Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
བསྟོད་སྤྲིན་རྒྱ་མཚོའི་རྣམ་བཤད་འཇམ་དབྱངས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན།
   
   
   


 
previousབསྟོད་སྤྲིན་རྒྱ་མཚོའི་རྣམ་བཤད་འཇམ་དབྱངས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན།next

བསྟོད་སྤྲིན་རྒྱ་མཚོའི་རྣམ་བཤད་འཇམ་དབྱངས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན།

བསྟོད་སྤྲིན་རྒྱ་མཚོའི་རྣམ་བཤད་འཇམ་དབྱངས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས།

འབུམ་ཕྲག་ཉིན་བྱེད་རྩེ་དགའ་དང་འགྲོགས་གསེར་གྱི་རི་བཞིན་ལྟ་བས་མི་ངོམས་བརྗིད་པའི་སྐུ། དབྱར་སྐྱེས་དྲི་ཟ་སྟོང་གི་སྒྲ་ཀུན་གཅིག་ཏུ་བསྡུས་ལྟར་སྙན་པའི་དཔལ་མངའ་ཚངས་པའི་དབྱངས། དད་པའི་མཚོ་ནང་སྣ་ཚོགས་གཟུགས་བརྙན་མ་འདྲེས་གསལ་བཞིན་མ་ལུས་ཆོས་རྣམས་གཟིགས་པའི་ཐུགས། །གང་ལ་མངའ་བ་སྲིད་གསུམ་སྟོན་པ་ཤཱཀྱ་སེདྒརེ་དུས་རྣམས་ཀུན་ཏུ་ཕྱག་བགྱིའོ། །བདེ་གཤེགས་ཀུན་གྱི་ཡབ་ཏུ་གྱུར་པའང་རབ་འབྱམས་ཞིང་དུ་རྒྱལ་སྲས་ཚུལ། །མཁྱེན་བརྩེ་ཐུགས་ཀྱི་གཏེར་དུ་སྦས་ཀྱང་ཤེས་བྱའི་ཁམས་དང་གོ་སྐབས་མཉམ། །ཇི་སྙེད་ཆོས་ཕུང་འགྲོ་ལ་སྟོན་ཡང་ལྷག་པར་ཟབ་མོ་སྟོང་པ་ཉིད། །སྒྲོགས་ལ་མཚུངས་བྲལ་བསྟན་པའི་འཁོར་ལོ་བདག་ཡིད་མེ་ལོང་ལ་འཕོས་ཤིག །གཞུང་ལུགས་མཚོ་ཆེན་རྣམ་དཔྱོད་ཡངས་པའི་ཧུབ་གཅིག་གིས། །འཐུངས་པས་མ་ཚིམ་ལོག་རྟོགས་གསར་ལྡན་རླུང་ཐུབ་བཅས། །ཅིག་ཅར་ཞུ་མཛད་ལེགས་བཤད་བདུད་རྩི་སྐྱུགས་མཁས་པ། །སྔོན་མེད་དྲང་སྲོང་རྗེ་བཙུན་བླ་མས་དགེ་ལེགས་སྩོལ། །མགོན་དེའི་གསུང་རབ་མཛོད་ཀྱི་སྒོ་འཕར་མཆོག །མང་ཐོས་རྣམ་དཔྱོད་ལྡེ་མིག་གིས་ཕྱེ་སྟེ། །དགོངས་དོན་རིན་ཆེན་ཡིད་བཞིན་ནོར་བུ་ཉིད། །ལེན་པའི་ཚུལ་ལ་ཁོ་བོ་སྤྲོ་བ་འཕེལ། །དེ་ལ་འདིར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་མཛད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྦྱིན་རྒྱ་མཚོའི་དོན་ནི། གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གསུམ། བཤད་པ་ལ་འཇུག་པའི་ཡན་ལག བཤད་པ་ལ་འཇུག་པ་ཉེ་བར་འགོད་པ། བཤད་པ་མཐར་ཕྱིན་པས་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །དང་པོ་ལའང་གཉིས། བླ་མ་དང་འཇམ་དབྱངས་ཐ་མི་དད་དུ་བྱས་ནས་ཕྱག་འཚལ་བ་དང་། བྱེ་བྲག་ཏུ་འཇམ་དབྱངས་ལ་བསྟོད་པའོ། །དང་པོ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །ཞེས་གསུངས་ལ་དོན་ནི། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་བྱ་བར་འགྱུར་བ་ཡིན་ཏེ། ན་མོ་ནི་ཕྱག་འཚལ་བའི་འདུད་པ། གུ་རུ་ནི་བླ་མ། མཉྫུ་ནི་འཇམ། གྷོ་ཥཱ་ནི་དབྱངས། ཡ་ནི་ལ་ཞེས་པའི་དོན་དུ་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ནི། རིང་ནས་གོམས་པའི་ཐུགས་རྗེའི་ཆབ་ཀྱིས་ཞེས་པ་ནས། ལྷག་པའི་ལྷ་དེར་ཡིད་གཏད་ཞེས་པའི་རྐང་པ་ཕྱེད་བཞིས་སྟོན་ཏེ། དོན་ནི། རྗེ་བླ་མ་ཆོས་ཅན། རང་གི་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་དེར་ཡིད་རབ་ཏུ་གཏད་ནས་གུས་པས་བསྟོད་པའི་རྒྱུ་མཚན་ཡོད་དེ། དུས་ཡུན་རིང་མོ་ནས་ཡང་ཡང་ལགས་པར་གོམས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱབས་འདོད་ཀྱི་རྣམ་པ་ཅན་གྱི་སྙིང་རྗེ་ཆབ་ཀྱིས་རང་ཉིད་གཅིག་པུ་ཞི་བའི་བདེ་བ་ཐོབ་པར་འདོད་པའི་ཡིད་ཀྱི་མེ་དཔུང་འབར་བ་བཅིལ་བ་སྟེ་བསང་བའམ་བཅོམ་ལ། རྟེན་འབྲེལ་གྱི་ཆོས་ཉིད་ཟབ་མོའི་རང་བཞིན་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་པའི་སྟོབས་ཀྱིས། ཀུན་ཏུ་རྟོག་པའི་སྤྲོས་པ་སྟེ་ཡུལ་ལ་ཕྱིན་ཅི་ལོག་ཏུ་བདེན་པར་འཛིན་པའི་བདེན་འཛིན་གྱི་འཆིང་བའི་དྲ་བ་རྣམས་བཅད་པའམ་སྤངས་ཤིང་། རྗེ་བཙུན་རང་ཉིད་ཀྱིས་རྟེན་འབྲེལ་ཟབ་མོའི་དོན་ཇི་ལྟར་གཟིགས་པ་གང་ཡིན་པའི་ཚུལ་དེ་ཉིད་འགྲོ་བ་སེམས་ཅན་རྣམས་ལ་བསྐྲུན་པ་སྟེ་སྟོན་པའི་ཕྱིར་ཏུ་སེམས་ཅན་གཞན་ལ་ཕན་འདོད་ཀྱི་ལྷག་བསམ་དག་པའི་ཁུར་ཆེན་པོ་སྐྱོ་ངལ་ལ་མེད་པའི་ཐུགས་ཀྱིས་ཁྱེར་བའི་ཕྱིར་རོ། །དེ་ཡང་ཐུགས་རྗེ་དང་ཆབ་བམ་ཆུ་རང་ཁོ་ན་བདེ་འདོད་དང་མེ་སྦྱར་ལ། བཅིལ་ཞེས་པས་ཆུས་མེ་བསད་པ་དང་། ཐུགས་རྗེས་ཅིག་ཤོས་བཅོམ་པ་སྦྱར་བ་དང་། ཡང་སྤྱིར་སྤྲོས་པའི་ཐ་སྙད་ལ། ཀུན་རྫོབ། བདེན་གྲུབ། གཉིས་སྣང་། ཀུན་རྟོག་གི་སྤྲས་པ་ཞེས་སོགས་ཀྱི་ཐ་སྙད་ཡོད་ཀྱང་འདིར་ནི་དྲ་བ་སྟེ། དེ་ནི་འདིའི་སྐབས་ཀྱི་དྲ་བ་ཡིན་ལ། དཔེའི་དྲ་བ་ནི་འཇིག་རྟེན་ན་ཡོད་པའི་རྩ་སོགས་འཆིང་བྱེད་ཀྱི་དྲ་བ་ལྟ་བུའོ། །འདི་ལའང་མཐའ་དཔྱོད་ཀྱི་སྒོ་ནས་རྒྱས་པར་བཤད་དུ་ཡོད་ཀྱང་མང་དུ་དོགས་པས་མདོར་བསྡུས་པའི་ཚུལ་གྱིས་བཤད་ཅིང་འཆད་པར་འགྱུར་རོ། །གཉིས་པ་བཤད་པར་དམ་བཅའ་བ་ལ་གསུམ། དངོས་དང་། དགོངས་གསོལ། བསྟོད་པའི་རྒྱུ་མཚན་ནམ་དགོས་པའོ། །དང་པོ་ནི། དད་པའི་རླུང་གིས་བསྐྱོད་པའི་བསྟོད་ཚིག་མེ་ཏོག་ལ། །ཞེས་གསུངས་ཏེ། དོན་ནི། སྔར་དེ་ལྟར་མཆོད་པར་བརྗོད་ནས་ཅི་བྱ་ཞེ་ན། ཡོད་དེ། དེ་ལྟར་དད་པའི་རླུང་གིས་བསྐྱོད་པ་ལས་བྱུང་བའི་བསྟོད་ཚིག་མེ་ཏོག་གི་ཕྲེང་བ་ལྟ་བུ་ཞིག་སྤེལ་བར་བྱེད་པའི་ཕྱིར་རོ། །ལ་ནི་བསྟོད་ཚིག་མེ་ཏོག་སྤེལ་བ་ལ་ཞེས་དགོངས་གསོལ་སོགས་འོག་མ་འདྲེན་པའི་དོན་ནོ། །གཉིས་པ་ནི། ཉིན་བྱེད་འཆར་ཁའི་སོགས་རྐང་བ་བཞིས་སྟོན་ཏེ། དོན་ནི་གོ་སླ་བའི་ཆེད་དུ་མཐར་ཆགས་སུ་བཤད་པར་བྱ་ལ། དཔེར་ན། ཉིན་མོར་བྱེད་པ་ཤར་རིའི་རྩེ་མོ་ལས་འཆར་ཁ་མའི་མདངས་ཀྱིས་རབ་ཏུ་འཁྱུད་པ་སྟེ་བསྐོར་བའམ་འཕོགས་པའི་ལྷུན་སྟུག་སྟེ་ལྷུན་བརྗིད་ཆེ་བའི་གསེར་གྱི་རི་བོའི་ངོས་ནས་མཚམས་སྤྲིན་གྱི་མདངས་དང་བཅས་པའི་འོད་ཀྱིས་དམར་སེར་དུ་ལྷམ་མེ། ལྷན་ནེ། ལྷང་ངེར་ཡོད་པ་དེ་བཞིན་དུ། དམར་སེར་མདོག་ཅན་གྱི་འོད་ཀྱི་ཕུང་པོར་ཏེ་དེ་དང་བཅས་པར་ལྷམ་མེ་བའི་སྐུ་མངའ་བ་འཇམ་དབྱངས་མཁྱེན་པའི་འབྱུང་གནས་ཀྱི་གཏེར་ཁྱོད་ང་ལ་བསྟོད་པའི་དུས་ཐུང་ངུ་ཡུད་ཙམ་གྱི་བར་དུ་དགོངས་ཤིག་ཅེས་པའོ། །འདིར་ཉི་མ་འཚར་ཁ་མའི་མདངས་དང་སྦྱར་བ་ནི། ནམ་ལངས་ཁ་མ་དང་ལང་པའི་དུས་ཀྱི་ཚེ་མཚམས་སྤྲིན་དམར་སེར་འབྱུང་བ་དེ་དང་སྔར་བཞིན་སྦྱོར་བའང་སྡུད་པའི་ཆེད་ཡིན་གྱི་གཞན་དུ་ན། དེར་སྦྱོར་བ་དམིགས་བསམ་འབྱུང་བའི་དགོས་པ་ལྷག་པོ་མེད་དོ། །གསུམ་པ་ནི། མ་ལུས་ཞིང་དུ་སོགས་ཚིགས་སུ་བཅད་པ་གཉིས་ཀྱི་སྟོན་ཏེ། འདི་ལ་གཉིས། ཡིད་ཕྱོགས་ནས་དང་པའི་རྒྱུ་མཚན་དང་། དེའི་དབང་གིས་ཡོན་ཏན་བརྗོད་འདོད་པའོ། །དང་པོ་ནི། ཕྱོགས་གཅིག་ཏུ་མ་ཟད་གལ་ཏེ་ཕྱོགས་བཅུ་ན་ཡོད་པ་མ་ལུས་པའི་ཞིང་ཐམས་ཅད་དུ་འབད་པ་བྱས་ཏེ་བཙལ་ན་ཡང་རྗེ་བཙུན་འཇམ་པའི་དབྱངས་ཁྱོད་ལས་གཞན་པའི་སྐྱབས་བཟང་པོ་ཁྱོད་ལས་ལྷག་པའམ་ཁྱོད་དང་མཚུངས་པ་མ་མཆིས་པས་ན། བློ་བཟང་གྲགས་པའི་དཔལ་བདག་གི་ཡིད་རྗེ་བཙུན་ཁྱོད་ཀྱི་ཡོན་ཏན་དྲན་ནས་རྗེས་སུ་མངོན་དུ་ཕྱོགས་པའི་ཚུལ་ཤུགས་དྲག་པ་ནི། དཔེར་ན། ཉི་མའི་འོད་ཀྱིས་དྲག་ཏུ་གདུངས་པའི་གླང་ཆེན་ནི། པདྨའི་མཚོར་འཇུག་པར་འདོད་པ་བཞིན་ནོ། །གཉིས་པ་ནི་རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར་རྗེ་བཙུན་ཁྱོད་ཀྱི་ཡོན་ཏན་བརྗོད་པར་འདོད་པ་ལ་བདག་ནི། དཔེར་ན། སློང་བ་པོ་ཡི་ཡིད་ལ་རེ་བ་སྐོང་བར་བྱེད་པ་ཡི་གཏོང་པའི་རྒྱན་གྱིས་མཛེས་པའི་སྦྱིན་བདག་འབྱོར་བ་ཅན་མཐོང་བའི་ཚེ་ན། ཟས་གོས་སོགས་འབྱོར་པས་དམན་པས་སྐྱེ་བོ་སློངས་མོ་བ་ཡོ་བྱད་ཀྱིས་ཕོངས་པ་འགའ་ཞིག་སྦྱིན་གཏོང་བྱེད་པ་པོ་དེ་ལ་ཡིད་ཕྱོགས་ནས་དེའི་བསྔགས་པར་བརྗོད་པ་བཞིན་དུ་གྱུར་ལགས་སོ་ཞེས་པའོ། །རྗེ་བཙུན་ལས་ལྷག་པའི་སྐྱབས་མེད་ཀྱང་དེ་ལས་གཞན་པས་སྐྱབས་ཡོད་ལ། འདིར་བསྔགས་པ་ཡིན་པས་གང་བྱས་ཀྱང་མི་འགལ་ལོ། །བདག་ཞེས་པ་ནི། རྩོམ་པ་པོ་ལ་སྦྱར་རུང་མི་རུང་བའི་སྐབས་གཉིས་ཡོད་དོ། །གཉིས་པ་བཤད་པ་ལ་འཇུག་པ་ཉེ་བར་འགོད་པ་ལ་གསུམ། སྐུ་ལ་བསྟོད་པ་དང་། གསུང་ལ་བསྟོད་པ་དང་། ཐུགས་ལ་བསྟོད་པའོ། །དང་པོ་ལ་གཉིས། བསྟོད་པ་དང་། སྨོན་ལམ་མོ། །དང་པོ་ལ་གཉིས། རྒྱས་པར་ཕྱེ་ནས་བསྟོད་པ་དང་། བསྡུས་སྟེ་བསྟོད་པའོ། །དང་པོ་ནི། ཁྱོད་སྐུ་རི་དབང་ཇི་བཞིན་ཞེས་པ་ནས། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད། ཅེས་པའི་བར་གྱིས་སྟོན་ཏེ། འདི་ལའང་ནང་མཚན་གྱི་དབང་དུ་བྱས་ན་མང་ཡང་། སྤྱིར་བཤད་པར་བྱ་སྟེ། དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཁྱོད་ཀྱི་སྐུ་ནི་དེའི་དབང་པོ་མཐོ་ཞིང་དྲང་བ་ཇི་ལྟ་བ་དེ་བཞིན་དུ་མཐོ་ཞིང་དྲང་ལ། ཤིང་ནྱ་གྲོ་དྷའི་ལྗོན་པ་ནི་རྒྱས་ཤིང་དེའི་སྲིད་དུ་ཅི་ཙམ་ཡོད་པའི་ཚད་དེ་ཙམ་ཞིང་དུའང་ཡོད་པས་ཆུ་ཞེང་གབ་པ་ལྟར། ཉིད་ཀྱི་སྐུ་ཡང་ཡན་མན་དུ་ཚད་ཅི་ཙམ་ཡོད་པ་དེ་འདོམ་ལའང་ཡོད་པས་ན། སྐུ་རྒྱས་ཞིང་ཆུ་ཞེང་གབ་པ་དང་། བསྲེག་བདྷར་ལེགས་པར་བྱས་པའི་བཙོ་མའི་གསེར་ནི་དག་ཅིང་འོད་གསལ་བ་ལྟར། དྲི་མ་དག་ཅིང་འོད་གསལ་བ་ཡི་སྐུའི་པགས་པའི་མདོག་ནི་ལེགས་པ་སྟེ་མཛེས་ཤིང་དཔངས་སྲབ་ལ་རེག་བྱ་འཇམ་པ་དང་། རྒྱལ་མཚན་གྱི་ཏོག་ནི་དེའི་སྟེང་ན་མཛེས་པ་ལྟར། ཁྱོད་ཀྱི་སྤྱི་གཙུག་གི་གནས་སུ་ནི། དཀྱུས་རིང་ལ་འཇམ་པ་དང་མདོག་གནག་ལ་སྣུམ་བག་ཆགས་པའི་རལ་པ་ཡི་ཐོར་ཅོག་གམ། ཐོར་ཚུགས་མཛེས་པར་བཅིངས་པའི་ཟེར་བུ་ཆ་ཤས་ལྷག་མ་ནི། ཟུར་ཕུད་ལྔ་ལྡན་དུ་བྱས་ཤིང་དེ་ཡང་ཅུང་ཟད་གཡོན་དུ་འཕྱང་བ་ཏེ་ཡོ་བའི་རྣམ་པ་ཅན་ནོ། །རིན་ཅེན་རྩེ་ཕྲན་རྣམས་ཀྱིས་མཛེས་པར་བྱས་པའི་དབྱིབས་ལེགས་ཀྱི་གདུགས་བཞིན་དུ། ཀུན་ནས་རྒྱས་པའི་དབུ་ཅན་དང་། དབུའི་སྐྲ་མཚམས་ཅུང་ཟད་མཐོ་བར་ལེགས་པར་ཕྱེད་པ་སྟེ་སྐྲ་མཚམས་ལེགས་པར་དོད་པ་ཡི་དཔྲལ་བའི་དབྱེས་ཏེ་ངོས་ཀྱི་རྒྱན་ནི་དཔེར་ན། བཅོ་ལྔའི་ཟླ་བ་ཉ་རྒྱས་པ་བཞིན་ནོ། །འདིར་མཛེས་བྱས་པའི་ཞེས་དྲུག་པའི་སྒྲ་སྣང་བས། རིན་ཅེན་རྩེ་ཕྲན་ནི་གདུགས་ཀྱི་རྩེར་འོང་བའི་རྐྱེན་གྱིས་རྩེ་ཕྲན་དུ་འཆད་དགོས་པར་སེམས་ལ། འོན་ཀྱང་གཞུང་གཞན་དུ་དབུ་རྒྱན་གྱི་ཁྱད་པར་རིན་པོ་ཆེའི་རྩེ་ཕྲན་ནི། སྐུད་པས་སྦྲེལ་བའི་རིན་པོ་ཆེའི་སྲོག་ཞུ་ཞེས་པ་དང་དོན་གཅིག་པར་བཤད། འདི་ལྟར་ཕྱེད་ན། རྩེ་ཕྲན་རྣམས་ཞེས་པ་ནི་རྩེ་ཕྲན་ལྔ་པའི་དབུ་རྒྱན་གྱིས་མཛེས་པར་བྱས་པའི་དབྱིབས་ལེགས་ཀྱི་དབུ་ནི་གདུགས་བཞིན་ནོ། །ཞེས་པ་ཅིག་ཐོབ་བོ། །ཆོས་སྤྱོད་འདིར་སྐྲ་མཚམས་མཐོ་བར་ཞེས་འགྱུར་བ་ལྟར་བྱས་ཀྱི། གསུང་འབུམ་དུ་མཐོ་བ་ཞེས་སྣང་ངོ་། །མེ་ཏོག་ཀུནྡ་དང་། དུང་དང་། པདྨའི་རྩ་བའི་མདོག་ནི་ཤིན་ཏུ་དཀར་བ་ལྟར་མདོག་དཀར་ཞིང་གསལ་ལ་གཡས་སུ་འཁྱིལ་ཚུལ་ལེགས་པ་དང་། དེ་ལྟར་འཁྱིལ་བའི་རི་མོ་ཅན་ནི་ཤིན་ཏུ་དག་པའི་དངུལ་གྱི་འབུར་བརྩིགས་པ་དང་འདྲ་བ་ཡི་རྣམ་པ་ཅན་ལྟ་བུ་ལ་རྩེ་མོ་གྱེན་དུ་ཕྱོགས་པ། ཆེ་ཆུང་སྐྱུ་རུ་རའི་འབྲུ་ཚད་ཙམ་ཡོད་པ། དྲངས་ན་ཁྲུ་གསུམ་དང་བདུན་ལ་སོགས་པའི་ཚང་འབྱུང་བ་དང་བཏང་བའི་ཚེ་གཡས་འཁྱིལ་དུ་འཁོད་པ་དྲི་མ་མེད་པའི་མཛོད་སྤུ་ནི་སྨིན་མའི་མཚམས་ཀྱི་དབུས་ན་མཛེས་སོ། །ཁ་དོག་གནག་ཅིང་ཅུང་ཟད་གུག་པ་ཡི་དབྱིབས་ཅན་འཇམ་ཞིང་སྣུམ་པ་དང་སྤུ་འཐུག་སྲབ་བམ། དཔངས་མཉམ་པའི་སྨིན་མ་ཚུགས་ཕན་ཚུན་རིང་པོ་ཅན་དང་ལྡན་པ་དང་། སྤུ་སྟུག་པ་སྟེ་འཐུག་ཅིང་འཇམ་ལ་ཕན་ཚུན་སོ་སོར་གནས་ཤིང་མ་འདྲེས་པ་དང་བསྒྲིགས་ལེགས་པ་ནི་དཔེར་ན། ཁྱུ་མཆོག་གི་རྫི་མ་བཞིན་དུ་ཁྱོད་ཀྱི་རྫི་མ་ཡིད་དུ་འོང་ངོ་། །འདིའི་སྟུག་ཅིང་ཞེས་པའི་དོན་རྫི་མ་དང་སྦྱར་དགོས་ཏེ། སྨིན་མའི་སྤུ་ནི་འཇམ་སྣུམ་ཞེས་སྔར་བཤད་ཟིན་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན། འདིར་འཇམ་ལ་ཞེས་པ་ནི་ཟློས་པར་འགྱུར་བའི་ཕྱིར་རོ། །རྫི་མ་ལ་སྡུག་པའི་ཁྱད་ཆོས་འཆད་དགོས་ཏེ། མདོ་ནི་རྟག་རྒྱན་ལས། སྤྱན་ཡངས་པ་དང་རྫི་མ་སྟུག་ཞེས་གསུངས་པ་དང་། དེའི་འགྲེལ་པར། སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང་། །ཞེས་གསུངས་པའི་ཕྱིར་རོ། །ཁྱུ་མཆོག་ནི་བ་ལང་གི་རིགས་ཅན་ཞིག་སྟེ། དཔེར་ན། དབང་ཕྱུག་ཆེན་པོའི་བཞོན་པ་གཞུང་ཁ་ཅིག་ཏུ་ཁྱུ་མཆོག་ལ་བཤད་ཅིང། དེ་ཡང་བ་ལང་གི་རྣམ་པར་བྲིས་པ་སྣང་བ་དང་། ཐར་ཆེན་ལས་ཀྱང་། བ་ཡི་རྫི་མ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། ཞེས་གསུངས་པས་སོ། །ཨུཏྤལ་མཐིང་ཁའི་འདབ་མའི་དབྱིབས་ཇི་ལྟ་བ་བཞིན་དུ། ཁྱོད་ཀྱི་སྤྱན་ནི་དཀྱུས་དབྱིབས་རིང་པོ་ཅན་ཅུང་ཟད་ཟླུམ་པ་ཡི་ནང་གི་དཀར་ནག་གི་ཆ་རྣམས་ཕན་ཚུན་མ་འདྲེས་ཤིང་མཛེས་པ་ནི། དཔེར་ན། འདམ་སྐྱེས་ཀྱི་པདྨའི་འདབ་མ་ནི་ཀུན་ནས་རངས་པ་སྟེ་གང་བའམ་རྒྱས་པ་བཞིན་ནོ། །སྤྱན་ཨུད་པ་ལ་མཐིང་ཁའི་མདོག་དང་འདྲ་བ་ཡོད་པ་ནི། མངོན་རྟོགས་རྒྱན་ལས། སྤྱན་ནི་མཐོན་མཐིང་ཞེས་གསུངས་པ་བཞིན་ཏེ། དེ་ཡང་སྔོ་ནག་ལ་སྦྱར་ན་ལེགས་པ་འདྲའོ། །ཟུམ་པ་ཞེས་པ་ནི་རྗེའི་གསུང་འབུམ་ལས་འབྱུང་བས། སྤྱན་ནི་ཞེང་ཅུང་ཕྲ་བའི་དོན་ཡིན་པར་བྱས་ན་བདེ་བས་དེ་ལྟར་བཤད་ལ། ཆོས་སྤྱོད་འདིར་ཟླུམ་པ་ཡི། ཞེས་འབྱུང་བ་ལྟར་ནའང་སྔ་མ་དང་དོན་འདྲ་ཙམ་བྱེད་རུང་ལ། འོན་ཀྱང་ཅུང་ཟད་ཟླུམ་པ་དཀར་ནག་གི་ཆར་སྦྱར་བ་ལྟར་སྣང་ངོ་། །དེ་ཡང་དཀར་ནག་ཐུན་མོང་དུ་སྦྱོར་ན་མ་གཏོགས། གནག་པའི་ཆ་ཁོ་ན་དང་སྦྱོར་མི་རུང་སྟེ་དེ་ནི་ཟླུམ་པོ་ཉིད་དུ་མངོན་སུམ་གྱིས་གྲུབ་བས་སོ། །སྤྱན་གྱི་མཚམས་ནས་བཟུང་སྟེ་མཐོ་དམན་རིམ་པར་འཚམ་ཞིང་གཟེངས་ཀུན་ཏུ་མཐོ་བའི་ཤངས་དང་ལྡན་པ་དང་། བིམ་པའི་མདོག་ལྟར་དམར་ཞིང་ཡིད་དུ་འོང་བའི་ཆུ་སྒྲོས་དང་། མདོག་དཀར་ཞིང་ཚད་རིང་ཐུང་མཉམ་ལ་བར་མཚམས་མ་དོད་པ་ལྟ་བུ་ཐགས་བཟང་ཞིང་གྲངས་ནི་ཡས་མན་དུ་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ་ཚང་བའི་ཚེམས་དང་ལྡན་པའོ། །བིམ་པ་ནི་ཤིང་ཏོག་ཞིག་ཡིན་ཅེས་གསུངས་སོ། །ཐ་མལ་པའི་མི་ལ་སོ་ནི་ཡས་མན་བསྡོམས་ན་སོ་གཉིས་འབྱུང་ཡང་། སངས་རྒྱས་ལ་བཞི་བཅུ་སྟེ། མི་ཤེས་པ་ཁ་ཅིག་སོ་སོ་གཉིས་ཡོད་པས་བདག་ལ་མཚན་སོ་གཉིས་ཡོད་ཅེས་ཟེར་བ་ནི། ཚེམས་དང་མཚོན་གྱི་ཡི་གེ་ཙམ་ཡང་མ་ཤེས་པར་གསལ་ལོ། ། འགྲམ་པ་དབྱིབས་ཟླུམ་ཞིང་རྒྱས་པ་ནི། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེདྒེའི་འགྲམ་པ་བཞིན་དང་། དཔངས་སྲས་པ་དང་འཇམ་ཞིང་མཉེན་ལ་སྤྱིར་རོ་ཞིམ་མི་ཞིམ་གང་ཡིན་ཀྱང་ཞལ་དུ་བཞེས་པ་ན་རོ་མཆོག་ཞིམ་པའི་ངོ་བོར་གྱུར་ནས་མྱོང་བའི་ལྗགས་ཀྱིས་ནི་ཞལ་གྱི་དཀྱིལ་འཁོར་ཀུན་ཏུ་ཁེབ་པར་མཛད་དོ། །འདིའི་ཞལ་ནི་གདོང་སྟེ་ལྗགས་བརྐྱངས་པའི་ཚེ་གདོང་ཁེབ་པས་མདོ་ལས་བཤད་དོ། ། སྙན་ཤལ་བཟང་པོ་རིང་པོ་ཉིད་ཐུར་དུ་འཕྱང་བའི་རྩེ་མོར་རིན་ཅེན་སྣ་ཚོགས་པ་དུ་མ་སྤྲས་པའི་རྣ་ཆ་ནི་རྣམ་པར་གཡོ་བར་བྱེད་ལ། གཟི་འོད་འཁྱུག་པ་སྟེ་འཕྲོ་ཞིང་འབར་བའི་རིན་ཅེན་ཕྲེང་བའི་རྒྱན་ཉིད་མགྲིན་པ་གང་དུ་འཕྱང་བའི་དྲི་མ་མེད་པའི་མགྲིན་པ་ནི། དཔེར་ན། མཛེས་པའི་གསེར་གྱི་བུམ་པའི་མགྲིན་པའི་དབྱིབས་བཞིན་ནོ། །སྐུའི་ཕྱི་རོལ་ན་རྩ་ཡི་དྲ་བ་མི་མངོན་ལ་སྐུའམ་དེའི་ཕྱལ་ཟླུམ་ཞིང་སྐུ་ཤ་རྒྱས་པ་དང་ཕྱག་གཉིས་དང་ཞབས་གཉིས་ཀྱི་རྒྱབ་ཀྱི་བོལ་བཞི་དང་ཕྲག་པའི་གོང་གཉིས་དང་ལྷག་པའི་ཕྱོགས་ཤས་ཡོངས་སུ་གང་བས་ཤང་ཤོང་གི་མི་མཉམ་པ་མེད་པའི་སྐུ་ཅན་དང་། གདོང་ལྔ་པ་སེདྒེ་རོ་སྟོད་བཞིན་དུ། ཀུན་ནས་རྒྱས་པའི་སྐུ་སྟོད་དང་། རི་རྒྱལ་ལྷུན་པོའི་ངོས་ཡངས་པའི་བྲང་དང་། དཔུང་པའི་མགོ་ལེགས་པར་ཟླུམ་པའི་ཕྱག་ནི། གླང་པོའི་རྒྱལ་པོའི་སྣ་ལྟར་རིང་ཞིང་མཛེས་སོ། །གདོང་ལྔ་བའི་དོན་ནི་གཞན་དུ་ཤེས་པར་བྱ་ལ། དེའི་སྟོད་དང་ལྷུན་པོའི་ངོས་ལྟར་རྒྱས་པོའི་ཡངས་པ་ལྟ་བུ་ནི་ཆ་མཚུངས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ལ། དེ་བཞིན་དུ་གཞན་ཕལ་ཆེར་ལ་ཡང་ངོ་། །གཡས་གཡོན་ཕྱག་ཞབས་ཀྱི་ཉི་ཤུའི་སོར་མོའི་བར་མཛེས་པའི་དྲ་བ་ཡིས་ལེགས་པར་འབྲེལ་བ་ནི། དཔེར་ན། ངང་བའི་རྒྱལ་པོའི་སོར་མོའི་བར་འབྲེལ་བ་བཞིན་ཏེ། དེ་ཡང་ཕྱིར་མན་འབྲེལ་བར་བཤད་དོ། །སོར་མོའི་རྩེར་ཡོད་པ་མདོག་སྣུམ་ཞིང་དམར་བའི་མདངས་ཆགས་པའི་སེན་མོ་ཡི་ཕྲེང་བས་རབ་ཏུ་མཚར་དུ་དངར་བའི་སོར་མོ་ཉི་ཤུ་ནི། དཔེར་ན་དཔག་བསམ་གྱི་ཤིང་གི་ཡལ་འདབ་གཞོན་ནུ་སྟེ། དེ་གསར་བའི་ལྕུགས་ཕྲན་ལྟར། རིང་ཞིང་རྒྱས་ལ་འཇམ་ཞིང་གཞོན་ཤ་ཆགས་སོ། ། མདོག་དང་དབྱིབས་གསལ་ཞིང་རྫོགས་ལ་ཕན་ཚུན་སོ་སོར་མ་འདྲེས་པའི་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོ་མཆོག་ནི་ཕྱག་དང་ཞབས་ཀྱི་མཐིལ་ལ་རྣམ་པར་བཀྲ་བ་ནི། དཔེར་ན། རྒྱ་ལས་རྒྱ་ཡི་འབུར་ནི་གསལ་བ་བཞིན་ནོ། །རྒྱ་ལ་སྤྱིར་མདུད་པའི་རྒྱ། ཚོན་གྱི་རྒྱས་བཏབ་པའི་རྒྱ་སོགས་ཡོད་ཀྱང་། འདིར་ན། འབུར་སྐུའི་པར་ལྟ་བུ་ནི་རྒྱ་དང་། དེ་ལ་བཏབ་པའི་སྐུ་འདྲ་ལྟ་བུའི་རི་མོའི་ཁྱད་པར་ནི་རྒྱའི་འབུར་རོ། །ལྟ་བུ་ཞེས་པ་ནི་དེ་འདྲ་བ་གཞན་སྡུད་པའི་ཆེད་དོ། །ཁ་ཅིག་ལས་འཁོར་ལོའི་དཔེར་རུས་པ་དང་བ་སོ་ལ་བསྐོས་པ་དང་འདྲ་བར་བཤད། བཀྲ་བ་ནི་གསལ་བ་དང་མཛེས་པ་སོགས་དུ་མར་འཇུག་གོ །དཔུང་རྒྱན་དང་གདུ་བུས་མཛེས་པར་བྱས་པ་ཡི་གཡས་པའི་ཕྱག་ན་ཆོས་ཀུན་བདེན་པར་ཞེན་པའི་དངོས་འཛིན་འཁྲི་ཤིང་གི་ལྗོན་པ་ཆེན་པོ་དྲུངས་ཏེ་རྩ་བ་ནས་གཅོད་པའི་མཚོན་བྱེད་རལ་གྲི་ནི་འབར་བའི་འོད་ཀྱི་དྲ་བ་འབྱེད་པ་བསྣམས་ལ། ཉོན་མོངས་སྤངས་པའི་ཞི་བར་བགྲོད་པའི་སྒོ་གཞན་གཉིས་པ་མེད་པས་ཞི་སྒོ་གཉིས་སུ་མེད་པའི་རྟེན་འབྲེལ་ཟབ་མོ་རྟོགས་པའི་ལམ་མ་ལུས་པ་གསལ་བར་སྟོན་པའི་ཤེར་ཕྱིན་གྱི་གླེགས་བམ་མཆོག་ནི་ཨུཏྤལ་སྔོན་པོའི་ལྟེ་བར་གནས་པ་ཡི་སྡོང་པོ་གཡོན་པའི་ཕྱག་གིས་ཐུགས་དཀར་འཛིན་ནོ། །ཞི་སྒོ་གཉིས་སུ་མེད་པ་ནི། ཐར་བར་བགྲོད་པའི་ཐབས་ཀྱི་གཙོ་བོ་ལ་སྟོང་ཉིད་རྟོགས་པའི་ལམ་ལས་མཆོག་ཏུ་གྱུར་པ་གཞན་མེད་པའི་དོན་ཡིན་ནོ། །རབ་འབྱམས་ཏེ་རབ་ཏུ་འབྱམས་ཀླས་པའི་ཁ་དོག་དུ་མའི་ཚོན་གྱིས་ཁ་བསྒྱུར་ཞིང་སྲབ་ལ་འཇམ་པ་སྣ་ཚོགས་པའི་དར་གྱི་སྨད་གཡོགས་གཡོ་བའི་སྟེང་དུ་དྲིལ་ཆུང་སོགས་སིལ་སིལ་སྒྲ་སྒྲོག་པའི་གསེར་གྱི་འོག་པག་གིས་ནི། ཡིད་དུ་འོང་བའི་སྐེད་སྐབས་ཀུན་ནས་མཛེས་པར་བསྡམས་སོ། །འོད་པག་ནི་རིན་པོ་ཆེའི་ཚར་ཚར་དུ་མས་བརྒྱན་པའི་སྐ་རགས་ཁྱད་པར་ཅན་ཞིག་གོ །ཅང་ཤེས་ཀྱི་རྟ་མཆོག་གི་གསང་གནས་སྦུབས་སུ་ནུབ་པ་བཞིན་དུ་གསང་གནས་སྦུབས་སུ་ནུབ་ལ། །འཇམ་ཞིང་ཕྲ་བའི་ཁྱད་པར་དང་ལྡན་པ་བ་སྦུའི་ཚོགས་རྣམས་ནི། བ་སྤུའི་ཁུང་བུ་རེ་རེ་ན་སྤུ་གཉིས་གཉིས་མེད་པས་ཟླ་མེད་དུ་རེ་རེར་བྱུང་ནས་གཡས་ཕྱོགས་སུ་རིམ་གྱིས་འཁྱིལ་ནས་སྐུ་ལ་གྱེན་དུ་ཕྱོགས་པ་དང་། བགས་ཀྱིས་སྟེ་གོང་ནས་རིམ་གྱིས་ཕྲ་ཞིང་ཟླུམ་པའི་བྱིན་པ་ལེགས་པ་སྟེ། རིམ་པར་འཚམ་ལ་རྒྱས་ཤིང་འཇམ་པ་དང་རི་དྭགས་ཨེ་ནྱ་ཡི་བྱིན་པ་ལྟ་བུའོ། །ཞབས་ཀྱི་མཁྲིག་མ་ནི་ལོང་བུ་ཆུང་ལ་མི་མངོན་པ་ལྟར་སྣང་བས་ལོང་བུའི་འབུར་གྱིས་དབེན་ཞིང་རུས་སྦལ་ཀྱི་ལྟོ་བ་བཞིན་དུ་ཞབས་ཀྱི་མཐིལ་རྒྱས་ཤིང་ཀུན་ནས་མཉམ་ལ། ཞབས་ཀྱི་བཞི་ཆ་སྟེ་ཆ་བཞིའི་ནང་གི་ཆ་གཅིག་གི་ཚད་ནི་ཕྱིར་འཕགས་ལ་རྟིང་པ་ཡངས་པའོ། །འདབ་མ་དྲུག་ལྡན་གྱི་པདྨ་དཀར་པོའི་དམར་སེར་མདོག་ཅན་གྱི་ལྟེ་བའི་སྟེང་དུ། དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པའི་རྒྱུ་སྐར་བདག་པོ་ཟླ་བའི་གདན་དང་། ཟླ་གདན་གང་དེར་ཏེ་དེའི་སྟེང་དུ་སིལ་སིལ་གྱི་སྒྲ་དང་ལྡན་པའི་གདུ་བུས་མཁྲིག་མའི་ཕྱོགས་སུ་མཛེས་པའི་ཞབས་གཉིས་པོ་རྡོ་རྗེའི་སྐྱིལ་ཀྲུང་མཛད་ནས་བཞུགས་སོ། །སྐབས་འདིར་ནི་ཞབས་ཀྱི་མཁྲིག་མ་སྟེ་ཞབས་ཀྱི་མགུལ་བའི་ཐད་དུ་ཡོད་ལ། མཁྲིག་མ་དེའི་རྒྱན་གདུ་བུ་སྒྲ་ལྡན་ཡོད་པའོ། །དེ་ཡང་ཇི་སྐད་དུ། ཞབས་གདུབ་ནི་ཞབས་ཀྱི་མཁྲིག་མའི་རྒྱན་ཞེས་གསུངས་པ་ལྟར་རོ། །འདི་དག་ནི་མཚན་དཔེའི་སྒོ་ནས་སྐུ་ལ་བསྟོད་པ་སྟེ། འོན་ཀྱང་མཚན་དཔེ་ཡོངས་སུ་རྫོགས་པ་གསལ་བར་འདིར་མི་འབྱུང་ཡང་། དོན་གྱིས་ཚང་བར་བྱེད་དགོས་སོ། །མཚན་དཔེ་དེ་རྣམས་ཀྱི་ཁྱད་པར་ནི་ཡུམ་རྒྱས་འབྲིང་གཉིས་དང་ཁྲི་བརྒྱད་སྟོང་བར་གསལ་བར་འབྱུང་ཞིང་། དེའི་དོན་ཡང་མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཞེས་སོགས་ཀྱིས་མཚན་དང་། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་པ་ནས། སངས་རྒྱས་དཔེ་བྱེད་བཟང་པོར་བཞེད། །ཞེས་པའི་བར་གྱིས་དེ་རྣམས་འཆད་དེ། དེའི་དོན་གསལ་བར་དེའི་འགྲེལ་པ་རྣམས་དང་། ཁོ་བོས་བྱས་པའི་རྒྱན་གྱི་མཐའ་དཔྱོད་ལས་ཤེས་པར་བྱའོ། །གཉིས་པ་ནི། བསོད་ནམས་ཚོགས་རབ་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་རབ་དང་ཕུལ་དུ་གྱུར་པའི་རབ་འབྱམས་ཏེ་འབྱམས་ཀླས་པའི་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་ཏུ་སྟེ་ཤིན་ཏུ་མཛེས་པ་རྗེ་བཙུན་ཁྱོད་ཀྱི་སྐུ་སྟེ། སྐུ་དེའི་རྣམ་འཕྲུལ་ནི་ནམ་མཁའི་མཐས་གཏུགས་པ་སྟེ་དབེན་པའི་ཞིང་དང་། གཏུགས་པ་མེད་པ་སྟེ་མཐའ་ཟད་པ་མེད་པའི་ཞིང་མཆོག་ཀུན་ཏུ་ཡང་དུ་མའི་འགྲོ་བའི་དོན་ལ་སྟོན་པ་ནི། དཔེར་ན། སྒྱུ་མའི་སྐྱེས་བུས་རྫས་ཀྱི་སྒོ་ནས་གཞན་ལ་མིག་འཁྲུལ་སྣ་ཚོགས་སྟོན་པ་བཞིན་དང་། དེ་ཡང་ཞིང་ཁམས་ལ་ལར་སྐུ་བལྟམས་པའི་ཚུལ་སྟོན་པར་སྣང་ཞིང་། དེར་མ་ཟད་ཞིང་གཞན་དུ་ཡང་བྱང་ཆུབ་ཏུ་འཚང་རྒྱ་བའི་ཚུལ་སྟོན་པ་སོགས་མཛད་པའི་སྟོན་པ་རྗེ་བཙུན་ཁྱོད་ཀྱི་སྐུ་ཡི་ནི་བཀོད་པ་མཆོག་འདིའི་ཁྱད་པར་རྣམས་ནི་འགྲོ་བ་ཐམས་ཅད་ཀྱིས་སྐྱེ་བ་འདི་དང་དེར་མ་ཟད་གལ་ཏེེ་སྐྱེ་བ་གཞན་དུ་མ་ལུས་འགྲོ་བ་ཀུན་ཀྱང་། ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་དུ་ཟིན་ཀྱང་རྫོགས་པར་བརྗོད་པར་མི་ནུས་སོ། །འདི་ནི་དཀོན་བརྩེགས་ལས་འབྱུང་ཞིང་། མདོ་གཞན་དུ་མ་དང་། དབུ་མ་འཇུག་པའི་མཇུག་ཏུའང་དེ་ལྟར་བཤད་དོ། །དཀོན་བརྩེགས་ལས་འཇམ་དབྱངས་ཀྱིས་དེ་ལྟར་མཛད་པ་དམིགས་གསལ་དུ་འབྱུང་ལ། གཞན་ཕལ་ཆེར་སྤྱིའི་དབང་དུ་བྱས་པ་སྟེ། ལུང་དྲངས་ནས་མང་དུ་དོགས་སོ། །ཚིགས་བཅད་འདི་ནི་ཚིག་རྒྱན་ལས་མ་ཆོད་པའི་ཟུང་ལྡན་དུ་མཛད་པའོ། །གཉིས་པ་ནི་སྨོན་ལམ་ནི། ལི་ཁྲིའི་རྒྱ་མཚོར་ཞེས་པ་ནས། སྐུ་མཆོག་ཐོབ་པར་ཤོག །ཅེས་པའི་བར་གྱི་སྟོན་ཏེ། དཔེར་ན། ལི་ཁྲིའི་རྒྱ་མཚོ་ཆེན་པོར་རྟ་བདུན་གྱི་བདག་པོ་འོད་སྟོང་ཅན་གྱི་འོད་ལྷུང་བ་སྟེ་ཤར་བ་ན་དམར་སེར་དུ་ལྷམ་མེར་འོང་བ་དེ་བཞིན་དུ། བལྟ་བས་མི་ངོམས་འོད་ཕུང་དམར་སེར་ཕྱོགས་བཅུར་འཕྲོ་བའི་སྐུ་གང་ཡིན་པ་དེ་རྒྱས་པར་བསྟོད་པ་མིན་ཡང་། ཅུང་ཟད་ཙམ་བསྟོད་པའི་བསོད་ནམས་དེ་ཡི་མཐུས་བསྟོད་པ་པོ་བདག་ལ་འཇམ་དབྱངས་ཀྱི་སྐུ་མཛེས་པ་མིག་གི་ལམ་དུ་འབྲལ་བ་མེད་པར་ཤོག་ཅིག་གོ །དུས་ནམ་ཞིག་གི་ཚེ་ཁྱོད་ཀྱི་སྐུ་མིག་གིས་མངོན་སུམ་དུ་མཐོང་བར་གྱུར་མ་ཐག་ཏུ་ལས་ཉོན་གྱི་དབང་གིས་སྲིད་པ་འཁོར་བར་དུས་རིང་དུ་འཁྱམས་པས་ངལ་ཞིང་དུབ་པ་བདག་གི་ལོག་པའི་ལམ་དུ་སོང་བའི་མ་རུངས་པའི་ཡིད་དམུ་རྒོད་ནི། བྱང་ཆུབ་སེམས་ཀྱི་དབང་དུ་འགྱུར་བར་ཤོག་ཅིག །དེར་མ་ཟད་གཞན་ཡང་ཐོས་པའི་གཟུངས་སོགས་གཟུངས་དང་ལྷའི་མིག་གི་མངོན་ཤེས་སོགས་མངོན་པར་ཤེས་པ་རྣམས་དང་། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་སོགས་རྣམ་པར་ཐར་པའི་སྒོ་དང་། མུ་མཐའ་མེད་པའི་ཏིང་ངེ་འཛིན་གྱི་ཚོགས་ཐོབ་ནས་ཞིང་ཁམས་བྱེ་བར་རྒྱལ་བ་རྣམས་བལྟ་བར་བྱ་བའི་ཕྱིར་དུ་དཔག་ཏུ་མེད་པའི་ལུས་ཀྱི་བཀོད་པ་རྫུ་འཕྲུལ་སྟོན་པར་ཤོག་ཅིག མུ་ཞེས་པ་ནི་སྤྱིར་ཕྱོགས་དང་མཐའ་སོགས་ལ་འཇུག་པ་ཡོད་ཀྱང་འདི་ཕྱོགས་སོ། །བྱེ་བ་ནི་འདིར་གྲངས་དེ་ཙམ་གྱི་ཁོ་ན་ལ་མི་བྱ་སྟེ་དེ་མང་ཚིག་སྤྱིའི་དབང་དུ་བྱས་པའོ། །ཞིང་དེ་དང་དེ་ནི་རྒྱལ་བ་དེ་དག་གི་དྲུང་དུ་མང་དུ་ཐོས་པའི་མཐར་སོན་ཏེ་མཐའ་ཡས་པའི་འགྲོ་བ་ཆོས་ཀྱི་བདུད་རྩིས་ཚིམ་པར་བྱས་ནས། དུས་རིང་པོར་མི་ཐོགས་པར་རྒྱལ་བ་ཀུན་གྱི་གཙོ་བོ་ངག་གི་དབང་པོ་འཇམ་དབྱངས་དེའི་སྐུ་མཆོག་ཐོབ་པར་ཤོག །ཅེས་སོ། །དེ་དག་གོ་བདེ་བས་བསྡུས་ཏེ་བཤད་ལ་རྗེ་བཙུན་འཇམ་པའི་དབྱངས་སོགས་ཀྱང་གོ་སླའོ། ། གཉིས་པ་གསུང་ལ་བསྟོད་པ་ལ་གཉིས། བསྟོད་པ་དང་། སྨོན་ལམ་དང་། དང་པོ་ལ་གཉིས། བསྟོད་པའི་སྒོ་ནས་དངོས་གྲུབ་ཞུ་བ་དང་། བསྟོད་པ་དངོས་སོ། །དང་པོ་ནི། འོད་སྟོང་ཟེར་གྱིས་སོགས་རྐང་པ་བཞི་སྟོན་ཏེ། དཔེར་ན། འོད་སྟོང་ཅན་ཉི་མའི་འོད་ཟེར་གྱིས་ཁ་ཕྱེ་བ་སྟེ་དེས་གསལ་བར་བྱས་པའི་དམར་སེར་མདོག་ཅན་གུར་གུམ་གྱི་གཟུགས་ཀྱི་ཕུང་པོ་ནི། སྒྲིབ་བྱེད་གཡའ་སོགས་དང་བྲལ་བ་དང་བའི་མེ་ལོང་གི་དཀྱིལ་ན་ཆེས་གསལ་བ་བཞིན་དུ་སྐུ་དམར་སེར་མདོག་ཅན་ལས་འོད་ཕུང་འཕྲོ་ཞིང་། སྐུའི་འགྱིང་ཤིན་ཏུ་ལེགས་པའི་དབང་པོའི་གཞུ་སྟེ་འཇའ་མཚོན་བཞིན་དུ་མཛེས་པའི་ཁ་དོག་གིས་རབ་ཏུ་རྣམ་པར་བཀྲ་བའི་སྐུ་ཅན་འཇམ་པའི་དབྱངས་ཀྱིས་བདག་ལ་ངག་གི་དབང་ཕྱུག་འགྲུབ་པའི་དངོས་འགྲུབ་སྩོལ་ཅིག་ཅེས་པའོ། །ངག་གི་དབང་ཕྱུག་ནི་གསུང་གི་ཕྱུག་སྟེ། སྐད་རིགས་དུ་མ་ལས་འཇུག་པ་དང་ཡན་ལག་དྲུག་ཅུ་སོགས་ཀྱི་ཁྱད་པར་དུ་མ་ཚང་བའོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། །ཕྱོགས་བཅུའི་ཞིང་ཀུན་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། ཤར་སོགས་ཕྱོགས་བཅུའི་ཞིང་ཀུན་གྱི་ཁྱོན་དུ་ཀུན་ནས་ཏེ་རྣམ་པ་ཀུན་ཏུ་འགེངས་པ་སྟེ་ཁྱབ་པའི་གསུང་གི་སྒྲ་སྐད་ཀྱི་དབྱངས་ནི། སྣ་ཅིག་ཙམ་མ་ཡིན་པར་ལྷ་མི་སོགས་འགྲོ་བ་སྣ་ཚོགས་པའི་སྐད་དང་མཐུན་པར་སྐད་ཀྱི་དབྱེ་བ་མཐའ་ཡས་པ་དང། དེས་གདུལ་བྱའི་སེམས་ཅན་ཀུན་གྱི་ཡིད་དེ་བསམ་པ་ཐ་དད་པ་རྣམས་ཀྱང་རང་རང་གི་ཡིད་དང་མཐུན་པར་ཆོས་བསྟན་ནས་ཚིམ་པར་བྱེད་ལ། དེར་མ་ཟད་དབྱངས་ཀྱི་གདངས་དེས་བྱེད་པོ་ཚངས་པའི་སྒྲའི་གདངས་ཀྱང་ཟིལ་གྱིས་གནོན་པ་བྱེད་ནུས་པའི་རྗེ་བཙུན་ཁྱོད་ཀྱི་གསུང་དབྱངས་དབྱངས་ཉིད་ཀྱི་ང་རོའི་དཀྱིལ་འཁོར་འཁོར་བ་ཇི་སྲིད་པའི་མཐའ་དེ་སྲིད་དུ་རྒྱུན་ཆགས་དུ་འཇུག་པའི་སྙན་པའི་གསུང་གང་ཡིན་པ་དེ། གདུལ་བྱ་གང་གི་རྣ་བའི་ལམ་དུ་ལྷུང་བ་སྟེ་ཐོས་ན་ནི། གདུལ་བྱ་དེའི་ན་བ་དང་རྒ་བ་དང་འཆི་བ་འཕྲོག་པ་སྟེ་དེ་དག་རྒྱུན་གཅོད་པར་བྱེད་དོ། །གཉིས་པ་ནི། གསུང་མཉེན་འཇམ་ཞིང་། ཞེས་པ་ནས། ནམ་མཁའི་ཚངས་དབྱངས་སྒྲོག་ན་མཚོན་པར་ནུས། །ཞེས་པའི་བར་གྱིས་སྟོན་ཏེ། འདི་ལ་གཉིས། དངོས་དང་། དེའི་བྱེད་ལས་སོ། །དང་པོ་ནི། རྗེ་བཙུན་ཁྱོད་ཀྱི་གསུང་ལ་ཡན་ལག་དྲུག་ཅུ་རྩ་བཞི་ཡོད་དེ་གང་ཞེ་ན། མཉེན་པ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། སྙན་ལ་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣ་བར་སྙན་པ་དང་། ལུས་སིམ་པར་བྱེད་པ་དང་། སེམས་སིམ་བྱེད་དང་། སྙིང་ནི་ཚིམ་པར་བྱེད་པ་དང་། དགའ་བདེ་སྐྱེད་པ་དང་། ཡོངས་སུ་གཟུང་བ་མེད་པ་དང་། ཀུན་ཏུ་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་། འབྲེལ་བ་དང་། ཟློས་པའི་སྐྱོན་དང་བྲལ་བ་དང་། སེང་གེའི་སྒྲའི་ཤུགས་ཅན་དང་། གླང་ཆེན་གྱི་སྒྲ་དང་། འབྲུག་གི་སྒྲ་དང་། ལག་འགྲོ་སྟེ་ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་དང་། བྱ་ཀ་ལ་པིང་ཀའི་དང་། ཚངས་པའི་དང་། བྱ་ཤང་ཤང་ཏེའུའི་དང་། ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་ལྟ་བུ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཀུན་གྱི་རྗེས་སུ་ཞུགས་པ་དང་། ཚག་གི་ཟུར་ཕྱིན་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱན་ཆགས་པ་དང་། འབྲེལ་བ་དང་། སྒྲ་ཀུན་རྫོགས་པར་བྱེད་པ་དང་། དབང་པོའི་ཀུན་ཚིམ་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མི་རྟབས་པ་དང་། འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་ཡོངས་སུ་གྲགས་པ་དང་། འདོད་ཆགས་ཞི་བ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་བྱེད་པས་དུག་གསུམ་སེལ་བར་བྱེད་པ་དང་། བདུད་དཔུང་ཚར་གཅོད་པ་དང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་འབྱུང་བ་སྟེ་དྲུག་ཅུ་རྩ་བཞི་དང་ལྡན་པའི་ཕྱིར་རོ། །དེ་དག་ལ་ཞིང་དང་ཅིང་ཡོད་པ་ནི་ཚིག་འཕྲད་ཡིན་པས་འདིར་བཏང་སྙོམས་སུ་བྱས་སོ། །ཡན་ལག་དྲུག་ཅུ་རྩ་བཞི་པོ་འདི་དག་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འགྱུར་ཏེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན་འདི་ལྟ་སྟེ། མཉེན་པའི་གསུང་འབྱུང་བ་དང་། ཞེས་སོགས་གསུང་བའི་དོན་དང་ཉི་ཁྲི་སྣང་བ་ལས། །སེམས་ཅན་གྱི་ཁམས་ཀྱི་དགེ་བའམ། །རྩ་བ་ཉེ་བར་སྟོན་པར་མཛད་པའི་ཕྱིར། །མཉེན་པའི་ཞེས་སོགས་ཀྱིས་རྒྱས་པར་བཤད་པ་ལྟར་རོ། །ཆོས་སྤྱོད་འདི་དང་གཞུང་གཞན་འགའ་ཞིག་ནའང་མ་བརྟགས་འཁོར་གྱི་དཀྱིལ་འཁོར་ཞེས་འབྱུང་བ་ཡང་། ལ་ལར་མ་རྟགས་ཞེས་འབྱུང་ཞིང་། མ་རྟགས་པ་ནི་རྟབ་རྟབ་པོ་མིན་པའི་དོན་དུ་བཤད་པ་ལྟར་ཡིན་པར་སེམས་སོ། །གཉིས་པ་གོང་དུ་བཤད་པ་དེ་ལྟར་བཞི་ཡི་ལྷག་པའི་དྲུག་ཅུའི་དབྱངས་དེ་ཐམས་ཅད་ཀྱང་། གསུང་གི་ཡན་ལག་གཅིག་ཉིད་ལའང་མ་ཚང་བ་མེད་པ་ནི་ཡོད་ལ། དེའི་རྒྱུན་གྱི་བྱེད་ལས་ནི། ཇི་སྲིད་ནམ་མཁའི་མཐས་ཁྱབ་པ་སྟེ་མཐར་ཐུག་པ་དེ་སྲིད་དུ་སྐལ་ལྡན་གྱི་གདུལ་བྱའི་རྣ་བའི་ལམ་དུ་བདེ་བ་སྟེར་བར་མཛད་དོ། །འདིར་ཁྱབ་པའི་དོན་ནི་དེ་ལྟར་བཤད་ན་བདེ་བར་སེམས་ཏེ། ནམ་མཁའི་མཐའ་ཡོད་ནས་ཁྱབ་པའི་དོན་མིན་པས་སོ། །དེས་ན་མཐར་ཐུག་ཞེས་པ་ནི་བརྟག་པ་མཐའ་བཟུང་གི་ཚུལ་དེ། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། ཞེས་པའི་དོན་ལྟར་དེའི་ཕྱོགས་མཐའི་མི་མངོན་པའོ། །སྐལ་ལྡན་གྱི་རྣ་བའི་ལམ་དུ་བདེ་བ་སྟེར་བ་དེའི་ཚེ། ཁྱོད་དང་ཐག་ཉེ་བར་གནས་པའི་གང་ཟག་ལ་གསུང་གི་སྒྲ་ཧ་ཅང་ཆེ་བར་མི་སྣང་ཞིང་། ཐག་རིང་ན་གནས་པ་ལ་ཧ་ཅང་ཆུང་བ་མ་ཡིན་པར་ཆེ་ཆུང་འཚམས་པ་སྟེ། དཔེར་ན། ཁ་དོག་སྣ་ཚོགས་པའི་ཚོན་དང་ཕྲད་པའི་ཤེལ་ནི་མདོག་སྣ་ཚོགས་པའི་རྣམ་པར་སྣང་བ་དེ་བཞིན་དུ་གྲངས་མེད་པའི་གདུལ་བྱའི་སེམས་ཅན་རང་རང་གི་སྐད་དེ་དང་དེར་མཐུན་པར་ན་གསུང་ཡང་དེ་སྐད་དུ་འགྱུར་ལ། གསུང་དེ་ཉིད་ཞལ་དུ་མ་ཟད་སྤྱི་གཙུག་གི་གནས་དང་། མཛོད་སྤུ་དང་མགྲིན་པ་ལ་སོགས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་བཤད་པ་ལྟར། དབུ་སྐྲ། དཔྲལ་བ། སྤྱན་སྙན་ཤངས་དཔུང་པ་ཕྱག་གི་སོར་མོ་རྩིབ་ལོགས་བྲང་ལྟེ་བ་གསང་གནས་བརླ་པུས་མོ་བྱིན་པ་ལོང་བུ་ཞབས་མཐིལ་རྣམས་དང་། མཚན་དང་དཔེ་བྱད་གཞན་དང་གཞན་སོགས་ཁྱོད་ཀྱི་སྐུའི་ཆ་ཤས་ཀུན་ནས་འབྱུང་བར་རབ་ཏུ་སྟོན་ཀྱང་། དེ་ལྟར་འབྱུང་བ་དེ་དག་ཀུན་ལ་བདག་གི་འདི་དང་འདི་བྱེད་དོ་སྙམ་པའི་འབད་རྩོལ་གྱི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བ་ཞི་ཞིང་། གདུལ་བྱའི་བསམ་པ་དང་མཐུན་པར་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བའི་ཚུལ་འདི་ནི་བསམ་གྱིས་མི་ཁྱབ་པས་འདྲ་བའི་དཔེ་གཞན་རྙེད་པར་དཀའ་བའི་ཕྱིར། གལ་ཏེ་ནམ་མཁས་ཚངས་པའི་དབྱངས་རྫོགས་པ་སྒྲོག་པ་ཞིག་བྱུང་ན། འདི་དང་འདྲ་ཞེས་མཚོན་པར་ནུས་ཀྱི། གཞན་དུ་ནི་མ་ཡིན་ནོ། །འདི་ནི། མདོ་ལས། གསུང་གཅིག་ཉིད་གསུང་མོད་ཀྱི། དུ་མ་ཉིད་དུ་སོ་སོར་གོ །ཞེས་གསུང་པ་ལྟ་བུའི་དོན་ནོ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་གསུང་ཇི་ལྟར་འབྱུང་སྙམ་ན། དེའི་མཚན་གཞི་ནི། གདུགས་དཀར་གྱི་གཟུངས་གཙུག་ཏོར་ནས་བྱུང་བར་གསུངས་པས་དེ་ལྟ་བུ་ཡིན་ལ། དེས་གཞན་ཡང་མཚོན་ནུས་སོ། །གཙུག་ཏོར་སོགས་ནས་འབྱུང་བ་ལྟ་ཅི། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ནས་རྡོ་རྩི་ཤིང་རྣམས་ཀྱིས་ཀྱང་ཆོས་ཐོགས་མེད་དུ་སྟོན་པར་བཤད་དོ། །གཞན་ཡང་། སྤྱོད་འཇུག་ལས། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། ། ཞེས་འབྱུང་བ་ལྟར་ཡོད་པས་སངས་རྒྱས་ཀྱི་སྐུའི་ཆ་ཐམས་ཅད་ནས་ཆོས་སྟོན་ནུས་པ་ལ་ཐེ་ཚོམ་མེད་དོ། །གཉིས་པ་སྨོན་ལམ་ནི། གློག་དམར་མཛེས་པའི་ཞེས་སོགས་གསུངས་ཏེ། དཔེར་ན། གློག་དམར་པོ་འཁྱུག་པས་མཛེས་པའི་སྐ་རགས་བཅིངས་པ་ཡི་ཆར་ལྡན་གྱི་སྤྲིན་གྱི་ཕུང་པོ་ནང་གི་འབྲུག་སྒྲ་ཟབ་མོ་སྒྲོག་པ་བཞིན་དུ་སྙན་བརྗིད་དང་ལྡན་པའི་ངག་གིས་འཇམ་པའི་དབྱངས་ཀྱི་གསུང་ལ་གུས་པས་བསྟོད་པ་ལས་བྱུང་བའི་བསོད་ནམས་འདི་ཡི་མཐུས་བསྟོད་པ་པོ་བདག་ནི། རྗེ་བཙུན་ཁྱོད་ཀྱི་གསུང་མཆོག་དུས་རྟག་ཏུ་རྣ་བའི་ལམ་དུ་ཐོས་པ་དང་འབྲལ་བར་མེད་པར་ཤོག་ཅིག །ཁྱོད་ཀྱི་གསུང་གི་རྒྱུན་བདག་གི་རྣ་བའི་བུ་གར་ཞུགས་མ་ཐག་ཏུ། བདག་ནི་སྐལ་ལྡན་རྗེས་སུ་འཛིན་ནུས་པ་དང་། གཞུང་དོན་ལོག་པར་སྨྲ་བ་ཚར་གཅོད་ཅིང་། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ་སྡེབ་ལེགས་ཀྱི་ཚིག་གིས་དད་ལྡན་བློ་གསལ་གྱི་ཡིད་འཕྲོག་པར་བྱེད་ནུས་པའི་འཆད་པ་དང་རྩོད་པ་རྩོམ་པའི་གནས་རྣམས་མ་ལུས་པ་མཐར་སོན་པ་སྟེ་ཕྱིན་པར་ཤོག་ཅིག །ལྷ་མི་ཀླུ་སོགས་མི་འདྲ་བ་ཐ་དད་པའི་འགྲོ་བའི་སྐད་རིགས་ལ་ཐོགས་པ་མེད་པའི་ངེས་པའི་ཚིག་སོ་སོ་ཡང་དག་པའི་རིག་པ་མཆོག་དེ། བདེ་བླག་ཏུ་སྟེ་ཐབས་སླ་བའི་སྒོ་ནས་ཐོབ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའི་མཆོག་ཏུ་བསྟོད་པ་པོ་བདག་ཉིད་གྱུར་ཅིག་ཅེས་སོ། །སྤྱིར་སོ་སོ་ཡང་དག་པ་རིག་པ་ལ་བཞི་ཡོད་དེ། དོན་སོ་སོ་ཡང་དག་རིག་པ། དེ་བཞིན་དུ་ཆོས་དང་། ངེས་པའི་ཚིག་དང་། སྤོབ་པ་སོ་སོ་ཡང་དག་པའི་རིག་པ་བཞི་ཡོད་པ་ལས་འདིར་གསུམ་པ་སྟེ་གཞན་ཡང་མཚོན་ནོ། །རྗེ་བཙུན་འཇམ་པའི་དབྱངས་ཁྱོད་ཀྱིས་ཇི་ལྟར་རྗེས་སུ་གདམས་པ་སྟེ་སྟན་པ་ལ་ཡི་གསུང་གི་བཅས་པའི་མཚམས་ལས་དུས་ནམ་ཡང་མི་འདའ་བར་བྱས་ནས་གུས་པའི་སྒོ་ནས་དོན་ཡིད་ལ་རྩེ་གཅིག་ཏུ་ཉམས་སུ་བླངས་པ་ཡི་མཐུས་བདག་གིས་གསུང་གི་དབང་ཕྱུག་དུས་མྱུར་དུ་འགྲུབ་པར་ཤོག་ཅིག་ཅེས་པའོ། །རྗེ་བཙུན་སོགས་སླ། སངས་རྒྱས་གསུང་གི་གསང་བ་རྒྱས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཤེས་པར་བྱའོ། །གསུམ་པ་ཐུགས་ལ་བསྟོད་པ་ལ་གཉིས། བསྟོད་པ་དང་། སྨོན་ལམ་དང་། དང་པོ་ལ་གཉིས། བསྟོད་པའི་སྒོ་ནས་དངོས་འགྲུབ་ཞུ་བ། བསྟོད་པ་དངོས་སོ། །དང་པོ་ནི། བྱུ་རུའི་མདངས་དང་སོགས་རྐང་པ་བཞི་སྟོན་ཏེ། དེ་བཞིན་བྱུ་རུའི་མདངས་དམར་པོ་དང་འདྲེས་པའི་གསེར་བཟང་གི་མདོག་ལྟ་བུ་དང་། མདོག་དེ་ནི་ལེགས་པ་སྟེ་མཛེས་ཤིང་། ཐུགས་ཀྱི་ཤེས་བྱ་མ་ལུས་པ་ལྟར་དེར་མཁྱེན་པ་མཁྱེན་རབ་ཀྱི་དབང་ཕྱུག་འཇམ་པའི་དབྱངས་འགྲོ་བའི་སྐྱབས་གནས་སུ་གྱུར་པའི་སྐྱབས་ཀྱི་མཆོག་རྗེས་རྗེ་བཙུན་ཁྱོད་ཀྱིས་བདག་ལ་རབ་འབྱམས་ཀྱི་ཤེས་རབ་མང་པོ་སྩོལ་ཅིག་ཅེས་སོ། །རྐང་པ་དང་པོས་དཔེ་དངོས་སུ་མ་ཟིན་ཀྱང་དོན་གྱིས་ཐོབ་བོ། །གཉིས་པ་ནི། དངོས་འཛིན་ཆང་གིས། ཞེས་པ་ནས། ཞི་བའི་བདེ་བས་འཕྲོག་པ་ག་ལ་འགྱུར། ཞེས་པའི་བར་གསུང་སྟེ། འདི་ལ་གཉིས། སློབ་པ་ལམ་གྱི་གནས་སྐབས་སུ་སློབ་ཚུལ་གྱི་དབང་དུ་བྱས་ནས་བསྟོད་པ་དང་། མི་སློབ་པའི་གོ་འཕང་བརྙེས་པའི་དབང་དུ་བྱས་ནས་བསྟོད་པའོ། །དང་པོ་ནི། སྔོན་ཁྱོད་ཐུགས་མ་བསྐྱེད་པའི་དུས་སུ་བདག་ཅག་ཚུར་མཐོང་ལྟར། དངོས་འཛིན་སྟེ་བདེན་འཛིན་གྱི་ཆང་གིས་རབ་ཏུ་མྱོས་པ་སྟེ་དེས་བཅིངས་ནས་བླང་དང་དོར་བྱར་དཔྱོད་པའི་བློ་གྲོས་ཀྱི་སྟོབས་ནི་ཉམས་པའི་འདུས་སྲིད་ལ། དེའི་ཚེ་ཉོན་མོངས་པ་ཁོང་ཁྲོ་གདུག་པ་ཅན་དེའི་སྣ་ཡི་ལག་པས་རང་རྒྱུད་ཀྱི་དགེ་བའི་ལྗོན་པ་ཀུན་ཏུ་འཇོམས་པར་བྱེད་པ་དང་། འདོད་ཆགས་ཀྱི་སྲེད་པའི་ཞགས་པས་ཡིད་ནི་དབང་མེད་དུ་དྲངས་པའི་དབང་གིས་རྙེད་པ་དང་བཀུར་བསྟིའི་གླང་མོའི་ཕྱིར་ཏེ་རྗེས་སུ་འབྲང་བར་བྱེད་པ་དང་བག་མེད་པའི་ནགས་ཁྲོད་ཀུན་ཏུ་རང་དགར་རྒྱུ་བའི་ཤིན་ཏུ་གདུལ་དཀར་བའི་ཡིད་ཀྱི་གླང་པོ་ཆེ་ཞེས་པ་སྟེ། འདིས་རྗེ་བཙུན་ཡང་སྔོན་རང་ཅག་ལྟ་བུ་ཐ་མལ་བ་ཞིག་ཕྱིས་སངས་རྒྱས་པར་བསྟན་པར་གསལ་ཏེ། དེ་ལྟ་མ་ཡིན་པར་གཞན་ལ་སྦྱར་ན་དྲན་ཤེས་བག་ཡོད་ཞེས་སོགས་དང་ཁྱད་པར་སྲོལ་དུ་བཅུད། ཞེས་དང་། ཚུལ་དེ་སྐྱེ་མེད་ཞེས་སོགས་མ་འབྲེལ་བར་འགྱུར་རོ། །དེ་ཡང་རྗེ་བཙུན་ལ་སྨད་པར་མི་འགྱུར་ཏེ། རང་ཅག་རྣམས་ལ་ཞུམ་པ་སེལ་བའི་ཆེད་དང་། རྗེ་བཙུན་གྱིས་ཀྱང་དེ་ལྟར་བརྩོན་པ་མཛད་ནས་སངས་རྒྱས་དེའི་རྗེས་སུ་འཇུག་དགོས་པར་དོན་གྱིས་བསྟན་པའི་ཕྱིར་རོ། །ཞུམ་པ་སེལ་བའི་ཚུལ་ནི་རྗེ་བཙུན་ད་ལྟ་སངས་རྒྱས་པ་དེ་སྔོན་སྐྱོན་འདི་ལྟར་ཡོད་པ་ཞིག་ཚོགས་བསགས་ནས་སངས་རྒྱས་པ་ཡིན་གྱི། སེམས་ཅན་མ་བྱས་པར་སངས་རྒྱས་མ་ཡིན་པས། གཞན་ཐ་མལ་པ་སྔར་བཤད་པ་ལྟ་བུ་ཡང་བརྩོན་པ་བྱས་ན་ཡང་རྗེ་བཙུན་ལྟར་འཚང་རྒྱའོ་ཞེས་བསྟན་པའོ། །དེ་ནི་བཤེས་སྤྲིངས་ལས། གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་། གནམ་ལས་བབ་པ་མ་ལགས་ལོ་ཏོག་བཞིན། །ས་རུམ་གནས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སོ་སོ་སྐྱེ་བོ་བས། །ཞེས་གསུངས་པ་ལྟ་བུའོ། །རྩ་བའི་ཚིགས་བཅད་འདི་ནི་གཟུགས་ཅན་གྱི་རྒྱན་ཏེ། བདེན་འཛིན་གྱི་བཅིངས་པ་དང་། ཆང་གིས་ཉོས་པ་སྦྱར། ཁོང་ཁྲོ་དང་གླང་པོའི་སྣ། འདོད་ཆགས་དང་ཞགས་པ། རྙེད་པ་དང་བཀུར་བསྟི་དང་གླང་མོ་གཉིས་འདོད་པ་དང་བཅས་པ་སྦྱར། བག་མེད་ལ་འཇུག་པ་དང་། ནགས་ཁྲོད་དུ་རྒྱུ་བ་ཡིད་དང་གླང་བོ་ཆེ་སྦྱར་ཞིང་། ཚིགས་བཅད་འོག་མའི་སྦྱོར་ཚུལ་ཡང་དེས་ཤེས་པར་བྱའོ། །སྔར་བཤད་པའི་ཡིད་ཀྱི་གླང་ཆེན་དེ་དྲན་པ་ཤེས་བཞིན་དང་བག་ཡོད་ཀྱིས་ཐག་པས་དམ་དུ་བཅིངས་ནས་ཡང་དག་པའི་རིགས་པའི་ལྕགས་ཀྱུ་རྣོན་པོ་ཡིས་བཏབ་ནས་སྔར་འཕགས་མཆོག་བྱེ་བས་བགྲོད་ཅིང་རྒྱལ་བས་བསྔགས་པ་ཡི་རྟེན་འབྲེལ་དམ་པ་སྟེ་མཆོག་ཆོས་ཉིད་ཟབ་མོ་རྟོགས་པའི་ལམ་བཟང་པོའི་སྲོལ་དུ་བཙུད་དོ། །འཕགས་མཆོག་བྱེ་བས་བགྲོད་པ་ནི། དེ་དག་གཤེགས་པ་སྟེ་བྱེ་བ་ནི་མང་ཚིག་གོ །བགྲོད་ཐབས་སྤྱིར་མང་ཡང་འདིར་གཙོ་བོ་སྟོང་ཉིད་རྟོགས་པའི་ལམ་མོ། །ལམ་དེར་བཙུད་པའི་ཚུལ་དེ་ཉིད་སྐྱོ་བ་མེད་པར་བརྩོན་པའི་ཤུགས་དྲག་གིས་རྒྱུན་ཐུང་ངུ་ཙམ་མ་ཡིན་པར་དཔག་མེད་བསྐལ་བའི་བར་དང་ལན་ཅིག་ཙམ་མ་ཡིན་པར་ཐུགས་རྒྱུད་ལ་ཡང་དང་ཡང་དུ་གོམས་པར་མཛད་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟེ་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུར་གོམས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཡིས་མཐར་འཛིན་ཏེ་བདེན་འཛིན་སོགས་ཉོན་མོངས་པའི་སྒྲིབ་པའི་རི་བོ་མིང་གིས་ལྷག་མར་མཛད་པ་སྟེ་མིང་ཙམ་ཞིག་ལྷག་མར་ལུས་པ་ལས་དོན་རྩ་བ་ནས་སྤངས་སོ། །འདིར་མིང་ཙམ་ཡང་ཕྱིར་མ་ལུས་པར་སྤངས་སོ། །ཞེས་བརྗོད་ཀྱང་དོན་མི་འགལ་ཏེ། མིང་ཙམ་ལུས་ཞེས་པ་ནི་རྗེ་བཙུན་གྱིས་མཐར་འཛིན་ཞེས་མིང་དུ་བརྗོད་པ་ཡོད་ཀྱང་། མཐར་འཛིན་རྩད་ནས་སྤངས་པའི་དོན་དང་། མིང་ཙམ་ཡང་མ་ལུས་པར་སྤངས་ཞེས་བཤད་པའི་ཚེ་རང་རྒྱུད་ལ་མཐར་འཛིན་མེད་པས་དེའི་མིང་དོན་མཐུན་ཡང་མེད་ལ་དེ་ལྟ་ན་མིང་དོན་གཉིས་ཀ་སྤངས་པས་སོ། །འོན་ཀྱང་འདིར་དོན་ནི་སྔ་མ་ལྟར་སྙམ་མོ། །ཐར་འཛིན་ཞེས་པ་ནི། བདེན་འཛིན་ཕལ་ཆེར་རྟག་པའི་མཐར་འཛིན་དང་། ལ་ལ་ནི་ཆད་པའི་མཐར་འཛིན་ཡིན་པ་ལ་དགོངས་སོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་ཞེས་པ་ནི། རྒྱུན་མཐའི་བར་ཆད་མེད་ལམ་ལ་བྱེད་དགོས་པར་དོགས་པ་ལྟར་སྣང་ཡང་། འདིར་སྒྱུ་མ་ལྟ་བུ་ཞེས་པའི་ཚིག་གི་ནུས་པ་ལ་དཔགས་ནས་སྔར་ལྟར་བཤད་དོ། །ཉིད་ཀྱིས་སྔོན་སྔར་བཤད་པ་ལྟར་ཉོན་སྒྲིབ་ཐམས་ཅད་སྤངས་ཟིན་ནས་སླར་ཡང་ཤེས་སྒྲིབ་མ་ལུས་པ་སྤོང་བའི་ཆེད་དུ། གྲངས་མཐའ་ཡས་པའི་རྒྱལ་བའི་དབང་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རབ་དང་མཆོག་ཏུ་གྱུར་བའི་མཆོད་པའི་སྤྲིན་རྒྱ་མཚོ་སྟེ་མང་པོ་མཆོད་ནས་མཉེས་པར་བྱས་པའི་སྟོབས་ཀྱིས། སངས་རྒྱས་དེ་དག་གི་དྲི་མ་མེད་པའི་མགུར་གྱི་བུམ་པ་ནས་ཚངས་པའི་དབྱངས་ཀྱི་ང་རོ་ཡིས་ཐུགས་དགོངས་པ་གཅིག་གི་སྒོ་ནས་གསུངས་པའི་གདངས་པ་མཆོག་ཏུ་གྱུར་པ་སྲིད་པ་འཁོར་བའི་སྡུག་བསྔལ་གྱི་ནད་བརྒྱ་དྲུངས་ཏེ་རྩད་ནས་འབྱིན་པར་བྱེད་པ་དམ་པའི་ཆོས་ཀྱི་བདུད་རྩིའི་ཟས་ནི། དུས་རྒྱུན་དུ་ཐུགས་རྒྱུད་ལ་བསྟེན་པར་བྱས་པས་ཤིན་ཏུ་བགྲོད་པར་ཆེས་དཀའ་བའི་དག་པའི་སྐབས་ཀྱི་རྒྱས་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་བགྲོད་པར་བྱེད་པའི་བློ་གྲོས་ཀྱི་ལུས་སྟོབས་རྒྱས་པའི་ཚེ་ན། མཐའ་དག་འཛིན་པ་སྟེ་བདེན་འཛིན་སོགས་ཀུན་རྟོགས་མཐའ་དག་གིས་དུས་ནམ་ཡང་མི་བརྫི་བ་སྟེ་གནོད་པར་ནུས་པ་མིན་ཞིང་། མ་ལུས་པའི་འཁྲུལ་སྣང་སྟེ་གཉིས་སྣང་འཁྲུལ་བའི་ཤེས་སྒྲིབ་མཐའ་དག་དངོས་སུ་འཇོམས་པར་བྱེད་པ་ལ་ཐོགས་པ་མེད་པའི་ཏིང་ངེ་འཛིན་ཀུན་གྱི་ནང་ནས་གཙོ་བོར་གྱུར་པ་གང་ཡིན་པ་རྒྱུན་མཐའི་རྡོ་རྗེ་ལྟ་བུར་གྲགས་པའི་ཏིང་ངེ་འཛིན་དེ་ཉིད་ནི། ཁྱོད་ཀྱིས་མངོན་དུ་མཛད་ནས་ཤེས་སྒྲིབ་མཐའ་དག་སྤངས་སོ། །འོན་ཀྱང་ཆོས་ཀྱི་དབྱིངས་སུ་ཞུགས་པ་ཡན་སློབ་ལམ་དང་སྦྲེལ་རུང་ཙམ་སྣང་ངོ་། །གོང་གི་སླར་ཡང་ཞེས་པའི་དོན་རྗེ་བཙུན་གྱིས་སྒྲིབ་པ་སྤངས་ནས་སངས་རྒྱས་ཟིན་ཀྱང་སླར་ཡང་འདི་ལྟར་བྱས་ཞེས་འཆད་དགོས་སོ་སྙམ་པ་བྱུང་ཡང་། འོག་ཏུ་རྒྱལ་སྲས་སྤྱོད་པ་རླབས་ཆེའི་ཕ་རོལ་ཏུ། ཞེས་སོགས་ཀྱིས་ད་དུང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་གསུངས་པས་ན། དེའི་དོན་སྔར་ལྟར་བཤད་ན་བདེ་བར་སེམས་སོ། །ཐལ་འགྱུར་བ་ལྟར་ན་བདེན་འཛིན་ཉོན་སྒྲིབ་ཡིན་པས་དེ་ས་བརྒྱད་པ་ཐོབ་པའི་ཚེ་སྤངས་ཟིན་ལ། དག་པ་ས་གསུམ་གྱི་སྐབས་སུ་ཤེས་སྒྲིབ་སྤོང་བ་ཡིན་པས། གོང་དུ་བཤད་པའི་སྤོང་ཚུལ་དེ་འཐད་དང་སྙམ་མོ། །གཉིས་པ་ནི། དེ་ལྟ་བུའི་ཏིང་ངེ་འཛིན་དེ་མངོན་དུ་བྱས་པ་དེ་ཡི་མཐུས། བདེན་སྟོང་སྒྱུ་མ་ལྟ་བུའི་ཡུལ་གྱི་སྣང་བ་ཐམས་ཅད་དང་། རྨི་ལམ་ལྟ་བུར་གསལ་ཞིང་རིག་པའི་ཡུལ་ཅན་གྱི་བློ་ནང་གི་མྱོང་བྱེད་ཡུལ་ཅན་ཏེ། བློ་སྟེ་ཡུལ་ཡུལ་ཅན་གྱི་སྣང་བ་མ་ལུས་པ་ཆོས་ཀྱི་དབྱིངས་སུ་ཞུགས་པ་སྟེ་དེ་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་ཀྱི་རང་བཞིན་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཆོས་དབྱིངས་ལ་ཞུགས་སོ། །དེ་ཡང་ཡུལ་དང་ཡུལ་ཅན་གྱི་ཆོས་ཐམས་ཅད་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པ་ལ་དེ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཞུགས་པའི་ཐ་སྙད་དང་། དེར་མ་ཟད་དེ་ལྟར་བདེན་པས་སྟོང་བའི་ཆོས་ཉིད་མངོན་དུ་བྱས་པའི་མཉམ་གཞག་གིས་ཇི་ལྟར་གཟིགས་པའི་གཟིགས་ངོར་ཀུན་རྫོབ་པའི་ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་ལ་དགོངས་པར་མངོན་ནོ། །རྒྱུ་མཚན་གོང་དུ་བཤད་པ་དེའི་ཕྱིར། དཔེར་ན། རྩ་བ་ཉམས་པ་སྟེ་ཆད་པའམ་རུལ་བ་ལྟ་བུའི་ལྗོན་ཤིང་བསྐམས་ནས་སླར་ལོ་མ་སོགས་མ་སྐྱེ་བ་དེ་བཞིན་དུ། མ་ལུས་འཛིན་པ་སྟེ་བདེན་པར་འཛིན་པའི་ས་བོན་བག་ཆགས་དང་བཅས་པ་མ་ལུས་པ་དྲུངས་ནས་ཕྱུང་བ་སྟེ་སྤངས་ཟིན་པས་ན། སྐྱོབ་པ་ཁྱོད་ལ་ནི། ནམ་མཁའ་འདི་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ་ཆོས་ཀྱི་སྐུ་དེ་བཞིན་ཉིད་ལ་མཉམ་པར་བཞག་པའི་ཚུལ་ལས་གཡོ་བ་སྟེ་སླར་ལྡང་བ་ག་ལ་ཞིག་སྟེ་ལྡང་པ་མི་སྲིད་དོ། དེ་ལས་ལྡང་བའི་སྐྱོན་མེད་པའི་ཕྱིར་རོ། །བཤད་མ་ཐག་པའི་ཚུལ་དེ་ལྟར་མགོན་པོ་ཁྱོད་ཆོས་ཀྱི་དབྱིངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལས་ཅུང་ཟད་ཀྱང་གཞན་དུ་གཡོ་བ་མེད་བཞིན་དུ། གཟུགས་སོགས་དུ་མའི་ཤེས་བྱ་ཐུགས་ཀྱི་ངོར་དུས་གཅིག་ལ་མངོན་སུམ་དུ་གསལ་བར་སྣང་བ་ནི། དཔེར་ན། མེ་ལོང་ནང་དུ་གཟུགས་བརྙན་ཡུད་ཙམ་གྱིས་གསལ་བར་སྣང་བ་བཞིན་ནམ། ཡང་ན་ནམ་མཁའི་ལམ་ན་འཇའ་ཚོག་ཁ་དོག་སྣ་ཚོགས་པ་མ་འདྲེས་པར་གསལ་བར་ཡུད་ཀྱིས་སྣང་བ་བཞིན་དུ། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་སོ་སོར་མ་འདྲེས་པར་རྫོགས་པར་མངོན་སུམ་དུ་སྐད་ཅིག་གིས་མཁྱེན་པར་འགྱུར་ལ། མཁྱེན་བཟང་སྟེ་མཁྱེན་པའི་དབང་པོ་ཁྱོད་ཀྱིས་མཁྱེན་པའི་ཚུལ་དེ་ཡང་དུས་ཐུང་དུ་སྐད་ཅིག་མ་གཅིག་གི་ཡུན་ཉིད་ལ་ཤེས་བྱ་མཐའ་དག་མཁྱེན་པའི་དཔེ་དོན་དེ་ལྟར་ལགས་སོ། །འདིར་ཁྱོད་ཀྱི་ཞེས་དྲུག་སྒྲ་འབྱུང་བ་ལྟར་ན། མཁྱེན་པའི་ངོ་བོ་དང་ཀྱིས་ཞེས་བྱེད་པ་ཐོབ་པར་བྱས་ཚེ་མཁྱེན་ཚུལ་གཙོོ་ཆེའོ། །དེ་དག་གིས་སྤངས་རྟོགས་ཀྱི་ཡོན་ཏན་སྤྱི་དང་མཁྱེན་པ་ལ་བསྟོད་ནས་ཡང་ཡང་སྟོབས་བཅུའི་སྒོ་ནས་བསྟོད་པ་དང་ཐུགས་རྗེ་ཆེན་པོ་ལ་བསྟོད་པའོ། །དང་པོ་ལ་སྟོབས་སོ་སོར་ཕྱེ་ནས་བསྟོད་པ་དང་། དེའི་དོན་བསྡུས་ནས་བསྟོད་པ་གཉིས། དང་པོ་ལ་བཅུའི་དང་པོ་ནི། རྒྱུ་ཟང་ཟིང་གི་སྦྱིན་པ་བཏང་བ་ལས། དེའི་རྣམ་སྨིན་གྱི་འབྲས་བུ་འབྱོར་བ་དང་ལྡན་པ་འབྱུང་བ་ནི་གནས་ཡིན་ལ། དེའི་རྣམ་སྨིན་དབུལ་པོར་འགྱུར་བ་ནི་གནས་མིན་ཞིང་སྐབས་མིན་པ་དང་། སྦྱིན་སོགས་ཀྱི་ཚེ་སེར་སྣ་བྱས་པ་ལས་རྣམ་སྨིན་དབུལ་པོ་འགྲུབ་པའི་གནས་སུ་འགྱུར་བ་ཡིན་གྱི། དེའི་རྣམ་སྨིན་འབྱོར་ལྡན་འགྲུབ་པ་ནི་གནས་མ་ཡིན་པའི་ཚུལ་དེ་སྲོག་སྟེ་སྲོག་བཅད་པའི་རྣམ་སྨིན་དང་སྲོག་བཅོད་སྤངས་པའི་རྣམ་སྨིན་སོགས་ལ་སྦྱར་བ་བྱ་བ་སྟེ། དེ་ལྟ་བུའི་རྟེན་འབྲེལ་མི་སླུ་བའི་གནས་ཀུན་མངོན་སུམ་དུ་མཁྱེན་པའི་རྒྱུ་མཚན་དེའི་ཕྱིར་ན། རྗེ་བཙུན་ཁྱོད་ནི་སྨྲ་བའི་གཙོ་བོ་ཡིན་ལགས་སོ། །གཉིས་པ་ནི། ཐོག་མ་མེད་པའི་དུས་ན་སྲིད་པར་སོང་བ་སྟེ་འཁོར་བར་འཁོར་བ་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བའི་ལས་རྣམས་དང་། ལས་དེ་རྣམས་ཀྱི་འབྲས་བུར་བཅས་པ་གང་ཡིན་པ་དེ་ཀུན་ལས་ཁྱོད་ཀྱི་མངོན་དུ་མ་གྱུར་པ་མེད་ཅིང་མངོན་སུམ་དུ་གཟིགས་པ་དེའི་སླད་དུ། ཁྱོད་ཀྱི་གསུང་ཐམས་ཅད་འབྲས་བུ་དོན་དང་བཅས་ཤིང་འབྲས་བུ་མེད་པ་མ་མཆིས་པ་ལགས་སོ། །གསུམ་པ་ནི། སེམས་ཅན་ཁ་ཅིག་ཆགས་པ་ལ་གནས་ཤིང་། ཞེ་སྡང་ལ་མོས་པ་དང་། ཁ་ཅིག་ནི་དེ་ལས་ཟློག་པ་ཆགས་ལ་མི་གནས་ཤིང་། སྔར་ལ་མི་མོས་པ་སོགས་ཏེ་ཁ་ཅིག་སྲོག་གཅོད་པ་ལ་དགའ་ཞིང་ལ་ལ་ནི་དེ་ལ་མི་དགའ་སོགས་སེམས་ཅན་གྱི་མོས་པ་སྣ་ཚོགས་པའི་ཚུལ་རྣམས་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་པའི་ཕྱིར་ན། ཁྱོད་ཀྱིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཀུན་ལས་འགྲོ་བ་ལ་དོན་དུ་མི་འགྱུར་བའི་མཛད་པ་ཡོད་པ་མ་ལགས་ཏེ་མཛད་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ནའི་ཆེད་ཡིན་པས་སོ། །བཞི་པ་ནི། གཟུགས་ནས་ཆོས་ཀྱི་བར་ཡུལ་གྱི་ཁམས་དྲུག མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དབང་པོའི་ཁམས་དྲུག མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་ཁམས་བཅོ་བརྒྱད་དང་ཁམས་དེ་རྣམས་ཀྱི་ནང་ཚན་གྱི་རབ་ཏུ་དབྱེ་བ་མཐའ་ཡས་པ་མཐའ་དག་ལ་ནི། རྗེ་བཙུན་ཁྱོད་ལ་མངོན་དུ་མ་གྱུར་པའི་ཚུལ་གྱིས་ཡོད་པ་ལྐོག་ཏུ་གྱུར་པ་གང་ཡང་མེད་དེ། དེ་ཐམས་ཅད་ཀྱང་མངོན་སུམ་དུ་གཟིགས་པས་སོ། །རྒྱུ་མཚན་དེའི་ཕྱིར་ཁྱོད་ནི་རང་གི་གདུལ་བྱའི་གནས་སུ་འོས་པ་རྣམས་འདུལ་བའི་དུས་སུ་བབ་ན། དེ་རྣམས་ཀྱི་གདུལ་བའི་དུས་དེ་ལས་ཅུང་ཟད་ཀྱང་འདའ་བ་མ་ལགས་ཏེ། གདུལ་བྱའི་དུས་དེར་ངེས་པར་འདུལ་བ་མཛད་པའི་ཕྱིར་རོ། །འདིས་གདུལ་བའི་དུས་ལ་མ་བབ་ན། བཏང་སྙོམས་སུ་འཇོག་པར་ཡང་བསྟན་ཏོ། །ལྔ་པ་ནི། སྲིད་པ་སྟེ་འཁོར་བར་རྒྱུ་བའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་པའི་དད་པ་དང་སོགས་ཏེ་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཚོགས་ཀྱི་དབང་པོ་རྣོ་བ་གང་ཡིན་དང་། དབང་པོ་རྟུལ་བའི་ཁྱད་པར་དང་། དད་སོགས་ཀྱི་དབང་པོ་དེ་དག་མེད་པའི་རིམ་པ་ལ་མཁྱེན་པ་ཐོགས་མེད་དུ་འཇུག་པའི་རྒྱུ་མཚན་དེའི་སླད་དུ་ཁྱོད་ནི་དབང་པོའི་རིམ་པ་དང་མཐུན་པར་ཆོས་སྟོན་པའི་ཚུལ་ལ་ཤིན་ཏུ་མཁས་པ་ལགས་སོ། །དྲུག་པ་ནི། མངོན་པར་མཐོ་བ་ལྷ་མིའི་གོ་འཕང་དང་། ངེས་པར་ལེགས་པར་ཐར་བར་བགྲོད་པའི་ལམ་ཇི་ལྟ་བུ་ཡིན་པ་དང་། དམྱལ་བ་སོགས་ངན་སོང་གི་གནས་རྣམས་སུ་ཀུན་ཏུ་བགྲོད་པའི་ལམ་ཇི་འདྲ་བའི་ལམ་ཀུན་ལ་མཁྱེན་པ་ཆགས་ཐོགས་ཀྱི་སྒྲིབ་པ་མེད་པའི་ཕྱིར་ན། ཁྱོད་ནི་འགྲོ་བའི་དགེ་བའི་བཤེས་གཉེན་བཟང་པོ་ལགས་སོ། །བདུན་པ་ནི། བསམ་གཏན་དང་པོ་སོགས་བསམ་གཏན་རྣམས་དང་གཟུགས་མེད་ནམ་མཁའ་སོགས་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ལ་རིམ་པ་འཆོལ་བར་འཇུག་པ་ཐོད་རྒོལ་གྱི་ཏིང་ངེ་འཛིན་དང་ལ་སོགས་ཏེ། ཡུམ་གྱི་མདོ་ལས་བཤད་པའི་ཏིང་ངེ་འཛིན་རྣམས་དང་གཞན་ཡང་གྲངས་མེད་པའི་ཏིང་ངེ་འཛིན་མཐའ་དག་གི་དམིགས་རྣམས་ལ་ཕར་འཇུག་ཅིང་། དེ་ལས་ཚུལ་ལྡང་བའི་རིམ་པ་རྣམས་དང་། ཆགས་སོགས་ཀྱི་ཀུན་ནས་ཉོན་མོངས་པ་དང་། བདག་མེད་རྟོགས་པའི་ལམ་སོགས་རྣམ་པར་བྱང་བའི་ཚུལ་ཀུན་ལ་མ་རྨོངས་པས་ན། སྙོམས་པར་འཇུག་པ་རྣམས་ཀྱི་ཕ་རོལ་ཏུ་སོན་པ་སྟེ་མཐར་ཕྱིན་པ་ལགས་སོ། ། མངོན་རྟོགས་བརྒྱན་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་སོགས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ལ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དུ་བཤད་ལ། འདིར་བསྟན་པའི་ཏིང་ངེ་འཛིན་དེ་ཁོ་ནར་བྱེད་པར་མ་ངེས་སོ། །ཐོད་རྒོལ་གྱི་ཏིང་ངེ་འཛིན་ནི་དམིགས་པ་དེ་ལ་རིམ་པ་འཚོལ་ཞིང་ཐོད་རྒལ་བ་ནས་འགྲོ་བ་ཞིག་སྟེ། དཔེར་ན། བསམ་གཏན་དང་པོ་ལ་མཉམ་པར་བཞག གཉིས་པ་པོར། གསུམ་པ་ལ་སྙོམས་པར་འཇུག་པ་ལྟ་བུ་དང་། མངོན་རྟོགས་བརྒྱན་ལས། གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །ཞེས་སོགས་གསུངས་པ་ལྟར། སྤེལ་གཞི་སྤེལ་ཆོས་མི་འདྲ་བར་བྱས་ནས་སྙོམས་པར་འཇུག་པ་ལྟ་བུའོ། །རྗེ་བཙུན་ནི། འཇུག་ལྡང་གཉིས་ཀྱི་ཚུལ་དེ་ལ་མཁས་ཀྱང་། ཏིང་ངེ་འཛིན་ལས་ལྡང་མ་མི་མངའོ། ། བརྒྱད་པ་ནི། ཐོག་མའི་མཐའ་མེད་པའི་སྔ་རོལ་ནས་འཁོར་བར་སྐྱེ་བ་བླངས་ནས་ཡོངས་སུ་འདྲིས་ཤིང་ཤེས་པར་བགྱིས་པའི་རང་དང་གཞན་གྱི་ཚེ་རབས་བརྒྱུད་པའི་དན་རྟགས་ཏེ་དུས་འདི་དང་འདི་ལ་ཡུལ་འདིར་གང་ཟག་མིང་རུས་རིགས་འདི་ཞེས་བྱ་བར་སྐྱེས་སོ། །ཟས་ནི་འདི་ཟ་ཚེ་ཚད་འདི་ཙམ་གནས་པ་སོགས་དང་བཅས་པ་ཐམས་ཅད་དུ། དུས་སྐད་ཅིག་ཙམ་གྱིས་ཁོང་དུ་ཆུད་པ་སྟེ་མངོན་སུམ་དུ་མཁྱེན་པས་ན། ཁྱོད་ནི་སྔོན་གྱི་མཐའ་སྟེ་དེའི་བྱུང་ཚུལ་ལམ། ལོ་རྒྱུས་ལ་མཁས་པ་ལགས་སོ། །དགུ་པ་ནི། གང་ཟག་འདི་ནི་ཕྱིས་འདི་ཙམ་གྱི་དུས་ནས་ཡུལ་འདི་ནས་འཆི་འཕོ་ཞིང་། འཕོས་ནས་ལས་སྤྱད་དག་པ་དང་ཉེས་སྤྱད་མི་དགེ་བའི་ལས་རྣམས་ཇི་ལྟ་བར་བསགས་པ་དང་མཐུན་པར་བདེ་འགྲོ་ངན་འགྲོ་གང་དུ་སྐྱེ་བའི་གནས་ཀུན་རབ་ཏུ་མཁྱེན་པས་ན་ཁྱོད་ནི་ཕྱི་མའི་མཐའི་འབྱུང་འགྱུར་རྣམས་ལ་མཁས་པ་ལགས་སོ། །བཅུ་པ་ནི། འགོག་བདེན་གང་ཞིག་ཉོན་མོངས་པའི་ཟག་པ་ཟད་པའི་མྱང་འདས་དང་། ལམ་བདེན་གང་གིས་ཟག་པ་དེ་ཟད་པར་བྱེད་པ་འཕགས་པའི་ལམ་ཡང་དག་པའི་ལྟ་བ་ལས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་བརྒྱད་ཀྱི་ལམ་དེ་དག་ཀུན་ལ་ཆགས་ཐོགས་ཀྱི་སྒྲིབ་པ་མེད་པ་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་རྒྱུ་མཚན་དེའི་ཕྱིར་ན་རྗེ་བཙུན་ཁྱོད་ནི་སྐྱབས་ཀྱི་དམ་པ་སྟེ་མཆོག་ལགས་སོ། །གཉིས་པ་དོན་བསྡུས་ནས་བསྟོད་པ་ནི། ཇི་སྐད་བཤད་པའི་ལྟར་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་དང་། མོས་པ་སྣ་ཚོགས་པ་དང་འཇིག་རྟེན་གྱི་ཁམས་དུ་མ་དང་། དབང་པོའི་རིམ་པའི་ཁྱད་པར་དང་། ཀུན་ཏུ་འགྲོ་བའི་ལམ་གྱི་རིམ་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རིམ་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་དང་སྐྱེ་བའི་རིམ་པ་དང་། ཟག་པ་ཟད་པ་ལ་མཁྱེན་པ་ཐོགས་པ་མེད་པར་འཇུག་པའི་སྟོབས་བཅུ་པོ་རྫོགས་པར་རྗེ་བཙུན་གང་ལ་མངའ་བ་ཁྱོད་ཀྱི་མཁྱེན་པའི་ཡུལ་དུ་མ་གྱུར་པའི་ཤེས་བྱའི་གནས་དེ་གང་ཞིག་ཡིན་ཏེ་མེད་དོ། །རྒྱས་པར་མདོ་ན་གསལ་བས་དེར་བལྟའོ། །གཉིས་པ་ལ་གཉིས། རང་དོན་ཡིད་བྱེད་ཀྱི་བློ་སྐྱོན་དང་བཅས་པར་གཟིགས་ནས་གཞན་དོན་དུ་སྙིང་རྗེ་གོམས་པར་མཛད་ཚུལ་དང་། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཞི་བའི་བདེ་བས་ཐུགས་མི་འཕྲོག་པའོ། །དང་པོ་ནི། དཔེར་ན། སྲིད་པ་སྟེ་འཁོར་བར་འཁྱམས་པའི་ལུས་ཅན་རྣམས་ཀྱིས་སྔོན་ཐོག་མ་མེད་པའི་དུས་ནས་བདག་ཁོ་ན་བདེ་བའི་ཕྱིར་དུ་སེམས་ཅན་གཞན་ལ་གནོད་པའི་ལམ་སྟེ་ཐབས་མང་པོ་ནི་དྲག་པོའི་རྩོལ་བ་སྟེ་བརྩོན་འགྲུས་ཀྱིས། རྣམ་པ་ཀུན་དུ་བསྟེན་པར་བྱས་ན་ཡང་། དེ་ལྟར་བྱས་པའི་ངལ་བ་དེ་ལ་འབྲས་བུ་ཡང་དག་མེད་པས་ལོག་པར་གོལ་བ་ལྟར། སེམས་ཅན་གཞན་ལ་ཆེན་པོ་ལྟ་ཅི་ཅུང་ཟད་ཙམ་ཡང་མི་འཚེ་བ་སྟེ་མི་གནོད་པར་རང་ཉིད་ཁོ་ན་བདེ་བའི་ཕྱིར་དུ་ཉིན་མཚན་གྱི་བར་མེད་པར་བརྒྱ་ཕྲག་བརྩོན་པ་ཏེ་བརྩོན་འགྲུས་མང་པོས་ཐར་བ་སྒྲུབ་པ་དོན་དུ་གཉེར་བ་དེ་ཡང་ནི། ཡང་དག་པའི་ལམ་སངས་རྒྱས་ཐོབ་བྱེད་ཁྱད་པར་ཅན་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པར་གཟིགས་སོ། །དེ་ལྟར་གཟིགས་པའི་དེའི་ཕྱིར་ན་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པའི་ལམ་ཐུན་མོང་མ་ཡིན་པ་གཅིག་པུ་དང་། ལུས་ཅན་འགྲོ་བ་མཐའ་དག་རྗེས་སུ་འཛིན་པའི་ལམ་ལྟ་བུ་དང་། རྒྱས་སྲས་དཔའ་བོ་བྱང་སེམས་རྣམས་ནི། ཉོན་མོངས་པའི་དགྲའི་གཡུལ་དུ་དེ་དང་འཐབ་པའི་ཆེད་དུ་འཇུག་པའི་གོ་ཆ་བཙན་པ་སྟེ་དེ་གང་ཞེ་ན། སེམས་ཅན་སྡུག་བསྔལ་མཐའ་དག་ལས་སྐྱོབ་འདོད་ཀྱི་རྣམ་པ་ཅན་གྱི་སྙིང་རྗེའི་ལམ་བཟང་པོ་སྔོན་དུས་ཡུལ་རིང་པོ་ནས་གོམས་པར་མཛད་དོ། །གཞན་ཡང་། སྡུག་བསྔལ་ཉིན་པར་སད་པའི་དུས་སུ་མ་ཟད། གཉིད་ལོག་པའི་དུས་སུ་རྨི་ལམ་དུ་ཡང་མྱོང་བར་མི་འདོད་ཅིང་ཕུལ་དུ་བྱུང་བའི་བདེ་བ་མྱོང་བར་འདོད་པ་ལ་དུས་ནམ་ཡང་ཆོག་ཤེས་མེད་པར་ནི་འགྲོ་བ་སེམས་ཅན་འདི་དག་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་ན། རང་ཁོ་ནར་གཅེས་པར་གཟུང་ནས་སེམས་ཅན་གཞན་བདེ་འདོད་ཡལ་བར་འདོར་བ་རྣམས་ཆེས་ཤིན་ཏུ་བློ་འཁྲུལ་བར་ཐུགས་བརྩེ་བ་དང་ལྡན་པ་ཁྱོད་ཀྱིས་གཟིགས་ནས་བདག་ཉིད་དང་། སེམས་ཅན་གཞན་གཅེས་པར་འཛིན་དགོས་པ་གཉིས་ཁྱད་པར་མེད་པར་མཉམ་པ་ཉིད་དུ་མཐོང་བའི་བྱང་ཆུབ་ཀྱི་སེམས་དུས་ཐོག་མ་ཉིད་དུ་རྒྱུད་ལ་གོམས་པར་མཛད་པ་ཡི་སྒོ་ནས་སེམས་གཞན་ཐམས་ཅད་ཁྱོད་ཀྱིས་བདག་གིར་ཏེ་བདག་ཉིད་ལྟར་གཅེས་པར་བཟུང་ངོ་། །བདག་གི་བདེ་བར་སྲེད་པ་ནི། ཡང་དག་པའི་ལམ་གྱི་གེགས་དང་། སེམས་ཅན་གཞན་ཉིད་གཅེས་པར་འཛིན་པའི་བློ་ནི། ཡོན་ཏན་ཀུན་གྱི་གཏེར་ཏེ་འབྱུང་གནས་ཡིན་པ་དེའི་ཕྱིར་ཁྱོད་ཀྱིས་སྔོན་བདག་གཞན་རྗེ་བའི་ཚུལ་མཛད་དེ་དེ་ཡང་རང་གི་བདེ་བ་སེམས་ཅན་ལ་གཏོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ལ་ལེན་པའི་ཚུལ་གྱིས་རང་གཙོ་བོར་གཅེས་འཛིན་དོར་ནས་སེམས་ཅན་གཅེས་པར་འཛིན་པའི་བློ་ཡང་དང་ཡང་དུ་གོམས་པས་འགྲོ་བ་ཀུན་བདག་ཏུ་སྟེ་བདག་ལྟར་གཅེས་པ་མཛད་དོ། །འོ་ན་བདག་ཉིད་གཅེས་འཛིན་གྱི་བློ་ནི། ཡང་དག་པའི་ལམ་གྱི་གེགས་སུ་གསུངས་བ་དང་། ཡང་རང་གཞན་གཅེས་མཚུངས་སུ་བྱེད་དགོས་པར་བཤད་པ་གཉིས་འགལ་ལོ་ཞེ་ན། །སྐྱོན་མེད་དེ། གཞན་ཡལ་བར་དོར་ནས་རང་ཁོ་ན་གཅེས་འཛིན་གྱི་ནི་སྐྱོན་ཆེན་པོ་ཡིན་ཀྱང་། གཞན་ལ་རང་ལྟར་གཅེས་པར་འཛིན་པ་ནི། སྐྱོན་དུ་མི་འགྱུར་བའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན། མཉམ་པ་ཉིད་དུ་མཐོང་བའི་ཞེས་གསུངས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་གཞན་གཅེས་པར་འཛིན་ཅིང་རང་ཡལ་བར་འདོར་བ་གསུངས་པ་མང་བས། རང་ཉིད་གཙོ་བོར་གཅེས་འཛིན་དོར་ནས། སེམས་ཅན་གཞན་གཙོ་བོར་གཅེས་པར་འཛིན་དགོས་པར་གསལ་ཏེ། རང་བདེ་འདོད་གཏན་མེད་ན། རང་དོན་དུ་བྱང་ཆུབ་དོན་དུ་མི་གཉེར་བར་ཐལ་བས་རང་དོན་ཆོས་སྐུ་མི་འཐོབ་པར་འགྱུར་བའི་ཕྱིར་རོ། །གོང་གི་དེ་དག་ནི། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བར་བྱ། ། གསང་བའི་འདམ་པ་སྦྱར་པར་བྱ། །ཞེས་པ་དང་། མང་དུ་བཤད་ལྟ་སྨོས་ཅི་དགོས། །བྱིས་པ་རང་དོན་བྱེད་པ་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། གོང་དུ་བརྗོད་པའི་ཚུལ་དེ་ལྟར་སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་རྣམ་པ་ཅན་གྱི་སྙིང་རྗེའི་མ་ཡིས་ལན་གཅིག་མ་ཡིན་པར་ལན་མང་པོའི་བར་དུ་ལུས་ཀྱི་སྟོབས་རྫོགས་པར་བསྐྱངས་པའི་བཅོམ་ལྡན་འདས་ཁྱོད་ནི། ཕུན་སུམ་ཚོགས་པའི་ཡོན་ཏན་རྣམས་ཀྱི་མཐར་ཕྱིན་པ་སྟེ་སྤངས་རྟོགས་ཀྱི་ཡོན་ཏན་ཐོབ་པ་མཐར་ཕྱིན་ཟིན་ཀྱང་། ཐུགས་ཟག་མེད་ཀྱི་དབྱིངས་ལ་གནས་པའི་ཞི་བའི་བདེ་བས་འཕྲོག་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །འདིས་ན། མས་བུ་བསྐྱངས་ནས་ལུས་བསྐྱེད་འཐོབ་པ་ལྟར་རྗེ་བཙུན་ནི་སྙིང་རྗེ་ཆེན་པོའི་མས་སློབ་ལམ་གྱི་གནས་སྐབས་སུ་ཡང་ཡང་བསྐྱང་ནས་སངས་རྒྱས་པར་བསྟན་ལ། ཞི་བདེས་ཐུགས་མི་འཕྲོག་པ་ཡང་། ཞི་བའི་དབྱིངས་ལ་མི་གནས་པའི་དོན་མ་ཡིན་པར། ཞི་བའི་བདེ་བས་ཐུགས་འཕྲོག་ནས་གཞན་ཡལ་བར་མི་འདོར་བའི་དོན་ཏེ། ཀྱང་ཞེས་པས་ཞི་བའི་དབྱིངས་ལ་སླར་མི་ལྡང་བའི་ཚུལ་གྱིས་འཇུག་པ་ཐོབ་ཀྱང་དེས་ཐུགས་མི་འཕྲོག་ཅེས་དོན་གྱིས་བསྟན་པས་སོ། །གཉིས་པ་སྨོན་ལམ་ནི། འདབ་བཟང་དབང་པོ་ཞེས་པ་ནས། ཇི་བཞིན་མཛེས་གྱུར་ཅིག །ཅེས་པའི་བར་གྱི་སྟོན་སྟེ། དོན་ནི། དཔེར་ན། འདབ་བཟང་དབང་པོ་སྟེ་བྱའི་རྒྱལ་པོ་ནམ་མཁའི་ལྡིང་ལྷའི་ནམ་མཁའ་ཞུགས་པ་ནི། ནམ་མཁའི་ཁམས་དེར་རྟག་ཏུ་གནས་པ་ཡང་མ་ཡིན་ཞིང་། འཛིན་མས་གཞིར་དབང་མེད་དུ་མི་ལྷུང་བ་ལྟར། འཁོར་བའི་གནས་སུ་སེམས་ཅན་གྱི་དོན་དུ་སྐྱེ་བ་ལེན་པའི་ཚུལ་སྟོན་ཡང་། ཐུགས་སྲིད་པའི་ལམ་དུ་མི་ལྷུང་ཞིང་། ཞི་བའི་དབྱིངས་ལ་སྙོམས་པར་འཇུག་ཀྱང་། ཞི་བའི་མཐར་མི་གནས་པའི་རྗེ་བཙུན་ཁྱོད་ཀྱི་ཐུགས་ལ་བསྟོད་པའི་བསོད་ནམས་དེ་ཡིས་བསྟོད་པ་པོ་བདག་ནི། འཇམ་དབྱངས་ཁྱོད་ཀྱི་མཁྱེན་པ་དང་བརྩེ་བ་ཡིད་ལ་འབྲལ་བ་མེད་པར་ཤོག་ཅིག དངོས་པོ་དང་དངོས་མེད་ཀྱི་ཆོས་བདེན་པར་འཛིན་པའི་མཐར་འཛིན་འཇུག་པའི་གོ་སྐབས་འཕྲོག་པ་སྟེ་མེད་པར་བྱེད་པའི་བདག་མེད་རྟོགས་པའི་ལྟ་བ་དང་། འགྲོ་བ་ཀུན་བུ་སྡུག་སྟེ་སྙིང་དུ་གཅེས་པའི་བུ་ལྟར་མཐོང་བའི་སྙིང་རྗེ་གཉིས་པོ་བདག་གི་ཡིད་ལ་བདེ་བླག་ཉིད་དུ་སྟེ་ཐབས་སླ་བའི་ཚུལ་གྱིས་མྱུར་དུ་གྲུབ་པར་གྱུར་ན་ལུས་ཅན་སེམས་ཅན་ཐམས་ཅད་ནི། ཐེག་པ་མཆོག་སྟེ་ཐེག་ཆེན་གྱི་ལམ་ལ་འཁྲིད་ནུས་པར་ཤོག་ཅིག ལུང་དང་རྟོགས་པའི་དམ་པའི་ཆོས་ཀུན་གྱི་ཚིག་དང་དོན་ཅི་ལྟར་བཟུང་བ་བཞིན་མི་བརྗེད་པར་དྲན་པའི་རྟེན་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་གཟུངས་དང་། གཞན་གྱིས་དྲིས་པའི་དྲི་བ་ཀུན་གྱི་ལན་འདོན་པའི་སྤོབས་པ་མཆོག་དེ་མྱུར་དུ་རྒྱུད་ལ་བསྐྱེད་པར་བྱས་ནས་ཆོས་ཀྱིས་འཕོངས་པའི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་ལེགས་པར་བཤད་པའི་དགའ་སྟོན་འགྱེད་ནུས་པར་བདག་ནི་གྱུར་ཅིག །ཅེས་སོ། །ཕྱོགས་དང་ཡུལ་རིགས་ཀྱི་ཕྱེ་བ་སྣ་ཚོགས་པའི་གདུལ་བྱའི་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་དུ་འབད་རྩོལ་དང་བཅས་ཏེ་འདི་དང་འདི་བྱེད་དོ་སྙམ་པའི་ཀུན་ཏུ་རྟོག་པས་མི་རྟོག་བཞིན་དུ་གདུལ་བྱ་དེ་དང་དེ་དག་གི་ཡིད་ཀྱི་རེ་བ་སྐོང་བར་བྱེད་པ་ཡི་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་དཔལ་གྱིས་ཏེ་བྱིན་རླབས་ཀྱིས་དུས་མྱུར་དུ་བསྟོད་པ་པོ་དག་ནི། སྟོན་གྱི་དུས་སུ་ནམ་མཁའ་གཡའ་དག་པའི་ཚ། ཟླ་བའི་དཀྱིལ་འཁོར་གྱིས་ནམ་མཁར་མཛེས་པར་བྱས་པ་ཇི་ལྟ་བ་བཞིན་དུ་མཛེས་པར་གྱུར་ཅིག ། ཅེས་སོ། །མི་རྟོག་བཞིན་དུ་རེ་བ་སྐོང་བའི་དཔེ་ནི། ཤུགས་ལ་འཕངས་པ་ཡིན་ཏེ། དཔེར་ན། ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་རྣམས་ལ་དངོས་སུ་གསོལ་བ་བཏབ་ན། དེ་དག་གིས་ངས་འདི་ལ་དངོས་གྲུབ་འདི་སྟེར་རོ་སྙམ་པའི་འབད་རྩོལ་གྱི་ཀུན་རྟོག་མེད་ཀྱང་། དགོས་འདོད་འབྱུང་བ་ལྟར། འཇམ་དབྱངས་ཀྱིས་འབད་རྩོལ་གྱི་རྣམ་རྟོག་མེད་པར་གདུལ་བྱའི་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པར་བསྟན་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་རྟོག་མེད་པ་ཡིན་གྱི། འཇམ་དབྱངས་ཀྱི་རྒྱུད་ལ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་དགོངས་པའི་མཁྱེན་པ་ནི་ཡོད་དོ། །འདིར་མི་རྟོག་བཞིན་ཞེས་པ་ནི་དཔེ་མ་ཡིན་ཏེ། འདིའི་བཞིན་ནི་མི་རྟོོག་པ་ཡིན་བཞིན་དུ་ཞེས་པ་སྟེ། དེའི་ངང་ནས་ཞེས་པ་དང་དོན་འདྲ་བས་སོ། །དབུ་མ་འཇུག་པ་ལས། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། ཡུན་རིང་ཆེས་འབད་པས་བསྐོར་འཁོར་ལོ་ནི། དེའི་རྩོལ་ད་ལྟ་སྐྱེས་པ་མེད་བཞིན་དུ། འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །འཇུག་པས་སྐྱེ་བོའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། ཞེས་པ་དང་། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་བཞིན་དུ་རྣམ་མི་རྟོག་ཞེས་སོགས་ཀྱི་ཐད་དུ་རྣམ་བཤད་དགོངས་པ་རབ་གསལ་ལས། ད་ལྟ་སྐྱེས་པའི་འབད་རྩོལ་གྱི་རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཞེས་སོགས་དང་། རྟོག་པ་དང་བྲལ་བས་ན་ཞི་བའི་སྐུའོ། །དེ་ལྟར་རྣམ་པ་མི་རྟོག་པ་ཡིན་ཡང་། ཞེས་སོགས་ཀྱིས་མི་རྟོག་པའི་ཚུལ་རྒྱས་པར་གསུངས་པས་དེ་བལྟ་བར་བྱའོ། །གཞན་ཡང་གསང་བ་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ལ་ནི། ཕོ་བ་དང་ལོང་ཀ་མེད་དོ། །རྣག་གམ། ཁྲག་གམ། མཆིལ་མའམ། རང་སྣབས་སམ། ངན་སྐྱུགས་སམ་མི་གཙང་བ་མེད་ཀྱི། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་འཛམ་བུའི་ཆུ་བོ་གསེར་གྱི་གར་བུ་ལྟ་བུ་སྟེ། ཁོང་སྟོང་མ་ཡིན་པ། བུ་ག་མེད་པ། ཁ་ན་མ་ཐོ་བ་མེད་པའོ། །ཞི་བའི་བློ་གྲོས་འདི་ལྟར་ལྕི་ཁྱད་རྡོ་རྗེ་དང་འདྲ་ལ། འཇམ་དབྱངས་ཀ་ཙ་ལི་ན་དེ་ལྟར་རེག་ན་བདེ་བར་འགྱུར་བས་སོ། །དེ་བཞིན་གཤེགས་པའི་སྐུའི་ཆེ་བ་ཉིད་ལ་ལྟོས་ཞེས་སོགས་དང་། གཞན་ཡང་དེར་སྐུའི་གསང་བ་དུ་མ་བསྟན་ལ། ཞི་བའི་བློ་གྲོས། མོས་པ་ཇི་ལྟ་བ་དང་། ཡོངས་སུ་སྨིན་པ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་གི་གསང་བ་འབྱུང་བར་ཤེས་ཀྱང་། ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་རྟོག་པ་མི་མངའ་སྟེ་ཞེས་སོགས་དང་། གཞན་ཡང་དེར་གསུང་གི་གསང་བ་དུ་མ་དང་། དེ་བཞིན་གཤེགས་པའི་ཐུགས་ལྡོག་པ་མི་མངའ། ཐུགས་རྟོག་པ་མི་མངའ། ཞེས་སོགས་ཀྱིས་ཐུགས་ཀྱི་གསང་བ་རྒྱས་པར་བཤད་པའི་གསང་བ་དེ་དག་ཀྱང་། རྗེ་བཙུན་ལ་ཤིན་ཏུ་ཡང་སྦྱར་རུང་བས། སངས་རྒྱས་ཀྱི་གསང་བ་རྒྱས་པར་ཤེས་འདོད་ན་མདོ་དེ་ལ་བལྟ་བར་བྱ་ཞིང་། མདོར་བསྡུ་ན་མདོ་དེར་ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་རྙེད་ཁྱབ་གྱུར་པ། །ཞེས་གསུངས་པ་ལྟ་བུ་སྟེ། ཚུལ་འདི་ལ་བློ་དམན་རྣམས་ཡིད་ཆེས་པར་དཀའ་བ་ལ་དགོངས་ནས། དབུ་མ་འཇུག་པ་ལས། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཡུལ་དག་ན། ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། བྱང་ཆུབ་མཆོག་རབ་དམ་པ་གཤེགས་པའི་སྐལ་པ་དེ་སྙེད་དེ། འོན་ཀྱང་ཁྱོད་ནི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །ཞེས་གསུངས་སོ། །གཞན་ཡང་། མཚན་བརྗོད་ཀྱིས། སྒྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་སོགས་དང་བདེ་མཆོག་རྩ་རྒྱུད་ལས། ཀུན་ཏུ་ཕྱག་དང་ཞབས་ལྡན་པའི་ཞེས་སོགས་ཀྱིས་སངས་རྒྱས་ཀྱི་སྐུའི་ཆ་གཅིག་གིས་ཀྱང་སྐུ་གསུང་ཐུགས་ཀྱི་བྱ་བ་བྱེད་ནུས་པར་བཤད་དེ་འདིར་མ་བྲིས་སོ། །རྗེ་བཙུན་འཇམ་དཔལ་དབྱངས་ཞེས་སོགས་ནི་སླའོ། །གསུམ་པ་ནི། །ཕྱོགས་བཅུའི་ཞིང་ན་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་སྟོན་ཏེ། དོན་ནི། ཤར་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ན་བཞུགས་པའི་མཐའ་ཡས་པ་སྟེ་གྲངས་ཀྱི་ཚད་མཐའ་དང་བྲལ་བའི་རྒྱལ་བས་དུས་རྒྱུན་ཆད་མེད་པར་ཡོན་ཏན་གྱི་སྒོ་ནས་རབ་ཏུ་བསྔགས་པ་མགོན་པོ་གང་གི་སྙན་པས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་པོ་བཀང་བ་སྟེ་ཁྱབ་ཅིང་། མཚན་འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས་པ་གང་དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཅུང་ཟད་སྒོ་གསུམ་གུས་པའི་བརྗོད་པའི་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་འདི། གདུལ་བྱ་གང་ཞིག་འཛིན་ཅིང་ཀློག་པར་བྱེད་པའི་གདུལ་བྱ་དེ་ཡི་ཡིད་ལ་འཇམ་པའི་དབྱངས་མྱུར་དུ་འཇུག་པར་ཤོག་ཅིག་ཅེས་སོ། །བསྔགས་ཚུལ་ནི། །དཀོན་ཅོག་བརྩེགས་པའི་འཇམ་དཔལ་དབྱངས་ཀྱི་ཞིང་གི་བཀོད་པ་ལས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སངས་རྒྱས་བཅོན་ལྡན་འདས་རྣམས་ཀྱིས་བསྟོད་ཅིང་བསྔགས་ན། ཞེས་སོགས་དང་། འདི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་སོ། །འདི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་རྫོགས་སོ། །འདི་སངས་རྒྱས་ཀྱི་ས་ཐམས་ཅད་ཡོངས་སུ་རྫོགས་སོ། །འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་སོ། །ཞེས་སོགས་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། རྗེ་བཙུན་འདི་སྔོན་རྒྱལ་པ་ཀླུའི་རིགས་མཆོག་ཏུ་སངས་རྒྱས་པར་བཤད་ལ། དཀོན་བརྩེགས་སུ། མ་འོངས་པ་ན། སངས་རྒྱས་ཀུན་གཟིགས་སུ་འཚང་རྒྱ་བར་ཡང་བཤད་དོ། །ཕྱི་མ་ནི་འཚང་རྒྱ་བའི་ཚུལ་སྟོན་པ་ཡིན་གྱི། གསར་དུ་འཚང་རྒྱ་བ་མ་ཡིན་ཏེ་རྗེ་བཙུན་ནི་ངེས་དོན་དུ་སངས་རྒྱས་ཟིན་པར་ལུང་རིགས་དུ་མས་འགྲུབ་པའི་ཕྱིར་རོ། །དེར་ཀུན་གཟིགས་ཀྱི་ཞིང་ཡོངས་སུ་དག་པའི་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས་ཏེ། དཔེར་ན། རྒྱ་མཚོའི་ཆུ་ཐིག་པའི་གྲངས་ཚད་མེད་པ་དེ་བཞིན་དུ་ཀུན་གཟིགས་ཀྱི་ཞིང་གི་འབྱོར་བ་ཡང་དེ་བཞིན་དང་། རྒྱ་མཚོ་ཆུའི་ཐིག་པ་གཅིག་དང་བདེ་བ་ཅན་གྱི་ཞིང་གི་འབྱོར་བ་དཔེ་དོན་དུ་སྦྱར་ནས་གསུངས་པའི་ཕྱིར་རོ། །རྐང་པ་གཉིས་པའི་གང་གི་སྙན་པས་ཞེས་པས་དོན། རྒྱལ་བའི་སྙན་པས་ཞེས་འཆད་པ་ཞིག་ཐོབ་སྙམ་དུ་སེམས་པ་འོད་ནའང་། གྲགས་ཞེས་པའི་ཚིག་དང་འབྲེལ་བའི་ཚེ། འཇམ་དབྱངས་ཀྱི་སྙན་པས་སམ། བསྔགས་པ་དེའི་སྙན་པས་ཞེས་སྦྱོར་བ་ཐོབ་པའི་དེ་ལྟ་བྱའོ། །ཁ་ཅིག་འདི་སྙམ་དུ། ཁྱོད་ཀྱིས་འདིའི་དོན་འགྲེལ་བ་ནི། རང་སྟོབས་ཀྱིས་སམ། གཞན་གྱི་བཤད་པ་ལ་བརྟེན་ནས་ཡིན། དང་པོ་ལྟར་ན། མི་རིགས་ཏེ། རྗེ་བླ་མའི་དགོངས་དོན་ཟབ་པ་ནི་ཁྱོད་ཀྱི་ལེགས་པར་རྟོགས་མི་ནུས་པས་འཆད་མི་རིགས་ལ། །ཕྱི་མ་ལྟར་ན་ཟློས་པར་འགྱུར་བའི་ཕྱིར་དགོས་པ་མེད་དོ་སྙམ་ནས། འདི་ལྟར་བཀྲལ་བ་ནི། རང་གི་གོ་ཚོད་ཇི་ལྟར་ཡིན་པ་བཞིན་བཤད་ཀྱིས། འདིའི་འགྲེལ་པ་ཡོད་པ་མ་མཐོང་བས་འཁྲུལ་མེད་དུ་འཆད་ནུས་པ་མིན་ཀྱང་། བཤད་པ་ལ་དགོས་པ་ཡོད་དེ། གཞན་གྱིས་བསྐུལ་བས་རྐྱེན་བྱས་ཤིང་། རང་ཉིད་ཀྱང་འདིའི་སྒོ་ནས་རྗེ་བཙུན་ལ་ཆོས་ཀྱིས་མཆོད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །སངས་རྒྱས་ལ་ཟང་ཟིང་དང་ཆོས་ཀྱི་མཆོད་པ་གཉིས་ཀྱི་ནང་ནས་ཆོས་ཀྱིས་མཆོད་པ་ནི་མཆོག་ཡིན་ཏེ། དཀོན་བརྩེགས་ལས། ཚངས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལས་ངེས་པར་བྱུང་བ་ཡིན་པས། དེ་ལ་ཆོས་ཀྱི་མཆོད་པར་བྱའི། ཟང་ཟིང་གིས་ནི་མ་ཡིན་ནོ། །དམ་པའི་ཆོས་ཀྱིས་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། ལི་ཁྲི་གསེར་བཟང་འདྲེས་པའི་ལྷུན་པོའི་དབང་། །ཉིན་བྱེད་འབུམ་གྱིས་འཁྱུད་བཞིན་བརྗིད་པའི་སྐུར། །དབང་པོའི་མཚན་གྱིས་སྤྲས་ལྟར་ལྷ་རྫས་ཀྱིས། །རབ་མཛེས་ལྷག་པའི་ལྷ་དེར་སླར་ཕྱག་འཚལ། །མགོན་དེས་ཐུབ་བསྟན་རྒྱལ་མཚན་སྲིད་རྩེའི་བར། །བསྒྲེང་ཕྱིར་ངུར་སྨིག་གར་རོལ་བླ་མ་མཆོག །རྒྱལ་བའི་དམ་ཆོས་ཀུན་འཛིན་བཙོང་ཁ་པ། གང་དེའི་ཞབས་བཟུང་སྤྱི་བོས་ལན་བརྒྱར་བསྟེན། །ཁྱོད་ཀྱི་ལེགས་བཤད་བསྟོད་ཚིག་བ་ཀུ་ལའི། །དགོངས་དོན་རྣམ་དཔྱོད་ལུས་ཕྲའི་འགྲམ་ཆང་གིས། །ཕྱེ་ནས་བརྟན་པའི་འཁོར་ལོར་མཉེས་པའི་ཆེད། །འབུལ་ལོ་བཞེས་ནས་རྣམ་དཔྱོད་དངོས་གྲུབ་སྩོལ། །ཚུལ་འདིར་འབད་ལས་བྱུང་བའི་དགེ་བ་ཡང་། །ཟླ་ལྟར་དཀའ་བ་གང་ཞིག་ཐོབ་པ་དེས། །མཐའ་ཡས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བར། །འཇམ་པའི་དབྱངས་དང་མཚུངས་པ་ཉིད་གྱུར་ཅིག །ཅེས་བསྟོད་སྤྲིན་རྒྱ་མཚོའི་རྣམ་བཤད་རྗེ་བཙུན་འཇམ་དབྱངས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི། མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་ལ་བློ་གྲོས་རྣམ་པར་ཡངས་པའི་སྤོབས་པ་ཅན། །དཀའ་ཆེན་བློ་བཟང་བརྩོན་འགྲུས་ཀྱིས་བསྐུལ་བའི་ངོར་མཚན་ཉིད་ཀྱི་བླ་མའི་གོ་སར་གནས་པ་རབ་འབྱམས་སྨྲ་བ་བཤད་སྒྲུབ་མིང་ཅན་གྱིས། རང་ཉིད་ཀྱང་དད་པས་ཀུན་ནས་བསླངས་ཏེ་ས་ཕག་གི་ལོར་སྦྱར་བའོ། །མདྒལཾ། དེ་ལྟ་བུའི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྟོད་པ་བསྟོད་སྤྲིན་རྒྱ་མཚོའི་ཊཱིཀྐ་འདི་ནི། ཚ་རྡོར་གནས་བརྟན་ཚངས་དབྱངས་བསྟན་པ་དང་འཇམ་དབྱངས་དཀོན་མཆོག་རྣམ་གཉིས་ཀྱི་ཅོ་ནེའི་མཚན་ཉིད་གྲྭ་ཚང་ནས་རབ་འབྱམས་སྨྲ་བའི་མཚན་གདགས་མཛད་པའི་ཚེ། གཞན་དག་ལའང་ཕན་ཆེད་བར་དུ་བརྐོས་པའི་དགེ་བས་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་འཛིན་པ་དང་མི་འབྲལ་བར་གྱུར་ཅིག་པར་ཡིག་པ་ནི་དགེ་སློང་ངག་དབང་བཀྲ་ཤིས་སོ།། །།དགེ་ལེགས་འཕེལ། མདྒལཾ།། །།


previousབསྟོད་སྤྲིན་རྒྱ་མཚོའི་རྣམ་བཤད་འཇམ་དབྱངས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན།next