Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བའི་ཚིག་འགྲེལ་རྒྱལ་སྲས་སྤྱོད་པའི་འབྱུང་གནས།
   
   
   
   


 
previousརྗེ་བཙུན་བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བའི་ཚིག་འགྲེལ་རྒྱལ་སྲས་སྤྱོད་པའི་འབྱུང་གནས།next

རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བའི་ཚིག་འགྲེལ་རྒྱལ་སྲས་སྤྱོད་པའི་འབྱུང་གནས།

རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བའི་ཚིག་འགྲེལ་རྒྱལ་སྲས་སྤྱོད་པའི་འབྱུང་གནས་བཞུགས།

ན་མོ་ཨཱཪྱ་ཏཱ་ར་ཡེ། བརྩོན་པའི་དྲི་བཞོན་རྟག་ཏུ་བསྐྱེད་པས་ཚོགས་གཉིས་མ་ལ་ཡ་ཀླུང་ནས། ཉེར་དྲངས་གཟུགས་སྐུ་ཙནྡན་ལྗོན་པ་མཁྱེན་བརྩེའི་མེ་ཏོག་རབ་བཀྲ་བ། །རྣམས་གསུམ་འཁོར་ལོའི་དྲི་བསུང་མངར་མོ་རིས་མེད་འགྲོ་བའི་ཡིད་ཀྱི་མཁར། །ཡོངས་འཐུལ་སྡུག་ཀུན་ཚ་གདུང་འཕྲོག་མཛད་ཟླ་མེད་སྟོན་པ་དེ་ལ་འདུད། །རབ་མཐོ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ། །རབ་བརྗིད་གདོང་ལྔས་བཏེགས་པའི་རིན་ཆེན་ཁྲིར། །རབ་མཛེས་བཟང་པོའི་བཞུགས་སྟངས་བྱམས་མགོན་ཞབས། །རབ་ཏུ་མི་ཕྱེད་དད་པས་སྤྱི་བོར་བསྟེན། །བློ་ཆེན་རྒྱལ་བའི་མཁྱེན་བརྩེའི་ཆུ་ཤེལ་ཀུན། །གཅིག་བསྡུས་ཐར་འདོད་ལམ་བཟང་མཚོན་པའི་མིག །སྨྲ་བའི་ཟླ་བ་གྲགས་པའི་འོད་དཀར་ཅན། །རྗེ་བཙུན་བླ་མ་མཆོག་གིས་དགེ་ལེགས་སྩོལ། །གང་ཐུགས་ཆུ་གཏེར་འཛིན་ལས་ལེགས་འཁྲུངས་པའི། །བསྟོད་ཚིག་རིན་ཆེན་བུམ་པ་བཟང་པོ་ཡི། །དགོངས་དོན་སྙིང་པོ་བདུད་རྩིའི་བཅུད་འཁྱིལ་བ། །དད་པའི་སྙིམ་པས་ཅུང་ཟད་ལེན་ལ་སྤྲོ། དེ་ལ་འདིར། རྗེ་བཙུན་ཙོང་ཁ་པ་ཆེན་པོས་མཛད་པའི་རྒྱལ་བ་བྱམས་པ་མགོན་པོའི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བ་ནི་གང་བཤད་པར་བྱ་བའི་ཆོས་སོ། ། འདི་འཆད་པ་ལ་གཉིས། བཤད་པ་ལ་འཇུག་པའི་ཡན་ལག་དང་། བཤད་པ་ལ་འཇུག་པ་དངོས་སོ། །དང་པོ་ལ་གཉིས། བླ་མ་དང་འཇམ་དབྱངས་དབྱེར་མེད་དུ་ཕྱག་འཚལ་བ་དང་། ཁྱད་པར་འཇམ་དབྱངས་ལ་བསྟོད་པའི་སྒོ་ནས་བཤད་པར་དམ་བཅའ་བའོ། །དང་པོ་ནི། ན་མོ་ཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། །ཞེས་གསུངས་ཏེ། ཚིག་དོན་ནི་དཔལ་ལྡན་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་ཡིན་ཏེ། དེ་ལ་ན་མོ་ནི་ཕྱག་འཚལ་བའམ་འདུད་པ། ཤྲཱི་ནི་དཔལ་ལམ་དཔལ་ལྡན། གུ་རུ་ནི་བླ་མ། མཉྫུ་ནི་འཇམ། གྷོ་ཥཱ་ནི་དབྱངས། ཡ་ནི་ལ་ཞེས་བྱ་བའི་དོན་དུ་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ནི། གཉིས་གཤིན་བྱམས་པས་རྟག་ཏུ་བརླན་ཡང་། ཞེས་པ་ནས་མི་ཕམ་མགོན་ལ་བསྟོད། །ཅེས་པའི་བར་གསུངས་ཏེ། དོན་ནི། དཔེར་ན། རྡོ་ཤིང་སོགས་ཀྱི་རང་རོང་རྣམས་ལེགས་པར་བསལ་ནས་ཤིན་ཏུ་འཇམ་ཞིང་དུལ་བར་བྱས་པའི་ཞིང་ས་གཤིན་པོ་ལྟར། ཆགས་སྡང་གི་མི་སྙོམས་པ་རྣམས་ཞི་བར་བྱས་ནས་དུལ་བའི་རང་བཞིན་ཅན་དུ་སོང་བས་ན། མཉེས་གཤིན་ཏེ་དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་དེ་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་ལྡན་པར་གྱུར་ཅིག །ལྡན་པར་བྱའོ་སྙམ་དུ་དགོངས་པ་ཡིད་འོང་གི་བྱམས་པ་ཆེན་པོའི་ཆུ་ཡིས་ཐུགས་རྒྱུད་དུས་སྐད་ཅིག་ཙམ་མ་ཡིན་པར་རྟག་ཏུ་བརླན་པ་ཡིན་མོད་དེ་ལྟ་ན་ཡང་བྱམས་པའི་སྟོབས་ཀྱིས་ནག་པོའི་རྩ་ལག་སྟེ། བདུད་ཀྱི་རིགས་སུ་གཏོགས་པ་གཉེན་དང་བཅས་ལ་ཐམས་ཅད་སྲེག་པ་སྟེ་འཇོམས་པར་བྱེད་ལ། ཤིན་ཏུ་གཅད་པར་དཀའ་བའི་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་དང་སྲེད་པའི་འཆིང་བ་དམ་པོ་རྣམས་ནི་བཅད་དུ་ཟིན་ཀྱང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་ཆེན་པོའི་འཆིང་བས་ཐུགས་རྒྱུད་དམ་དུ་བཅིངས་ཤིང་། རང་དོན་མཐར་ཐུག་ཆོས་སྐུ་དེ་བཞིན་ཉིད་ལ་མཉམ་པར་གཞག་པའི་ཚུལ་ལས་དུས་ནམ་ཡང་ལྡང་བར་མི་བྱའོ་སྙམ་དུ་དགོངས་པའི་ཞི་བའི་བཏང་སྙོམས་དུས་རྒྱུན་དུ་ཐུགས་ལ་ལྡན་ན་ཡང་། བདག་པས་ཏེ་རང་ཉིད་ལས་ཀྱང་སེམས་ཅན་གཞན་ལ་གཅེས་པར་འཛིན་པའི་ཐུགས་རྗེ་ཆེན་པོ་དད་྄ལྡན་པ་འཇམ་དབྱངས་ཀྱི་ཞབས་ལ་ཤིན་ཏུ་གུས་པས་བཏུད་པ་སྟེ་འདུད་པར་བགྱིའོ། །ཅེས་པའོ། །བསྟོད་པ་འདི་ནི། དོན་རྒྱན་སོ་ལྔའི་ནང་ནས་འགལ་རྒྱན་དུ་མཛད་པ་ཡིན་ཏེ། འཇམ་དབྱངས་ཀྱི་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་ནག་ཕྱོགས་ཀྱི་སེམས་ཅན་འཇོམས་པ་གཉིས་དོན་ལ་མི་འགལ་ཡང་འགལ་བ་ལྟར་སྣང་བ་དང་། བདག་འཛིན་བཅད་པ་དང་། སྙིང་རྗེས་བཅིང་པ་གཉིས་དང་། ཞི་བའི་བཏང་སྙོམས་ལྡན་པ་དང་གཞན་ཅེས་པར་འཛིན་པ་གཉིས་ཀྱང་མི་འགལ་ཡང་འགལ་བ་ལྟར་སྣང་བ་རྣམས་གཞི་འཇམ་དབྱངས་ལ་ཅིག་ཆར་ལྡན་པའི་སྒོ་ནས་བསྟོད་པའོ། །མ་བརྟགས་པའི་བཏང་སྙོམས་སངས་རྒྱས་ལ་མི་མངའ་ཡང་བརྟགས་པའི་བཏང་སྙོམས་མངའ་བས། ཞི་བའི་བཏང་སྙོམས་ཞེས་པ་ནི་སྤྱིར་ཆགས་ལྡང་མེད་པའི་བཏང་སྙོམས་ལ་བཤད་དུ་རུང་ཙམ་སྣང་ཡང་། སྔར་བཤད་པ་དེ་སྐབས་ཀྱི་དོན་ཡིན་པར་སེམས་ལ། འོན་ཀྱང་ཚད་མེད་བཞིའི་སྒོ་ནས་བསྟོད་པར་བྱས་ན་སྤྱིར་བཤད་ན་བདའ། གུས་པས་འདུད་ཅེས་འབྱུང་རིག་ཀྱང་བཏུད་ཅེས་འབྱུང་བ་ནི་ནས་སོགས་འོག་མ་འདྲེན་པའི་ཆེད་དུ་གསུངས་སོ། །འོ་ན་འདིར་འཇམ་དབྱངས་ལ་བསྟོད་པ་འབྱུང་བའི་དགོངས་པ་གང་ཡིན་ཞེ་ན། དེའི་རྒྱུ་མཚན་ནི་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་འཇམ་དབྱངས་ལ་བཏུད་ནས་བྱ་བ་ཅི་ལ་འཇུག་ཅེ་ན། དེ་ཡང་བསྟོད་ཅིང་ཕྱག་འཚལ་བ་དང་དམ་བཅའ་བ་གཉིས་རྒྱུན་ཅིག་ཏུ་སྦྱོར་ཞིང་བྱ་བ་གཉིས་བྱེད་པོ་གཅིག་གིས་བྱེད་པར་སྟོན་པའི་ཕྱིར་ནས་ཞེས་མཚམས་སྦྱར་སྟེ་ཕུང་པོའི་བདུད་ལ་སོགས་པ་ཐུབ་པར་དཀའ་བའི་བདུད་བཞི་ལས་རྒྱལ་བ་མི་ཕམ་མགོན་པོ་ལ་བསྟོད་པར་བགྱིའོ། །ཞེས་པ་དེ་བསྟོད་པར། བདུད་བཞིའི་གཡུལ་ལས་རྒྱལ་བའི་མི་ཕམ་མགོན། ཞེས་གསུངས་པ་བཞིན་ནོ། ། གཉིས་པ་བཤད་པ་ལ་འཇུག་པ་དངོས་ལ་གསུམ། བསྟོད་པ། གསོལ་བ་འདེབས་པ་སྨོན་ལམ་གདབ་པའོ། །དང་པོ་ནི། གདོང་བཞིས་མང་པོའི་ཞལ་ནས་རབ་ཏུ་བསྔགས། །ཞེས་པ་ནས། སྨྲེ་སྔགས་སྒོ་ནས་སྨྲ་ལ་ཡུད་ཙམ་དགོངས། ། ཞེས་པའི་བར་གསུངས་ཏེ། དོན་ནི། འཇིག་རྟེན་གྱི་མེས་པོ་གདོང་བཞི་བ་ཅན་གྱི་ཚངས་པས་རང་གི་མང་པོའི་ཞལ་ཏེ། ཞལ་མང་པོ་དེ་དག་ནས་ཁྱོད་ཀྱི་ཡོན་ཏན་བརྗོད་ཅིང་རབ་ཏུ་བསྔགས་ཤིང་། སྤྱན་སྟོང་དང་ལྡན་པའི་བརྒྱ་བྱིན་གྱིས་ཀྱང་མིག་སྟོང་གིས་ཁྱོད་ལ་དང་བས་དུས་རྒྱུན་དུ་བལྟ་ལ། རང་གི་ཆུང་མ་དགའ་མའི་བདག་པོ་བདུད་ཀྱི་རིས་སུ་གྱུར་པ་འདོད་ལྷ་ཡིས་རང་ཉིད་ཁེངས་པའི་དྲེགས་པ་བཏང་ནས་ཁྱོད་ཀྱི་ཞབས་ལ་བཏུད་པ་ཐུབ་པའི་རྒྱལ་ཚབ་དེའི་ཞབས་ལ་གུས་པས་ཕྱག་བགྱིའོ། །ཞེས་པ་སྟེ། ཕྱག་འཚལ་བའི་སྒོ་ནས་བསྟོད་པའོ། །ཚངས་པ་ལ་གདོང་བཞི་འོང་ཚུལ་དང་། བརྒྱ་བྱིན་ལ་མི་སྟོང་འབྱུང་ཚུལ་ནི་མང་བར་དོགས་ནས་མ་བྲིས་སོ། །གཞན་ཡང་དཔེར་ན། ཤིན་ཏུ་དང་བའི་རྒྱ་མཚོ་ལ་འདབ་བརྒྱ་བ་སྟེ་པདྨས་རྣམ་པར་མཛེས་པ་དང་། པདྨ་དེ་ཉིད་ལ་ཡང་ཉིན་བྱེད་དཀྱིལ་འཁོར་འོད་ཀྱིས་མཛེས་པ་དང་། སྤྲིན་དང་རྡུལ་སོགས་སྒྲིབ་བྱེད་ཀྱིས་དག་པའི་ནམ་མཁའ་ལ་རྒྱུ་སྐར་མགོན་ཏེ་ཟླ་བའི་དཀྱིལ་འཁོར་གྱིས་མཛེས་པ་དང་། ཟླ་བའི་དཀྱིལ་འཁོར་དེས་ཀྱང་མེ་ཏོག་ཀུནྡའི་ཚལ་ལ་མཛེས་པ་བསྐྱེད་པ་དེ་བཞིན་དུ། ཕྱག་ཞབས་ཀྱི་འཁོར་ལོ་སོགས་མཚན་སོ་གཉིས་དང་། སེན་མོ་ཟངས་མདོག་སོགས་དཔེ་བྱེད་བཟང་པོ་བརྒྱད་ཅུའི་ཕྲེང་བས་རྣམ་པར་སྤྲས་པའི་བྱམས་མགོན་གང་གི་སྐུ་མཆོག་སུས་ཡི་མཐོང་མ་ཐག་ཏུ་མཛེས་པའི་རྣམ་འགྱུར་གྱིས་མཐོང་བའི་འགྲོ་བ་དེའི་ཡིད་འཕྲོག་པར་ནུས་པའི་བྱམས་མགོན་ཁྱོད་ཀྱི་ཞབས་ཀྱི་པདྨོ་སྐྱེ་ཞིང་སྐྱེ་བར་ཏེ་མ་འོངས་སྐྱེ་བ་ཐམས་ཅད་དུ་བསྟོད་པ་པོ་བདག་གི་གཙུག་ན་མཛེས་པར་གྱུར་ཅིག ཅེས་པ་སྟེ་སྨོན་ལམ་གྱི་སྒོ་ནས་བསྟོད་པའོ། །འདི་ནི་འཕྲེང་བ་གསལ་བྱེད་ཀྱི་དཔེ་རྒྱན་ནོ། །མཚན་དཔེའི་ཁྱད་པར་ནི་གཞན་དུ་ཤེས་པར་བྱའོ། །ཡང་། ཉོན་མོངས་པའི་བདུད་སོགས་འཇོམས་པར་བྱེད་ཅིང་འཁོར་ཉན་རང་བྱང་སེམས་སོགས་མཁས་པའི་ཚོགས་ནང་དུ་ཞུམ་པ་སོགས་ཀྱི་འཇིགས་པ་ཀུན་བྲལ་ཞིང་། ལྷག་པ་ལྟ་ཅི་ཁྱོད་དང་མཉམ་པ་ཡང་མེད་པས་ན། མཚུངས་མེད་དང་། མི་མཐུན་ཕྱོགས་ལས་རྒྱལ་བས་ན་དཔའ་བོ་ཆོས་སྟོན་པ་ལ་ཤིན་ཏུ་མཁས་པས་ན་ས་འོག་ས་སྟེང་ས་བླ་སྟེ། སྲིད་གསུམ་གྱི་སྟོན་པ་མཆོག་དང་། ཤིན་ཏུ་ཉམ་ང་བར་ལྷུང་བའི་སྡུག་བསྔལ་ཅན་གྱི་འགྲོ་བ་རྣམས་ལ་དུས་རྟག་ཏུ་ཐུགས་རྗེས་གཟིགས་པ་འཇུག་པའི་རྣམ་འདྲེན་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ཕྱག་འཚལ་བའི་སྒོ་ནས་བསྟོད་པའོ། །མཚུངས་པ་མེད་པ་ནི། སངས་རྒྱས་རྣམས་ལས་གཞན་པ་ལ་དགོངས་སོ། །ཉམ་ང་ནི་སྡུག་བསྔལ་ཅན་དུ་གྱུར་པ་དང་། རྣམ་འདྲེན་ནི། སེམས་ཅན་ངན་སོང་དང་འཁོར་བ་ལས་ལེགས་པར་འདྲེན་པའོ། །ཡང་ཚད་བགྲང་བའི་མཐའ་ཡས་པ་སྟེ་མཐའ་མེད་པའི་ཤེས་བྱར་ཐོགས་པ་མེད་པར་འཇུག་པའི་མཁྱེན་པའི་སྟོབས་ཀྱིས་ནི་མ་རུང་བའི་བདུད་ཀྱི་སྡེ་ཐམས་ཅད་ཀྱང་། དཔེར་ན། གནམ་ལྕགས་ཀྱི་སེར་བ་སྟེང་དུ་འབབ་པའི་མེ་ཏོག་གཞོན་ནུ་བཤིག་ཅིང་བཅོམ་པ་དེ་བཞིན་དུ་ཕམ་པར་མཛད་ཅིང་། དེ་ལྟར་ནུས་པའི་གནས་དང་གནས་མིན་མཁྱེན་པའི་སྟོབས་སོགས་སྟོབས་བཅུའི་དཔལ་གྱིས་བརྗིད་པ་བྱམས་མགོན་ཁྱོད་ཉིིད་ལ་ཡོད་ཞེས་པའོ། །འདིར་གནམ་ལྕགས་བབ་པས་ཞེས་ཐོབ་པར་སྣང་ཡང་སྔར་བཞིན་འབྱུང་ངོ་། །སྟོབས་བཅུ་ནི་མདོར་བསྡུ་ན། འགྲེལ་པ་དོན་གསལ་ལས། དེ་ལ་གནས་དང་གནས་མ་ཡིན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། མོས་པ་སྣ་ཚོགས་དང་། འཇིག་རྟེན་གྱི་ཁམས་དུ་མ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུ་དང་ཞེས་གསུངས་པ་ལྟར་རོ། །འདི་ལྟར་བསྟོད་པ་ནི་རྗེ་བཙུན་སངས་རྒྱས་ཁོ་ནའི་དབང་དུ་བྱས་པ་སྟེ་སེམས་ཅན་ལ་སྟོབས་བཅུ་པོ་དེ་རྣམས་མེད་པས་སོ། ། ཡང་བྲམ་ཟེའམ། བདུད་དམ། ཚངས་པ་སོགས་སུས་ཀྱང་ཆོས་དང་མཐུན་པར་རྒོལ་བར་མི་ནུས་པས་ན་མཁྱེན་རབ་ཀྱི་སྡེར་སྔར་སྨྲས་པའི་ཕས་ཀྱི་རྒོལ་བ་གླང་པོ་དྲེགས་པ་ཅན་ལྟ་བུའི་ཀླད་པ་འགེམས་ཤིང་། ལེགས་པར་བཤད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲ་ཆེན་པོ་རང་གི་འཁོར་གྱི་ཚོགས་དབུས་སུ་བསྒྲགས་པར་མཛད་པ་ཡིས། ཚངས་པ་ནས་མུ་སྟེགས་པར་གྱི་སྨྲ་བ་ངན་པའི་ཝ་སྐྱེས་རྣམས། །མཐར་མཛད་པ་སྟེ་རླག་པའམ་ཕམ་པར་མཛད་ནུས་པའི་མི་འཇིགས་པ་བཞི་དང་ལྡན་པའི་མི་ཡི་སེདྒེ་ལྟ་བུར་གྱུར་བ་ནི་ཁྱོད་ཉིད་དོ་ཞེས་སོ། །འདི་ནི་གཟུགས་ཅན་གྱི་རྒྱན་དུ་བྱས་པ་སྟེ། ཕས་རྒོལ་དང་གླང་པོ་སྦྱར། རྗེ་བཙུན་དང་སེདྒེ་སྒྲ་དང་ཆོས་འཁོར་སེདྒེ་སྒྲས་རི་དྭགས་སྐྲག་པ་དང་། ཆོས་ཀྱི་ཝ་སྐྱེས་ལྟ་བུའི་རྒོལ་བ་སྐྲག་པ་རྣམས་སྦྱར་བས་སོ། །འོན་ཀྱང་གོ་བདེ་བའི་ཆེད་ཅུང་ཟད་དཔེ་དང་དཔེ་ཅན་སོ་སོར་བཤད་པའོ། །མི་འཇིགས་པ་བཞི་ནི་བསྡུ་ན་འདི་ལྟར་ཡིན་ཏེ། རང་ཉིད་ཐམས་མཁྱེན་པར་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པས། རྟོགས་པ་ཕུན་ཚོགས་དང་ལྡན་པར་དམ་བཅའ་བ་ལ་མི་འཇིགས་པ་དང་། འདོད་ཆགས་སོགས་ཀྱི་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པས་བར་ཆད་བྱེད་དོ། །ཞེས་བར་ཆད་ཀྱི་ཆོས་ལ་དམ་བཅའ་བ་དང་། བདག་མེད་རྟོགས་པའི་ལམ་སོགས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པར་འགྱུར་ཞེས་ངེས་འབྱུང་གི་ཆོས་ལ་དམ་བཅས་པ་དང་། ངས་ཉོན་མོངས་སོགས་སྤངས་པའོ་ཞེས་སྤངས་པ་ཕུན་ཚོགས་མངའ་བར་དམ་བཅས་པ་ལ་མི་འཇིགས་པ་སྟེ་འགྲེལ་པ་ལས། ང་ནི་སངས་རྒྱས་སོ་ཞེས་པ་བདག་ཉིད་ཞལ་གྱིས་འཆེས་པ་དང་། ཞེས་པ་ནས། བདག་ཉིད་ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་རྒོལ་པ་པོ་མེད་པས་མི་འཇིགས་པའི་རྣམ་པ་བཞི་དང་། ཞེས་གསུངས་པས་སོ། །ཡང་དབང་ཕྱུག་དང་སྟོབས་སོགས་ཀྱི་དྲེགས་པས་ཁེངས་པའི་མངོན་རློམ་གྱིས་མཐོ་བའི་འཇིག་རྟེན་གྱི་མེས་པོ་ཚངས་བ་དང་། ཉག་ཕྲན་གྱི་བདག་པོ་དང་། གཞན་ཡང་འཇིག་རྟེན་ན་གནས་པའི་དགེ་སྦྱོང་དང་། བྲམ་ཟེ་སོགས་ཏེ་དེ་མ་ཡིན་པ་གཞན་གང་གིས་ཀྱང་ཇི་ལྟ་བ་བཞིན་སྨྲ་བ་མ་ནུས་པའི་ཆོས་ཀྱི་འཁོར་ལོ་མཆོག་དེ། ལེགས་པར་བསྐོར་བའི་སྒོ་ནས་འགྲོ་བ་རྣམས་ལ་བྱམས་པས་ཁྱབ་པའི་མགོན་པོ་ཁྱོད་ལ་འདུད་དོ་ཞེས་པའོ། །འདི་ལ་མཁས་པ་ཁ་ཅིག་ཉག་ཕྲན་ནི་མདའི་མིང་ཡིན་ལ། མེ་ཏོག་གི་མདའ་ལྔ་དང་ལྡན་པས་ན། ཉག་ཕྲན་བདག་པོ་སྟེ་འདོད་ལྷ་དགའ་རབ་དབང་ཕྱུག་གོ་གསུང་། འོན་ཀྱང་། མངོན་བརྗོད་འགྲེལ་པ་ལས། ཉག་ཕྲན་ནི་ལྷ་མིན་གྱི་བུ་མོ་ཉག་ཕྲན་ཞེས་པ་ཡིན་ལ། དེའི་ཁྱོའམ་བདག་པོ་སྟེ་འདོད་ལྷའི་བུ་མ་འགག་པ་ཡིན་པར་བཤད་དོ། ། བྱམས་པའི་མགོན་པོ་ཞེས་པ་ནི་བར་དུ་དྲུག་པའི་སྒྲ་སྣང་བ་ལྟར་བཤད་ཀྱི། གཞན་དུ་ན་བྱམས་མགོན་ཞེས་པའི་དོན་དུ་འགྱུར་རོ། །བསྟོད་པ་འདི་ནི་སྔར་བཤད་པའི་མི་འཇིགས་པ་བཞིའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་སྒོ་ནས་བསྟོད་པ་ལ་ཅུང་ཟད་སྦྱར་དུ་སྣང་ཡང་། སོ་སོ་ཡང་དག་པར་རིག་པ་བཞིའི་སྒོ་ནས་བསྟོད་པ་ཡིན་པར་སྐབས་སྟོབས་ཀྱིས་ཤེས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་པ། དེ་བཞིན་དུ། དོན་དང་། ངེས་པའི་ཚིག །སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཡང་། ཉིད་ཀྱི་སྐུ་ལ་འཁྲུལ་བའི་མིང་ཡང་མེད་ཅིང་། གསུང་ལ་ཅ་ཅོ་མེད་ལའང་སྒྲ་ཡོད་པ་ལྟར་ན་སྐུ་ལ་འཁྲུལ་བ་མེད་པར་མ་ཟད་གསུང་ལ་ཡང་འཁྲུལ་བའི་མིང་མེད་པ་དང་ཐུགས་ནི་དྲན་པ་མ་ཉམས་པར་དུས་རྟག་ཏུ་ཏིང་འཛིན་ལ་མཉམ་པར་བཞག་པ་དང་། འཁོར་འདས་རང་བཞིན་གྱི་གྲུབ་པའི་ཐད་དུ་འཛིན་པ་མེད་པ་དང་། དུས་ཡིན་མིན་ནམ་རྟགས་པར་འཇོག་པའི་བཏང་སྙོམས་ཀྱིས་དབེན་པའི་ཕྱིར་ན་ཁྱོད་ཀྱི་སྦྱོད་པ་མ་འདྲེས་པ་དྲུག་ཡོངས་སུ་དག་པ་ཡིན་ནོ། །ཞེས་པའོ། །དེ་ཡང་འགྲེལ་ཆུང་ལས་འཁྲུལ་བ་དང་། ཅ་ཅོ་དང་། དྲན་པ་ཉམས་པ་དང་། ཐུགས་མཉམ་པར་མ་བཞག་པ་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། སོ་སོ་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་རྣམ་པ་དྲུག་དང་། ཞེས་གསུངས་པ་ལྟར་རོ། །ཡང་ཉིད་ཀྱི་འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་རྣམས་ལ་ནི་ཉམས་པའི་གོ་སྐབས་མ་ལུས་པ་རིང་དུ་མཛད་པ་སྟེ་ཉམས་པའི་སྐབས་མི་སྲིད་པ་བྱས་པའི་རྒྱུ་མཚན་དེའི་ཕྱིར་ཁྱོད་ཀྱི་རྟོགས་པ་མ་འདྲེས་པ་དྲུག་ཡོངས་སུ་དག་པ་བླ་ན་མེད་དོ་ཞེས་པའོ། །དེ་ཡང་དེ་ཉིད་ལས། འདུན་པ་དང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བའི་རྣམ་པ་དྲུག་དང་། ཞེས་གསུངས་སོ། །ཡང་འདས་མ་འོངས་ད་ལྟའི་དུས་གསུམ་ཐམས་ཅད་ནི་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་གསུམ་དང་། སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་རྣམ་པར་དག་པ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྣམ་པ་གསུམ་སྟེ། དེ་ལྟ་བུའི་འཕྲིན་ལས་དང་ལྡན་པས་སྲིད་པའི་ཕྱི་མཐའ་སྟེ་འཁོར་བའི་ཕྱི་མཐའ་ཇི་སྲིད་འཇུག་པ་དེ་སྲིད་དུ་འགྲོ་བའི་དོན་ལ་མཛད་པའི་ཁུར་གྱིས་སྐྱོ་བ་མེད་པ་ཐུགས་དགྱེས་བཞིན་དུ་འཇུག་པ་ཁྱོད་ལ་འདུད་དོ་ཞེས་པའོ། ། དེ་ཡང་དེ་ཉིད་ལས། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་རྣམ་པ་གསུམ་སྟེ། ཞེས་ཡེ་ཤེས་མ་འདྲེས་པ་གསུམ་དང་། སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ཞེས་སོགས་ཀྱི་འཕྲིན་ལས་མ་འདྲེས་པ་གསུམ་སྟེ་དྲུག་ཡིན་ལ། སྔ་ཕྱི་བསྡོམས་པས་དྲུག་གསུམ་བཅོ་བརྒྱད་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །ཡང་སྔར་བཤད་པའི་ཡོན་ཏན་སོགས་རྒྱ་ཆེ་བའི་ཡོན་ཏན་གྱི་ཕུང་པོ་རྣམས་རབ་ཏུ་རྫོགས་པས་ན། སྐྱོན་རགས་པ་སྤངས་པ་མ་ཟད་ཕྲ་མོའི་སྐྱོན་ཡང་འཇུག་པའི་གོ་སྐབས་བཅོམ་པ་ཁྱོད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོའི་ཡུལ་དུ་གྱུར་པ་བདག་གིས། སྨྲེ་སྔགས་ཀྱི་སྒོ་ནས་སྨྲ་བར་འགྱུར་བ་འདི་རྣམས་ལ་ཡུད་ཙམ་སྟེ་དུས་ཅུང་ཟད་ཅིག་གི་བར་དུ་དགོངས་ཤིང་གསན་པར་རིགས་སོ། །ཞེས་པ་སྟེ། འོག་ནས་འབྱུང་བའི་གསོལ་འདེབས་སོགས་ལ་ཐུགས་དགོངས་གཏོད་པའི་སྙན་གསན་ཕབ་པའོ། །ཚིགས་རྐང་ཕྱི་མ་གཉིས་པོ་འདི་གསོལ་འདེབས་ཀྱི་འགོ་འདྲེན་ཡིན་ཀྱང་འཇུག་པ་བདེ་ཆེད་འདིར་དྲངས་སོ། །ཡུད་ཙམ་དགོངས་པ་ཡང་གསོལ་འདེབས་འདི་དེ་ཙམ་དུ་ཡུན་མི་རིང་བ་ལ་ལྟོས་པ་ཡིན་གྱི་སྤྱིར་དུས་ཡུན་ཐུང་ངུ་ཞིག་ལ་དགོངས་པའི་དོན་མ་ཡིན་ནོ། །སྨྲེ་སྔགས་ན ི། རྩོམ་པ་པོ་འཁོར་བ་དང་ངན་སོང་གིས་འཇིགས་པས་སྐྲགས་པའི་སྒོ་ནས་བརྗོད་པ་ལྟ་བུར་སྣང་ཡང་། དོན་ལ་ནི་མ་འོངས་པའི་གདུལ་བྱས་སྨྲེ་སྔགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་ལ་དགོངས་སོ། །གཉིས་པ་ནི། སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །ཞེས་པ་ནས། ཞེན་མེད་མ་ཆགས་བློ་ཡིས་དབུལ་བར་བགྱི། །ཞེས་པའི་བར་གསུངས་ཏེ། འདི་ལ་བཞི། དལ་འབྱོར་ལ་སྙིང་པོ་ལེན་དགོས་པར་བསྟན་པའི་སྒོ་ནས་གསོལ་བ་རིགས་དྲུག་གི་སྡུག་བསྔལ་བསམ་པའི་སྒོ་ནས་གསོལ་བ། ཐོས་པ་ལ་འཇུག་དགོས་པར་བསྟན་པ་དང་བཅས་པའི་སྒོ་ནས་གསོལ་བ། མཆོད་པ་འབུལ་བའོ། །དང་པོ་ནི་འདི་ནས་བཟུང་སྟེ། བདག་ལ་ཤེས་རབ་སྒྲོན་མེ་སྩལ་དུ་གསོལ། །ཞེས་པའི་བར་གྱིས་སྟོན་ཏེ། དོན་ནི། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་གྲུ་ལྟ་བུའི་ཐབས་ནི། དལ་བ་བརྒྱད་འབྱོར་བ་བཅུ་ཚང་བའི་བརྟེན་འདི་ཡིན་ན་ཡང་། བག་མེད་དང་། ལེ་ལོ་དང་། གཉིད་དང་། འདུ་འཛི་ལ་དགའ་བའི་བྲེ་མོའི་གཏམ་གྱིས་གཡེང་བ་དང་། རང་ཉིད་རྙེད་པ་སྟེ་དངོས་པོ་ཐོབ་འདོད་དང་། གཞན་གྱིས་མཆོད་ན་སྙམ་པའི་བཀུར་བསྟི་འདོད་པའི་སྐྱོན་གྱིས་སྦགས་པ་ཡི་བྱ་བས་འདས་ཏེ། ལུས་སེམས་དོན་མེད་པའི་ཕྱོགས་སུ་བཀོལ་པས་དོན་ཆེན་པོ་གཏན་གྱི་བདེ་བ་བདེ་བླག་ཏུ་སྒྲུབ་པའི་ལུས་བཟང་པོ་ཆུད་གསོན་པར་བྱེད་པས་ན་ཕྱི་རོལ་མི་ཡི་ཤ་ཚུགས་ཅན་གྱི་ལུས་འཛིན་པ་ཡིན་པ་ལ། དོན་ལ་ནང་བསམ་པ་ཕྱུགས་ཀྱི་འདུ་ཤེས་ཅན་ལྟ་བུ་བདག་ལ་བྱམས་མགོན་ཁྱོད་ཀྱི་ཐུགས་རྗེས་གཟིགས་སུ་གསོལ། ཞེས་པའོ། །འཁོར་བ་ལ་རྒྱ་མཚོའི་མིང་བཏགས་པ་ནི། རྒྱ་མཚོའི་གཏིང་རི་རབ་ལྟར་འཁོར་བའི་ཕྱི་མཐའ་རིང་བ་དང་། རྒྱ་མཚོའི་ནང་དུ་ཆུ་སྲིན་སོགས་གནས་པ་དེ་བཞིན་དུ་འཁོར་བ་སྐྱེ་རྒ་སོགས་གནས་ཤིང་། གཞན་ཡང་ཆོས་མཚུངས་མང་ངོ་། །དལ་འབྱོར་ནི་གཞན་ནས་ཤེས་པར་བྱའོ། །རྟེན་འདི་གྲུ་དང་ཆོས་མཚུངས་པ་ཡིན་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་གསུངས་སོ། །དེ་ཡང་གྲུ་ནི་ཆུ་བོ་ཆེན་པོ་དང་རྒྱ་མཚོ་སྒྲོལ་བྱེད་ཀྱི་ཐབས་མཆོག་ཡིན་པ་བཞིན་དུ། དལ་འབྱོར་གྱི་རྟེན་ནི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བྱེད་ཀྱི་ཐབས་དམ་པར་བསྟན་པའོ། །ཡང་རྒྱུ་ཚོགས་མང་དུ་གསོག་དགོས་པས་བརྙེད་པར་དཀའ་ཞིང་འདི་ལ་རྟེན་ནས་ཕྱི་མའི་བདེ་ཐབས་མང་པོ་སྒྲུབ་ཏུ་ཡོད་པས་དོན་ཆེ་བའི་དལ་འབྱོར་གྱི་རྟེན་ཐོབ་པ་ཡང་། མི་འཇིག་པ་ལྟ་བུ་མ་ཡིན་པར། འདི་ཐོག་ཏུ་རང་གཞན་གྱི་སྟོབས་ཀྱིས་མི་བཟློག་པ་སྟེ་ཕྱིར་ལྡོག་པར་བྱེད་མི་ནུས་ཤིང་། འཆི་བདག་གིས་མི་ཚུགས་པའི་གནས་གཞན་ཞིག་ཏུ་འབྲོས་པར་ཡང་བྱེད་མི་ནུས་པའི་སྟོབས་དང་ལྡན་པའི་འཆི་བདག་གི་ཕོ་ཉ་སྐྱེ་བ་སྟེ་འཆི་བ་ངེས་པར་འོང་བ་དང་། དེ་ཡང་མ་ཟད་ན་བ་དང་རྒ་བས་ཟིན་པར་མཐོང་ཞིང་མངོན་སུམ་གྱིས་གྲུབ་ཟིན་ན་ཡང་། ནམ་འཆི་ལ་ངེས་པ་མེད་ཅིང་འཆི་བའི་དུས་ཀྱི་ཚེ་ལུས་ལོངས་སྤྱོད་འཁོར་སོགས་ཐམས་ཅད་དོར་ནས་རང་ཉིད་གཅིག་པུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཤེས་བཞིན་དུ། ལོ་དང་ཟླ་བ་དང་། ཞག་རྣམས་དོན་མེད་དུ་འདའ་བར་བྱེད་པའི་རབ་ཏུ་རྨོངས་པ་བདག་ལ་དགོངས་ཤིང་ཐུགས་རྗེས་བརྩེ་བས་དུས་ལ་བབ་པོ་ཞེས་སོ། །འཆི་བདག་ཕོ་ཉ་ཞེས་པ་ནི། འཆི་བདག་ཤིན་རྗེ་ལ་རྒྱལ་པོ་དང་། འཆི་བ་ནི་དེའི་ཕོ་ཉ་ལྟ་བུ་ཡིན་པས་འཆི་བདག་གི་ཕོ་ཉ་ཞེས་བཤད་ཀྱི། རྣམ་པ་གཅིག་ཏུ་ན་འཆི་བ་ཉིད་ལ་འཆི་བདག་ཕོ་ཉ་ཞེས་ཀྱང་རུང་ངོ། །བཀྱེ་བ་ནི་མངག་པ་སྟེ་གཏོང་བའི་དོན་ནོ། །འགྲོ་བ་ཤེས་བཞིན་དུ་ཞེས་པ་ལ། གསུམ་འབུམ་ཐོར་བུ་ལས་འགྲོ་བ་མ་དྲན་པར་ཞེས་འབྱུང་ངོ་། །ཡང་གཏན་གྱི་བདེ་བ་ངེས་པར་ལེགས་པའི་གོ་འཕང་ཐོབ་པའི་གདེངས་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས། ངེས་ལེགས་སྒྲུབ་པའི་ཐབ་ལམ་གྱི་ལུས་རྟེན་དུ་ཐུབ་པའི་དབང་པོས་བསྔགས་པ་ཡི་མངོན་མཐོ་ཁྱད་པར་ཅན་མཐོ་རིས་ཀྱི་རྟེན་ཙམ་ཡང་འཐབ་པའི་ཐག་ཆོད་ཀྱི་གདེངས་མེད་པ་བདག་ལ་ཁྱོད་ཀྱིས་ཡལ་བར་འདོར་བའི་བཏང་སྙོམས་མཛད་ལགས་སམ་སྟེ་བཏང་སྙོམས་མཛད་མི་འོས་སོ། །གདེངས་ནི་ངེས་པ་ཐོབ་པའི་དོན་ཡིན་ལ། ཕྱི་མ་འདིའི་འགོག་རྒྱན་ཡིན་པས། དེ་ཡང་བཏང་སྙོམས་ལ་མི་འཇོག་པར་བདག་གི་དོན་མཛད་དགོས་ཞེས་པའོ། །གལ་ཏེ་མཐོ་རིས་སུ་དཔལ་དང་ལྡན་པའི་དལ་འབྱོར་གྱི་ལུས་རྟེན་ཐོབ་ཟིན་ཀྱང་། གསུང་རབ་ཀྱི་དོན་ཚུལ་བཞིན་དུ་འབྱེད་ནུས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་མ་ནོར་བའི་ལམ་བཟང་རྙེད་པར་མ་གྱུར་ན་ཅི་སླར་ཡང་འཁོར་བའི་རྒྱ་མཚོའི་ཉིད་དུ་ལྷུང་བར་འགྱུར་ལ། རྒྱུ་མཚན་དེའི་ཕྱིར་མི་ཤེས་རྨོངས་པའི་གཏི་མུག་གི་མུན་པའི་སྨག་ཆེན་གྱིས་ཡུན་རིང་པོའི་དུས་སུ་བསྒྲིབས་པའི་མཐུས་བླང་དོར་གྱི་གནས་རྣམས་ཇི་ལྟ་བ་བཞིན་འབྱེད་པ་ལ། རྣམ་པ་ཀུན་ནས་འཐོམས་ཤིང་རྨོངས་པར་གྱུར་པ་བདག་ལ། བླང་དོར་གྱི་གནས་ལེགས་པར་རྟོགས་ནུས་པའི་ཤེས་རབ་ཀྱི་སྒྲོན་མེ་སྩལ་དུ་གསོལ་ལ། །ཞེས་པའོ། །སྐབས་འདིར་གཏི་མུག་ནི་བདེན་འཛིན་ཁོ་ན་མ་ཡིན་གྱི། བླང་དོར་ལ་རྨོངས་པའི་མི་ཤེས་པའོ། །དེ་ལ་མུན་པ་དང་སྨག་གི་མིང་བཏགས་པ་ནི་སྲོད་ལ་འཐིབས་པའི་སྨག་གམ་མུན་པས་གཟུགས་སྒྲིབ་པ་དེ་བཞིན་དུ། འདིས་བླང་དོར་མཐོང་བ་ལ་སྒྲིབ་པར་བྱེད་ལ། ཤེས་རབ་ལ་སྒྲོན་མེ་ཞེས་བརྗོད་པ་ནི། སྒྲོན་མེས་མུན་པ་བསེལ་ཞིང་གཟུགས་སྣང་བར་བྱེད་པ་དེ་བཞིན་དུ་འདི་ཉིད་ཀྱི་རྨོངས་པ་འཇོམས་ཤིང་དོན་ཟབ་མོ་མཐོང་བར་བྱེད་པའོ། ། གཉིས་པ་ནི། རབ་འབར་ལྕགས་ཀྱི། །ཞེས་པ་ནས། བསྒྲལ་དུ་གསོལ། ཞེས་པའི་བར་གྱིས་འཆད་དེ། འདི་ལ་གཉིས། སོ་སོར་བཤད་པ་དང་། ཐུན་མོང་དུ་བཤད་པའོ། །དང་པོ་ལ་དྲུག་ལས་དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ་ཚ་དམྱལ་བརྒྱད་པོ་ཕྱོགས་ཅིག་ཏུ་བརྗོད་པ་ནི། མེ་རབ་ཏུ་འབར་བའི་ལྕགས་ཀྱི་ས་གཞི་དངོས་གཞིའི་སྟེང་ཏུ་སྐྱེས་ནས་གནས་པ་ལས། ཕྱོགས་བཞི་ནས་ཚ་ཞིང་རྩུབ་པའི་མེ་འོངས་ནས་མེ་ལྕེས་སྲེག་པར་བྱེད་ཅིང་ཡང་ལུས་ལ་ནམ་མཁའ་ནས་མཚོན་ཆའི་ཆར་བ་འབབ་པ་དང་། འཇིགས་སུ་རུང་བའི་གཤིན་རྗེའི་སྐྱེས་བུས་བཟུང་ནས་ལྕགས་ཀྱི་གསལ་ཞིང་གི་རྩེ་ལ་བསྐྱོན་པ་དང་། ཁ་ཅིག་ལ་ཟངས་ཞུན་བསྐོལ་བ་ཤིན་ཏུ་ཚ་བའི་རང་བཞིན་ཅན་ཁ་ནང་དུ་ལྡུད་ཅིང་། ལྕགས་ཀྱི་ཕུར་བུ་འབར་བས་ལྕེ་ལ་འདེབས་པར་བྱེད་པའི་སྡུག་བསྔལ་མྱོང་བ་ཡོད་ཞེས་པའོ། །དེ་ཡང་མཚོན་གྱི་ཆར་འབབ་པ་ནི་ཡང་སོས་དང་གསལ་ཤིང་ལ་བསྐྱོན་པ་ནི་ཚ་བ་ན་དང་། གཞན་མནར་མེད་ན་གཙོ་ཆེ་ཡང་ཕལ་ཆེར་ན་ཡོད་དེ། དེ་དག་གི་ཁྱད་པར་གསལ་བར་ལམ་རིམ་སོགས་ནས་ཤེས་དགོས་ལ་བསྡུ་ན་འདི་ལྟར་ཡིན་ཏེ། ཡང་སོས་སུ་ལུས་ལ་མཚོན་གྱི་ཆར་བབ་ནས་བཏུབ་པ་དང་། ཐིག་ནག་ཏུ་ལུས་ལ་ཐིག་བཏབ་ནས་དེ་བཞིན་དུ་གཤེགས་པ་དང་། བསྡུས་འཇོམས་སུ་ལྕགས་ཀྱི་རིའི་བར་དུ་འཆིང་བ་དང་། ངུ་འབོད་ན་སེམས་ཅན་དེ་དག་ལྕགས་ཁར་མི་ཐར་བར་འཇུག་པ་དང་། ངུ་འབོད་ཆེན་པོ་ནི་ལྕགས་ཁར་རིམ་པ་གཉིས་པར་འཇུག་པ་དང་། ཚ་བ་ལྕགས་ཟངས་འབར་བར་བཅུགས་ནས་བསྲེག་ཅིང་གསལ་ཤིང་ལ་བསྐྱོན་པ་དང་ཡང་ལྕགས་ཀྱིས་གཞིར་བཞག་སྟེ་ཐོ་བས་རྡུང་ཞིང་དམྱལ་བར་བྱེད་པ་དང་། རབ་ཏུ་ཚ་བར་ལྕགས་ཀྱི་རྩེ་གསུམ་འཕོངས་ནས་སྤྱི་བོ་དང་ཕྲག་པའི་བར་འབྱིན་པ་དང་ལྕགས་གླེགས་སོགས་ཚ་བས་ལུས་ལ་དཀྲི་ཞིང་ལྕགས་ཟངས་འབར་བར་སྲན་མ་བཞིན་འཚོད་པ་དང་། མནར་མེད་ན་ཕྱོགས་བཞི་ནས་མེ་འབར་བའི་ཤུགས་འོངས་ཏེ་རུས་པ་ལ་ཐུག་གི་བར་འཚིག་པར་བྱེད་པ་དང་། ལྕགས་ཀྱི་ཐུ་ལུམ་ཁར་བླུགས་པ་ལ་སོགས་མང་ངོ་། ། གྲང་དམྱལ་ནི། འོག་གཞི་ཐམས་ཅད་འཁྱགས་རོམ་དང་ཕྱོགས་ཐམས་ཅད་ནས་གངས་ཀྱི་རིས་བསྐོར་བའི་འཁྱགས་པའི་སྦུབས་སུ་ཆུད་ནས་གནས་པའི་ཡུས་ལ་ཤིན་ཏུ་གྲང་བའི་བུ་ཡུག་འཚུབ་པའི་རླུང་གིས་བཏབ་པ་ཡི་རྐྱེན་གྱིས་སེམས་ཅན་དེ་དག་གི་ལུས་ཀྱི་ཆ་ལ་ལར་ཆུ་བུར་བརྒྱ་བྱུང་ལ། ཆ་ལ་ལར་ཆུ་བུར་དེ་རྡོལ་ཞིང་། ཁ་ཅིག་གི་ལུས་ནི་ཚལ་བ་དུ་མས་གས་པ་ཡོད་དོ་ཞེས་པ་སྟེ། དེའི་འཁྱགས་པ་ནི་ཆར་རམ་དུ་གྲགས་པ་ལྟ་བུ་ཡིན་ལ། བརྒྱད་པོ་བསྡུས་ཏེ་བཤད་ན། ཆུ་བུར་ཅན་ནི་གྲངས་ནས་ལུས་ལ་ཆུ་བུར་བྱུང་བ། ཆུ་བུར་རྡོལ་པ་ནི་ལྷག་པར་གྲངས་ནས་དེ་རྡོལ་བ། སོ་ཐམ་ཐམ་པ་དང་། ཀྱི་ཧུད་དང་། ཨ་ཆུ་ཟེར་བ་ནི་གྲང་ནས་ཚིག་བརྗོད་ལུགས་ལ་བཏགས་པའོ། །ཨུདྤལ་ལྟར་གས་པ་ནི་ཁ་དོག་སྔོ་བ་ལྔའམ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པ་ནི་མདོག་དམར་པོ་བཅུ་སོགས་སུ་གས་པའོ། །པདྨ་ཆེན་པོ་ལྟར་གས་པ་ནི་མདོག་ཤིན་ཏུ་དམར་པ་བརྒྱའམ་དེ་ལས་ལྷག་པ་རེ་གས་པའོ། །དམྱལ་བ་གཉིས་ནི་སྡུག་བསྔལ་ཆེ་བའི་ཁྱད་ནི། བཤེས་སྤྲིངས་ལས། འདི་ནི་ཉིན་ཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །འོལ་ཀྱང་མི་འཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཡི་དྭགས་ནི། ཡི་དྭགས་སུ་སྐྱེས་པའི་རིགས་གཅིག་རང་གི་གདོང་ནི་སྐྲ་རིང་པོ་སྐྱེས་པ་ཐུར་དུ་འཕྱང་བས་ཁེབས་པ་སྟེ་གཡོགས། ཁ་ནི་ཤིན་ཏུ་བསྐམས་ཤིང་རྒྱང་རིང་པོ་ན་ཆུ་ཀླུང་ཡོད་པ་མཐོང་སྟེ་དེ་འཐུང་བར་འདོད་ནས་བཏུང་བའི་ཕྱིར་དུ་བརྒྱུགས་པ་ན། དེའི་ཚེ་རལ་གྲི་དམ་མདུང་སོགས་ཀྱི་མཚོན་ཆ་རྣམས་ཐོགས་པའི་སྐྱེས་བུས་འཐུང་ངུ་མི་སྟེར་བར་འགེགས་ཤིང་། གལ་ཏེ་སྲུང་མཁན་མེད་ཀྱང་ཆུའི་རྩར་སླེབ་པའི་ཚེ་ལས་དབང་གིས་ཆུ་དེ་ཡང་རྣག་ཕྲག་ཉིད་དུ་མཐོང་ནས་ཆུར་མི་མཐོང་ངོ་། །ལ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་ཞིག་ཏུ་ཆུང་ཞིང་། མགུལ་བའི་ལྦ་བ་ཆེན་པོས་འགྲིན་པ་འགགས་ནས་ཟས་སྐོམ་རྙེད་ཀྱང་སྦྱོད་པར་མི་ནུས་ལ། ཅུང་ཟད་ཟོས་ཤིང་འཐུང་བ་རྣམས་ཀྱང་ཁོག་ཏུ་སླེབ་པ་ན་མེ་འབར་ནས་ལུས་ཀྱི་ཁོག་པ་དང་མགྲིན་པ་སོགས་འཚིག་ཅིང་། ཟས་གཞན་མ་རྙེད་པ་ཁ་ཅིག་མི་གཙང་བའི་བཤང་ཅི་ཙམ་གྱིས་འཚོ་བར་བྱེད་ལ། ཁ་ཅིག་ནི་རང་གི་ཤ་ལས་བཅད་དེ་ཟ་བར་བྱེད་དོ་ཞེས་པ་སྟེ། དེ་ཡང་། སྐྱེས་བུས་འགེགས་པ་ནི་འགོག་པའི་དོན་ཡིན་ནམ། དེ་ལྟ་བུའི་ཡི་དྭགས་དེ་ཕྱིན་ཡོད་པའི་སྒྲིབ་པ་ཅན་དང་། ཁ་ཁབ་མིག་ཅན་ནི་ནང་ན་ཡོད་པའི་སྒྲིབ་པ་ཅན། བཤང་གཅི་ཟ་བ་ནི་ཟས་སྐོམ་ཉིད་ལ་ཡོད་པའི་སྒྲིབ་པ་ཅན་ནོ། །དེའི་ཁྱད་པར་ནི་སློབ་སྤྲིངས་ལས། མི་བཟད་སྐོམ་པས་རྒྱང་ནས་ཆུ་ཀླུང་དྲི་མེད་པ། །མཐོང་ནས་བཏུད་པར་འདོད་དེ་སོང་ནས་དེ་ཉིད་ཀྱང་། །སྐྲ་བཤད་ཉ་ལྕི་བས་ཚོགས་དང་རྣམ་བསུངས་འདྲེས་པ་དང་། འདམ་རྫོབ་དག་དང་ཕྱིས་ས་གང་བའི་ཆུར་འགྱུར་རོ། །ཞེས་པ་ནས། ཁ་ཡི་དུག་གིས་ཆུ་ཡི་ཐིག་པའང་སྐམ་པར་འགྱུར། ཞེས་པའི་བར་གྱིས་རྒྱས་པར་བཤད་ཅིང་། བཤེས་སྤྲིངས་ལས་ཀྱང་གསུངས་སོ། ། གསུམ་པ་དུད་འགྲོ་ནི་བླང་དོར་ལ་རྨོངས་པའི་མུན་ཆེན་འཐིབས་པའི་དབང་གིས་ཡང་དག་པའི་ལམ་དང་ལམ་མིན་པ་ཇི་བཞིན་འབྱེད་པ་ལ་བློ་ཡི་ནུས་པ་དང་བྲལ་ནས་འབྱེད་མི་ནུས་ཤིང་། རིགས་མཐུན་གཅིག་གིས་གཅིག་གསོད་པ་སོགས་བྱེད་པའི་སྡུག་བསྔལ་དང་། ཁ་ཅིག་ནི་ལྷ་དང་མིའི་གཞན་དབང་དུ་གྱུར་པའི་སྟོབས་ཀྱིས་དེ་དག་གིས་དབྱིག་པ་སོགས་ཀྱིས་བརྡེགས་པ་དང་ཞོན་པ་དང་ཁལ་འགེལ་བ་སོགས་ཀྱི་སྒོ་ནས་བཀོལ་བའི་སྡུག་བསྔལ་འབབ་པོ་ཞེས་པ་སྟེ། དེ་ལྟར་ཡང་བཤེས་སྤྲིན་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །བཞི་བ་ལྷ་མ་ཡིན་ནི། ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པའི་དཔལ་མཐོང་ནས་ལྷ་དེ་རྣམས་ལ་མི་བཟོད་པ་སྐྱེས་ཏེ་ཡིད་འཁྲུགས་པའི་ཕྲག་དོག་གི་མེ་ཆེན་པོ་རབ་ཏུ་འབར་བས་རང་ཉིད་ཡིད་བདེ་སྐྱེ་བའི་གོ་སྐབས་བཅོམ་སྟེ་ཡིད་མི་བདེ་བས་དུས་འདའ་ལ། ལྷ་རྣམས་འཐབ་ཅིང་རྩོད་པ་ལས་བྱུང་བ་ལུས་མཚོན་གྱིས་བཅད་པ་དང་དྲལ་བ་སོགས་ཡོད་ཅིང་། གཡོ་དང་སྒྱུས་ཡིད་བསླད་པའི་རྐྱེན་གྱིས་ཚེ་དེ་ལ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་སྐལ་བ་མེད་པ་ཡིན་ནོ། །ཞེས་པ་སྟེ། དེ་ལྟར་ཡང་བཤེས་སྤྲིངས་ལས། ལྷ་མིན་དག་ན་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས་སོ། །སྔར་བཤད་པའི་འགྲོ་བ་དེ་རྣམས་ཀྱི་སྡུག་བསྔལ་ཐུན་མོང་དུ་དྲན་ཚུལ་ལ་ནི། དེ་ལྟར་སྡུག་བསྔལ་མྱོང་ཚུལ་མངོན་སུམ་དུ་མཐོང་བ་ལྟ་ཞོག དེ་བསྟན་པ་ཉན་ཤེས་ཀྱིས་ཐོས་པ་ལྟར་ན་ཡང་སྙིང་ལ་འཇིགས་པ་སྐྱེད་པར་བྱེད་ཅིང་། འཇིགས་ཤིང་དཔའ་སྐོང་བ་དང་ཞུམ་པའི་གཡའ་སློང་བའི་སྤྱི་ནི་གཡའ་བ་ཡི་དམྱལ་བ་དང་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་གྱི་གཡང་ས་ཆེན་པོ་དག་ཏུ་ལྟུང་བར་འགྱུར་བའི་ལས་ངན་པ། སྐྱེས་བུ་བདམ་པས་སྨད་པའི་མི་བཟོད་སྡིག་པའི་ལས་མང་པོ་སྔར་ཐོག་མེད་དུས་ནས་བསགས་ཤིང་ད་ལྟ་གསོག་བཞིན་པ་དང་མ་འོངས་པ་ན་སོག་པར་འགྱུར་བ་ཤིན་ཏུ་ཉམ་ང་བའི་གནས་ངན་འགྲོའི་གཡང་ས་ཆེན་པོར་ལྟུང་བར་མངོན་དུ་ཕྱོགས་ཤིང་ཉམ་ཐག་པར་གྱུར་པ་བདག་ནི། མགོན་པོ་ཁྱོད་ཀྱིས་ངན་འགྲོའི་འཇིགས་པ་ལས་སྐྱོབ་པར་མཛད་པའི་དུས་ལ་འབབ་པོ། །ཞེས་པའོ། ། ལྔ་པ་མི་ནི། གོང་དུ་སྨོས་པའི་འགྲོ་བ་དེ་དག་ལ་སྡུག་བསྔལ་ཡོད་པར་མ་ཟད། མི་ཡི་གནས་སུ་སྐྱེས་ནའང་ཁ་ཅིག་ནི་ལོངས་སྤྱོད་དང་དབང་ཕྱུག་གིས་མངོན་པར་མ་ཐོབ་ཐོབ་ན་ཡང་དེ་ཉམས་ཀྱི་འགྲོ་བར་དོགས་པའི་སྡུག་བསྔལ་དང་། ཁ་ཅིག་མཐོ་རིས་ཀྱི་ཡོན་ཏན་རིགས་གཟུགས་སོགས་དང་འབྱོར་བས་ཕོངས་པ་བྱུང་ན་དེའི་ཚེ་སྔར་མ་ཐོབ་པའི་འདོད་པའི་བདེ་བ་འཚོལ་བ་ལ་ཞུགས་པར་གྱུར་བས་ཤ་ཐང་ཐད་དུ་འབད་པའི་སྡུག་བསྔལ་འབྱུང་ངོ་། །འདོད་པའི་བདེ་བ་ཐོབ་པར་འདོད་ནས་བདེ་བ་དེ་ཡི་ཐབས་ཏེ་རྒྱུ་འབད་ནས་བསྒྲུབས་པས་དེའི་ཚེ་འབྲས་བུ་བདེ་བ་ཐོབ་པ་དེ་ལས་ཆེས་ལྷག་པའི་ལུས་ཀྱི་སྡུག་བསྔལ་དང་། སེམས་ཀྱི་ཡིད་མི་བདེ་བ་རྣམ་པ་དུ་མས་རང་ཉིད་ཀུན་ནས་མནར་བར་འགྱུར་རོ། ། དྲུག་པ་ལྷ་ལས། འདོད་ལྷ་ནི་ལུས་ཤིན་ཏུ་མཛེས་པ་ལ་རིན་ཆེན་སྣ་ཚོགས་ཀྱི་རྒྱན་གྱིས་རབ་ཏུ་བརྒྱན་པ་ཁང་བཟང་རྣམས་དང་། དགའ་བའི་ཚལ་དུ་གནས་བཅས་ཤིང་ཡུན་རིང་པོར་འདོད་པའི་བདེ་ལ་ལོངས་སྤྱོད་པ་པོ་མཐོ་རིས་ཀྱི་ཕུན་སུམ་ཚོགས་པའི་དཔལ་ལ་རྩེ་དགའ་རོལ་བའི་ལྷ་རྣམས་ཀྱང་མི་འདོད་པ། རང་འཆི་བའི་ལྟས་ཀྱིས་ཟིན་པའི་ཚེ་ན་ཡིད་འཕྲོག་སྙིང་ལ་བཅགས་པར་གྱུར་པ་ཡིས་ཡིད་ལ་བཟུང་བ་འདི་ལྟ་སྟེ། ལྷའི་བུ་རྣམས་ཀྱིས་ལྷ་ཡི་མཛེས་མ་ལྷ་མོ་དང་། གཉིས་ཀས་ཡིད་དུ་འོང་བའི་སྐྱེད་མོས་ཚལ་དང་། བདུད་བརྩིའི་ཁ་ཟས་དང་། གོས་བཟང་དང་། མཛེས་པའི་རྒྱན་རིན་པོ་ཆེ་དང་། ལྷ་མོ་རྣམས་ཀྱིས་ལྷའི་བུ་གཞོན་ནུ་རྣམས་དང་མྱུར་དུ་བདག་ཉིད་མི་འདོད་པ་བཞིན་དུ་འབྲལ་བར་འགྱུར་བ་མཐོང་བའི་ཚེ། ལྷའི་གནས་དེར་སྐྱེས་པའི་ལུས་ཀྱི་བདེ་བ་མྱོང་བ་ལས་ཀྱང་། ཆེས་ཆེར་ལྷག་པའི་ཡིད་ཀྱི་སྡུག་བསྔལ་གྱི་དབང་གིས་བསྐྱེད་པའི་མྱ་ངན་གྱི་སྡུག་བསྔལ་མེ་ལྕེ་འབར་བས་སྲེག་པར་བྱེད་དོ། །དེ་དག་ནི་འདོད་ལྷ་རིགས་དྲུག་གི་དབང་དུ་བྱས་པ་སྟེ། སྡུག་བསྔལ་མྱོང་ཚུལ་ནི་ལྷ་དང་ལྷ་མོ་ཐ་དད་པས་ན་ཅུང་ཟད་ཕྱེ་སྟེ་བཤད་པ་ཡིན་ལ། ལྷ་མོ་ཡང་ལྷའི་བུ་མོ་ལ་ཡིད་ཆགས་པ་ཡོང་བས་ཐུན་མོང་དུ་བཤད་པ་རུང་བར་མངོན་ནོ། །འཆི་ལྷས་ལྔ་ནི། ཤེས་སྤྲིངས་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིད་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྒྲོན་བྱེད་འཆི་ལྟས་ལྔ། །ཞེས་གསུངས་པ་བཞིན་ནོ། །འདོད་ལྷ་དེ་དག་ལས་ཕལ་ཆེར་སྔོན་ཚེ་རབས་མང་པོར་ལེགས་པར་སྤྱད་པའི་དགེ་བའི་ལས་འབད་པས་བསྒྲུབས་པའི་འབྲས་བུ་བདེ་བ་ལ་སྦྱད་སྦྱད་པས་རྒྱུ་དགེ་བའི་ལས་ཟད་པར་འགྱུར་ཏེ་འདོད་ལ་གཡེལ་བའི་བག་མེད་པའི་དབང་གིས་ངན་འགྲོའི་རྒྱུ་བསྒྲུབས་པས་སླར་ཡང་ངན་སོང་གནས་སུ་ལྟུང་བར་འགྱུར་རོ། །དེ་ལྟར་ཡང་བཤེས་སྤྲིངས་ལས། ལྷ་ཡི་འཇིག་རྟེན་དག་ན་འཕོས་པ་ལ། གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་གསུངས་སོ། །ཁམས་གོང་མ་གཉིས་ཀྱི་ལྷ་ནི། འདོད་པ་ལ་འདུན་པའི་རྣམ་རྟོག་དང་། གནོད་སེམས་ཀྱང་མེད་ལ། གཉིད་ལོག་པ་དང་ཡིད་ལ་གདུང་བའི་དཔྱོད་པ་གཉིས་ཀྱང་སྤངས་ཤིང་། ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་དང་བྲལ་བའི་ངང་ནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་འཆིང་ལས་མ་གྲོལ་བས། སྔོན་གྱི་ཏིང་ངེ་འཛིན་གྱིས་འཕེན་པ་ཅི་ཙམ་ཡོད་པའི་ནུས་པ་ཟད་པ་ན། ཤི་ནས་ཕྱི་ཡང་སྟེ་སླར་ཡང་འོག་ཏུ་འདོད་ཁམས་སུ་ལྷུང་ནས་སྐྱེ་བ་མང་བོར་བརྒྱུད་མར་བཟང་ངན་ཅི་རིགས་སུ་འཁོར་བར་འགྱུར་རོ། །དེ་ལྟར་ཡང་ཚོགས་ཀྱི་གཏམ་ལས། གང་ཞིག་གཟུགས་ཅན་གཟུགས་མེད་པའི། སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང་། །ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་བར་གཡོ་བར་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ལས་སླར་ཡང་ལྟུང་བར་འགྱུར། །ཞེས་གསུངས་སོ། །གོང་མའི་ལྷ་ལ་ལྷ་མིན་དང་འཐབ་པ་སོགས་མེད་པར་མ་ཟད། གཉིད་དང་ཡིད་མི་བདེ་བའི་བློ་མངོན་འགྱུར་ཡང་མེད་པར་བཤད་པས་ན། དེ་དག་གིས་གཉིད་དང་ཡིད་ཀྱི་གདུང་བ་སྤངས་ཞེས་ཐ་སྙད་མཛད་པ་ཡིན་གྱི། གཏན་ནས་སྤངས་པ་ནི་མ་ཡིན་ནོ། །དེ་དག་གི་ལུས་སེམས་ལ་སྡུག་བསྔལ་མངོན་འགྱུར་བ་མེད་དེ། ཆོས་མངོན་པར་གོང་ན་སྡུག་བསྔལ་དང་པོ་གཉིས་མེད་པར་བཤད་པས་སོ། །ལྷ་མི་གཉིས་ཀྱི་སྡུག་བསྔལ་ཐུན་མོང་དུ་བསྟན་པའི་སྒོ་ནས་དོན་བསྡུ་ན་ནི། གོང་དུ་བཤད་པའི་ཚུལ་དེ་ལྟར་འཁོར་བའི་གཙོ་བོ་ལྷ་དང་མི་ཡང་སྐྱེ་བ་དང་འཆི་བ་དང་ན་བ་དང་རྒལ་བ་ལ་སོགས་པ་ཡི་སྡུག་བསྔལ་གྱི་ཆུ་བོས་སྲིད་པའི་རྒྱ་མཚོར་ཁྱེར་བར་འགྱུར་བས་ན་སྲིད་པའི་བདེ་བ་ལ་ཆགས་པར་ག་ལ་རུང་མི་རིགས་པ་ཡིན་མོད་ཀྱི་འོན་ཀྱང་འདོད་པའི་སྲིད་པས་བློ་གྲོས་ཀྱི་མིག་བསྒྲིབས་པ་ཡི་མཐུས་སྡུག་བསྔལ་ཡིན་པ་ལ་བདེ་བར་ཞེན་ནས་འཛིན་པ་འཁྲུལ་པའི་ལོག་ཤེས་ཅན་ཕྱིན་ཅི་ལོག་གི་རྟོག་པས་བློ་བསྒྲིབས་པ་བདག་ནི། སྲིད་པ་འཁོར་བའི་ཆུ་བོ་སྟེ་རྒྱ་མཚོ་ཆེ་ལས་བསྒྲལ་བར་མཛད་དུ་གསོལ་ལོ། །ཞེས་པའོ། །ལྷ་མི་ཡང་ཞེས་པ་ནི་ངན་འགྲོ་བ་དང་ལྷ་མིན་དུ་མ་ཟད་ཅེས་པའོ། །སྲེད་པ་འདོད་སྲེད། སྲེད་སྲེད་འཇིགས་སྲེད་གསུམ་ཡོད་ཀྱང་འདིར་འདོད་སྲེད་ལ་བྱེད་པར་སྐབས་སུ་བབ་སྟེ་རང་ཅག་ལྟ་བུའི་རྒྱུད་ཀྱི་སྡུག་བསྔལ་བདེན་པ་ལ་བདེ་བ་མཆོག་ཏུ་ཞེན་ནས་འཛིན་པའི་འདོད་ཆགས་ལ་འདོད་སྲེད་ཞེས་བརྗོད་དགོས་པས་སོ། །རིགས་དྲུག་གི་སྡུག་བསྔལ་དྲན་ཚུལ་རྒྱས་པར་ནི་མདོ་དྲན་པ་ཉེར་བཞག་ན་གསལ་ལོ། ། གཉིས་པ་ནི། འདོད་པའི་འདམ་དུ་བྱིང་བས་ཐར་པའི་ལམ་ལས་གོལ། །ཞེས་པ་ནས་འཇུག་པར་འདོད་པས་ལུས་ཀྱིས་བགྲོད་མ་ནུས། ཞེས་པའི་བར་གསུངས་ཏེ། དོན་ནི། ཟག་བཅས་ཀྱི་དངོས་པོ་ལ་ཆགས་པའི་ཕྱིར་འདོད་པའི་འདམ་དུ་བྱིང་བར་གྱུར་བས་ཐར་བའི་ལམ་ལས་ཕྱིན་ཅི་ལོག་གི་ལམ་གཞན་དུ་ནི་གོལ། མ་རིག་པའི་མུན་པ་འཐིབ་པོར་ཞུགས་པས་ཤེས་རབ་ཀྱི་མིག་དང་ནི་བྲལ། བདག་ཏུ་འཛིན་པའི་རྣམ་རྟོག་གི་སྤྲོས་པའི་གསེབ་ཏུ་ཆུད་པས་འཁོར་བའི་བཙོན་ཁང་གི་ར་བར་ནི་བཅིངས། ལས་ཀྱི་དབང་གིས་མནར་བ་སྟེ་གདུང་བ་བདག་ནི་མགོན་པོ་ཁྱོད་ཀྱི་ཐུགས་རྗེས་འཛིན་པའི་གནས་ལགས་སོ་ཞེས་པ་སྟེ། དེ་ཡང་བྱིང་བ་ནི་ལྷུང་བའི་རྣམ་གྲངས་ཡིན་ལ། དཔེ་འདམ་དུ་ལྷུང་བ་དང་། དཔེ་ཅན་འདོད་པ་ལ་ཞེན་པ་གཉིས་གཟུགས་སུ་སྦྱར། མུན་པ་འཐིབ་པོར་ཞུགས་ནས་གཟུགས་མི་མཐོང་བ་ལྟར། མི་ཤེས་པའི་རྨོངས་པ་ཆེན་པོ་ཡོད་ན་བླང་དོར་དཔྱོད་པའི་ཤེས་རབ་མེད་པ་དང་སྤྲོས་པ་ལ་སྤྱིར་མང་ཡང་འཁོར་བཞེས་པ་དང་སྦྲེལ་ནས་བདག་ཏུ་འཛིན་པའི་རྣམ་རྟོག་མི་སྤོང་ན་འཁོར་བར་སྐྱེ་བ་དང་། ལས་ངན་པའི་དབང་གིས་འབྲས་བུ་སྡུག་བསྔལ་གྱིས་མནར་བ་རིམ་པར་སྦྱར་རོ། །དཔེའི་གཟེབ་ནི་སྒ་ོམང་དུ་གྲགས་པ་ལྟ་བུ་སོགས་ཀྱི་སྣོད་དོ། །དཔེའི་བཙོན་ནི། ཉེས་ཅན་འཇུག་པའི་གནས་བཙོན་དུ་གྲགས་པ་དེ་ཡིན་པས། ཆོས་སྤྱོད་དུར་མགོ་ཅན་དུ་བྱས་པ་ནི་ཡི་གེ་ནོར་བའོ། །འོ་ན་མ་རིག་ཞེས་པ་དང་སྤྲོས་པའི་ཞེས་པ་གཉིས་ཀྱི་དོན་ཅིག་ཏུ་བཤད་དགོས་པས་ཟློས་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། གང་ཟག་བདག་ཆོས་ཀྱི་བདག་འཛིན་གཉིས་མ་རིག་པ་ཡིན་ཀྱང་དེ་སྤྲོས་པའི་ཞེས་པས་བསྟན་པའི་དོན་དང་། མ་རིག་ཞེས་པ་ནི་སྤྱིར་རྨོངས་པ་ལ་གཏི་མུག་དང་མ་རིག་པའི་སྒྲས་བརྗོད་དང་བཞིན་བྱས་ན་ལེགས་པར་སེམས་ཏེ། ཤེས་རབ་མིག་དང་བྲལ་ཞེས་པས་དོན་གྱི་གོའོ། །སྔར་བཤད་པ་ལྟར་འཇིགས་སུ་རུང་བ་འཁོར་བའི་གཡང་ས་འགེགས་པ་སྟེ་འགོག་པ་ལ། གསུང་རབ་ཀྱི་གཞུང་དྲི་མ་མེད་པའི་མང་དུ་ཐོས་པ་ལ་བརྟེན་པ་ཡི་སྟེ་ཐོས་པ་ལ་བརྟེན་ནས་བྱུང་བའི་ཚུལ་བཞིན་དུ་དཔྱོད་པའི་རྣམ་པ་དག་པའི་རིགས་པའི་སྟོབས་ཀྱིས་མཐའ་ཡས་པའི་རྒྱལ་བའི་གསུང་རབ་རྣམས་ཀྱི་དྲང་པ་དང་ངེས་པའི་དོན་ཚུལ་ཇི་ལྟ་བ་བཞིན་འབྱེད་པ་ལ་གཞན་ལ་རག་མ་ལུས་པས་གཞན་གྱི་དྲིང་མི་འཇོག་པའི་མཁས་པའི་གོ་འཕང་དགོས་པ་ངེས་པར་རྙེད་དགོས་ཀྱང་མི་རྙེད་ན། རྒྱལ་བའི་དགོངས་པ་རྟོགས་དཀའ་བའི་ཕྲ་མོ་མཐར་ཐུག་རྟོགས་དགོས་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །ཞེས་པའོ། །གཞུང་འདིས་མང་དུ་ཐོས་པ་ངེས་པར་བྱེད་དགོས་པར་བསྟན་པས། ཁ་ཅིག་ཐོས་པ་ཉུང་ངུས་ཆོག །པར་འདོད་པ་ནི། འདིས་མཚོན་ནས་རྗེའི་བཞེད་པ་དུ་མ་དང་འགལ་ལ་ཐོས་པ་དགོས་པའི་ཚུལ་ནི་ཁོ་བོས་གཞན་དུ་བརྗོད་ཟིན་ཏོ། །འདིར་རྒྱལ་བའི་དགོངས་པ་ཞེས་འབྱུང་བ་ལྟར་ན་མཁས་པའི་དགོངས་པའི་ཞེས་ཐོས་པ་ལྟ་བུ་དང་། ཡང་རྙེད་དང་གོས་ཀྱང་ཞེས་པ་ནི་རྙེད་དགོས་ན་ཞེས་ཐོབ་པ་ལྟར་སྣང་ཡང་ཡིག་སྐྱོན་དུ་འཇོག་མ་ནུས་པས་རང་སོར་བཞག་པ་ཡིན་ལ། འོན་ཀྱང་མཁས་པས་དཔྱད་པར་བྱའོ། །བླང་བྱར་འཇུག་པ་དང་། སྤང་བྱར་ལྡོག་པའི་གནས་ནི་ཕྲ་མོ་ལྟ་ཞོག་ཤིན་ཏུ་རགས་པ་དག་ལའང་བདག་གི་བློ་གྲོས་ཀྱི་མིག་ཆེས་ཆེར་གསལ་བར་མ་གྱུར་པས། སྔོན་བསྒྲིབས་པར་མ་ཟད་ད་དུང་རབ་ཏུ་རྨོངས་པའི་དགྲ་འདིས་བདག་གི་སྙིང་སྟེ་ཡིད་རིང་དུ་བསྒྲིབས་ནས་གྲོལ་བའི་སྐབས་མེད་པ་ལྟ་བུར་བྱས་པའི་ཚུལ་འདི་དགོངས་ལ་སྙིང་གི་མུན་པ་སོལ་ཅིག་ཅེས་པའོ། །བདག་ཅག་སྔོན་གྱི་རྒྱལ་བ་དང་རྒྱལ་བའི་སྲས་བྱང་སེམས་རྣམས་ཀྱི་སྤྱན་སྔར་རིག་གནས་རྣམས་ལ། མང་ཐོས་རྒྱ་མཚོས་སྐྱེ་བ་དུ་མ་རུ་ཡང་ཡང་སྦྱངས་པའི་བག་ཆགས་ལེགས་པར་སད་པ་འགྲོ་བ་ལ་ལམ་བཟང་མཚན་པ་སྟེ་སྟོན་པའི་མིག་གཅིག་པུ་སྔོན་གྱི་དམ་པ་རྣམས་ཀྱིས་ནི་ཡལ་བར་དོར་ནས་བཞག་པའི་རྒྱུ་མཚན་དེ་ཕྱིར་མགོན་སྐྱབས་དང་བྲལ་བའི་ཕོངས་པ་བདག་ནི། ཕྱོགས་རྣམས་བསླད་པ་སྟེ་ལམ་ནོར་ནས་འཁྱམས་པའི་འགྲོན་པོ་བཞིན་དུ་གྱུར་པས། ད་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་རྗེས་སུ་གཟུང་བའི་དུས་ལ་བབ་པོ། ཞེས་པ་སྟེ། བསྡུ་ན་སྔོན་གྱི་དམ་པས་ཡལ་བར་དོར་ནས་བཞག་པ་བདག་ལ་ཁྱོད་ཀྱིས་ཐུགས་རྗེས་གཟུང་ཞེས་པའོ། །མང་ཐོས་རྒྱ་མཚོའི་མང་ཚིག་སྟེ་མང་དུ་ཐོས་པ་བསགས་པའི་དོན་དང་། དེ་ཡང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལྟ་བུའི་ཐོས་པ་བསགས་པ་ལ་བྱའོ། །ཕོངས་པ་ལ་སྤྱིར་མང་ཡང་འདིར་ཐོས་པ་སོགས་ཀྱིས་ཕོངས་པ་དང་། མགྲོན་པོ་ཕྱོགས་བསླད་པ་ཡང་མགྲོན་པོ་གཅིག་ལམ་མ་རྙེད་པར་གང་འགྲོ་གཏོལ་མེད་པ་བཞིན་དུ། བླང་དོར་གྱི་གནས་ཇི་ལྟར་ཡིན་པའི་འཇོག་ཚུལ་མི་ཤེས་པར་འཐོམས་ཞེས་པའི་དོན་ནོ། །ལན་ཅིག་ཙམ་མ་ཡིན་པར་ཡང་དང་ཡང་དུ་གུས་པས་བསྟེེན་པས་བྱམས་པ་མགོན་པོ་བྱམས་པའི་སྟོབས་ཀྱིས་འགྲོ་བ་སྒྲོལ་བ་ལ་ཞུགས་པ་ཁྱོད་དེ་མྱུར་བ་མྱུར་བར་བྱོན་ནས་བདག་གི་ནི་སྐྱེ་བ་དང་སྐྱེས་པའི་བར་དུ་ཐེག་པ་མཆོག་གི་བཤེས་གཉེན་མཛོད་ཅིག་ཅེས་པའོ། །དུས་རྟག་ཏུ་བརྩེ་བ་སྙིང་རྗེ་ཆེན་པོས་ལུས་ཅན་འགྲོ་བ་མཐའ་དག་རྒྱུན་མི་འཆད་པར་གཟིགས་པ་ཁྱོད་ཀྱི་ཞབས་དྲུང་དུ་བྱམས་མགོན་གང་གི་ཡོན་ཏན་དྲན་པས་ནི། བདག་གི་དད་པའི་དད་པའི་ཡིད་ཉིན་རེ་བཞིན་དུ་སླེབ་པར་བགྱིས་ན་ཡང་། སྐུ་དངོས་ཀྱི་དབང་དུ་བྱས་ནས་བཞུགས་པའི་གནས་དགའ་ལྡན་ནི་བགྲོད་མི་ནུས་པའི་ཡུལ་ཤིན་ཏུ་ཐག་རིང་པ་ན་ཡོད་པའི་ཕྱིར། གནས་ཀྱིས་བསྐལ་བ་སྟེ་རྒྱང་ཆད་པར་སོང་ཞིང་། སྔར་ཐོས་བསམ་གྱི་སྒོ་ནས་ཆོས་ཀྱི་བདུད་རྩི་མྱོང་མོད་སླར་ཡང་རྟོགས་དཀའ་བ་དེ་དག་བློའི་ཡུལ་དུ་མ་གྱུར་བས་ནི་དབེན་པའི་ཆོས་ཀྱི་བདུད་རྩིའི་རོ་དགུ་མྱང་བའི་ཕྱིར་དུ་ཡུལ་ཤིན་དུ་ཐག་རིང་རྒྱ་གར་གནས་སུ་ནི་འཇུག་པ་སྟེ་འགྲོ་བར་འདོད་པ་ཡོད་པས། རྫིང་སྤྱི་དེར་ལུས་ཀྱིས་ད་རེས་བགྲོད་པར་མ་ནུས་སོ། །ཞེས་པའོ། །བསྐལ་བ་དེ་ལ་ཡུལ་དུས། ངོ་བོའི་སྒོ་ནས་བསྐལ་བ་གསུམ་ལས་འདི་ཡུལ་གྱི་བསྐལ་པ་ཡིན་ལ། དེ་ལ་ཡང་རིང་བ་དང་། མཆོག་དང་ཕྲ་བ་དང་མཐའ་ཡས་པ་སྟེ་བཞི་ལས་དང་པོའོ། །ཐག་རིང་བའི་གནས་ནི་རྒྱ་གར་ཤིང་གི་རི་ཡིན་ཚུལ་འཆད་པར་འགྱུར་རོ། །བཞི་པ་ན། སྔར་བཤད་པའི་རྒྱུ་མཚན་དེ་བས་ན། བསོད་ནམས་གསོག་པའི་ཡུལ་ལམ་ཞིང་གི་དམ་པ་ཁྱོད་ཐུགས་མཉེས་པར་བགྱི་བའི་སླད་དུ་སྟེ་ཆེད་གཞན་ལའང་ཕན་པར་འདོད་པའི་ལྷག་པའི་བསམ་པ་རྣམ་པར་དག་པ་ཡི་སྒོ་ནས་རིན་ཆེན་ས་ལེ་སྦྲམ་སྟེ་གསེར་གྱི་དབུ་རྒྱན་དང་། ལྷ་ཡི་རྫས་ཀྱི་དར་དང་རབ་ཏུ་བྱུང་བའི་དགེ་སྦྱོང་རྣམས་ལ་ཉེ་བར་མཁོ་བ་ཐུབ་པའི་དབང་པོས་བསྔགས་པ་ཡི་རྣམ་སྦྱར་བླ་གོས་མཐང་གོས་ཏེ་ཆོས་གོས་རྣམ་པ་གསུམ་དང་། གསལ་བྱེད་དེ་འཁར་བསིལ་དང་། དྲང་སྲོང་སྣོད་ལྷུང་བཟེད་རྣམས་དངོས་སུ་དང་གཞན་ཡང་ཏིང་ངེ་འཛིན་དང་། སྨོན་ལམ་གྱིས་སྤྲུལ་པའི་བཀོད་ལེགས་ཏེ་བཀོད་པ་མཛེས་ཤིང་ཡིད་འཕྲོག་ནུས་པའི་མཆོད་པ་ནམ་མཁའི་རྒྱ་ཁྱོན་ཡོངས་སུ་བཀང་སྟེ་རྐང་གཉིས་ཀྱི་གཙོ་བོ་བྱམས་པ་ཉིད་དངོས་དང་དབྱེར་མེད་པའི་རྫིང་སྤྱིའི་ངོ་བོ་ཁྱེད་ལ་ཞེན་མེད་མ་ཆགས་བློ་ཡིས་དབུལ་བར་བགྱིའོ། །ཞེས་པ་སྟེ། སྔ་མ་ནི་དངོས་བཤམས་དང་། །ཕྱི་མ་ཡིད་སྤྲུལ་ལོ། །ཞེན་ཆགས་མེད་པ་ནི་སེར་སྣའི་འཛིན་ཆགས་མེད་པའོ། །རྐང་གཉིས་གཙོ་བོ་ཞེས་པ་ནི་མཁས་པ་ཁ་ཅིག་དོན་གཉིས་མཐར་ཕྱིན་པས་ན་རྐང་གཉིས་གཙོ་བོ་ཞེས་བྱའོ་གསུང་ཡང་། གསང་སྔགས་རྗེས་སུ་འཛིན་པའི་མདོ་ལས། བདེན་པ་དང་བདེན་པའི་ཚིག་གང་གིས་རྐང་མེད་པའི་རྐང་གཉིས་པའམ་རྐང་བཞི་བའམ། རྐང་མངས་སམ། ཞེས་པ་ནས། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་མཆོག་ཅེས་བྱ་སྟེ། ཞེས་གསུངས་པ་ལྟར་ན། རྐང་མེད་པ་སོགས་བཞིའི་ནང་ནས་ཀྱང་རྐང་གཉིས་པ་མཆོག་ཡིན་ལ། དེའི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་ཡིན་པས། རྐང་གཉིས་གཙོ་བོའམ་དམ་པ་ཞེས་བྱའོ། །དེ་ལྟར་ཡིན་སྙམ་སྟེ་འདུལ་བའི་ཆོ་ག་ལས་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་ཞེས་སོགས་ཀྱིས་ནི་མདོ་སྡེའི་དོན་བསྡུས་པར་སྣང་བའི་ཕྱིར་རོ། ། གསུམ་པ་སྨོན་ལམ་ནི། དེ་ལས་འོངས་པའི་རབ་དཀར་དགེ་བའི་ཚོགས། །ཞེས་པ་མན་གྱི་གཞུང་རྣམས་ཀྱིས་སྟོན་ཏེ། འདི་ལ་གཉིས། སྤྱིར་སྨོན་པ་དང་། སོ་སོར་སྨོན་པའོ། །དང་པོ་ནི། གོང་དུ་བསྟོད་པ་དང་གསོལ་བ་འདེབས་པ། མཆོད་པ་བྱས་པའི་རྒྱུ་དེ་ལས་འོངས་པའི་འབྲས་བུ་རབ་ཏུ་དཀར་བ་དགེ་བའི་ཚོགས་ཇི་སྙེད་པ་བདག་གིས་ཐོབ་པ་གང་ཡིན་པ་དེའི་མཐུས། སྲིད་པ་སྟེ་འཁོར་བར་ཡུན་རིང་དུ་འཁྱམས་པའི་ཚེ་ན་སྡུག་བསྔལ་བྱེ་བས་མནར་ཞིང་བདེ་བས་ཕོངས་པ་མ་ལུས་འགྲོ་བའི་སྐྱབས་སུ་བདག་གྱུར་ཅིག་ཅེས་སོ། །དེ་ཡང་ཕན་འདོགས་པས་རབ་དཀར་ཅེས་བྱ་ལ། སྡུག་བསྔལ་བྱེ་བ་ཞེས་པ་ནི་མང་ཚིག་ཡིན་པས་གྲངས་བྱེ་བ་ཁོ་ནའི་དོན་མ་ཡིན་ནོ། །ཟག་མེད་ཀྱི་བདེ་བ་མེད་པས་དེས་ཕོངས་པ་དང་། སྐྱབས་ནི་གཙོ་བོར་མཐར་ཐུག་ལ་འཇོག་གོ ། གཉིས་པ་སོ་སོར་ལ་སྨོན་པ་ལ་བཞི། ལུས་རྟེན་ཁྱད་པར་ཅན་ཐོབ་པའི་ཆེད་དུ་སྨོན་པ། རྟེན་དེ་ལ་ཡོན་ཏན་འགྲུབ་པའི་ཚུལ་ལ་སྤྱིར་སྨོན་པ། བྱེ་བྲག་རྒྱལ་སྲས་ཀྱི་སྤྱོད་པ་ཁྱད་པར་ཅན་ལ་སློབ་པར་སྨོན་པ། སངས་རྒྱས་ཀྱི་སྐུ་ཞིང་འཁོར་མཛོད་པ་རྣམས་འགྲུབ་པར་སྨོན་པའོ། །དང་པོ་ནི། རེ་ཞིག་འཇིག་རྟེན་གྱི་འདྲེན་པ་བདེ་བར་གཤེགས་པའི་གོ་འཕང་དམ་པ་ལ་རེག་པར་མ་གྱུར་པའི་སྐྱེ་བ་ཐམས་ཅད་དུ་ཚངས་པར་སྤྱོད་པ་ཡོངས་སུ་དག་པའི་རབ་བྱུང་གི་རྟེན་ཁྱད་པར་ཅན་རྙེད་ནས་ཐེག་པ་མཆོག་གི་རིགས་ནི་སངས་རྒྱས་འཐོབ་འདོད་དང་སྙིང་རྗེ་ཆེ་བ་དང་དགེ་བ་སྒྲུབ་པ་སོགས་ཀྱི་སྒོ་ནས་སད་པར་ཤོག །ཅེས་པའོ། །རེག་པར་མ་གྱུར་ཅེས་པ་ནི་མ་ཐོབ་པར་དུ་ཞེས་པ་དང་དོན་འདྲའོ། །སྤྱིར་རིགས་དེ་ལ་རྒྱས་འགྱུར་གྱི་རིགས་དང་རང་བཞིན་གནས་རིགས་གཉིས་ཡོད་ལ། དང་པོ་ནི། སེམས་ཅན་གྱི་རྒྱུད་ཀྱི་སངས་རྒྱས་སུ་འགྱུར་རུང་གི་འདུས་བྱས་ཐམས་ཅད་དང་། གཉིས་པ་ནི་སེམས་ཅན་གྱི་རྒྱུད་ཀྱི་སངས་རྒྱས་སུ་འགྱུར་རུང་གི་ཆོས་ཉིད་རྣམས་སོ། །ཐེག་ཆེན་གྱི་རིགས་སད་པའི་དོན་ནི་དེ་གོང་དུ་འཕེལ་བའི་གནས་སྐབས་ཞིག་ལ་བྱེད་ཅིང་། རིགས་སད་པའི་རྟགས་ལ་དུ་མ་ཡོད་དེ། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། མོས་པ་དང་ནི་བཟོད་པ་དང་། དགེ་ལ་ཡང་དག་སྤྲོ་པ་ནི། རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་ནི། རྟེན་དེ་ལ་བཟོད་པ་དང་ལྡན་པ་དྲང་ཞིང་གྱ་གྱུ་སྟེ་འཁྱོག་པོ་གཡོ་མེད་པ་དང་། འདི་སྒྲུབ་མི་ནུས་སོ་སྙམ་པ་མེད་པས་མ་ཞུམ་པ་དང་། སྙིང་སྟོབས་ཆེ་ཞིང་ཤུགས་དྲག་པའི་དད་པ་དང་ལྡན་པ། ཐེག་པ་ཆེན་པོའི་ཆོས་སྒྲུབ་པ་ལ་གུས་པ་དང་། སྒྲུབ་པའི་ཚུལ་ལ་དུས་རྟག་ཏུ་སྦྱོར་བར་བྱེད་པའི་བརྩོན་འགྲུས་དང་། རྣམ་དཔྱོད་ཀྱི་ཤེས་རབ་ཕུལ་དུ་བྱུང་བ་ཐོབ་པར་ཤོག་ཅིག་ཅེས་པའོ། །འོན་ཀྱང་མ་ཞུམ་པ་དང་། སྙིང་སྟོབས་ཆེ་བ་ཡང་བརྩོན་འགྲུས་ཀྱི་ཁོངས་སུ་གཏོགས་སོ། །འདིར་རྟག་ཏུ་སྦྱོར་ཞེས་པ་ནི་རྟག་ཏུ་འཇུག་པ་ལ་བཤད་དགོས་པར་སེམས་ལ། དེ་ཡང་རྟག་སྦྱོར་གྱི་བརྩོན་འགྲུས་དང་སྦྱར་བའོ། །བླ་མ་ནི་རྒྱལ་བའི་དགོས་པའི་དོན་ཟབ་མོ་རྣམས་ནི། རྣམ་དག་རིག་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་མ་ནོར་བར་རྙེད་ནས་རང་གི་དགོངས་པ་ཇི་ལྟར་ཡིན་པའི་ཚུལ་དེ་ལྟར། བརྩེ་བ་སྙིང་རྗེ་ཆེན་པོས་ཉེ་བར་དྲངས་པའི་ཐབས་མཁས་ཀྱི་སྤྱོད་པ་ཡིས་སེམས་ཅན་གཞན་ལ་སྟོན་པ་མཁས་པའི་མཐར་སོན་པའི་དགེ་བའི་བཤེས་གཉེན་བརྟེན་ནས་མང་ཐོས་རྒྱ་མཚོ་ལྟ་བུ་ལ་དུས་རིང་དུ་སྦྱངས་པའི་མཐུས། རང་རྒྱུད་ཀྱི་ཐེ་ཚོམ་ཀུན་བཅད་པར་བྱས་ནས། ཇི་ལྟར་ཐོས་པའི་དོན་རྣམས་ཚུལ་བཞིན་དུ་བསྒྲུབས་པ་ཡི་སྒོ་ནས་བདེ་བར་གཤེགས་པ་རྣམས་ཐུགས་མཉེས་པར་བྱེད་པ་ཤོག་ཅིག་ཅེས་པའོ། །བརྩེ་བས་དྲངས་པ་ནི། བརྩེ་བས་ཀུན་ནས་བསླངས་པའི་དོན་དང་། ཐེ་ཚོམ་ནི་དོན་མི་འགྱུར་གྱི་དོགས་པའོ། །སློབ་མ་ཡང་ཐུབ་པའི་དབང་པོས་བསླབ་བྱ་ཇི་ལྟར་བཅས་པའི་མཚམས་ལས་མི་འདའ་ཞིང་རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཟིན་ཀྱང་ད་དུང་འཚོ་བ་སྟེ་སྐུ་འཚབ་བམ་རྒྱལ་ཚབ་ཏུ་གྱུར་བའི་དགེ་བའི་བཤེས་གཉེན་ལ་གུས་པ་དང་། ཤེས་རབ་ཀྱི་དབང་པོར་རབ་ཏུ་རྣོ་ཞིང་སྒོ་གསུམ་གྱི་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པའི་སྐྱོན་དང་བྲལ་བ་ཡོངས་སུ་དག་པའི་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོག་ཅིག་ཅེས་པའོ། །དེ་ལ་སྔ་མ་ནི་བཤེས་གཉེན་མཁས་པ་ལ་བསྟེན་པ་དང་། འདི་ནི་འཁོར་སློབ་མ་བཟང་པོ་དང་ཕྲད་པར་སྨོན་པའོ། །བཟློག་ཕྱོགས་མི་དགེ་བའི་གྲོགས་ཀྱང་ནག་པོའི་ཕྱོགས་སུ་གྱུར་པའི་བདུད་རིགས་ཀྱིས་ཡིད་ནི་བསྐྱོད་པ་སྟེ་ཡིད་བསྐུལ་བའམ་དཀྲུག་པ་ཡི་དབང་གིས། འདུས་སྡེ་ཚོགས་པའི་ཆོས་སྦྱོར་གྱི་དགའ་སྟོན་མྱོང་བའི་གེགས་བྱེད་པ་བདུད་ཀྱི་གཉེན་དུ་གྱུར་པའི་སྡིག་པའི་གྲོགས་པོ་རྣམས་དང་ཡུན་པོར་ལྟ་ཞོག་དུས་སྐད་ཅིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག་ཅེས་པའོ། །དེ་ཡང་ནག་པོའི་ཕྱོགས་ཞེས་པའི་དོན་ནས་ཕྱོགས་པ་ནི་བདུད་རིགས་ཀྱི་མི་མ་ཡིན་པ་དང་། བདུད་གྱི་གཉེན་བདུད་གྲོགས་ནི་མི་ཡིན་པའི་དབང་དུ་བྱས་པའོ། །ཚོགས་པའི་ཆོས་སྤྱོད་ཀྱི་དགའ་སྟོན་ནི་མང་པོ་དང་ལྷན་ཅིག་ཆོས་འཆད་པ་དང་ཉན་པ་སོགས་ཡིན་ལ། དེ་ལ་བསམ་བཞིན་དུ་ཀུན་སློང་ངན་པས་བར་ཆད་བྱེད་པ་དག་ནི་གེགས་བྱེད་པ་སྟེ། འདི་བྱེད་འདོད་དང་བྱེད་པ་ནི་ད་ལྟ་ཡང་མང་དུ་སྣང་ངོ་། །བདག་ནི་མ་འོངས་སྐྱེ་བ་ཐམས་ཅད་དུ་ཐུབ་པའི་དབང་པོའི་སྤྱོད་པའི་རྗེས་སུ་གུས་པས་སློབ་པ་དེའི་ཚེ་བྱ་དཀའ་བརླབས་ཆེན་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པའི་གེགས་སུ་འགྱུར་བ་སྐལ་བ་ངན་པའི་རྗེས་སུ་འགྲོ་བ་སྟེ་དེའི་རྗེས་སུ་འཇུག་པ་དང་། ཕྱོགས་སུ་གཏོགས་པའི་བདུད་ཀྱི་ལས་ཀྱིས་བར་དུ་གཅོད་པ་ལྟ་ཅི། གཅོད་པར་གྲགས་པའི་མིང་ཡང་མེད་པར་ཤོག་ཅིག་ཅེས་པའོ། །འདི་ནི་མི་ལས་གཞན་གྱིས་བར་དུ་གཅོད་པ་སྟེ་དེ་ལྟ་མ་ཡིན་ན་སྔ་མ་དང་ཟློས་པའི་རྐྱེན་དུ་འགྱུར་རོ། །སྤྱིར་སྐལ་པ་ངན་པ་ལ་སྐབས་ཐབས་ཀྱི་མང་ཡང་འདིར་ནི་སྤྱོད་པ་ཁྱད་པར་ཅན་རྫོགས་པར་བྱེད་པ་ལ་བར་དུ་གཅོད་པའི་ལས་ཀྱི་བྱ་བ་ངན་པ་སྟེ། བདུད་ཀྱི་ལས་ཞེས་པས་གོའོ། །བདུད་ལས་དེ་ཡང་ཡུམ་གྱི་མདོ་ལས་བཤད་པ་ལྟ་བུ་སྟེ། རང་གཞན་གཉིས་ཀའི་དབང་དུ་བྱས་སོ། །འོ་ན་སྔ་མར་ནག་པོའི་ཕྱོགས་ཞེས་གསུངས་པ་མི་འཐད་དོ་ཞེ་ན། དེ་ནི་སྡིག་གྲོགས་ཡིད་བསྐྱོད་མཁན་དུ་བསྟན་གྱི་བསྟན་བྱའི་གཙོ་བོ་མ་ཡིན་པས་སོ། ། འཐུན་རྐྱེན་གང་དང་གང་ལྡན་དམ་པའི་སྐྱེས་བུ་ཐུགས་དགའ་བ་བྱེད་པ་དགེ་སྦྱོང་གི་རྒྱན་དུ་འདྲེན་པ་སངས་རྒྱས་ཀྱིིིས་བསྔགས་པ་ཡི་ཡོ་བྱད་བྱང་ཆུབ་ཀྱི་སྤྱོད་པའི་རྗེས་སུ་འཇུག་པའི་ཐབས་མཐུན་པའི་རྐྱེན་ཆོས་གོས་རྣམ་གསུམ་སོགས་མ་ལུས་པ་ཐོགས་པ་མེད་པར་འགྲུབ་པར་ཤོག་ཅིག་ཅེས་སོ། །དགེ་སྦྱོང་རྒྱན་དུ་ཞེས་པ་ལྟར་ན་རབ་བྱུང་གི་ཡོ་བྱད་གཙོ་ཆེ་ཡང་དེ་ཁོ་ན་མ་ངེས་སོ། །ཐོགས་པ་མེད་པར་འགྲུབ་པ་ནི་འབད་རྩོལ་བྱེད་མ་དགོས་པར་རང་གི་ངང་གིས་འདུ་བའོ། །བདག་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་ཚེ་དངོས་ཀྱི་གདུལ་བྱའི་གནས་སུ་གྱུར་པ་ཀུན་ཀྱང་རྣམ་དག་ཚུལ་ཁྲིམས་ཀྱི་བསླབ་པས་སྒོ་གསུམ་བསྡམས་པར་བྱ་བའི་རབ་བྱུང་གི་རྟེན་ལ་འགོད་ཅིང་། རྟེན་དེ་ལ་འོས་པ་སྟེ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ནི་འབད་མི་དགོས་པར་ཡིད་ལ་བསམ་པ་ཙམ་གྱིས་མ་ལུས་པ་སྩོལ་བར་ཤོག་ཅིག་ཅེས་སོ། །སྩོལ་བ་ནི་འདིར་འགྲུབ་པའི་དོན་དུ་བྱས་ན་ལེགས་པར་མངོན་ནོ། །བསྡམས་ཞེས་པ་ནི་གང་ལས་བསྡམས་ན་ཉེས་སྤྱོད་ལས་དང་གང་བསྡོམས་པ་ནི་སྒོ་གསུམ་མོ། །གསུམ་པ་ནི། དུས་དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ་བདག་གིས་ལུས་དང་ངག་དང་ཡིད་ཀྱི་རྩོམ་པ་སྟེ་འབད་པ་གང་ཞིག་བགྱིས་པ་དེ་དག་ཐམས་ཅད་མཐའ་ཡས་པའི་འགྲོ་བ་ལ་ཅུང་ཟད་ཙམ་མ་ཡིན་པར་གནས་སྐབས་ཀུན་ཏུ་ཕན་པ་འགྲུབ་པའི་རྒྱུར་གྱུར་ཅིག་ཅེས་པའོ། ། དཔེར་ན་བུ་སྡུག་ཏེ་ཤིན་ཏུ་གཅེས་ཤིང་འཕངས་པ་དང་ཡིད་དུ་འོང་བའི་བུ་གཅིག་ཤི་བའི་དུས་ཀྱི་མ་ནི་བུ་དེ་གཅེས་པའི་དབང་གི་སྡུག་བསྔལ་ཆེན་པོས་གདུང་བ་དེ་བཞིན་དུ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཀུན་གྱིས་མནར་བའི་འགྲོ་བ་ཀུན་ཀྱང་དུས་རྟག་ཏུ་བདག་གི་ཡིད་ལ་བཅགས་པའི་བརྩེ་བ་ཡི་དབང་གིས། བདོག་པའི་དངོས་པོ་ཡོ་བྱད་ཐམས་ཅད་དེ་རྣམས་ལ་གཏོང་བར་ཤོག་ཅིག་ཅེས་སོ། །ཡིད་ལ་བཅགས་པ་ནི་ཡིད་ལ་བཟུང་བ་དང་། བདོག་པ་ནི་ཡོད་བྱད་ཀྱི་རྐྱེན་ནོ། །ཐེག་པ་ཆེན་པོའི་འཕགས་པའི་གོ་འཕངས་མ་ཐོབ་པའི་སྐབས་ཚོགས་ལམ་དང་སྦྱོར་ལམ་གྱིས་བསྡུས་པའི་མོས་པས་སྤྱོད་པའི་ས་ཡི་སྐྱོན་གྱི་དྲི་མ་སྤྱོང་བའི་ཚེ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཡི་དུས་ཀྱི་ཚུ་རོལ་མཐོང་བ་སྟེ་འཁོར་བར་གནས་པའི་སོ་སོ་སྐྱེ་བོའི་རྒྱལ་སྲས་རྣམས་ཀྱི་ནང་ན་བདག་ནི་དཔེར་ན་གསེར་གྱི་ས་འཛིན་ཏེ་གསེར་གྱི་རི་བདུན་གྱི་དབུས་ན་རི་རྒྱལ་ལྷུན་པོ་མཐོ་བས་ཁྱད་པར་དུ་འཕགས་པ་བཞིན་དུ་ལྷའི་སྤྱན་ལྔ་དང་། མིག་གི་མངོན་ཤེས་སོགས་མངོན་པར་ཤེས་པ་དྲུག་དང་། མང་དུ་ཐོས་པ་དང་། སོགས་ཏེ་རྫུ་འཕྲུལ་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ཀུན་གྱི་སྒོ་ནས་ཆེས་རབ་ཏུ་མཐོ་བ་དང་། བྱིས་པའི་རྒུད་པ་སོ་སྐྱེའི་ངང་ཚུལ་མི་ཤེས་པ་ཀུན་ལས་འདས་པར་གྱུར་ཏེ། གཞན་གྱི་དྲིང་མི་འཇོག་པའི་སྤོབ་པ་ཁྱད་པར་ཅན་ཐོབ་པར་ཤོག་ཅིག་ཅེས་སོ། །དྲིང་མི་འཇོག་པ་ནི་བཤད་ཟིན་ལ། སྤོབས་པ་ནི་ཆོས་འཆད་པའི་ཚེ་ཟད་མི་ཤེས་པ་དང་ཐོགས་པ་མེད་པའི་སྤོབས་པ་སོགས་མང་ངོ་། །ཡང་རྒྱལ་སྲས་འཕགས་པའི་ས་དང་པོ་སོགས་ལ་སློབ་པ་ན། ས་དེར་གནས་པའི་རྒྱས་སྲས་དཔའ་བོའི་འདས་མ་འོངས་ད་ལྟའི་དུས་སུ་ཐམས་ཅད་དུ་ལམ་བགྲོད་པར་ཡོངས་སུ་གཤེགས་པ་སྟེ་བྱོན་ཟིན་པ་དང་། འབྱོན་པ་དང་། བྱོན་ནས་བཞུགས་པ་རྣམས་ཀྱི་ཁྲོད་དེ་ནང་ན་བདག་ནི་དཔེར་ན། བྱ་ལམ་ནམ་མཁའ་བགྲོད་པ་ལ་ནི་འདབ་བཟང་དབང་པོ་མཁའ་ལྡིང་བཞིན་དུ་ལམ་བགྲོད་པར་ས་ཆོད་ཆེ་བ་དང་། རྒྱལ་བའི་སྲས་པོ་གཞན་གྱིས་དཔག་པ་སྟེ་རྟོགས་པར་དཀའ་བ་ཡི་ཤིན་ཏུ་རྒྱ་ཆེ་བའི་ཤེས་བྱའི་གནས་རྣམས་ལ་དྲི་མ་མེད་པའི་མཁྱེན་པ་ཐོགས་པ་མེད་པར་འཇུག་པར་བྱེད་ཅིང་། རླབས་ཆེན་གྱི་སྤྱོད་པའི་གཏེར་དུ་གྱུར་པར་ཤོག་ཅེས་པའོ། །བཞིན་ཞེས་པའི་དཔེ་ནི། ས་ལམ་བགྲོད་པ་དང་། ཤེས་བྱ་མཁྱེན་པ་རྒྱ་ཆེ་བའི་ཚུལ་གཉིས་ཀ་ལའང་སྦྱར་དུ་རུང་ངོ་། །རླབས་ཆེན་སྤྱོད་པ་ནི་ལུས་གཏོད་པ་སོགས་བྱ་དཀའ་བ་དང་། དེའི་གཏེར་ནི་སྤྱོད་པ་དེ་འབྱུང་བའི་གནས་ཡིན་པའོ། །རྗེ་བླ་མས་མང་དུ་ཐོས་པ་ལ་ནན་ཆེར་བསྐུལ་བའི་གཞུང་མང་ཡང་བསྟོད་པའི་ནང་ནས་དེ་ལ་ནོན་གྱིས་བསྐུལ་བ་ནི་འདི་རྒྱས་སོ། ། དེ་ལྟར་མོད་ཀྱི་དེང་སང་ཁ་ཅིག་ནི་མང་དུ་ཐོས་པ་དང་། ཁ་ཟས་གཉིས་ལས་ཕྱི་མ་མཆོག་ཏུ་བཟུང་ནས་དོན་དུ་གཉེར་བར་བྱེད་དོ། །འོན་ཀྱང་འགའ་ཞིག་ནི་མོས་ལ། གཞན་དག་ནི་སྡང་བར་སྡང་ངོ་། ། བཞི་པ་ནི། རླབས་ཆེན་གྱི་སྤྱོད་པ་གོང་དུ་སྨོས་པ་དེ་ལྟར་སྤྱོད་པའི་འབྲས་བུ་འགྲུབ་པའི་ཚེ་ན། འདས་མ་འོངས་ད་ལྟའི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྐུ་དང་། ཞིང་ཕུན་སུམ་ཚོགས་པ་དང་། འཁོར་དང་མཛད་པ་འཕྲིན་ལས་དང་། སྐུ་ཚེ་དང་། སྨོན་ལམ་རྣམས་གང་ཡིན་པ་ཐམས་ཅད་གཅིག་ཏུ་བསྡོམས་པ་དེ་དག་ཀུན་ཐབས་ལ་མཁས་པའི་སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ནས་དུས་ཡུན་རིང་བོ་ནས་ཕན་འདོགས་དགོས་པར་ཡིད་ལ་བརྣགས་པ་སྟེ་བསམས་པའི་འགྲོ་བ་འདི་རྣམས། དམ་པའི་ཆོས་ཀྱི་བདུད་རྩིའི་ཆར་ཆེན་པོ་ཕབ་པ་ཡི་སྒོ་ནས་དུས་སྐད་ཅིག་མ་གཅིིག་ལ་བདག་གིས་སྒྲོལ་བར་ཤོག་ཅིག ཅེས་པའོ། འདི་ནི་ཤིན་ཏུ་རྒྱ་ཆེ་བའི་སྨོན་ལམ་ཡིན་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་ཞིང་མཛད་པ་སྨོན་ལམ་མཐའ་དག་འདྲ་བ་ཞིག་རང་ཉིད་ཀྱིས་སྒྲུབ་པར་སྨོན་པའི་ཕྱིར་རོ། །འདི་སྐད་ཅིག་མ་ནི་དུས་ཐུང་བ་ཞིག་ལ་བྱེད་ཀྱང་། བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་གྱི། ཐུང་མཐའི་སྐད་ཅིག་མ་ནི་ཤིན་ཏུ་ཡུན་ཐུང་ལ། འོན་ཏེ་སྨོན་ལམ་ཡིན་པས་མི་འགའ་བར་མངོན་ནོ། །མཛད་བྱང་ནི་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་སྐྱབས་གཅིག་པུ་ནས། དགེ་ལེགས་སུ་གྱུར་ཅིག །ཅེས་པའི་བར་ཏེ་གོ་སླའོ། །ཇི་སྐད་བཤད་པ་དེ་དག་ནི་བདག་གི་གོ་ཚོད་ལྟར་བློས་དཔྱད་ནས་བརྗོད་པ་ཡིན་གྱི་འདིའི་འགྲེལ་པ་གཞན་མ་མཐོང་ཞིང་མ་ཐོས་པ་གཞན་ལ་བརྟེན་ནས་ནི་མ་ཡིན་ལ། ཅུང་ཟད་གོ་སླ་བ་རྣམས་ནི་མང་དུ་དོགས་ནས་བསྡུས་ཏེ་བཤད་ལགས་སོ། །བསྟོད་པ་འདི་ནི་རྗེ་བླ་མ་རྒྱ་གར་ཤིང་གི་རི་ལ་རྗེ་བཙུན་མེ་ཏྲི་བའི་དྲུང་དུ་འབྱོན་པར་བཞེད་པའི་སྐབས་སུ་འཇམ་དབྱངས་ཀྱིས་རྗེ་ལ། རྫིང་སྤྱིའི་བྱམས་པ་ལ་བསྟོད་པ་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ལྟ་བུ་ཞིག་ཅེས་བསྐུལ་བ་ལ་བརྟེན་ནས་བརྩམས་པར་རྣམ་མཐར་ལས་བཤད་དོ། །འོན་ཀྱང་གསང་བའི་རྣམ་མཐར་ལས་མི་ཕམ་མགོན་གྱི་ཡང་དག་དོན་བསྟོད་པ། ། དོན་གྱི་ངོ་བོ་གོ་རིམ་འཇམ་དབྱངས་གྱིས། །གསལ་བར་གསུངས་ནས་ཚིགས་སྦྱོར་ལེགས་སྦྱང་བ། །ཞེས་འབྱུང་བའི་བྱམས་བསྟོད་ནི། བྱམས་པའི་བསྟོད་པ་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་པ་དེ་ཡིན་པར་ཐུན་མོང་མ་ཡིན་པའི་རྣམ་མཐར་ལས་འབྱུང་ངོ་། །བསྟོད་པ་འདི་ཡང་དེ་དང་མཚུངས་པ་ཡིན་པས་ན། སྔར་འཇམ་དབྱངས་ལ་མཆོད་བརྗོད་མཛད་པ་ནི། རྗེ་བཙུན་ལྷག་པའི་ལྷ་ཡིན་པར་མ་ཟད། བསྐུལ་པ་པོ་ཡིན་པའི་དབང་དུ་བྱས་པའོ། །སྨྲས་པ། བརྟན་པའི་འཁོར་ལོའི་གསུང་གི་ས་འཛིན་གྱིས། །རྒྱས་བ་གཉིས་པའི་རྒྱ་མཚོ་ཉེར་བསྐུལ་བས། ། མི་ཕམ་མགོན་གྱི་བསྟོད་ཚིག་འོད་དཀར་ཅན། །ཤར་ཚེ་བློ་ལྡན་གཉིས་སྐྱེས་འཛུམ་གྱིས་བསུ། །བསྟོད་གསོལ་སྨོན་ལམ་ལྷ་ཆེན་རལ་པའི་ཀློང་། །དོན་བཟང་ཡན་ལག་བརྒྱད་དང་ལྡན་པའི་ཆབ། །གཅིག་ཏུ་འཁྱིལ་བ་བསྐལ་ལྡན་ཤིང་རྟ་ཡིས། །ཚིག་འབྲེལ་འཛིན་མའི་ངོགས་སུ་བདེ་བར་ཕབ། །རྒྱལ་ཚབ་དམ་པའི་ཡོན་ཏན་ནམ་མཁའ་བཞིན། །ཡབ་རྗེ་བླ་མའི་ལེགས་བཤད་ཉི་ཟླ་བཞིན། །ཁོ་བོའི་རྣམ་དཔྱོད་སྲིན་བུ་མེ་ཁྱེར་བཞིན། །འཇུག་པར་འདོད་ཀྱང་བྱེའུའི་རྩོལ་བ་བཞིན། །འོན་ཏེ་ལྷ་ལམ་ཡང་བོར་ཉིན་མོར་བྱེད། །ཁོ་ནར་མ་ཟད་བཞན་དག་བགྲོད་པ་ལྟར། །གང་འདིར་ངོ་མཚར་བསྔགས་སུ་འོས་མོད་ཀྱང་། །འཐད་བྲལ་ཁོངས་སུ་གཏོགས་པ་མ་ཡིན་སྙམ། །དེ་ཕྱིར་དགོངས་དོན་ཉེས་པ་མི་སྲིད་ན། ། ཕྱོགས་ལྷུང་བྲལ་བའི་དམ་པའི་སྤྱན་སྔར་འཆགས། །ལེགས་པར་བཤད་རྣམས་དགྱེས་པ་བསྐྱེད་བྱེད་དུ། །འབུལ་ལོ་དགེ་དེས་དམ་ཆོས་འཛིན་གྱུར་ཅིག །ཅེས་པ་འདི་ནི། མདོ་སྔགས་ཀྱི་གཞུང་ལུགས་དུ་མ་ལ་རྣམ་དཔྱོད་ཡངས་ཤིང་། དད་སྟོབས་ཕུན་སུམ་ཚོགས་པ་མངའ་བའི་དཀའ་ཆེན་ཚུལ་ཁྲིམས་ཀྱིས་བསྐུལ་བ་ལྟར་ཅོ་ནེའི་མཚན་ཉིད་ཀྱི་བླ་མའི་གོ་སར་གནས་པ་བཤད་སྒྲུབ་མིང་ཅན་གྱིས་བགྱིས་པའོ། །མཁས་བཙུན་བཟང་གསུམ་འཛོམ་པའི་རྣམ་ཐར་གྱི། །སྙན་པའི་གྲགས་པ་ས་སྟེང་སྲིད་ན་གསལ། །བཤད་སྒྲུབ་གཉིས་ཀྱིས་བསྟན་པ་ཚུལ་བཞིན་སྤེལ། །བདག་གི་ཡོངས་འཛིན་དེ་ལ་གུས་པས་འདུད། །བྱམས་བསྟོད་ཚངས་པའི་ཅོད་པན་འདབ་བརྒྱའི་ཁ། །འབྲུ་འགྲེལ་ལུང་རིགས་ཟེར་གྱིས་ཕྱེ་བ་འདི། །དོན་བཟང་ངོ་མཚར་བྱེ་བའི་དྲི་བསུང་འཕྲོ། །བློ་གསལ་བུང་བ་ཚིམ་འདི་ཁྱོད་ཀྱི་དྲིན། །དམ་པ་གང་དེའི་ཡང་ཚ་རབ་འབྱམས་པ། །བསོད་ནམས་རྒྱལ་མཚན་དད་པས་ཀུན་བསླངས་ནས། །ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་པར་འདི་ནི། །གསར་དུ་བསྐྲུན་པའི་རྣམ་དཀར་དགེ་བའི་ཆ། །ནམ་ཞིག་ལྔ་པའི་ལམ་དུ་ཞུགས་པའི་ཚེ། །རྒྱལ་ཚབ་དམ་པས་ལམ་གྱི་སྣ་དྲངས་ནས། །དགའ་ལྡན་ཡིད་དགའ་ཆོས་འཛིན་ཞིང་ཁམས་དེར། །སྐྱེ་བའི་རྟེན་འབྲེལ་འགྲིག་པའི་རྒྱུར་གྱུར་ཅིག །མདྒ་ལམ།།


previousརྗེ་བཙུན་བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བའི་ཚིག་འགྲེལ་རྒྱལ་སྲས་སྤྱོད་པའི་འབྱུང་གནས།next