏོ། །གཉིས་པ་ནི། ཀྱེ་མའོ་སྐྱེ་དགུའི་དོན་གཉིས་འགྲུབ་པ་ནི། །རྣམ་དག་གཞུང་ལུགས་དག་ལ་མ་བརྟེན་མིན། །དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས། །འདས་པར་བྱས་ན་དེ་ལས་བསླུས་པ་གང་། །ཞེས་པ་སྟེ། ཀྱེ་མའོ་ཞེས་པ་ངོ་མཚར་བ་ལ་འཇུག་ཀྱང་ཚིག་ཕྱི་མ་ལ་བལྟོས་ནས་སྨད་པ་ལ་ཡང་སྦྱར་རུང་ངོ་། །སྤྱིར་གདུལ་བྱའི་སྐྱེ་དགུའི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པ་ནི། རིག་གནས་སོགས་སྟོན་པའི་གཞུང་ལུགས་རྣམ་དག་ལ་ནི་མ་བརྟེན་པ་མིན་མོད། དེ་ལ་བརྟེན་པ་དག་གིས་ཀྱང་ཉམས་ལེན་ལ་འབད་དགོས་ཀྱི། ཉམས་ལེན་མེད་པར་སྒྲའམ་ཚིག་ཙམ་གཙོ་བོར་ལྷུར་ལེན་པས་དུས་སམ་མི་ཚེ་འདས་པར་བྱས་ན་དེ་ཉིད་བསླུས་པ་ཡིན་པའི་ཕྱིར། དེ་ལས་གཞན་བསླུས་པ་གང་ཞིག་ཡོད་ཅེས་པ་ནི་དགག་ཚིག་གོ །གསུམ་པ་ནི། ཆུས་འཁྱེར་འགའ་ཞིག་སྐོམ་པས་ཤི་བ་བཞིན། །མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །གཞུང་ལུགས་གདམས་པར་ཤར་བར་མེད་པས་ནོངས། །དེ་ཕྱིར་གང་བསླབས་གདམས་པར་ཤར་བ་གཅེས། །ཞེས་པ་སྟེ། གསུང་རབ་མང་དུ་ཐོས་ཀྱང་ཉམས་སུ་ལེན་རྒྱུའི་ཆོས་ཀྱི་ཕོངས་པ་ནི། སྔར་ལྟར་གཞུང་ལུགས་གདམས་ངག་ཏུ་ཤར་བ་མེད་པས་ནོངས་པ་སྟེ་དེའི་སྐྱོན་ནོ། །དཔེ་དང་སྦྱོར་བ་ནི། སྐྱེས་བུ་ཁ་ཅིག་ཆུ་བོ་ཆེན་པོས་འཁྱེར་ཡང་ཆུ་བཏུང་རྒྱུ་མ་བྱུང་བས་སྐོམ་པས་ཤི་བ་བཞིན་ཏེ་ཆོས་མང་དུ་ཤེས་ཀྱང་དོན་ཉམས་སུ་ལེན་རྒྱུ་མ་བྱུང་བའོ། །ཐོས་དོན་ཐམས་ཅད་དཀའ་ཡང་རང་གི་བློ་དང་འཚམ་པའི་ཉམས་ལེན་རེ་ལ་མི་འབད་པར་ཁ་ཕྱིར་བལྟས་ཀྱི་ཐོས་པ་ཙམ་ལ་འབད་པ་ནི་རྒྱུད་ལ་ཕན་ཆེན་པོ་ཐོགས་དཀའ་སྟེ། དོན་འདི་ནི་རང་ཅག་རྗེས་འབྲང་རྣམས་ཀྱིས་བསམ་དགོས་པར་སྣང་ངོ་། །ཉམས་སུ་ལེན་རྒྱུ་ལ་མདོ་སྔགས་ཀྱི་དབྱེ་བས་མང་ཡང་འདིར་བསག་སྦྱང་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལྟ་བ་བསླབ་གསུམ་ལྟ་བུ་གཙོར་བཟུང་ངོ་། །གསུམ་པ་ལ་གཉིས། ཚིག་སྦྱོར་ལ་འཇུག་དགོས་པའི་རྒྱུ་མཚན་དང་། འཇུག་བྱ་ངོས་བཟུང་ནས་འཇུག་ཚུལ་ལོ། །དང་པོ་ནི། དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན། །ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱི། །རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན། །དོན་བཟང་བ་དང་ཚིག་འབྲུ་བཟང་པོ་ཞེས། །གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལ། །བསིལ་བར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན། དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། ། སྤྲས་པར་གྱུར་ན་ཆེས་ཆེས་མཛེས་པར་འགྱུར། །ཞེས་པ་སྟེ། སྔར་བཤད་པ་ལྟར་ཤེས་ནས་ཉམས་སུ་ལེན་པ་དག་གིས་དོན་གྱི་གནད་མ་འཆུགས་ན་ཚིག་སྦྱོར་ལེགས་པོ་མ་བྱུང་ཀྱང་ཉེས་པ་ཆུང་མོད། རྒྱལ་བ་རང་ཉིད་ཀྱིས་གསུང་རབ་ལ་བསྔགས་པ་མཛད་པའི་ཚེ་དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་ཞེས་གསུངས་ཤིང་། དོན་བཟང་པོ་ཡང་ཚིག་སྦྱོར་བཟང་པོས་བརྗོད་ན་མཛེས་ཏེ། དཔེར་ན། རྡོ་ཐལ་བྱུགས་པ་ལྟ་བུ་ཤིན་ཏུ་དཀར་བའི་ཁང་བཟང་ལ་ཟླ་བའི་འོད་འཕོག་ན་ཆེས་གསལ་ཞིང་མཛེས་པར་འགྱུར་བ་བཞིན་ནོ། །གཉིས་པ་ནི། དམར་སེར་ཅན་དང་རྒྱལ་བའི་ལྷས་བཀོད་པ། །པྲྀཏྟ་དང་ནི་ཛཱ་ཏི་ཞེས་བྱ་བའི། །སྡེབ་སྦྱོར་ཇི་བཞིན་བོད་སྐད་ལ་མེད་ཀྱང་། །ཚིགས་བཅད་ལྷུགས་པ་གཉིས་ཀ་སྤེལ་བའི་ལུས། །དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི། །མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ། །སྙན་ངག་གཞུང་བཞིན་ལེགས་པར་སྦྱར་བ་ན། །བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །ཅེས་པ་སྟེ། ལེགས་སྦྱར་གྱི་དབང་དུ་བྱས་པའི་སྡེབ་སྦྱོར་ལ་སྔོན་འཕགས་ཡུལ་དུ་བྱོན་པའི་སློབ་དཔོན་དམར་སེར་ཅན་དང་རྒྱལ་བའི་ལྷ་ཞེས་བྱ་བ་གཉིས་ཀྱིས་མཛད་པའི་སྡེབ་སྦྱོར་དང་། མཁས་པ་ཆེན་པོ་རཏྣ་ཨཱ་ཀ་ར་ཤནྟི་པས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ་རྣམས་ལ་ནི། ཡི་གེ་བགྲང་བ་པྲྀྀཏྟ་དང་ཕྱི་མོ་བགྲང་བ་ཛཱ་ཏི་ཞེས་བྱ་བའི་སྡེབ་སྦྱོར་གཉིས་ཡོད་པ་དེ་ཇི་ལྟ་བ་བཞིན་བོད་སྐད་ལ་སྦྱོར་རྒྱུ་མེད་ཀྱང་། སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་ནས་འབྱུང་བ་ལྟར། ཚིགས་བཅད་དང་ཚིག་ལྷུགས་དང་དེ་གཉིས་ཀ་ཡོད་པའི་སྙན་ངག་གི་ལུས་དང་ལྡན་པའི་དོན་རྒྱན་དང་། ཚིག་རྒྱན་དང་། མངོན་བརྗོད་སོགས་མཛེས་བྱེད་ཀྱི་རྒྱན་གྱིས་སྤྲས་པའི་ཚིག་སྦྱོར་ཚུལ་རྣམས་སྙན་ངག་གི་གཞུང་བཞིན་ལེགས་པར་སྦྱོར་ཤེས་ན་བློ་གསལ་རྣམས་དགའ་བ་རྒྱས་པར་བྱེད་དོ། །སྙན་ངག་ནི་མཚོན་པ་ཙམ་སྟེ་གྲོགས་སུ་སུམ་རྟགས་རྩ་འགྲེལ་དང་དེའི་དོན་གོ་སླར་བསྡུས་པ་དག་ཡིག་ལ་སྦྱོང་དགོས་ཤིང་། དེ་ལས་འཕུལ་མཐའ་བརྟེན་དང་རྣམ་དབྱེའི་སྐོར་ཤེས་པ་གལ་ཆེ་ཡང་། ལྷག་ཏུ་མངོན་བརྗོད་ནི་སྙན་ངག་སྤྱི་དང་གཟུགས་ཅན་གྱི་རྒྱན་ལ་ཉེ་བར་མཁོའོ། །རིན་ཆེན་གསུམ་ལ་འཇུག་ཚུལ་དེ་ལྟར་གསུངས་པ་ནི་བློ་གྲོས་ཆེ་བའི་དབང་དུ་བྱས་པར་མངོན་ནོ། །གསུམ་པ་ལ་གསུམ། རིན་ཆེན་རྣམ་པ་གསུམ་གྱི་རྩ་བ་ཐེག་ཆེན་གྱི་བཤེས་གཉེན་ལ་རག་ལས་པས་དེ་བསྟེན་པར་བསྐུལ་བ་དང་། བརྩམས་པའི་དགེ་བ་བསྔོ་བའི་སྨོན་ལམ་གདབ་པ་དང་། མཛད་བྱང་བསྟན་པའོ། །དང་པོ་ནི། དེ་ལྟར་རིན་ཆེན་རྣམ་པ་གསུམ་ཀའི་ཡང་། །རྩ་བ་ཐེག་པ་མཆོག་གི་དགེ་བའི་བཤེས། །འདིས་མ་ཟིན་ན་སྐྱེ་བ་དུ་མར་ཡང་། །ངལ་བརྒྱས་འབད་ཀྱང་རྟོགས་པར་མི་འགྱུར་པས། །བཤེས་གཉེན་ཟིན་ན་ཚེ་གཅིག་ཉིད་ལ་ཡང་། །བདེ་བླག་ཉིད་དུ་ངེས་པ་སྟེར་བའི་ཕྱིར། །ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པ་ཡིས། །རྗེས་སུ་འཛིན་དང་ཟིན་པའི་ཐབས་ལ་འབད། །ཅེས་གསུངས་ཏེ་གོ་སླའོ། །གཉིས་པ་ནི། ཐར་འདོད་བློ་གྲོས་ཅན་གྱི་འཇུག་ངོགས་མཆོག །རིན་ཆེན་གཏམ་གྱི་སྦྱོར་བ་འདིར་འབད་ལས། །ཕྱུང་བའི་བསོད་ནམས་དེ་ཡིས་འགྲོ་བ་ཀུན། །བཤེས་གཉེན་དམ་པའི་མགོན་དང་མི་འབྲལ་ཤོག །དེ་བསྟེན་པ་ལས་བློ་མིག་དག་གྱུར་ཏེ། །རྒྱལ་བའི་ལུགས་བཟང་ཇི་བཞིན་རྟོགས་པ་དང་། །རྟོགས་མ་ཐག་ཏུ་ཉམས་སུ་ལེན་པ་དང། །དེ་ལྟར་སྒྲུབ་ལ་བར་ཆད་མེད་པར་ཤོག །མ་རྟོགས་འགྲོ་ལ་བརྩེ་བས་ཐོག་མར་ནི། །ཟང་ཟིང་སྦྱོར་བས་དགའ་བར་བྱས་པས་མཐར། །དོན་བཟང་ཚིག་ལེགས་སྙན་པ་སྨྲ་བ་ཡིས། །བསྐུལ་བས་བཟང་པོའི་སྤྱོད་ལ་འཇུག་པར་ཤོག །ཅེས་པ་སྟེ། ཚིགས་བཅད་དང་པོས་དགེ་བའི་བཤེས་གཉེན་དམ་པ་དང་མི་འབྲལ་བའི་རྒྱུར་སྨོན་པ་དང་། གཉིས་པས་དེས་བསྟན་པའི་དོན་རྟོགས་ནས་ཉམས་སུ་ལེན་ཅིང་དེ་ལ་བར་ཆད་མི་འབྱུང་བ་དང་། གསུམ་པ་ནི། བསྡུ་བ་རྣམ་པ་བཞིའི་སྒོ་ནས་གཞན་དོན་བྱེད་ནུས་པར་སྨོན་པའོ། །གསུམ་པ་མཛད་བྱང་ནི། ཅེས་བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་བྱ་བ་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དགའ་བཞི་པ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ནས་རྒྱས་པར་བྱེད་ནུས་པར་གྱུར་ཅིག །ཅེས་པའོ། །རྗེ་བཙུན་རྒྱལ་བ་གཉིས་པར་གྲགས་པའི་གསུང་། །རིན་ཆེན་རྣམ་གསུམ་གཏམ་གྱི་སྦྱོར་བ་ཡི། །དགོངས་དོན་པད་ཚལ་དད་པའི་ཉི་འོད་དང་། །རྣམ་དཔྱོད་སོར་རྩེས་ཅུང་ཟད་རྣམ་པར་ཕྱེ། །དགེ་དེས་སྐྱེ་ཀུན་རྗེ་བཙུན་བླ་མ་ཡིས། །འབྲལ་མེད་བརྩེ་བས་རྗེས་སུ་བཟུང་གྱུར་ནས། །མདོ་སྔགས་ཆོས་ཀུན་རྒྱལ་བའི་དགོངས་པ་ལྟར། །ཇི་བཞིན་འཛིན་པའི་སྐལ་བ་ལྡན་གྱུར་ཅིག །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དད་པས་ཅོ་ནེ་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཁྱའོ་ལུང་དཀའ་བཅུ་བློ་བཟང་དབང་ཕྱུག་སྟེ། དཀའ་བཅུ་བློ་བཟང་ཉི་མས་མཚན་གདགས་ཀྱི་ཚེ་ཡོན་སྦྱར་ཏེ་པར་དུ་བརྐོས་སོ།། །།མངྒ་ལཾ།། །།


previousརྗེའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་དགོངས་འགྲེལ་བསྡུས་པ།next