Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
སྐབས་གསུམ་མའི་ཊཱིཀྐ་རྗེའི་དགོངས་གསལ་སྒྲོན་མེ།
   
   
   
   
   


 
previousསྐབས་གསུམ་མའི་ཊཱིཀྐ་རྗེའི་དགོངས་གསལ་སྒྲོན་མེ།next

སྐབས་གསུམ་མའི་ཊཱིཀྐ་རྗེའི་དགོངས་གསལ་སྒྲོན་མེ།

སྐབས་གསུམ་མའི་ཊཱིཀྐ་རྗེའི་དགོངས་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས།

སྐུ་གསུམ་གོ་འཕང་མི་ཟད་མཛོད་བརྙེས་ནས། །ཐེག་གསུམ་གདུལ་བྱ་རིགས་ཅན་མཐའ་དག་ལ། །རྣམ་གསུམ་འཁོར་ལོ་བསྐོར་ནས་རེ་སྐོང་བ། །སྲིད་གསུམ་སྟོན་པ་ཤཱཀྱ་སེདྒེར་འདུད། །རྒྱལ་བའི་མདོ་སྔགས་ལུང་རྟོགས་བསྟན་པ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་མཛད་པ། །རྒྱལ་བའི་གདུང་འཚོ་ཡང་དག་དགེ་བའི་བཤེས། །རྒྱལ་བ་གཉིས་པ་བཙོང་ཁ་པ་དེར་འདུད། །མགོན་དེའི་ལེགས་བཤད་བསྟོད་ཚིག་འདབ་བརྒྱའི་ཚལ། །བློ་གྲོས་སྣང་བའི་ཟེར་གྱིས་རབ་ཕྱེ་ནས། །དོན་བཟང་སྙིང་པོ་དད་ཅན་རྐང་དྲུག་ལྡན། །བློ་གསལ་དག་གི་དགའ་སྟོན་ཆེད་དུ་སྤྱིན། །དེ་ལ་འདིར་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་བོའི་བསྟོད་པ་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་རྗེ་ཉིད་ཀྱིས་མཛད་པ་འདི་ཉིད་ཀྱི་དོན་འཆད་པ་ལ་འཇུག་པར་བྱ་སྟེ། །འདི་ལ་བཞི། མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་ཡུལ་ངོས་བཟུང་བ། བསྟོད་པའི་ཚུལ་བཤད་པ། དེ་དང་འབྲེལ་བའི་ཐུགས་རྒྱུད་བསྐུལ་བ། མཇུག་གི་རིམ་པའོ། །དང་པོ་ལ་གཉིས། འཇིག་རྟེན་གྱི་མཐུ་བོ་ཆེ་རྣམས་ཀྱིས་བཀུར་ཚུལ་དང་། སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པའོ། །དང་པོ་ནི། སྐབས་གསུམ་པ་དང་དབང་པོའི་དགྲ། ཞེས་སོགས་ཚིགས་བཅད་གཅིག་སྟེ། དོན་ནི་སྐབས་གསུམ་པ་ཞེས་པ་ལྷ་སྤྱིའི་མིང་ཡིན་ཀྱང་། འདིར་ལྷ་རྣམས་ཀྱི་གཙོ་བོ་ཚངས་པ་དང་བརྒྱ་བྱིན་དང་ཉེ་དབང་སོ་གཉིས་སོགས་བཟུང་ཞིང་། དབང་པོའི་དགྲ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་དགྲ་ལྷ་མ་ཡིན་གྱི་གཙོ་བོ་ཐག་བཟང་རིས་སོགས་དང་། དྲི་ཟ་ཞེས་པ་ནི་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་ལྟ་བུ་དང་། གདེངས་ཅན་ནི་སྤྲུལ་གྱི་གདེངས་ཀ་དང་ལྡན་པའི་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་དང་མིག་མི་བཟང་ལྟ་བུ་དང་། གྲུབ་པ་ནི་ཁ་ཅིག་གྲུལ་བུམ་ལ་བཤད་ཀྱང་རིག་སྔགས་གྲུབ་པའི་དྲང་སྲོང་ཆེན་པོ་རྣམས་ཏེ། དེས་མཚོན་ཏེ་འཇིག་རྟེན་ན་མཐུ་ཆེ་བར་གྲགས་པའི་གཙོ་བོ་ཀུན་གྱི་གཙུག་གི་རྒྱན་ནོར་བུ་ཡིས། ཐུབ་དབང་གང་གི་ཞབས་ཀྱི་པདྨོ་ལ་གཏུགས་པས་མཛེས་པར་བྱས་པའོ། །ལྷ་ལ་སྐབས་གསུམ་པ་ཞེས་པའི་རྒྱུ་མཚན་ནི། ཁ་ཅིག་དེས་སྔོན་ལས་ཇི་ལྟར་བུས་ལྷར་སྐྱེས་པ་དང་། ད་ལྟ་གང་དུ་སྐྱེས་པ་དང་། ཕྱི་མ་གང་དུ་སྐྱེ་བའི་སྐབས་གསུམ་ཤེས་པ་འབྱུང་བས་དེ་ལྟར་བརྗོད་པ་དང་། འགའ་ཞིག་ཏུ་ལྷ་ལ་སྐྱེ་བ་དང་གནས་པ་དང་འཆི་བ་གསུམ་ཡོད་པས་དེ་སྐད་བརྗོད་ཅེས་བྱུང་སྟེ་གང་རུང་ངོ་། །ཆོས་སྤྱོད་འགའ་ཞིག་ཏུ་དབང་པོའི་སྒྲ་ཞེས་ས་མགོ་ཅན་དུ་བྲིས་པ་ནི་ཡིག་ནོར་ཏེ། ལྷ་མིན་ལ་དབང་པོའི་དགྲ་ཞེས་པའི་ཐ་སྙད་མངོན་བརྗོད་ནས་འབྱུང་བ་ལྟར་མཛད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གསེར་འོད་འཁྱུག་པའི་དཔལ་གྱིས་བརྗེད་པའི་སྐུ། །ཞེས་པའི་ཚིགས་བཅད་གཅིག་སྟེ། འཛམ་བུའི་ཆུ་བོའི་གསེར་བཟང་བཙོ་མའི་མདངས་ལྟ་བུ་དྭངས་ཤིང་གསལ་བའི་འོད་ཟེར་འཁྱུག་པ་ལ་སོགས་པའི་མཚན་དང་དཔེ་བྱད་གསལ་ལ་རྫོགས་པའི་དཔལ་གྱིས་སྨྲས་པ་མཛེས་ཤིང་བརྗིད་པའི་སྐུའི་ཡོན་ཏན་དང་། དྲི་ཟའི་རྒྱལ་པོ་རབ་དགས་པི་ཝང་རྒྱུད་སྟོང་སྒྲོགས་པའི་སྙན་པའི་གླུ་དབྱངས་ཀྱིས་བསྒྲུན་དུ་ཉེ་འགྲན་དུ་མེད་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་ཡོངས་སུ་རྫོགས་པའི་གསུང་གི་ཡོན་ཏན་དང་། ཉི་མ་བྱེ་བའི་མདངས་ལྟ་བུའི་གསལ་བའི་འོད་ཀྱིས་གཟུགས་ཀྱི་བཀོད་པ་དུ་མ་ག་ལ་ནུས་ཀྱང་ཇི་ལྟར་ཇི་སྙེད་ཆོས་ཀྱི་ཚུལ་རྣམས་གསལ་མི་ནུས་པས། དེ་ལས་ཀྱང་ལྷག་པ་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གསལ་བར་གཟིགས་པའི་ཐུགས་དང་ལྡན་ཅིང་། འཕྲིན་ལས་ནི་མཐའ་ཡས་ཤིང་ཚད་མེད་པའི་འགྲོ་བའི་དོན་མཛད་པའི་སྒོ་ནས་དེའི་འདྲེན་པའི་མཆོག་ཏུ་གྱུར་པའི་ཤཱཀྱའི་ཏོག་དེ་ལ་བསྟོད་དོ། །ཤཱཀྱ་ཞེས་པ་ནི་རྒྱ་སྐད་ཡིན་ལ་དེ་ཡང་ཕོད་པའམ་ནུས་པ་སྟེ། དེའི་རིགས་བརྒྱུད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་དོན་ནོ། །གཉིས་པ་ལ་གསུམ། བསམ་པ་ཇི་ལྟ་བུས་བསྟོད་པ། སྤྱོད་ལམ་ཇི་ལྟ་བུས་བསྟོད་པ། བསྟོད་ཚུལ་དངོས་སོ། །དང་པོ་ནི། དག་པའི་ཞིང་ཁམས་ལ་ཤར་བའི་གཟའ་སྐར་རྣམས་ཞེས་སོགས་ཚིགས་བཅད་གཅིག་སྟེ། དཔེར་ན། སྤྲིན་དང་རྡུལ་སོགས་ཀྱི་སྒྲིབ་བྱེད་ཀྱིས་དག་པའི་ནམ་མཁའ་ལ་ཤར་བའི་ཟླ་བ་སོགས་གཟའ་དང་སྐར་མ་རྣམས་ཀྱི་གཟུགས་བརྙན་ནི་ཆུ་གཏེར་རྒྱ་མཚོའི་དབུས་ན་ཡོངས་སུ་གསལ་བར་ཤར་བ་བཞིན་དུ། མ་དད་པའི་རྙོག་པ་དང་བྲལ་བ་བསྟོད་པ་པོ་བདག་གི་དང་བའི་ཡིད་ཀྱི་རྒྱ་མཚོར་ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མདོ་དང་བསྟན་བཅོས་ཆེན་པོ་ལས་བཤད་པ་ལྟར་གྱི་ཐོས་པའི་གཟུགས་བརྙན་ཏེ་དོན་སྤྱི་རྣམས་སོ་སོར་མ་འདྲེས་ཤིང་གསལ་བར་རབ་ཏུ་བཀོད་པ་སྟེ་དྲན་པའི་སྒོ་ནས་བསྟོད་པར་བྱའོ། །གཉིས་པ་ལ་གཉིས། དངོས་དང་། དགོངས་གསོལ་ལོ། །དང་པོ་ནི། ཟླ་ཟེར་ཕོག་པའི་ཆུ་སྐྱེས་ཞེས་སོགས་རྐང་པ་ཕྱེད་བཞི་སྟེ། དཔེར་ན་མཚན་མོའི་དུས་ཟླ་བའི་འོད་ཟེར་ཕོག་པས་ཆུ་སྐྱེས་ཏེ་པདྨ་གཞོན་ནུ་གསར་བའི་ཁ་ཟུམ་པར་བྱེད་པ་བཞིན་དུ། བདག་གི་ལག་པའི་སོར་མོ་རྣམས་སྙིང་ཁའི་ངོས་སུ་ཟུམ་པ་སྟེ་ཐལ་མོ་སྦྱར་ནས། མ་གཡེང་བར་རྩེ་གཅིག་པའི་ཡིད་ཀྱིས་སྟོན་པ་ཁྱོད་ཀྱི་སྐུ་མདུན་གྱི་ནམ་མཁར་མངོན་སུམ་དུ་ཞུགས་པར་མོས་ཤིང་དེ་ལ་མངོན་དུ་ཕྱོགས་པར་བྱས་ཏེ་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོའི་ལྟར་མང་བ་ལས་ཅུང་ཟད་ཅིག་བླངས་ནས་བསྟོད་པར་བྱའོ། །གཉིས་པ་ནི། ཐུགས་རྗེ་ཅན་ཁྱོད་དགོངས། ཞེས་པ་སྟེ། དེ་ལྟར་ཅུང་ཟད་བསྟོད་པར་འགྱུར་བའི་ཚུལ་འདི་ལ་སྟོན་པ་ཐུགས་རྗེ་ཅན་ཁྱོད་དགོངས་སུ་གསོལ་བ་སྟེ་ཞུ་བའོ། །གསུམ་པ་བསྟོད་ཚུལ་དངོས་ལ་གཉིས། ཡོན་ཏན་གཞན་དང་། སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པའོ། །དང་པོ་ལ་དྲུག རྒྱལ་སྲས་ཉན་རང་རྣམས་ལས་ཁྱད་པར་དུ་འཕགས་པ། སྤྱོད་ལམ་མཛད་ཚུལ། དེ་མཐོང་བའི་ཡོན་ཏན། ནུས་པའི་ཡོན་ཏན། ཆགས་སྡང་མེད་པའི་ཡོན་ཏན། རྟག་ཏུ་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ནི། སྐར་མའི་ཚོགས་ཀྱིས་མཁའ་ལ་ཟླ་བ་བཞིན། ཞེས་སོགས་རྐང་པ་བཞི་སྟེ། དཔེར་ན། སྐར་མའི་ཚོགས་རྣམས་ཀྱི་ནམ་མཁའ་ལ་ཉ་གང་བའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་བསྐོར་བ་བཞིན་དུ། སྟོན་པ་ཁྱོད་མི་མཐུན་ཕྱོགས་འཇོམས་པ་ལ་ཡེ་ཤེས་ཐོགས་མེད་མངའ་བའི་རྒྱལ་བའི་སྲས་དཔའ་བོ་བྱམས་འཇམ་དབྱངས་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་ཞིང་། བ་ལང་གི་ཁྱུ་ཡི་ཚོགས་འགྲོ་བའི་ཚེ་ཐོག་མར་ཁྱུ་མཆོག་གིས་སྣ་དྲངས་ཏེ་འགྲོ་བ་བཞིན་དུ། ཤཱ་རིའི་བུ་སོགས་ཉན་ཐོས་མཆོག་བརྒྱད་ལ་སོགས་པ་དགྲ་བཅོམ་པའི་འཁོར་གྱི་ཚོགས་རྣམས་ཀྱིས་མདུན་དུ་བདར་བ་སྟེ་བསྐོར་ཞིང་བྱ་བ་བྱེད་དོ། །ཁྱུ་མཆོག་ནི་མ་ཧེའམ་གླང་གི་རིགས་ཅན་ཞིག་ཡིན་ཏེ། དབང་ཕྱུག་ཆེན་པོའི་བཞོན་པའི་ཁྱུ་མཆོག་ནི་གླང་དུ་ཤེས་པས་སོ། །ཚོགས་ཀྱིས་ཞེས་བྱེད་སྒྲ་འབྱུང་བ་ལྟར་གཤེགས་ཀྱི། ཀྱི་ཞེས་དྲུག་པའི་སྒྲ་སྦྱར་ན་སྟོན་པ་ཉིད་ཉན་ཐོས་ཚོགས་ཀྱི་སྔོན་དུ་གཤེགས་པ་ལ་བྱ་སྟེ་ཕྱི་མ་འདི་དཔེ་དང་འབྲེལ་ལོ། །གཉིས་པ་ནི། ནམ་མཁའི་ཁྱོན་ཀུན་འགེངས་པའི་འོད་ཟེར་གྱིས། །ཞེས་སོགས་རྐང་པ་བཞི་སྟེ། སྟོན་པ་ཁྱོད་གཤེགས་པའི་ཚེ་ནམ་མཁའི་ཁྱོན་ཀུན་འགེངས་པ་སྟེ་ཁྱབ་པའི་འོད་ཟེར་གྱི་དྲ་བ་སྟོང་གིས་ཏེ་དཔག་ཏུ་མེད་པས་ཡོངས་སུ་དཀྲིགས་པ་སྟེ་བསྐོར་བའི་སྐུ་ནི་ནམ་མཁའི་ལམ་ནས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་སྐུ་སྟོད་ནས་མེ་འབར་ཞིང་སྐུ་སྨད་ནས་ཆུ་འཁྲུགས་པ་དང་། དེ་ལས་ལྡོག་པ་དང་། ཡང་ཤར་ནས་མི་སྣང་བར་གྱུར་ཏེ་ནུབ་ཏུ་སྣང་བ་དང་། ནུབ་ནས་མི་སྣང་ཞིང་ཤར་དུ་སྣང་བ་ལ་སོགས་པ་ཕྱོགས་བཅུར་སྣང་མི་སྣང་གི་བཀོད་པ་སྣ་ཚོགས་དང་གཅིག་དུ་མ་དང་དུ་མ་གཅིག་ཏུ་འགྱུར་བར་སྟོན་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོ་འཕྲུལ་དུ་མ་བཅས་པ་ཡི་སྒོ་ནས། དཔེར་ན། ངང་བའི་རྒྱལ་པོ་མཁའ་ལ་འཕུར་བ་བཞིན་དུ་སྟོན་པ་འཁོར་བཅས་རྣམས་ཀྱང་ནམ་མཁའ་ལ་ལྡིང་ཞིང་གཤེགས་པར་མཛད་དོ། །འདི་ནི་སྟོན་པ་སངས་རྒྱས་ནས་ཡབ་དང་མཇལ་བ་དང་། མ་ག་དྷ་བཟང་མོས་སྤྱན་དྲངས་པའི་ཚེ་ཆོ་འཕྲུལ་བསྟན་པ་དང་སྦྱར་བ་གཙོ་ཆེ་བ་ལྟར་སྣང་ངོ་། །གསུམ་པ་ནི། དེ་ཚེ་རིང་ནས་བསྐྲུན་པ་བཟང་པོའི་ལས། །ཞེས་སོགས་ཚིགས་བཅད་གཅིག་སྟེ། གཤེགས་ཚུལ་དེ་ལྟར་མཛད་པའི་ཚེ་ཡུན་རིང་མོ་ནས་བསྐྲུན་པ་སྟེ་བསགས་པའི་དགེ་འབྲས་བཟང་པོ་འབྱིན་པའི་ལས་ཀྱི་འབྲས་བུ་ཡོངས་སུ་སད་པ་སྟེ་སྨིན་པའི་ལྷ་དང་མི་སྟོང་ཕྲག་བརྒྱས་མཚོན་པའི་ཤིན་ཏུ་མང་པོས། སྟོན་པ་ཁྱོད་ཀྱི་ཞལ་མཐོང་བའི་མོད་ལ་དེ་རྣམས་ཀྱི་མི་བསྲུན་པ་སྟེ་མ་དུལ་བའི་ཡིད་ནི། ཉེས་པ་བརྒྱས་མཚོན་པའི་ཤིན་ཏུ་མང་པོས་བསྡམས་པའི་འཆིང་བ་དམ་པོ་རྣམས་ནི་ཀུན་ནས་ལྷོད་པར་གྱུར་པ་སྟེ་ཅི་རིགས་སྤངས་ནས་ཁ་ཅིག་ལམ་སྣ་ཟིན་ཅིང་། གཞན་དག་བདེན་པ་མཐོང་བ་དང་དགྲ་བཅོམ་དུ་གྱུར་པའོ། །བཞི་པ་ལ་གཉིས་ཀྱི་དང་པོ་ནི། དཔའ་བོ་ཁྱོད་ཀྱིས་བྱང་ཆུབ་ཤིང་དྲུང་དུ། །ཞེས་རྐང་སོགས་པ་བཞི་སྟེ། མི་མཐུན་ཕྱོགས་ཐམས་ཅད་འཇོམས་པར་བྱེད་ནུས་པའི་དཔའ་བོ་ཁྱོད་ཀྱིས་སྔོན་དཀའ་སྤྱད་མཛད་པའི་གནས་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་པའི་ཚེ། རང་གི་འོད་ཟེར་གྱིས་བསྐུལ་ཏེ་བདུད་ཀྱི་དཔུང་ཚོགས་བར་ཆད་བྱེད་དུ་ལྷགས་པ་ན་སྟོན་པ་ཁྱོད་ཀྱི་མཁྱེན་བརྩེ་ནུས་པའི་དཔུང་གིས་ཡིད་སྲུབ་བདག་པོ་སྟེ་དགེ་བའི་སེམས་དཀྲུགས་པར་བྱེད་པའི་བདུད་དགའ་རབ་དབང་ཕྱུག་སྡེ་སྟེ་དཔུང་བདུད་འཁོར་དང་བཅས་པའི་དམག་ཚོགས་ལུས་མི་འདྲ་བ་དང་། སྐད་སྒྲ་དྲག་པོ་མི་འདྲ་བ་སྣ་ཚོགས་དང་ལྡན་པ་རྣམས་ཀྱིས་འཕངས་པའི་མདའ་མདུང་རི་ཕྲག་ལ་སོགས་པ་མཚོན་ཆ་རྣམས་མེ་ཏོག་ཏུ་བསྒྱུར་བ་སོགས་བྱས་ནས་བདུད་ཀྱི་དཔུང་མ་ལུས་པ་རྣམས་ཟིལ་གྱིས་གནོན་པར་མཛད་པ་ནི། དཔེར་ན། འཐོར་བྱེད་དྲག་པོའི་རླུང་དང་ཉེ་བའི་སྤྲིན་ནག་པོ་རླུང་གིས་གཏོར་བ་བཞིན་དུ་དེ་དག་ཕམ་པར་བྱས་སོ། །གཉིས་པ་ནི། མདའ་མཚོན་གོ་ཆ་མ་བཟུང་བར། །ཞེས་སོགས་རྐང་པ་བཞི་སྟེ། མདའ་ལ་སོགས་པའི་མཚོན་ཆ་དང་། ཁྲབ་སོགས་གོ་ཆ་མ་བཟུང་ཞིང་གྲོགས་དམག་གི་འཁོར་གཞན་ཡོད་པ་ལ་མ་བལྟོས་པར་རང་ཉིད་གཅིག་པུས་བྱམས་པའི་སྟོབས་ཀྱིས་བྱེ་བས་མཚོན་པའི་བདུད་ཀྱི་དམག་གི་དཔུང་རྣམས་མ་ལུས་པར་ཕམ་པར་མཛད་པའི་གཡུལ་གྱིས་ལས་དེ་ལྟ་བུ་ཁྱོད་ཀྱིས་མཁྱེན་གྱི། ཁྱོད་ལས་གཞན་པའི་སེམས་ཅན་སུ་ཡིས་དེ་འདྲ་ཤེས་མི་ནུས་སོ། །དེ་ལྟར་བདུད་ཕམ་པར་མཛད་པ་ནི་རྒྱ་ཆེར་རོལ་པ་སོགས་ནས་འབྱུང་བ་བཞིན་ཡིན་ལ། འོན་ཀྱང་ཏོག་གཟུངས་ལས་སྟོན་པས་སངས་རྒྱས་ནས་རིང་པོར་མ་ལོན་པའི་ཚེ་ཡང་བདུད་འཁོར་དང་བཅས་པའི་དམག་དཔུང་སྔར་བཞིན་འོང་བ་ཕམ་པར་མཛད་པ་ཞིག་ཀྱང་བཤད་དོ། །བདུད་ཀྱི་འཁོར་རྣམས་བདུད་མཚན་ཉིད་པ་ཡིན་པ་ཤས་ཆེ་མོད། བདུད་ཀྱིས་སངས་རྒྱས་ཀྱི་ཆེ་བ་འདོན་པས་ན་བདུད་ཀྱི་རྒྱལ་པོ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་འདི་དགོངས་པ་ལ་བཏགས་ནས་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་བ་ཞིག་ཡིན་གྱི། བདུད་དངོས་མིན་པར་ངེས་ལ། ཏོག་གཟུངས་ནས་ཀྱང་དོན་གྱིས་སྤྲུལ་བ་ཡིན་པར་བསྟན་སྣང་སྟེ་ཐུན་མོང་མ་ཡིན་པའི་གོ་ཚུལ་ལོ། །ལྔ་པ་ནི། དེ་ལྟར་ཁྱོད་ཀྱི་བྱམས་པའི་མེས། ཞེས་སོགས་རྐང་པ་བཞི་སྟེ། བཤད་མ་ཐག་པ་དེ་ལྟར་སྟོན་པ་ཁྱོད་ཀྱི་བྱམས་པའི་ཏིང་ངེ་འཛིན་གྱི་ནུས་པའི་མེས་འདོད་པའི་ལྷ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་ཕམ་པར་མཛད་པས། འདོད་ལྷ་འཁོར་བཅས་ཀྱི་སྙིང་སྟེ་ཡིད་ནི་རབ་ཏུ་གདུངས་ཤིང་མི་དགའ་བར་གྱུར་ཀྱང་བྱམས་པ་ཆེན་པོ་དང་བརྩེ་བ་སྙིང་རྗེ་ཆེན་པོའི་གཏེར་དུ་གྱུར་པ་ཁྱོད་ལུས་ཅན་གཞན་ཕྱོགས་བདུད་ལ་སྡང་ཞིང་མི་དགའ་བ་དང་རང་ཕྱོགས་འཁོར་ལ་ཆགས་ཤིང་ཞེན་པའི་རིས་སུ་ཆད་པའི་ཆགས་སྡང་དུ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །བདུད་ཀྱི་དཔུང་གཅིག་ཙམ་མིན་གྱི། སྟོང་གསུམ་གཞན་དང་སངས་རྒྱས་ཀྱི་ཞིང་གཞན་དག་ནའང་བདུད་ཀྱི་དཔུང་ཡོད་པར་མདོ་ལས་བཤད་ཅིང་ཚེ་དཔག་མེད་ཀྱི་ཞིང་ན་བདུད་དང་བདུད་ཀྱི་རིགས་མེད་ཅེས་ཀྱང་བཤད་ལ། དེར་བདུད་མཆོད་པའི་རྒྱལ་པོ་ཞེས་བྱ་བ་ཡོད་པར་བཤད་དེ་དེ་ཚད་དཀའ་འོ། །སྟོན་པས་བདུད་བཞི་བཅོམ་པར་ནི་རང་ལ་བདུད་བཞིས་གནོད་ནུས་པ་བཅོམ་པ་ཡིན་གྱི། སྤྱིར་བདུད་མེད་པར་མཛད་པ་མིན་ཏེ་སྟོན་པ་སངས་རྒྱས་ནས་ཀྱང་འཇིག་རྟེན་ན་བདུད་བཞི་ཡོད་ཅིང་། མེད་ན་མི་མ་ཡིན་གྱི་སེམས་ཅན་ཀུན་མེད་པར་འགྱུར་ཏེ་ཞིབ་ཆ་དགོས་སོ། །དྲུག་པ་ནི། ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅེས་སོགས་རྐང་པ་བཞི་སྟེ། སྟོན་པ་ཁྱོད་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་འགྲོ་བ་སེམས་ཅན་ཀུན་གྱི་དོན་མཛད་པའི་སླད་དུ་དུས་ཅུང་ཟད་ཙམ་ཡང་མི་ངལ་ཞིང་། རྒྱུ་མཚན་དེས་ན་འགྲོ་བ་རྣམས་ཀྱང་སྟོན་པ་ཁྱོད་ཀྱི་ཡོན་ཏན་བརྗོད་ཅིང་བསྟོད་པ་དང་གསོལ་འདེབས་བྱེད་པ་ལ་ངལ་བར་མ་གྱུར་པ་སྟེ་བརྩོན་པ་ཆེན་པོས་དུས་རྒྱུན་དུ་སྟོན་པ་ཁྱོད་ལ་བསྟོད་ཅིང་གསོལ་བ་འདེབས་པར་རིགས་སོ། །ཞེས་པ་ནི་བསྐུལ་བའོ། །འདིར་མཁས་པ་ཁ་ཅིག་ངལ་ཞེས་པ་ནི་མ་དག་པ་ཁོ་ན་ཡིན་གྱི། མི་དལ་ཟེར་དགོས་སོ་ཞེས་བཤད་ལ། ཅང་ཀྱ་ཞབས་ཀྱིས་མི་ངལ་ཞེས་པའི་དོན་དུ་འཆད་པར་མཛད་དོ། །ད་ལྟ་ཁ་ཅིག་སྔ་མ་ལ་མི་ངལ་ཞེས་དང་། ཕྱི་མ་ལ་དལ་མ་གྱུར་ཞེས་ཁྱད་པར་བྱས་ནས་འདོན་ནོ། །ཁོ་བོ་ལྟར་ན་དེ་གཉིས་གཅིག་ཏུ་འགྲོ་བར་སྣང་སྟེ། སྐྱོ་ངལ་མེད་པར་སེམས་ཅན་གྱི་དོན་མཛད་པ་དང་སྟོན་པའི་ཡོན་ཏན་བརྗོད་པ་དང་། མི་དལ་མི་ལྷོད་པར་སེམས་ཅན་གྱི་དོན་མཛད་པ་དང་སྟོན་པའི་ཡོན་ཏན་བརྗོད་པ་གཉིས་གནད་གཅིག་ཏུ་འགྲོ་བའི་ཕྱིར་རོ། །གཉིས་པ་ལ་གསུམ། སྐུ་གསུམ་ཐུགས་ཀྱི་ཡོན་ཏན་བརྗོད་པ་དངོས། དེ་གསུམ་གྱི་འཕྲིན་ལས་ལྷུབ་གྲུབ་ཏུ་མཛད་པ། ཡོན་ཏན་གྱི་ཁྱད་པར་རྣམས་རྫོགས་པར་རྟོགས་ནས་བརྗོད་མི་ནུས་པར་བསྟན་པའོ། །དང་པོ་ནི། རྒྱ་མཚོའི་ཀློང་ལྟར་རབ་ཏུ་ཟབ་པའི་ཐུགས། །ཞེས་སོགས་རྐང་པ་བཞི་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཀློང་སྟེ་གཏིང་མཐའ་ཟབ་ཅིང་རྒྱ་ཆེ་བའི་ཚད་ནི་ཐ་མལ་བས་ཇི་ལྟ་བ་བཞིན་གཞལ་མི་ནུས་པ་ལྟར། མཁྱེན་པ་དང་བརྩེ་བ་རྒྱ་མཚོ་ལྟ་བུའི་གཏིང་མཐའ་རབ་ཏུ་ཟབ་ཅིང་རྒྱ་ཆེ་བ་གཉིས་ཀྱིས་བསྡུས་པའི་ཐུགས་ཀྱི་ཡོན་ཏན་དང་། སུམ་ཅུ་རྩ་གསུམ་ན་ལྷ་རྣམས་བག་མེད་ཀྱི་སྤྱོད་པ་ལས་བཟློག་སྟེ་བག་ཡོད་ལ་བསྐུར་པར་བྱེད་པའི་ལྷའི་རྔ་བོ་ཆེ་ཞེས་བྱ་བ་གཞན་གྱིས་བསྐུལ་བ་ལ་མ་བལྟོས་པར་རང་ཤུགས་ཀྱིས་ཆོས་ཀྱི་སྡོམ་བཞི་སྟོན་པའི་རང་སྒྲ་དུས་དུས་སུ་འབྱུང་བ་བཞིན་དུ། འབད་པ་མེད་པར་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པའི་དམ་པོའི་ཆོས་ལེགས་པར་འདོམས་པའི་གསུང་གི་ཡོན་ཏན་དང་། དཔེར་ན་རི་རབ་ལྷུན་པོའི་དཔངས་ཀྱི་སྤོ་མཐོ་ཞིང་རི་གཞན་ལས་འཕགས་པ་ལྟར། འཁོར་གསེར་རི་ལྟ་བུ་གྲངས་མེད་པའི་དབུས་ན་སྟོན་པ་ཁྱོད་ཀྱི་སྐུ་མཐོ་གསལ་མཛེས་པས་མངོན་པར་འཕགས་ཤིང་། དེ་ལྟར་བུའི་སྐུ་དེ་གདུལ་བྱ་སུས་མཐོང་བ་དང་གསུང་ཐོས་པ་དང་ཐུགས་ཀྱི་ཡོན་ཏན་དྲན་པ་ཙམ་གྱིས་ཀྱང་ཕན་པ་དང་བདེ་བའི་དོན་ཆེན་པོ་ལྡན་པར་མཛད་དོ། །འདིར་ཅུང་ཟད་ཕྱེ་སྟེ་བཤད་ན་སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་མཁྱེན་བརྩེ་གཉིས་ལས། མཁྱེན་པ་ལ་རྣམས་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུའམ། ཟག་མེད་ཀྱི་ཡོན་ཏན་བརྒྱ་ཞེ་བཞི་ཡོད་ཅིང་དེ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་གཉིས་ལས་དང་པོ་ནི་སངས་རྒྱས་ཀྱི་རྒྱུད་ཀྱི་དྲན་པ་ཉེར་གཞག་སོགས་དང་། ཕྱི་མ་ནི་སྟོབས་བཅུ་ལ་སོགས་པའོ། །དེར་མ་ཟད་ཐར་ཆེན་ལས་སྟོབས་རེ་རེ་ལའང་སྟོབས་དཔག་ཏུ་མེད་པར་བཤད་དེ་གཞན་ལའང་འདྲའོ། །མཁྱེན་པ་རྣམས་ཇི་ལྟ་ཇི་སྙེད་མཁྱེན་པ་གཉིས་སུ་འདུ་ཞིང་ཇི་ལྟ་བ་མཁྱེན་པ་རྣམས་ནི་གནས་ལུགས་ཟབ་མོ་རྟོགས་པའི་སྒོ་ནས་ཟབ་པ་དང་། ཇི་སྙེད་པ་མཁྱེན་པ་རྣམས་ནི་ཤེས་བྱ་ཇི་སྙེད་པའི་ངོ་བོ་དང་རྣམ་པ་དང་རབ་དབྱེ་སོ་སོར་མཁྱེན་པའི་སྒོ་ནས་རྒྱ་ཆེ་བར་འཇོག་ཅིང་། བརྩེ་བ་དམིགས་ཡུལ་སེམས་ཅན་མཐའ་ཡས་ལ་དམིགས་པའི་སྒོ་ནས་དམིགས་པ་རྒྱ་ཆེ་བར་འཇོག་གོ ། འོན་ཀྱང་སངས་རྒྱས་ཀྱི་ཇི་ལྟར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་གྱི་འགལ་བ་མིན་ནོ། །ཤེས་བྱ་མཁྱེན་ཚུལ་ནི། བྱམས་མགོན་གྱིས་མདོ་སྡེའི་རྒྱན་ལས། ཉི་མའི་འོད་ཟེར་གཅིག་བཏང་བས། འགྲོ་བ་སྣང་བ་བྱེད་པ་ལྟར། དེ་བཞིན་ཤེས་བྱ་ཐམས་ཅད་ལ། སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང་། །ཞེས་དང་། བདེན་གཉིས་ལས་ཀྱང་། །མཁྱེན་པའི་ཡེ་ཤེས་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་ལྟར་རོ། ། གསུང་གི་ཡོན་ཏན་ལ་འབད་རྩོལ་མེད་པར་གདུལ་བྱ་ལ་ཆོས་སྟོན་པའི་དཔེ་ནི། མདོ་སྡེ་རྒྱན་ལས། ཇི་ལྟར་ལྷ་ནང་ལྷ་རྣམས་ལས། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡི་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་དང་ཡང་། །ཆོས་ཀྱི་རྔས་ནི་བསྐུལ་བ་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གི་ཁྱབ་མཛད་ཅིང་། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། ཇི་ལྟར་རྔ་ནི་མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་བཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང་། །ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་གསུང་གི་མཐའ་རྟོགས་པར་དཀའ་སྟེ། འཕགས་པ་མོའུ་འགལ་གྱི་བུས་སངས་རྒྱས་ཀྱི་གསུང་གི་མཐའ་འཚོལ་བའི་ཆེད་དུ་རྫུན་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བརྒྱ་འདས་པར་སོང་ཡང་སངས་རྒྱས་ཀྱི་གསུང་ཆེ་ཆུང་དྲུང་ན་བཞུགས་པ་དང་ཁྱད་པར་མེད་པར་ཐོས་པ་དང་། སྐུ་ཡང་དེ་བཞིན་ཏེ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་འཆང་ཞེས་བྱ་བས་སངས་རྒྱས་ཀྱི་དབུའི་གཙུག་ཏོར་གྱི་མཐའ་འཚོལ་བའི་ཕྱིར་སྟེང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བཅུ་འདས་པར་སོང་ཡང་གཙུག་ཏོར་གྱི་མཐའ་མ་མཐོང་བ་ལྟ་བུའོ། །གཉིས་པ་ནི། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས། །ཞེས་སོགས་རྐང་བ་ལྔ་སྟེ། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ལྡན་པ་ཁྱོད་ལ་བརྟག་པ་མཐའ་བཟུང་དུ་གལ་ཏེ་འཇིག་རྟེན་གྱི་ཁམས་ཀུན་ན་ཡོད་པའི་སེམ་ཅན་ཐམས་ཅད་ཀྱིས། དུས་སྔ་ཕྱི་མ་ཡིན་པར་དུས་གཅིག་ཉིད་དུ་ཐེ་ཚོམ་གྱི་དྲི་བ་མི་འདྲ་བ་རེ་རེའི་དོན་སོ་སོར་ཞུས་ཀྱང་། སེམས་ཅན་དེ་དག་རེ་རེའི་མདུན་དུའང་དེ་སྙེད་ཀྱི་གྲངས་དང་མཉམ་པའི་སྐུའི་བཀོད་པ་མི་འདྲ་བ་རེ་རེའི་དུས་གཅིག་ཏུ་བསྟན་ནས། ལན་ལ་གསུང་གི་ཆོས་སྟོན་པའི་ཚུལ་མི་འདྲ་བའི་བཀོད་པ་རེ་རེས་དུས་གཅིག་མཛད་པར་ནུས་ཤིང་། དེ་ལྟར་མཛད་ཀྱང་ཐུགས་ལ་སྐུའི་འཕྲུལ་འདི་ལྟར་བྱའོ་སྙམ་པའི་རྟོག་པ་དང་། གསུང་གིས་ལན་འདི་ལྟར་བྱའོ་སྙམ་པའི་འབད་རྩོལ་དང་བཅས་པའི་རྟོག་པ་ཉེ་བར་ཞི་བ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྣམས་འབད་རྩོལ་མེད་པར་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་ལས་འདོད་དོན་འབྱུང་བ་བཞིན་ཡིན་པའི་ཕྱིར་ཏེ། །མཚན་བརྗོད་ལས། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། ཅེས་དང་། དབུ་མ་འཇུག་པ་ལས་ཀྱང་། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཡུན་རིང་ཆེས་འབད་པས་བསྐོར་འཁོར་ལོ་ནི། དེའི་རྩོལ་ད་ལྟ་སྐྱེས་པ་མེད་བཞིན་དུའང་། འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་ཞུགས་དེའི། འཇུག་པའི་སྐྱེ་བོའི་དགེ་དང་སྨོན་ལམ་གྱི། ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །སྐུའི་ཆོ་འཕྲུལ་སྟོན་ཚུལ་གྱི་ཁྱད་པར་མདོ་གཞན་ལས་ཀྱང་མང་དུ་བཤད་ཅིང་། ས་བཅུ་པའི་མདོ་ལས་འབྱུང་བའི་དོན་བསྡུས་ནས་དབུ་མ་འཇུག་པར། དང་པོའི་ཐུགས་བཟུང་བྱང་ཆུབ་སྙིང་པོའི་བར། །དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི། །རང་བཞིན་མཁྱེན་པས་བདག་བཞིན་བ་སྤུ་ཡི། །ཁུང་བུ་དུས་གཅིག་ལ་ནི་གསལ་བར་སྟོན། །དེ་བཞིན་དུས་གསུམ་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་ལྷག་སྐྱེ་བོའི་གནས་སྐབས་ནི། །ཐམས་ཅད་བ་སྤུའི་ཁུང་བུར་གཅིག་ཚེ་སྟོན། །དག་པ་འདི་ནི་བཞེད་པ་འཇུག་པ་ཡི། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །ཞེས་གསུངས་ཏེ་རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་གསུངས་པ་དང་འདྲའོ། །སངས་རྒྱས་ཀྱི་སྐུ་དངོས་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐུ་ཡིན་པས་ཁོང་སྟོང་དང་རྩ་རྒྱུས་ནང་ཁྲོལ་སོགས་མེད་དེ། རིམ་ལྔ་ལས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་གསུངས་པ་ལྟ་བུའོ། །སྟོན་པའི་སྐུ་གསེར་གང་བུ་ལྟ་བུ་ཡིན་པ་སོགས་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་ཁྱད་པར་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཕྱག་རྡོར་གྱིས་རྒྱས་པར་བཤད་ཅིང་། རྗེས་བསྟོད་སྤྲིན་རྒྱ་མཚོ་ལས་ཀྱང་། དེ་དང་མཐུན་པར་གསུངས་ཏེ་སྐུའི་ཡོན་ཏན་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ་དང་། གསུང་གི་ཡོན་ཏན་ཡན་ལག་དྲུག་ཅུ་མངའ་བ་ནི་གྲགས་ཆེ་ལ། གསུང་གིས་འགྲོ་བ་དུ་མ་ལ་ཆོས་སྟོན་པའི་ཚེ་སང་སྐྲི་ཏའི་སྐད་ལྟ་བུ་གཅིག་གསུངས་པ་ན་གཞན་སྐད་རིགས་མི་མཐུན་པ་རྣམས་ཀྱིས་རང་རང་གི་སྐད་དང་མཐུན་པར་གོ་བར་འགྱུར་ཏེ། ཇི་སྐད་དུ། གསུང་གཅིག་ཉིད་ཀྱིས་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ །ཞེས་དང་། མང་པོ་དག་གིས་དུས་གཅིག་ཞུ་ཞུས་ཀྱང་། །དེ་དག་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་སོ་སོ་ཡང་དག་རིག་པ་བཞི་མཐར་ཕྱིན་པ་རྣམས་ཀྱིས་ནི་ལྷ་ཀླུ་མི་སོགས་ཀྱི་སྐད་རིགས་མི་འདྲ་བ་ཐམས་ཅད་མཁྱེན་ཅིང་བརྗོད་པ་ཡིན་ཏེ། ཇི་སྐད་དུ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ལ་གཉིས། །རྫོགས་པར་རྟོགས་དཀའ་བ་དང་། །རྫོགས་པར་བརྗོད་དཀའ་བའོ། །དང་པོ་ནི། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཞེས་སོགས་རྐང་པ་བཞི་སྟེ། སྟོན་པ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི་ཡོན་ཏན་གྱི་གནས་ཚུལ་འདི་ནི་རྫོགས་པར་ཇི་ལྟ་བ་བཞིན་བརྗོད་དཀའ་བ་ཡིན་ཏེ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་འཕགས་པ་རྣམས་ཀྱིས་ཀྱང་གནས་ཚུལ་དེ་ལ་ཇི་ཙམ་བརྟགས་ཀྱང་ཇི་ལྟ་བ་བཞིན་བློའི་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་བ་མ་ཡིན་ན། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་སོགས་འཇིག་རྟེན་ན་ཆེ་བར་གྲགས་པ་རྣམས་དང་གཞན་གྱིས་མངོན་སུམ་དུ་རྟོགས་པ་ལྟ་སྨོས་ཀྱང་ཅི་འཚལ་བ་སྟེ་མི་ཤེས་སོ། །གཉིས་པ་ནི། མཁའ་ལྡིང་དབང་པོས་མཁའ་ལ་བགྲོད་བགྲོད་ནས། །ཞེས་སོགས་རྐང་པ་བཞི་སྟེ། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་གཤོག་རྩལ་ཆེ་ཡང་དེས་ནམ་མཁའི་མཐའ་ཉུལ་བའི་ཆེད་དུ་ནམ་མཁའ་དེ་ལ་བགྲོད་བགྲོད་ཀྱང་ནམ་ཞིག་ན་རང་གི་ལུས་ཀྱི་རྩལ་སྟོབས་བྲི་བས་ཏེ་ཟད་ནས་རང་གནས་སུ་ལྡོག་པར་འགྱུར་གྱི། ནམ་མཁའི་མཐའ་ཟད་པས་བགྲོད་ས་མ་རྙེད་པར་ལྡོག་པར་མི་འགྱུར་བ་བཞིན་དུ། བྱང་སེམས་ཉན་རང་འཇིག་རྟེན་པ་སོགས་ཀྱིས་ཀྱང་ཁྱོད་ཀྱི་ཡོན་ཏན་གྱི་མཐའ་རྫོགས་པར་བརྗོད་མི་ནུས་པའང་དེ་ལྟར་སོགས་ཏེ། དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་ལས། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །འདིར་འགྲེལ་པ་འགའ་ལས་བརྗོད་མི་ནུས་པའི་གང་ཟག་གོང་གི་བྱང་སེམས་ཉན་རང་སོགས་ལ་མ་སྦྱར་བར་བརྗོད་པ་པོ་རང་ཉིད་ལྟ་བུ་ཙམ་ལ་སྦྱར་བ་ནི་སྐབས་དོན་མིན་སྙམ་མོ། །གསུམ་པ་ལ་གསུམ། བསྟོད་པ་པོ་ཡོན་ཏན་ཁྱད་པར་ཅན་མེད་ཅིང་སྐྱོན་དང་བཅས་ནས་ཉམ་ཐག་ཚུལ། དེ་ལྟར་ཉམ་ཐག་པ་ཡལ་བར་མི་འདོར་བར་རྗེས་སུ་འཛིན་དགོས་ཤིང་མི་འཛིན་ན་སྔོན་དམ་བཅས་པ་དགོས་པ་མེད་ཚུལ། དེ་ལྟ་ནའང་རང་ཉིད་སྐྱོན་དང་བཅས་ཤིང་སྟོན་པ་སྐྱོན་མེད་དུ་བསྟན་པའོ། །དང་པོ་ནི། གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། །ཞེས་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་གཤོག་པའི་རྩལ་ལ་རབ་ཏུ་རྫོགས་པའི་ནམ་མཁའ་ལྡིང་གི་རྒྱལ་པོས་ནམ་མཁར་བགྲོད་པའི་ལམ་སྟེ་ཤུལ་དུ་གཤོག་རྩལ་ཉམ་ཆུང་བའི་བྱིའུ་ཀྱང་བགྲོད་པའི་རྩོལ་བ་བྱེད་པ་ལྟར། མཁའ་ལྡིང་ལྟ་བུའི་སྟོབས་བཅུ་མངའ་བའི་སྟོན་པ་ཁྱོད་གོ་འཕང་མཆོག་གང་དུ་གཤེགས་པའི་ལམ་མཆོག་དེར་ནི་འཇུག་པར་འདོད་པའི་བསྟོད་པ་པོ་བྱིའུ་ལྟ་བུ་བདག་ཅག་ནི། ཡོན་ཏན་གྱི་ངོས་ནས་གནས་ལུགས་སྟོང་ཉིད་ཟབ་མོའི་དོན་ལ་ལྟ་བའི་བློ་གྲོས་ཀྱི་མིག་ཉམས་ཤིང་། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སོགས་ཀྱི་ཡོན་ཏན་གྱི་འབྱོར་པས་ཀྱང་དབུལ་ལ། སྐྱོན་ཕྱོགས་ནས་བཟློག་དཀའ་བའི་སྟོབས་ལྡན་ཆགས་སོགས་ཉོན་མོངས་པའི་དགྲ་བོས་ནི་རྒྱུན་དུ་གཙེས་པ་སྟེ་གནོད། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་གཅོང་རོང་ཟབ་མོའི་སྦུབས་སུ་ནི་ལྷུང་བར་གྱུར་ལགས་སོ། །སྐྱོན་བརྗོད་པ་འདི་ནི་རང་ཅག་གདུལ་བྱ་ཕྱིས་འབྱུང་གི་གསོལ་འདེབས་བྱེད་པ་རྣམས་ལ་དགོངས་ཀྱི་མཁས་པ་ཁ་ཅིག་རྗེ་རང་ཉིད་ཁོ་ན་ལ་སྦྱར་སྣང་བ་ནི་དོན་ཅུང་མིན་ནམ་སྙམ་མོ། །གཉིས་པ་ནི། འདི་འདྲའི་ཉམ་ཐག་གནས་སུ་གྱུར་ལགས་ན། །ཞེས་སོགས་ཚིགས་བཅད་གཅིག་ཏེ། ཇི་སྐད་བཤད་པ་འདི་འདྲ་བའི་ཉམ་ཐག་པའི་གནས་སུ་གྱུར་ལགས་པ་བདག་ཅག་བརྩེ་བ་སྙིང་རྗེ་ཆེན་པོའི་གཏེར་ཆེན་སྟོན་པ་ཁྱོད་ཀྱིས་རྗེས་སུ་འཛིན་པ་འོས་ཤིང་། གལ་ཏེ་མི་འཛིན་པར་ཡལ་བར་འདོར་བ་མཛད་ལགས་ན་ནི་འོ་ན་དམན་པ་བདག་ཅག་རྣམས་ལ་ཆེས་ཆེར་བརྩེ་བའི་མགོན་སྐྱབས་སྟོན་པ་ཁྱོད་ལས་ལྷག་གཞན་པ་གང་ལ་སྐྱབས་སུ་གཟུང་བར་བྱ་སྟེ་དེ་འདྲ་མི་སྲིད་དོ། །གསུམ་པ་ནི། སྙིགས་མ་ལྔ་ཡི་ཧ་ཅང་སྦགས་པ་ཡི། །ཞེས་སོགས་ཚིག་བཅད་གཉིས་ཏེ། དེ་ལྟར་ཡལ་བར་འདོར་ན་ནི་ད་ལྟའི་སེམས་ཅན་ཚེ་ཐུང་བས་ཚེ་སྙིགས་མ། ཉོན་མོངས་ཆེ་བས་ཉོན་མོངས་སྙིགས་མ། བསོད་ནམས་ཆུང་ཞིང་འདུལ་དཀའ་བས་སེམས་ཅན་སྙིགས་མ། ལྟ་བས་དམན་པས་ལྟ་བ་སྙིགས་མ། དུས་མར་འགྲིབ་དྲུག་ཅུ་ཁ་རལ་གྱི་སྐབས་སུ་སོང་བས་དུས་སྙིགས་མ་སྟེ་སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་ཆེ་བ་ཡི་ཞིང་འདི་ནི། ཁྱོད་སྔོན་འཁོར་ལོ་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་འཁྱུད་ཀྱི་འདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་ཚེ། གྲོགས་གཞན་རྣམས་ཀྱིས་སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་རང་རང་གིས་དག་པའི་ཞིང་རེ་འཛིན་པའི་སྨོན་ལམ་བཏབ་པ་ལྟར་ལུང་བསྟན་ནས། མ་དག་པའི་ཞིང་འདི་འཛིན་པ་སྤངས་པའི་དུས་སུ་མགོན་པོ་ཁྱོད་ཀྱིས་ཡོངས་སུ་བཟུང་སྟེ་དམ་བཅའི་སྨོན་ལམ་མཛད་པ་ན། རྒྱལ་བ་སྲས་བཅས་ཀྱིས་རྒྱལ་སྲས་གཞན་རྣམས་ལ་པདྨ་ལྟ་བུ་དང་། ཁྱོད་ནི་པདྨ་གཞན་ལས་ཁྱད་པར་དུ་འཕགས་པའི་པདྨ་དཀར་པོ་ལྟ་བུའོ། །ཞེས་བསྔགས་ཤིང་ལེགས་སོ་ཞེས་བརྗོད་པའི་དགོས་པའང་ཅི་ཞིག་ཡོད་དེ་དགོས་པ་མེད་པའི་སྐྱོན་དུ་འགྱུར་རོ། །དེ་ལྟ་ན་སྙིགས་མ་ལྔ་བདོ་བའི་དུས་ཀྱི་སེམས་ཅན་རྣམས་འདུལ་དཀའ་བ་ཡིན་མོད་ཀྱི་འོན་ཀྱང་སྟོན་པ་ཐུགས་རྗེ་ཅན་ཁྱོད་ཀྱིས་གདུལ་བྱ་ཡལ་བར་འདོར་མི་སྲིད་དེ། ཁྱོད་ཀྱི་འཕྲིན་ལས་མཛད་པ་ལ་གདུལ་བྱ་སྣོད་དང་ལྡན་མི་ལྡན་དང་དུས་ལ་བབ་མ་བབ་སོགས་མ་བརྟགས་པར་ཡལ་བར་འདོར་བའི་བཏང་སྙོམས་སུ་འཇོག་པའི་སྐྱོན་ཅུང་ཟད་ཀྱང་ཁྱོད་ལ་མི་མངའ་བས་སྣོད་དུ་རུང་ཞིང་དུས་ལ་བབས་ན་ནི་ཀུན་གྱི་དོན་མཛད་པའི་ཕྱིར་ཏེ། དོན་མི་མཛད་པར་རེ་ཞིག་བཏང་སྙོམས་སུ་འཇོག་དགོས་པ་བྱུང་བ་ནི་སྐལ་པ་ངན་པ་བདག་ཅག་གི་ཉེས་པའི་སྐྱོན་ཁོ་ནར་ཟད་པའི་ཕྱིར་ཏེ། རྒྱུ་མཚན་དེ་ལྟར་ཡིན་པ་དེའི་ཕྱིར་སྟོན་པ་ཁྱོད་ལ་གཞན་དོན་མི་བྱེད་ཅེས་པའི་སྐྱོན་འཇུག་པའི་སྐབས་མེད་པའི་ཕྱིར་རོ། །བཞི་པ་ལ་གཉིས། མཇུག་གི་སྨོན་ལམ་དང་། མཛད་བྱང་ངོ་། །དང་པོ་ནི། དེ་ནས་བྱང་ཆུབ་སྙིང་བོར་བདུད་སྡེ་ལས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། སྟོན་པ་ཁྱོད་ལ་སྐྱོན་དེ་ལྟ་བུ་མེད་པས་ན་དུས་དེང་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་དུ་གནས་ཏེ་བདུད་ཀྱི་སྡེ་ལས་ཇི་སྲིད་རྒྱལ་བར་མ་གྱུར་པའི་དུས་དེ་སྲིད་དུ་ཡང་ཡང་སྐྱེ་ཞིང་སྐྱེ་བར་འགྱུར་བའི་སྐྱེ་བ་ཐམས་ཅད་དུ་ཁྱོད་ཀྱིས་རྗེས་སུ་བཟུང་ནས། ལེགས་པར་བཤད་པའི་གསུང་གི་བདུད་རྩི་འཐུང་བས་ངོམས་པ་མེད་པར་ཤོག་ཅིག་ཅེས་པའོ། །གཉིས་པ་མཛད་བྱང་ནི། ཞེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སོགས་ཏེ། དེ་བཞིན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་གཤེགས་ཤིང་མཉམ་པར་བཞག་པས་དེ་བཞིན་གཤེགས་པ། ཉོན་མོངས་པ་སྤངས་པས་དགྲ་བཅོམ་པ། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པས་ཡང་དག་པར་རྫོགས་པ། མ་རིག་པ་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པས་སངས་རྒྱས། ཤེས་རབ་ཀྱི་བསླབ་པའམ་རིག་པ་གསུམ་དང་ལྡན་པས་རིག་པ་དང་། རྫུ་འཕྲུལ་གྱི་རྐང་བའམ་ཚུལ་ཁྲིམས་དང་བསམ་གཏན་དང་ལྡན་པས་ཞབས་སུ་ལྡན་པ། སྤངས་རྟོགས་ཡོངས་སུ་རྫོགས་པའི་གོ་འཕང་དམ་པར་གཤེགས་པས་ན་བདེ་བར་གཤེགས་པ། སྣོད་བཅུད་ཀུན་དང་གདུལ་བྱའི་ཁམས་ཇི་ལྟ་བ་བཞིན་མཁྱེན་པས་འཇིག་རྟེན་མཁྱེན་པ། གདུལ་བྱའི་སྐྱེས་བུ་ཐབས་སྣ་ཚོགས་ཀྱི་སྒོ་ནས་འདུལ་བས་སྐྱེས་བུ་འདུལ་བ། ཡང་དག་པའི་ལམ་ལ་འཁྲིད་པས་ཁ་ལོ་བསྒྱུར་བ། དེའི་གོང་ན་མཆོག་ཏུ་གྱུར་པ་གཞན་མེད་པས་བླ་ན་མེད་པ། ལྷ་དང་མི་སོགས་ལ་བླང་དོར་ཇི་ལྟ་བ་བཞིན་སྟོན་པས་སྟོན་པ་སྟེ་གཞན་ནི་གོ་སླའོ། །བསྟོད་པ་འདི་བསྐུལ་བ་པོ་རྗེ་ཉིད་ཀྱི་སློབ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ཡིན་ལ། དེ་ཡང་རྗེ་བཙུན་འཇམ་དབྱངས་ཀྱིས་རྟོགས་ལྡན་པ་ལ་ཁྱེད་ཀྱིས་རྗེ་ལ་བསྟོད་པ་འདི་རྩོམ་པར་བསྐུལ་ཞིག་ཅེས་གསུངས་པ་གོར་མ་ཆགས་ཏེ། བསྟོད་པ་འདི་ཕྱོགས་ཐམས་ཅད་དུ་དར་ཞིང་ཁྱབ་པར་མ་ཟད་འདི་གདངས་བྱས་ནས་ཏོན་པ་ན་བློ་དམན་ཁོ་བོ་ཅག་ལྟ་བུ་ལ་ཡང་གཞོན་དུས་ནས་སྟོན་པ་ལ་དད་གུས་ཁྱད་པར་ཅན་སྐྱེས་ཏེ་མིག་ནས་མཆི་མ་འཁྲུགས་པ་དང་། ལུས་ཀྱི་བ་སྤུ་གཡོ་བ་སོགས་ལན་དུ་མར་འབྱུང་གི བསྟོད་པ་གཞན་འདོན་པའི་ཚེ་དེ་ལྟ་བུའི་དད་གུས་ཁྱད་པར་ཅན་མི་སྐྱེ་བའི་ཕྱིར་དང་། ཇི་སྐད་དུ། གཞན་ཡང་དབེན་གནས་དུ་མར་འཇམ་དབྱངས་ཀྱིས། །འདི་དང་འདི་འདྲའི་བསྟན་བཅོས་རྩོམས་ཤིག་དང་། །བསྟན་དང་འགྲོ་ལ་ཕན་པ་འབྱུང་ངོ་ཞེས། །གསུངས་ནས་བཀའ་བཞིན་མཛད་པའི་བཙོང་ཁ་པ། །ཞེས་འབྱུང་བའི་དོན་ཁྱད་པར་ཅན་བསྟོད་པ་འདི་ལ་ལེགས་པར་ཚང་བའི་ཕྱིར་རོ། །སྨྲས་པ། རྒྱལ་བ་གཉིས་པར་གྲགས་པའི་བཙོང་ཁ་པས། །ལྷ་མིའི་སྟོན་པ་ཤཱཀྱའི་ཏོག་གྱུར་དེའི། །ཡོན་ཏན་བརྗོད་པའི་བསྟོད་ཚིག་ཕྲེང་མཛེས་འདི། །སྐལ་བཟང་ཡོངས་ཀྱི་མགུལ་བའི་རྒྱན་དུ་སྤེལ། །གང་འདིའི་དགོངས་དོན་རྒྱ་མཚོའི་ཡིད་བཞིན་ནོར། །ལེགས་བཤད་རྒྱལ་མཚན་རྩེ་མོར་མངོན་མཆོད་དེ། །དོན་བཟང་འདོད་རྒུའི་ཆར་ཆེན་འབེབས་བྱེད་ཀྱིས། བློ་གསལ་དོན་གཉེར་ཅན་དག་འདུས་ཤིག་ཀྱེ། །འདིར་འབད་དགེ་ལེགས་ཀུན་དའི་གཉེན་གྱུར་ཏེ། །སྐྱེ་ཀུན་ལྷ་མིའི་རྟེན་བཟང་རྙེད་པ་དང་། །ཐུབ་དབང་ཉིད་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་གྱུར་ཅིག །ཅེས་པ་འདི་ནི་སྔར་བསྟོད་པ་འདིའི་ཊཱིཀྐ་ཅུང་རྒྱས་ཙམ་ནི་བྲིས་ཡོད་པ་པར་དུ་བརྐོ་འདོད་ཀྱང་། བོར་ནས་མ་རྙེད་པས་སླར་ཡང་འགྲེལ་པ་འདི་ཉིད་ཤཱཀྱའི་དགེ་སློང་གྲགས་པར་བཤད་སྒྲུབ་ཅེས་བྱ་བས་རང་ལོ་རེ་བརྒྱད་ཐོག་ཅོ་ནའི་དགོན་ཉིད་དུ་དད་པས་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་དགེ་སློང་ཀུན་དགའ་ནོར་བུའོ། །འཕགས་པ་སྐྱབས་ཀྱིས་བརྐོས་པའོ།། །།མདྒ་ལཾ།


previousསྐབས་གསུམ་མའི་ཊཱིཀྐ་རྗེའི་དགོངས་གསལ་སྒྲོན་མེ།next