Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་པར་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་གསལ་བ།
   
   


 
previousརྣམ་པར་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་གསལ་བ།next

རྣམ་པར་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་གསལ་བ།

བཅོམ་ལྡན་འདས་རྣམ་པར་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་གསལ་བ་ཞེས་བྱ་བ་བཞུགས།

རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་ནས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པའི་ཕྱིར། །རྒྱལ་སྲས་ངུར་སྨྲིག་འཛིན་པའི་ཟློས་གར་ཅན། །རྒྱལ་བའི་གདུང་འཚོབ་བཙོང་ཁ་པ་དེར་འདུད། །དེ་གཤེགས་ཀུན་གྱི་མཁྱེན་བརྩེའི་ཕུང་པོ་ཉིད། །རབ་འཛེས་ལྷ་མོའི་གཟུགས་ཀྱི་རྣམ་རོལ་བ། །དྲན་པ་ཡིས་ཀྱང་ཚེ་དང་རྣམ་དཔྱོད་མཆོག །སྟེར་མཛད་རྗེ་བཙུན་རྣམ་པར་རྒྱལ་མས་སྐྱོངས། །གང་གི་བསྟོད་ཚིག་ཆུ་སྐྱེས་གཞོན་ནུའི་ཚལ། རྣམ་དཔྱོད་ཉི་མའི་འོད་ཀྱིས་རབ་ཕྱེ་སྟེ། །དགོངས་དོན་ཟེའུ་འབྲུ་གསལ་བར་འཛུམ་བྱེད་ཀྱིས། །བློ་ལྡན་རྐང་དྲུག་འཕུར་ལྡིང་གར་གྱིས་རོལ། །དེ་ལ་འདིར་གཙུག་ཏོར་རྣམ་པར་རྒྱལ་མའི་བསྟོད་པ་མཆི་མེད་གྲུབ་པ་ཞེས་བྱ་བ་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གསུམ་མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བ། བཤད་པ་ལ་འཇུག་པའི་ཚུལ་ལོ། །དང་པོ་ལ་གཉིས། བླ་མ་དང་འཇམ་དབྱངས་དབྱེར་མེད་དུ་བྱས་ནས་ཕྱག་འཚལ་བ་དང་། སྐབས་འདིར་སྒོས་ཀྱིས་མཆོད་པར་བརྗོད་པའོ། །དང་པོ་ནི། ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། ཞེས་གསུངས་ཏེ། དཔལ་ལྡན་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་པ་ཡིན་ཏེ། ཤྲཱི་ནི་དཔལ་ལམ་དཔལ་ལྡན་གུ་རུ་ནི་བླ་མ་མཉྫུ་གྷོ་ཥཱ་ནི་འཇམ་པའི་དབྱངས་ཡིན་ལ་ན་མཿནི་འདུད་པའམ་ཕྱག་འཚལ་བ་ལ་འཇུག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ས་གསུམ་འགྲོ་བའི་རེ་སྐོང་སོགས་རྐང་པ་བཞི་གསུངས་ཏེ། ས་འོག་ས་སྟེང་ས་བླའི་ས་གསུམ་ན་གནས་པའི་འགྲོ་བའི་རེ་འདོད་སྐོང་ཞིང་། མཆོག་ཐུན་གྱི་དངོས་གྲུབ་འབྱུང་བའི་གཏེར་ཆེན་པོ། ལེགས་པར་བཤད་པའི་ཆོས་ཀྱི་འོད་སྟོང་ཕྱོགས་བཅུར་འབྱེད་པའི་ཉིན་མོར་བྱེད་པ་སྟེ་ཉི་མ། ལུང་རྟོགས་ཀྱི་ཡོན་ཏན་གྱི་ཆ་ཤས་ཀུན་ཡོངས་སུ་རྫོགས་པའི་འོད་དཀར་ཅན་ནི་ཟླ་བ་སྟེ་ཆོས་མཚུངས་གསུམ་དང་ལྡན་པའི་དཔལ་ལྡན་བླ་མ་དམ་པ་དེ་ནི། ལུས་ཅན་སེམས་ཅན་ཀུན་གྱི་གཙུག་ན་མཛེས་པའམ་རྒྱལ་བར་གྱུར་ཅིག་ཅེས་སྨོན་པའི་ཚུལ་གྱིས་བསྔགས་པའོ། །ཚིག་བཅད་འདི་གཟུགས་ཅན་གྱི་རྒྱན་ཏེ། དེ་ཡང་དཔེ་དང་དཔེ་ཅན་ཐ་དད་དུ་མ་ཕྱེ་བར་གཅིག་ཏུ་བྱས་པ་ཡིན་ལ། འོན་ཀྱང་གོ་བདེ་ཁྱད་ཕྱེ་སྟེ་བཤད་ན་རྐང་པ་དང་པོས་གཏེར་ནི་འདོད་པ་འབྱུང་བའི་གནས་ཡིན་པ་ལྟར། བླ་མ་ཡང་དངོས་གྲུབ་ཀྱི་འབྱུང་གནས་དང་། གཉིས་པས་ཉི་མས་འོད་འབྱེད་པ་བཞིན་དུ་བླ་མས་ཀྱང་ལེགས་བཤད་ཀྱི་འོད་འགྱེད་པ་དང་། གསུམ་པས་བཅོ་ལྔའི་ཟླ་བ་ནི་ཆ་ཤས་རྫོགས་པ་ལྟར་བླ་མའང་ཡོན་ཏན་མ་རྫོགས་པ་མ་ཡིན་པར་ཡོན་ཏན་གྱི་ཆ་ཤས་རྫོགས་པའི་སྒོ་ནས་བསྟོད་པ་སྟེ། སྤྱིར་རྩ་བའི་བླ་མ་དེ་ཡོན་ཏན་རྫོགས་མ་རྫོགས་ཇི་ལྟར་ཡིན་ཀྱང་བསྔགས་པའི་ཚེ་ངེས་པ་མེད་དོ། །དེས་ན་སྐབས་འདིའི་བླ་མ་ནི། རྗེ་རང་ཉིད་ཀྱི་རྩ་བའི་བླ་མ་སྤྱིའི་དབང་དུ་བྱས་པར་མངོན་ནོ། །གཉིས་པ་ནི། གང་ལ་བརྟེན་ནས་སོགས་རྐང་པ་བཞིས་སྟོན་ཏེ། རྒྱས་པར་མིན་པར་ཚིག་ཉུང་ངུ་ཅུང་ཟད་ཅིག་གིས་བསྟོད་པར་བགྱིའོ། །སུ་ལ་བསྟོད་ཅེ་ན་ལྷ་མོ་གང་ལ་བརྟེན་ནས་བློ་གྲོས་ཀྱི་མཆོག་སྟེར་ཞིང་། དུས་མ་ཡིན་པར་འཆི་བའི་འཆི་བདག་གི་བེ་ཅོན་ནི་རི་མོའི་དབྱུག་པ་ལྟར་གང་གིས་མཛད་པའི་ལྷ་མོ་འགྲོ་བའི་སྐྱབས་སུ་གྱུར་བ་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པར་བྱའོ། །འདིར་འཆི་བདག་ནི་གཤིན་རྗེ་ཡིན་ལ། དེའི་བེ་ཅོན་ནི་དབྱུག་པ་སྟེ་དོན་ལ་སྦྱར་ན་འཆི་བར་བྱེད་པའི་ཁྱད་པར་ཞིག་གོ །ལྷ་མོ་འདི་ལ་བརྟེན་ན་འཆི་བདག་གི་བེ་ཅོན་དེ་གཞན་ལ་རྡེག་ཏུ་མེད་པ་དཔེར་ན་རི་མོར་བྲིས་པའི་དབྱུག་པའི་གཟུགས་བརྙན་གྱིས་གཞན་ལ་རྡེག་ཏུ་མེད་པར་འགྱུར་ཏེ་དེ་ཡང་དུས་མིན་འཆི་བ་ལས་ཐར་བར་བྱེད་པའི་དོན་ནོ། །གསུམ་པ་ལ་གསུམ། བསྟོད་པ་དང་། ཐུགས་རྒྱུད་བསྐུལ་བ་དང་། སྨོན་ལམ་མོ། །དང་པོ་ལ་གཉིས། རང་སྟོབས་ཁོ་ནས་ཇི་ལྟ་བ་བཞིན་བསྟོད་མི་ནུས་པར་བསྟན་པ་དང་། བསྟོད་པའི་ཚུལ་དངོས་སོ། །དང་པོ་ནི། །མིག་བྲལ་སྐྱེ་བོས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། དཔེར་ན་མིག་དང་བྲལ་བའི་སྐྱེ་བོས་སྣ་ཚོགས་པའི་གཟུགས་ལ་ལྟ་བར་འདོད་ཀྱང་མི་མཐོང་བ་དེ་བཞིན་དུ་ལྷ་མོ་ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་གནས་ཕྲ་ཞིང་ཕྲ་བའི་ངང་ཚུལ་ཇི་ལྟར་ཡིན་པ་ནི། བརྗོད་པར་འདོད་ཀྱང་བརྗོད་པ་པོ་བདག་ལ་རིང་དུ་བསྐལ་པ་སྟེ་མི་ཤེས་པས་ན། ཁྱོད་ཀྱི་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བ་བཞིན་བརྗོད་མི་ནུས་མོད། དེ་ལྟ་ཡིན་པ་འོན་ཀྱང་དམ་པའི་ཆོས་ཡང་དག་པར་སྡུད་པའི་ཕུག་བདེ་བ་ཅན་གྱི་ཁང་བཟང་མཆོག་ཉིད་ན་བཞུགས་པའི་འཇིག་རྟེན་གྱི་རྣམ་པར་འདྲེན་པ་རྒྱལ་བ་ཚེ་དཔག་མེད་མགོན་གྱིས། ལྷ་མོ་ཁྱོད་ལ་རྒྱ་ཆར་བསྔགས་པ་ཐོས་པའི་སྟོབས་ལས། འཕགས་མའི་ཞབས་ཟུང་སྟེ་གཉིས་སྔར་ནས་བཟུང་དུས་རིང་མོ་ནས་བསྟེན་པ་བཙོང་ཁ་པ་བདག་གིས་ནི། བསྟོད་པའི་ཚུལ་འཆད་འགྱུར་འདི་སྐད་གླེང་བའི་གོ་སྐབས་ཅུང་ཟད་ཅིག་རྙེད་ལགས་སོ། །བསྐལ་བ་ལ་དུས་ཀྱིས་བསྐལ་བ། ཕྲ་བས་བསྐལ་བ། མཆོག་ཏུ་གྱུར་པས་བསྐལ་བ། རིང་བས་བསྐལ་བ་བཞི་ཡོད་ཀྱང་། འདིར་གཙོ་བོར་གསུམ་པའི་དབང་དུ་བྱས་པའོ། །བསྔགས་ཚུལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་ལས། གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བ་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། ངན་སོང་ཐམས་ཅད་རྒྱུན་གཅོད་པ་འདི་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞུགས་ལ་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བརྗོད་ན། ཚེ་ཟད་པ་ལས་ཚེ་ཕྱིར་ནུར་བར་འགྱུར་རོ། །ངན་སོང་ལས་མྱུར་ཏུ་མཐར་ཏེ། སྒྲིབ་པ་རྣམས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དུད་འགྲོ་རྣམས་ཀྱིས་ཐོས་ན་ཡང་དེ་རྣམས་ངན་སོང་གི་ཐ་མ་ཡིན་ཏེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཐོ་རིས་རྒྱལ་པོའི་རིགས་སམ་བྲམ་ཟེའི་རིགས་སམ། ཚོང་དཔོན་གྱི་རིགས་སམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ནང་དུ་སྐྱེ་བར་འགྱུར་རོ། །མཆོད་རྟེན་དེའི་གྲིབ་མས་ཕོག་གམ། རྡུལ་གྱིས་བཏབ་ཀྱང་རུང་སྟེ། ངན་སོང་དུ་འགྲོ་བར་མི་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ལ་གསུམ། གཙོ་མོ་ལ་སྐུའི་སྒོ་ནས་བསྟོད་པ་དང་། འཁོར་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང་། མཁྱེན་བརྩེ་ནུས་པའི་སྒོ་ནས་བསྟོད་པའོ། །དང་པོ་ནི། ཡིད་འཕྲོག་འོད་ཟེར་ཞེས་པ་ནས་ཡིད་བཞིན་འཇུག་ལ་ཕྱག་འཚལ་ལོ། །ཞེས་པའི་བར་ཚིགས་སུ་བཅད་པ་དགུ་སྟེ་རིམ་པ་བཞིན་དུ་བཤད་པར་བྱ་སྟེ། གོ་རིམ་དཀྲུགས་ཏེ་བཤད་ན་གོ་དཀའ་བས་སོ། །གཞན་གྱི་ཡིད་འཕྲོག་པར་བྱེད་ནུས་ཤིང་འོད་ཟེར་སྟོང་གི་སྟེ་གྲངས་སྟོང་ཙམ་མིན་པ་འོད་ཀྱི་ཚོགས་གྲངས་མེད་འཕྲོ་བའི་དྲ་བས་བསྐོར་བ་ཅན་ཕུལ་དུ་བྱུང་བ་མཛེས་པ། འདོམས་ཀྱི་ཚད་ཅི་ཙམ་ཡོད་པ་ཞིག་སྤྱི་གཙུག་ནས་ཞབས་མཐིལ་གྱི་བར་དུ་ཡོད་པས་ཆུ་ཞིང་གབ་པ་ལྷ་མོ་ཁྱོད་ཀྱི་སྐུ་ནི། དཔེར་ན། འོ་མའི་ཆུ་གཏེར་ཏེ་མཚོའི་དབུས་ན་གངས་ཀྱི་རི་གྱེན་དུ་འཕགས་པ་བཞིན་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་དཀར་ཞིང་མཛེས་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཆུ་ཤེལ་དཀར་པོ་དང་བཙོ་མའི་གསེར་སེར་པོ་དང་། ཨནྡ་རྙིལ་སྟེ་དབང་པོ་སྔོན་པོ་དྲི་མ་མེད་པ་ཡོངས་སུ་དག་པའི་འོད་ཇི་ལྟ་བར། རབ་ཏུ་གསལ་བའི་ཞལ་དབུས་མ་དཀར་བ་དང་གཡས་སེར་གཡོན་སྔོ་བའི་མདོག་ཅན་གྱི་ཞལ་བཟང་པོ་རྒྱས་པ་ནི། དབུས་མ་སྒེག་པ་དང་གཡས་པ་ཞི་བ་དང་གཡོན་པ་ཅུང་ཟད་ཁྲོ་བའི་ཉམས་ཅན་ལ་ཕྱག་འཚལ་ལོ། །འདིར་ཨན་ད་རྙིལ་ཞེས་འབྱུང་བ་ནི། དབང་སྔོན་གྱི་སྐད་དོད་ཨིནྡྲ་ནཱི་ལ་ཟུར་ཆག་པའི་ཟུར་ཆག་གི་སྐད་དོ། །གདུགས་མཛེས་པའི་ཏོག་ལ་ཨིནྡྲ་ནཱི་ལ་སྟེ་དབང་པོ་སྔོན་པོའམ་རིན་པོ་ཆེ་སྔོན་པོས་མཛེས་པ་བཞིན་དུ་རབ་ཏུ་རྒྱས་པའི་དབུ་ལ་ནི་རལ་པའི་ཐོར་ཅོག་ཅན་ཏེ་དེ་དང་ལྡན་པས་མཛེས་ལ། སྤྲིན་སོགས་ཀྱི་སྒྲིབ་བྱེད་ཀྱི་དྲི་མ་དང་བྲལ་བའི་ནམ་མཁའ་ལ་འཁྱོག་པའི་ཚུལ་གྱིས་ཤར་བའི་འཇའ་ཚོན་ལྟར། ཁྱོད་ཀྱི་མཐོན་མཐིང་སྟེ་སྔོན་པོའི་མདངས་ཀྱིས་མཛེས་པའི་སྤྱན་མཆོག་གི་སྟེང་དུ་སྨིན་མ་འཁྱོག་ལ་དཀྱུས་རིང་པོ་ཉིད་ཀྱིས་མཛེས་པ་ལགས་སོ། །དབྱིབས་མཐོ་བ་སོགས་ཀྱིས་ལེགས་པའི་ཤངས་ཀྱི་རིམ་པའི་རྒྱུད་ནི་ཡིད་དུ་འོང་ལ། མཆུ་སྒྲོས་དམར་པོས་མཛེས་པའི་ཞལ་གྱི་སྒོ་ནི་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་དང་འཇམ་ཞིང་མཉེན་པ་དང་དབྱིབས་ལེགས་པའི་སྙན་གྱི་བུག་པར་སྙན་རྒྱན་གྱི་རིན་ཆེན་འཕྱང་བ་སོགས་རྨད་དུ་བྱུང་བའི་མཛེས་པའི་ཉམས་ཀྱིས་གཞན་གྱི་ཡིད་འཛིན་པ་སྟེ་འཕྲོག་མ་ཁྱོད་ལ་འདུད་དོ། །མཉེན་ལེགས་ཞེས་པ་ནི་བཤད་པ་ལྟར་ཡིན་གྱི་སྙན་ཞེས་པའི་དོན་མིན་ནོ། །ནམ་མཁའ་ལ་རྒྱུ་སྐར་གྱི་ཕྲེང་བ་བཀྲ་བའི་མདངས་གསལ་བ་ལྟར། རབ་ཏུ་གསལ་བའི་མདོག་ཅན་གྱི་རིན་པོ་ཆེའི་དོ་ཤལ་མཆོག་གིས་ནི་ཁྱོད་ཀྱི་མགྲིན་པ་རབ་ཏུ་འཁྱུད་པ་ལ། འོ་མའི་རྒྱུན་འཛིན་པའི་ནུ་མ་འབུར་བོ་ཟུང་གཅིག་གིས་ཏེ་གཉིས་ཀ་ཁྱོད་རང་གི་རབ་ཏུ་ཡངས་པའི་བྲང་ལ་མཛེས་པ་ནི། ངང་པ་གཉིས་ཀྱིས་པདྨའི་རྒྱ་མཚོར་མཛེས་པ་ཇི་ལྟར་བ་བཞིན་ནོ། །གདུ་བུ་སོགས་རིན་ཆེན་རྒྱན་གྱིས་མཛེས་པའི་འཇམ་ཞིང་མཉེན་པའི་ཕྱག་ནི་མདོག་པདྨའི་རྩ་བ་ལྟར་དཀར་བ་ཟུང་བཞི་ཡི་སྟེ་བཞི་མཚན་གཉིས་ཀྱི་གཡས་དང་པོ་ན་སྣ་ཚོགས་རྡོ་རྗེ། གཡོན་གྱི་དང་པོ་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང་། གཡས་ཀྱི་གཉིས་པ་ན་འོད་དཔག་མེད་དང་། གཡོན་གྱི་གཉིས་པ་ན་མི་འཇིགས་པར་སྦྱིན་པ། གཡས་གཡོན་གྱི་གསུམ་པ་གཉིས་ན་རིམ་པ་བཞིན་དུ་མདའ་དང་བཞུ། གཡས་གཡོན་གྱི་བཞི་བའི་ཕྱག་ཟུང་གིས་རིམ་པ་བཞིན་དུ་མཆོག་འཛིན་མཛད་པ་དང་། བུམ་པ་བཟུང་ནས་འགྲོ་བ་རྣམས་ལ་འཆི་མེད་ཚེ་ཡི་དཔལ་སྟེར་བར་མཛད་པའི་བཅོམ་ལྡན་འདས་མ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་པའི་སྐྱེས་རབས་ནས་འབྱུང་བ་ལྟར་གྱི་ཡིད་བཞིན་གྱི་མཚོ་དེའམ། ཡང་ན་ཡིད་བཞིན་ཏེ་ཡིད་དུ་འོང་བའི་རྒྱ་མཚོ་ཡི་ངོགས་ཀྱི་པདྨའི་སྡོང་པོ་བཞིན་དུ། སྐུ་དྲང་ཞིང་ལྡེམ་པའི་སྐེད་སྐབས་གསལ་བ་སྟེ་ཕྱེད་པ་ཅན་དང་། འཇའ་ཚོན་གྱི་གུར་ཕུབ་པའི་ཤེལ་གྱི་མཆོད་སྡོང་སྟེ་མཆོད་རྟེན་ཇི་ལྟ་བར། དྲི་མ་མེད་ཅིང་མཛེས་པའི་སྐུ་མཆོག་དཀར་པོ་ནི། ཚོན་ཁ་དོག་སྣ་ཚོགས་པས་བཀྲ་བའི་ལྷ་རྫས་ཀྱི་གོས་ཀྱིས་སྤུད་པ་སྟེ་བརྒྱན་ནོ། །མི་ཕྱེད་སྐྱིལ་ཀྲུང་སྟེ་རྡོ་རྗེའི་སྐྱིལ་ཀྲུང་མཆོག་གིས་ལེགས་པར་གནས་པ་སྟེ་བཞུགས་ཤིང་། བརྒྱད་གཉིས་ཏེ་བཅུ་དྲུག་ལོན་པའི་ལང་ཚོའི་དཔལ་འཛིན་པ་སྟེ་རྣམ་པ་ཅན་རྒྱལ་བའི་ཡུམ་དུ་གྱུར་ལ། མི་འདྲའི་རྣམ་འཕྲུལ་ཏེ་སྤྲུལ་པ་མི་འདྲ་བ་དུ་མས་རྣམ་པར་རོལ་བ་བསྟན་པའི་སྒོ་ནས་འགྲོ་བ་སྟེ་གདུལ་བྱའི་ཡིད་བཞིན་ནམ་བསམ་པ་དང་མཐུན་པར་འཇུག་པ་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་པ་ནི། རྔ་ཡབ་དཀར་པོ་ནས་མངོན་པར་བརྩོན་ཞེས་པའི་བར་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། ཕྱག་གཡས་ཀྱིས་རྔ་ཡབ་དཀར་པོ་བསྣམས་པ་རྒྱལ་བའི་སྲས་ཕྱག་ན་པདྨ་སྤྱན་རས་གཟིགས་དང་། རྡོ་རྗེ་འཛིན་པ་མཐུ་ཆེན་ཐོབ་གཉིས་གཡས་དང་གཡོན་གྱི་ཕྱོགས་སུ་གནས་ནས་ཁྱོད་ཀྱི་སྐུར་མངོན་དུ་ཕྱོགས་ཏེ། ཁྱོད་ཀྱི་སྐུ་ལ་རྟག་ཏུ་བློ་བསྒྲིམས་ཏེ་བལྟས་ཀྱང་བལྟ་བས་ཡིད་ངོམས་པ་སྟེ་ཆོག་ཤེས་པ་མེད་དོ། །རིམ་པ་བཞིན་དུ་རལ་གྲི་དང་ལྕགས་ཀྱུ་དང་དབྱུག་པ་རྡོ་རྗེ་རྣམས་ཕྱག་གཡས་ཀྱིས་འཛིན་ཅིང་། ཕྱག་གཡོན་པ་ཐམས་ཅད་ཐུགས་དཀར་མ་རུངས་པ་འདུལ་བའི་སྡིགས་འཛུབ་མཛད་པ་ཅན་གྱི་ཁྲོ་བོ་མི་གཡོ་བ་དང་། འདོད་རྒྱལ། དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་བཞི་ནི་རིམ་པ་བཞིན་དུ་ཁྱོད་ཀྱི་མདུན་དང་གཡས་དང་རྒྱབ་དང་གཡོན་གྱི་ཕྱོགས་བཞིར་གནས་བགེགས་ཀྱི་དཔུང་རྣམས་འཇོམས་པར་བྱེད་དོ། །འཆི་བ་མེད་པའི་བདུད་རྩིའི་ཆར་གྱི་རྒྱུན་འབེབས་པའི་གཙང་མའི་གནས་ཀྱི་ལྷ་ཡི་བུ་གཉིས་ནི། ཁྱོད་ཀྱི་སྟེང་གི་ཕྱོགས་ནས་རིན་ཆེན་བུམ་པ་བཟུང་བ་ཡིས་དག་པའི་ཆུ་རྒྱུན་འབེབས་ལ་མངོན་པར་བརྩོན་ནོ། །གསུམ་པ་ནི། མ་ལུས་ཤེས་བྱ་ནས་ཕྱག་འཚལ་ལོ། །ཞེས་པའི་བར་ཚིགས་སུ་བཅད་པ་གཉིས་ཏེ། མ་ལུས་པའི་ཤེས་བྱ་མཐའ་དག་གསལ་བར་མངོན་སུམ་དུ་གཟིགས་པར་གྱུར་ཅིང་། མུ་མེད་དེ་མཐའ་མེད་པའི་འགྲོ་བ་རྣམས་ལ་དུས་རྒྱུན་ཆད་མེད་པར་བུ་ལྟར་བརྩེ་བ་དང་། མི་དང་མཚོན་དང་དུག་དང་སོགས་ཏེ་སྟག་སེང་སྤྲུལ་གདུགས་སོགས་ཀྱི་འཇིགས་པ་ཀུན་ལས་སྐྱོབ་པར་མཛད་པ་དང་། མི་དང་ལྷ་ཡི་རྣམ་པར་འདྲེན་པ་ཁྱོད་ལ་འདུད་དོ། །ཤེས་བྱ་ཀུན་གཟིགས་པ་ལ་གེགས་བྱེད་ཀྱི་རྨོངས་པའི་དྲ་བའི་བཅད་པ་སྟེ་སྤངས་ཤིང་། སེམས་ཅན་ཀུན་ལ་ཕྱོགས་རིས་མེད་པར་སྙོམས་པའི་ཐུགས་དང་ལྡན་ལ། དུས་དང་གནས་སྐབས་ཀུན་ཏུ་ཕན་དང་བདེ་བ་སེམས་ཅན་རྣམས་ལ་སྟེར་བར་མཛད་པའི་ལྷ་མོ་འཇིག་རྟེན་ཀུན་གྱི་སྐྱབས་སུ་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལ་རྐང་པ་དང་པོས་མཁྱེན་པའི་ཡོན་ཏན་དང་། གཉིས་པས་བརྩེ་བའི་ཡོན་ཏན་དང་། གསུམ་པས་འཕྲིན་ལས་ཀྱི་ནུས་པའི་ཡོན་ཏན་བསྟན་པ་ཡིན་ནོ། །དྲ་བ་ཞེས་པ་ནི་འདིར་དཔེ་དྲ་བ་དང་ཆོས་མཚུངས་པའི་མི་ཤེས་པའི་རྨོངས་པ་ལ་དྲ་བའི་མིང་གིས་བཏགས་པའོ། །གཉིས་པ་ནི། ཤིན་དུ་བརྟན་པ་ནས་འཕྲིན་ལས་མཛོད། ཅེས་པའི་བར་ཚིགས་སུ་བཅད་པ་དགུས་སྟོན་ཏེ། འདི་ལའང་གཉིས། སྔོོན་གྱི་ཐུགས་བསྐྱེད་དང་མཐུན་པར་རྗེས་སུ་འཛིན་དགོས་པར་བསྐུལ་བ། འཕྲིན་ལས་མཛད་པར་གསོལ་བའོ། །དང་པོ་ནི། འདི་ནས་མཐུ་དང་ལྡན་ཞེས་པའི་བར་ཏེ། སྔོན་སུམ་ཅུ་རྩ་གསུམ་གྱི་ཤིན་ཏུ་བརྟན་པ་ཞེས་བྱ་བ་ལྷ་ཡི་བུ་དེས། ཁྱོད་ཀྱི་གཟུངས་སྔགས་སྟོན་པས་གསུངས་པ་ལྟར་ཞག་དྲུག་དུ་བགྲངས་པས་ཀྱང་། འཇིགས་པ་ཆེན་པོ་ངན་སོང་གི་གནས་ལས་ཡོངས་སུ་ཐར་བ་གྱུར་ཏེ་རིང་མཆོག་གི་ཚེ་ཐོབ་སྟེ། ངན་འགྲོར་འགྲོ་བའི་ལས་ཀྱི་སྒྲིབ་པ་མ་ལུས་པ་དག་པར་གྱུར་ན། བདག་གིས་གནས་འདི་ན་ཁྱོད་ལ་རྩེ་གཅིག་པའི་ཡིད་ཀྱིས་ནི། དུས་རྒྱུན་ཏུ་སྐྱབས་སུ་བཟུང་ནས་ཁྱོད་ཀྱི་སྐུ་ལ་དམིགས་པའི་ཏིང་འཛིན་དང་། གཟུངས་ཀྱི་བཟླས་བརྗོད་དང་། མཆོོད་པ་འབུལ་བས་ཉིན་མཚན་གྱི་དུས་རྣམས་འདའ་བར་བྱེད་པ་ལ། བཅོམ་ལྡན་འདས་མ་ཁྱོད་ཀྱིས་འདིར་བདག་གི་འདོད་པའི་རེ་བ་མི་སྐོང་བ་ནི་ཅིའི་རྐྱེན་ལགས། འདི་ནི་བདག་ཅག་ལྟ་བུ་ལ་དགོངས་པ་ཏེ། རེ་ཆད་པའམ་ཉམ་ཐག་པའི་ཚུལ་གྱིས་འབོད་པའོ། །སྔོན་བྱུང་ལ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བ་ལས། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ། །དེ་ཡང་འགྲོ་བ་བདུན་པོ་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །བརྒྱལ་ནམ་ཞིག་མིར་སྐྱེས་ན་ཡང་། དེར་དེ་དབུལ་བོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ། །ཞེས་དང་། འགྲོ་བ་བདུན་ནི་ཕག་གི་སྐྱེ་གནས་དང་ཁྱི་དང་ཝ་དང་སྤྲེའུ་དང་སྦྲུལ་གདུག་པ་དང་བྱ་རྒོད་དང་བྱ་ཁྭ་ཏ་སྟེ། འགྲོ་བ་བདུན་པོ་དེ་དག་ཏུ་མི་གཙང་བ་ཟ་བ་མྱོང་བར་འགྱུར་བར་མཐོང་ངོ་། །ཞེས་གསུངས་པ་ལྟར་གྱི་ངན་འགྲོ་ལས་ཐར་རོ། །དེ་ཡང་དེ་ཉིད་ལས། དེ་ནས་ལྷའི་བུས་དེས་ཉི་མ་བདུན་གྱི་བར་དུ་ཉིན་དྲུག་མཚན་དྲུག་ཏུ་གཟུངས་འདི་ལ་བརྩོན་པར་བྱས་ནས། དེའི་ཐམས་ཅད་དུའང་ཕུན་སུམ་ཚོགས་ཏེ། འདི་ལྟ་སྟེ། ངན་འགྲོ་ལས་ནི་ཡོངས་སུ་ཐར། །བདེ་བའི་ལམ་ལ་ཡང་དག་གནས། །ཚེ་རིང་བར་གྱུར་ནས། ཨེ་མ་ཧོ། །ཞེས་སོགས་གསུངས་པ་ལྟར་རོ། །གཞན་ཡང་། གཅེས་པའི་བུ་ལ་བརྩེ་བའི་མ་ཡིས་ནི་རང་གི་ཡིད་དུ་འོང་བའི་བུ་ལ་དགའ་བའི་ཡིད་རྩེ་གཅིག་པ་བཞིན་དུ། །ཡིད་ལ་རྩེ་གཅིག་ཏུ་ཁྱོད་སེམས་པ་སྟེ་བསམས་ཞིང་དྲན་ནས་དང་བའི་བུ་ང་ཡིས་ནི། ལན་གཅིག་མ་ཡིན་པར་ཁྱོད་ལ་ཡང་ཡང་བོས་ཀྱང་རྗེས་སུ་མི་འཛིན་པ་འདི་ལྟར་ན། འོ་ན་ཁྱོད་ནི་སེམས་ཅན་རྣམས་ལ་ཕན་བཞེད་པའི་བརྩེ་བའི་གཏེར་ཆེན་པོ་ཉིད་དུ་བདག་གིས་རྒྱུ་མཚན་ཅི་ལས་ཏེ་གང་གིས་སྒོ་ནས་དཔག་པར་བྱ་སྟེ། བརྩེ་བའི་གཏེར་ཡིན་པ་ལ་རྒྱུ་མཚན་ཡང་དག་གཞན་མེད་པའི་ཕྱིར་རོ། ། དེས་ན་ཐུགས་རྗེས་འཛིན་པར་རིགས་སོ། །ཁྱོད་ཀྱིས་ནི། འགྲོ་བ་ཀུན་གྱི་ཁམས་དང་བསམ་པ་ཇི་ལྟར་ཡིན་པ་མཁྱེན་ཅིང་། དེར་མ་ཟད་སྔོན་དུས་ཀྱི་འགྲོ་བ་དེ་དག་གི་དོན་དུ་ཕན་པའི་ཐུགས་ཀྱང་བསྐྱེད་ལ། ཚུལ་ཇི་ལྟར་གདུལ་བར་བྱ་བའི་ཐབས་ལ་ཤིན་ཏུ་མཁས་ཤིང་སྲིད་པ་འཁོར་བའི་རྒུད་པ་དང་། ཞི་བ་ཕྱོགས་གཅིག་པའི་རྒུད་པ་སེལ་བའི་མཐུ་དང་ལྡན་ལགས་སོ། །ཞེས་སོ། །གཉིས་པ་ནི། དེ་ཕྱིར་རྟག་ཏུ་འཕྲིན་ལས་མཛོད། ཅེས་པའི་བར་ཏེ་རྗེས་སུ་འཛིན་དགོས་པའི་རྒྱུ་མཚན་བརྗོད་མ་ཐག་པ་དེའི་ཕྱིར་ན། ཁྱོད་ཀྱི་གཟུངས་བཟླ་བ་པོ་བདག་ནི། ཚེ་རབས་རྟག་ཏུ་དག་པའི་སྐྱེ་བ་འཛིན་པ་དང་། རྒྱལ་བ་སངས་རྒྱས་དང་དངོས་སུ་ཕྲད་ཅིང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རིགས་སུ་འགྱུར་བ་དང་། བློ་གྲོས་རྣོ་བ་དང་ཚེ་རབས་སྔ་མ་དྲན་ཞིང་སྨྲ་བའི་དག་ནི་བཙུན་པ་སྟེ་གཞན་གྱི་ཚད་མར་འཛིན་པ་དང་། དྲན་པ་དང་ལྡན་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་དང་། དཔག་ཏུ་མེད་པའི་ཚེ་རིང་པོ་ཐུབ་ཅིང་མི་མིན་འབྱུང་པོའི་གནོད་པ་མེད་པ་དང་། མེ་དང་ཆུ་དང་དུག་སོགས་ཀྱིས་དུས་མ་ཡིན་པར་འཆི་བ་བརྒྱད་དང་ནད་ལས་གྲོལ་བར་འགྱུར་བ་དང་གཞན་ཀུན་གྱི་མཆོད་འོས་སུ་འགྱུར་ཞིང་ཕ་རོལ་གྱི་དགྲ་ལས་རྒྱལ་བ་དང་། གྲུབ་པ་བརྒྱད་ལས་རལ་གྲིའི་གྲུབ་པ་འཐོབ་པར་འགྱུར་བ་དང་། རིག་པ་འཛིན་པ་ཆེན་པོའི་ས་བརྙེས་ཤིང་ནམ་མཁའ་ལ་འགྲོ་བར་ནུས་པ་དང་། ལུས་མི་སྣང་བར་བྱེད་ནུས་པ་སོགས་རྒྱལ་བས་གསུངས་པའི་ཁྱོད་ཀྱི་གཟུངས་ཀྱི་ཕན་ཡོན་ཇི་སྙེད་མཆིས་པ་ཀུན་ཀྱང་། སྒྲུབ་པ་པོ་ཡིས་ཁྱོད་ལ་ཇི་ལྟར་གསོལ་བ་བཞིན་དུ་ཐུགས་རྗེའི་གཞན་དབང་དུ་འགྱུར་པའི་འཕགས་མའི་དྲིན་གྱིས་ནི། བདག་གི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛོད་ཅིག་གོ །ཕན་ཡོན་ཕྱི་མ་རལ་གྲི་རིག་འཛིན་སོགས་མ་གཏོགས་གཞན་རྣམས་ནི་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོར་བའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བ་ལ་འབྱུང་ངོ་། །དེ་ཡང་ཐམས་ཅད་དྲངས་ན་མང་དུ་དོགས་པས་ཐོར་ཙམ་ནི། དེ་ཉིད་ལས། ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོ་ནས་དབང་བསྐུར་བ། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྒྲིབ་པ་དང་སྡུག་བསྔལ་བར་སྐྱེ་བ་ཐམས་ཅད་དུ་འཇིག་པར་བྱེད་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྦྱོར་བ་བདེ་འགྲོའི་ལམ་དུ་འཇོག་པ་ཡོད་དོ། །ལྷའི་དབང་པོ་དེ་བས་ན་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། ཐོས་མ་ཐག་ཏུ་སྒྲིབ་པ་འབྱང་བར་འགྱུར་བ། སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་ཆེས་ཆེ་བ་ཤིན་ཏུ་མང་པོ་དག་འཇིག་པར་བྱེད་དེ། སྐྱེ་བ་ཡོངས་སུ་དག་པའི་རྒྱུན་ཐོབ་པར་འགྱུར་རོ། །ཞེས་སོགས་མང་པོ་དང་། གཟུངས་འདི་ཐོས་མ་ཐག་ཏུ་བསྐལ་བ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་འབྱང་བར་འགྱུར་རོ། །ཞེས་སོགས་དང་། སེམས་ཅན་སྡིག་པ་བྱེད་པ་ཤི་བའི་དུས་བྱས་པ་དེ་དག་གི་དོན་དུ་གཟུངས་འདི་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན། དེ་དག་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནམ། ཡི་དྭགས་ཀྱི་ཡུལ་ལམ། དེ་ལས་གཞན་པའི་ངན་འགྲོ་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། དེ་དག་གཟུངས་འདིའི་མཐུས་ངན་འགྲོ་དེ་དག་ལས་ཐར་བར་འགྱུར་རོ། །དེ་དག་ལས་ཐར་བ་ནས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །སུ་ཞིག་ཉིན་གཅིག་བཞིན་དུ་འདི་ལན་ཉི་ཤུ་རྩ་གཅིག་ཁ་ཏོན་དུ་བྱས་ན་འཇིག་རྟེན་མང་པོའི་མཆོད་པའི་འོས་སུ་འགྱུར་རོ། །ཚེ་རིང་པོར་འགྱུར་རོ་ཞེས་སོགས་དང་། ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་འགྲོ་བར་འགྱུར་རོ། །ཞེས་སོགས་མང་དུ་འབྱུང་ངོ་། །ཁོ་བོས་ཀྱང་ཕན་ཡོན་དེ་ལྟ་བུ་མཐོང་བའི་དད་པས་ཡིད་དྲངས་ཏེ་གཞོན་དུས་ནས་ད་ལྟའི་བར་ཁ་ཏོན་གྱི་གཙོ་བོར་བྱས་སོ། །རལ་གྲི་རིག་འཛིན་སོགས་ནི་བྱ་རྒྱུད་སྤྱི་ནས་བཤད་པ་ལ་དགོངས་སོ། །གཞན་ཡང་གཟུངས་མཆོག་འདི་གསུངས་པའི་ཚེ་གང་ལ་གཟུངས་འདི་གཏད་པའི་ལྷའི་དབང་པོ་བརྒྱ་བྱིན་དང་། དེར་མ་ཟད་སེམས་ཅན་གང་ཞིག་གཟུངས་དེ་ཉིད་འཛིན་པར་བྱེད་པའི་སེམས་ཅན་དེའི་སླད་དེ་ཕྱི་བཞིན་འབྲངས་ནས་ནི། དུས་རྟག་ཏུ་བསྲུང་བར་ཞལ་གྱིས་ལེགས་པར་བཞེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཆེན་པོ་དེས་ཀྱང་། སྙིགས་དུས་ཀྱི་སྐྱེ་བོའི་བྱ་བྱེད་ངན་པའི་ངང་ཚུལ་ལ་མི་ལྟ་བར། རྒྱལ་བའི་སྤྱན་སྔར་གཟུངས་འཛིན་པ་པོ་དེ་སྲུང་བར་དམ་བཅས་པའི་ཚུལ་དེ་དགོངས་པར་མཛོད་ལ། གཟུངས་ཀྱི་ཕན་ཡོན་གང་ཡིན་པ་དེ་དག་ཀུན་ཀྱང་དུས་མྱུར་དུ་བདག་ལ་འགྲུབ་པར་མངོན་དུ་འགྱུར་བའི་འཕྲིན་ལས་མཛོད་ཅིག་ཅེས་པ་ནི། དོན་གྱིས་བརྒྱ་བྱིན་དང་གཤིན་རྗེའི་རྒྱལ་པོ་གཉིས་ལའང་འཕྲིན་ལས་མཛད་པ་གསོལ་བའོ། །བརྒྱ་བྱིན་ལ་གཟུངས་འདི་གཏད་པ་ཡིན་པར་སྔར་དྲངས་པས་ཀྱང་ཤེས་ལ། ཆོས་ཀྱི་རྒྱལ་པོ་ཞལ་གྱིས་བཞེས་པ་ནི། དེ་ཉིད་ལས་དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ནུབ་མོ་དེའི་ནམ་ལངས་ནས། ཞེས་པ་ནས། བཅོམ་ལྡན་འདས་འདི་ནི་མཐུ་ཆེ་ཞིང་སྨན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་དེའི་ཕྱི་བཞིན་སྲུང་བ་དང་། ཞེས་སོགས་འབྱུང་བ་ལྟར་རོ། །གསུམ་པ་སྨོན་ལམ་ནི། དེ་ལྟར་འགྲོ་བའི་སོགས་མན་ཆད་དེ། འདི་ལ་གསུམ། སྤྱིར་སྨོན་པ་དང་། བྱེ་བྲག་ཏུ་སྨོན་པ་དང་། བསྡུས་ཏེ་སྨོན་པའོ། །དང་པོ་ནི། འདི་ནས་ཚིགས་བཅད་གཅིག་གིས་སྟོན་སྟེ། དོན་ནི། གོང་དུ་བསྟོད་པའི་ཚུལ་དེ་ལྟར་དུ་འགྲོ་བའི་སྐྱབས་སུ་གྱུར་པའི་རྗེ་བཙུན་མ་ལ་ཅུང་ཟད་ཙམ་བསྟོད་པ་ལས་བྱུང་བའི་དགེ་བ་གང་མཆིས་པ་དེའི་མཐུས། བསྟོད་པ་པོ་བདག་གིས་ཐར་ཐུག་འཕགས་མའི་གོ་འཕང་མཆོག་སངས་རྒྱས་ཀྱི་གོ་འཕང་དེ་དུས་མྱུར་དུ་ཐོབ་ནས། ཤིན་ཏུ་ཉམ་ཆུང་བའི་ལུས་ཅན་སེམས་ཅན་ཀུན་གྱི་མགོན་བགྱིད་ནུས་པར་ཤོག་ཅིག་ཅེས་སོ། །གཉིས་པ་ནི། མི་བསྲུན་ནས་དཔག་བསམ་ཤིང་བཞིན་ཤོག ཅེས་པའི་བར་ཚིགས་སུ་བཅད་པ་ལྔས་སྟོན་ཏེ། འདི་ལ་ཞི་རྒྱས་དབང་དྲག་བཞི་དང་ལྷུན་གྱིས་གྲུབ་པའི་འཕྲིན་ལས་བྱེད་ནུས་པར་སྨོན་པ་དང་ལྔའི་དང་པོ་ནི། མ་དུལ་བས་མི་བསྲུན་པའི་ཡིད་ཀྱི་བྲན་དུ་གྱུར་པའི་མཐུས། ཕྱིས་མི་འདོད་པའི་འབྲས་བུ་སྡུག་བསྔལ་སྟེར་བར་བྱེད་པ་གནས་པའི་མི་དགེ་བའི་ལས་ཅི་ཙམ་ཞིག་ཡོད་པ་མི་ཤེས་མ་རིག་པའི་དབང་གིས་བགྱིས་པ་གང་ཡིན་པ་མ་ལུས་པ་ཐམས་ཅད་དཀའ་བ་མེད་པར་བདེ་བླག་ཉིད་དུ་ཞི་བར་གྱུར་ཅིག །གཉིས་པ་ནི། མཆོག་གི་ཚེ་རིང་པོ་དང་། རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་འབྱེད་ནུས་པའི་རླབས་ཆེན་གྱི་རྣམ་དཔྱོད་ཤེས་རབ་དང་། བླ་མ་དང་དཀོན་མཆོག་ལས་འབྲས་སོགས་ལ་དད་པ་དང་། སྡུག་བསྔལ་ཅན་གྱི་སེམས་ཅན་ལ་བརྩེ་བའི་སྙིང་རྗེ་དང་། དགེ་བའི་ལས་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་སོགས་དང་མདོར་ན་གསུང་རབ་ཀྱི་ཚིག་དོན་འཛིན་པ་དང་། ཉན་པ་དང་། འཆད་པ་དང་། རྩོད་པ་དང་། རྩོམ་པ་དང་། རྣམ་པར་དཔྱོད་པ་ལ་སོགས་པ་ལུང་གི་ཡོན་ཏན་དང་། དེ་ལྟར་བྱས་པའི་འབྲས་བུ་དད་པ་དང་། སྙིང་རྗེ་དང་། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ཡང་དག་པའི་ལྟ་བ་སོགས་མི་མཐུན་ཕྱོགས་ཀྱི་གཉེན་པོར་གྱུར་པའི་རྟོགས་པའི་ཡོན་ཏན་གང་ཇི་སྙེད་ཡོད་པ་མཐའ་དག་གོང་ནས་གོང་དུ་རྒྱས་པར་ཤོག་ཅིག །གསུམ་པ་ནི། ཡང་དག་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་རྗེས་སུ་རབ་ཏུ་གཞོལ་བ་སྟེ་ཕྱོགས་པའམ་འཇུག་པ་དང་འབབ་པ་བདེ་བར་གཤེགས་པ་ཐུགས་དགྱེས་པར་འགྱུར་བའི་རབ་འབྱམས་ཏེ་དབང་གི་ལས་མང་པོ་དེ་དག་ཐམས་ཅད་ཇི་ལྟར་སྨོན་པ་བཞིན་དུ་འདོད་པ་ཙམ་གྱིས་རྗེས་སུ་བྱེད་པར་ཤོག་ཅིག དབང་གི་ལས་ནི་ནོར་དང་ཆོས་སོགས་ཅི་རིགས་དབང་དུ་སྡུད་ནུས་པའི་ལས་ཞིག་ཡིན་ལ། འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ནི། མི་འདོད་ན་མ་གཏོགས་འདོད་པ་ལྟར་འབྱུང་བར་སྨོན་པའོ། །བཞི་པ་ནི། ཐོས་པ་དང་བསམ་པ་དང་སྒོམ་པར་བྱེད་པའི་བདག་ཉིད་ཀྱི་རྒྱུད་འདུལ་བ་དེའི་ཚེ། ཡང་དག་པའི་ལམ་གྱི་གེགས་བྱེད་པ་ལ་མངོན་པར་བརྩོན་པའི་ནག་པོའི་ཕྱོགས་སུ་གཏོགས་པ་རྩ་ལག་སྟེ། བདུད་རིགས་འཁོར་བཅས་རྣམས་ཀྱི་སྟོབས་དང་དཔུང་ནི། མངོན་སྤྱོད་དེ་དྲག་པོའི་ལས་ཀྱིས་དེ་ཐམས་ཅད་ཚར་གཅོད་ནུས་པར་ཤོག་ཅིག་ཅེས་པའོ། །དེ་ལ་ཞི་བའི་ལས་ཞེས་པ་ནི། སྤྱིར་འཇམ་པོའི་སྒོ་ནས་བྱེད་པ་ལ་སྦྱོར་ཡང་འདིར་ནི་གཙོ་བོ་ནད་དང་གདོན་སོགས་ཞི་བར་བྱེད་པའི་ལས་ཞིག་ལ་བྱེད་དོ། །ལྔ་པ་ནི། བདག་ནི་སུ་ཞིག་གིས་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། ཡིད་ལ་དྲན་པ་དང་། ལུས་ཀྱིས་རེག་པ་ཙམ་གྱིས་ཀྱང་དེ་ལྟར་བྱེད་པའི་འགྲོ་བ་ཀུན་གྱི་ཡིད་ཀྱི་རེ་བ་གང་ཡིན་པར་མཐའ་དག་ཡོངས་སུ་རྫོགས་པར་བྱེད་ནུས་པ་ལ། དཔེར་ན། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལ་སུ་ཞིག་གིས་གསོལ་བ་དངོས་སུ་བཏབ་ན། དེ་དག་ལ་འབད་རྩོལ་གྱི་རྟོག་པ་མེད་པར་འདོད་དགུ་འབྱུང་བ་བཞིན་དུ། བདག་མཐོང་བ་ལ་སོགས་པས་སེམས་ཅན་གཞན་དོན་འབད་མེད་ལྷུན་འགྲ྄ུབ་དུ་བྱེད་ནུས་པར་ཤོག་ཅིག་པའི་དོན་ནོ། །གསུམ་པ་ནི། དེ་ལྟ་བུ་ལ་སོགས་པའི་སྨོན་ལམ་མང་པོ་བརྗོད་དུ་ཡོད་ཀྱང་། མང་བོར་དོགས་པས་མདོར་བསྡུ་ན། འདི་ལྟར་བགྱི་བའི་བསོད་ནམས་དེས་དགེ་བའི་བཤེས་གཉེན་དམ་པ་རྣམས་ཐུགས་མཉེས་པར་བྱས་ནས། ཐུབ་པའི་དབང་པོའི་དགོངས་པ་ཇི་ལྟ་བ་བཞིན་ལེགས་པར་རྙེད་པ་སྟེ་རྟོགས་པའི་མང་དུ་ཐོས་པ་བཙལ་བར་བྱས་ཏེ། ཚུལ་དེ་ཉིད་ཀྱིས་ཉམས་ལེན་སྒྲུབ་པའི་བྱ་བ་ལེགས་པར་མཐར་ཕྱིན་ནས། དེའི་མཐུས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པར་བྱེད་ནུས་པར་ཤོག་ཅིག་ཅེས་པའོ། །ཚིགས་བཅད་འདིས་ཐོག་མར་བླ་མ་བསྟེན་ནས་ཐོས་པ་མང་དུ་བྱས་ཏེ། དེ་ནས་སྒྲུབ་པའི་ཉམས་ལེན་བྱེད་དགོས་པའི་གོ་རིམས་ཀྱང་བསྟན་པ་ཡིན་ནོ། །མཛད་བྱང་ནི། བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་གྲུབ་པ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས། གསལ་རྗེ་གངས་ཀྱི་དབེན་གནས་ཡར་འདྲེན་དུ་སྦྱར་བའོ། །ཞེས་པ་སྟེ་སླའོ། །བསྟོད་པ་འདི་ནི། ཇི་སྐད་དུ། གཞན་ཡང་དབེན་གནས་དུ་མར་འཇམ་དབྱངས་ཀྱིས། །འདི་དང་འདི་འདྲའི་བསྟན་བཅོས་རྩོམས་ཤིག་དང་། །བསྟན་དང་འགྲོ་ལ་ཕན་པར་འབྱུང་ངོ་ཞེས། །གསུངས་ནས་བཀའ་བཞིན་མཛད་པའི་བཙོང་ཁ་པ། །ཞེས་འབྱུང་བ་ལྟར་རྗེ་བཙུན་གྱིས་བསྐུལ་ནས། །རྗེས་མཛད་པ་ཞིག་ཡིན་པར་སེམས་ལ། །དེར་མ་ཟད་ལྷ་མོ་འདི་རྗེ་ཉིད་ཀྱི་ལྷག་པའི་ལྷ་ཡིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་ནོ། །སྨྲས་པ། རྒྱལ་བ་ཀུན་ཡུམ་རྗེ་བཙུན་རྣམ་རྒྱལ་མའི། །བསྟོད་གསོལ་ལེགས་བཤད་ཀུན་ད་སྨིན་པའི་ཁ། །བློ་གྲོས་འོད་དཀར་ཟེར་གྱིས་དེར་ཕྱེ་ནས། །བཅོམ་ལྡན་འདས་མ་དེ་ཉིད་མཉེས་ཕྱིར་འབུལ། །ཚུལ་འདིར་ཚུལ་བཞིན་འབད་ལས་བྱུང་བའི་དགེས། །སྐྱེ་དང་སྐྱེ་བར་རྗེ་བཙུན་རྣམ་རྒྱལ་མས། །བརྩེ་ཆེན་བརྩེ་བས་འབྲལ་མེད་རྗེས་བཟུང་སྟེ། །ཀུན་ནས་ཀུན་མཁྱེན་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ནི་གནས་བརྟན་བྱམས་པ་རིན་ཆེན་གྱིས་བསྐུལ་བས་རྐྱེན་བྱས། རང་ཉིད་ཀྱིས་ཀྱང་སྔར་བསྟོད་ཆེན་གཞན་གསུམ་གྱི་འགྲེལ་པ་རེ་བྱས་ཡོད་པ་ལ། འདིའི་ཚིག་དོན་དེ་ཙམ་གོ་མི་དཀའ་ཡང་། བསྡུས་ཙམ་ཞིག་བྱེད་སྙམ་པའི་འདུན་པ་སྔ་མོ་ནས་ཡོད་པས་མཚམས་སྦྱར་ཏེ། ཅོ་ནེའི་སྔགས་མཚན་ཉིད་ཀྱི་གདན་ས་གཉིས་ཀ་ཟུང་འབྲེལ་གྱིས་སྐྱོང་བ་ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་མྱུར་དུ་བགྱིས་པ་སྟེ། པར་གྱི་ཡི་གེ་པ་ནི། དད་དང་རྣམ་དཔྱོད་ལྡན་པའི་ཁྲུ་ཤའི་དགེ་སློང་རི་ཁྲོད་པ་ཀུན་དགའ་ནོར་བུའོ། །བཀྲ་ཤིས།། །།སརྦ་མདྒལཾ།། །།


previousརྣམ་པར་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་གསལ་བ།next