Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་བསྟོད་པ་པོ་བསྟོད་ཀྱི་འགྲེལ་པ་དོན་བསྡུས་གསལ་བ།


 
previousཐུགས་རྗེ་ཆེན་པོའི་བསྟོད་པ་པོ་བསྟོད་ཀྱི་འགྲེལ་པ་དོན་བསྡུས་གསལ་བ།no next

ཐུགས་རྗེ་ཆེན་པོའི་བསྟོད་པ་པོ་བསྟོད་ཀྱི་འགྲེལ་པ་དོན་བསྡུས་གསལ་བ།

ཐུགས་རྗེ་ཆེན་པོའི་བསྟོད་པ་པོ་བསྟོད་ཀྱི་འགྲེལ་པ་དོན་བསྡུས་གསལ་བ་བཅས་བཞུགས།

ན་མོ་ལོ་ཀེ་ཤྭ་ར་ཡ།རྒྱལ་ཀུན་ཐུགས་རྗེའི་རྒྱ་མཚོ་ལས་འཁྲུངས་ཤིང་། ། བྱང་ཆུབ་སྤྱོད་པའི་མཁའ་ལ་རབ་ཏུ་འཕགས། །སྤངས་རྟོགས་ཡོན་ཏན་ཆ་རྫོགས་སྨྲ་བའི་ཟླ། །འཇིག་རྟེན་གསུམ་མགོན་ཕྱག་ན་པདྨོར་འདུད། །མཁྱེན་བརྩེའི་ཆུ་གཏེར་གཏིང་མཐའ་དཔག་པར་དཀའ། །ལྷུན་གྲུབ་འཕྲིན་ལས་རླབས་འཕྲེང་ཕྱོགས་བཅུར་གཡོ། །སྐྱེ་དགུའི་འདོད་དོན་རེ་བ་ཡོངས་སྐོང་བའི། །སྔོན་མེད་ཡིད་བཞིན་ནོར་དེ་ཁྱོད་ལས་གང་། །མགོན་ཁྱོད་ཚེམས་དཀར་ཟེའུ་འབྲུ་རྒོད་བྱེད་པའི། །བསྟོད་འགྲེལ་ཟབ་དོན་འོད་བརྒྱ་འགྱེད་པ་ཅན། །རྣམ་དཔྱོད་རླུང་གི་ཤིང་རྟས་ལེགས་དྲངས་ཏེ། །ཐུབ་བསྟན་པད་ཚལ་མཛེས་པའི་རྒྱན་དུ་བྱ། །དེ་ལ་འདིར་ཐུགས་རྗེ་ཆེན་པོའི་བསྟོད་པ་བོ་བསྟོད་དུ་གྲགས་པ་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གཉིས། བཤད་བྱའི་གཞུང་དགོད་པ་དང་། །གཞུང་གི་དོན་བཤད་པའོ། །དང་པོ་ནི། ༀ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་པའི་བར་འདིའོ། །གཉིས་པ་ལ་གཉིས། དངོས་དང་། ཕན་ཡོན་གྱི་དོན་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟོད་པ་དང་། བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ། ༀ་ཞེས་པ་ནི་བསྟོད་པའི་མགོ་འདྲེན་ཏེ། དེ་ཡང་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པ་ལྟར། ༀ་གྱི་སྒྲ་དོན་བདུན་ལ་འཇུག་པའི་མཚོན་དོན་དྲན་པར་བྱས་ན། །ཕན་ཡོན་ཆེ་བའི་དགོས་པ་ཁྱད་པར་ཅན་ཡོད་པའོ། །འཇིག་རྟེན་ཏེ་འདི་ལ་སྤྱིར་སྣོད་དང་བཅུད་ཀྱི་འཇིག་རྟེན་གཉིས་ཡོད་ཀྱང་། འདི་ནི་ཕྱི་མ་ཡིན་ལ། དེ་ཡང་ལས་ཉོན་གྱི་དབང་དང་དུས་དང་གནས་སྐབས་ཀྱི་འགྱུར་ལྡོག་དང་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པ་དང་འཇིག་ཅིང་ཚོགས་པའི་ཕུང་པོ་ལ་བརྟེན་པ་སོགས་ཀྱི་སྒོས་འཇིག་རྟེན་དུ་བཞག་པའི་སེམས་ཅན་རྣམས་ཀྱི་མགོན་པོ་སྐྱབས་མཛད་པ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བ་ནི་འདུད་པའི་དོན་ཏེ། དེ་ལ་སྒོ་གསུམ་གྱིས་འདུད་པ་ཡོད་པས་ཇི་སྐད་དུ། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་གསུངས་པ་ལྟར་རོ། །སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་ཀྱི་བླ་མར་གྱུར་ཅིང་། ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་གྱི་གང་ཟག་ཐམས་ཅད་ཀྱིས་བསྟོད་པ་པོ་སྟེ་བསྟོད་པའི་གནས་སུ་གྱུར་པའོ། །ལྷ་ཡི་གཙོ་བོ་འདོད་ཁམས་སྤྱི་དང་བྱེ་བྲག་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་བདུད་དང་། གཟུགས་ཁམས་ཀྱི་བདག་པོ་ཚངས་པས་བསྟོད་པ་པོ་སྟེ་བསྔགས་པའི་གནས་སུ་གྱུར་པའོ། །ཡང་ན་ལྷའི་གཙོ་བོ་ནི་བརྒྱ་བྱིན་ལ་བྱའོ། །གལ་ཏེ་བདུད་དང་ལྷ་གཉིས་འགལ་བས་བཤད་པ་སྔ་མ་མི་འཐད་དོ་སྙམ་ན། དེ་བདུད་ཀྱི་རིས་ཀྱི་ལྷའི་རྒྱལ་པོ་ཡིན་པའི་ཕྱིར་སྐྱོན་མེད་དོ། །ཐུབ་པའི་རྒྱལ་མཆོག་སྟེ་ཐུབ་པའི་དབང་པོ་རྒྱལ་བའི་གོ་འཕང་མཆོག་དེ་ཉིད་ལ་བསྟོད་པའི་མཐུ་ལས་གྲུབ་པ་སྟེ་ཐོབ་པར་མཛད་པ་པོའོ། །ས་འོག་སོགས་འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སོ། །གཉིས་པ་ནི། བདེ་བར་གཤེགས་པ་དཔག་ཏུ་མེད་པ་འདུས་པའི་སྐུ་ཅན་ནམ་བ་སྤུའི་ཁུང་བུ་རེ་རེར་ཡང་སྤྲུལ་བའི་སངས་རྒྱས་གྲངས་མེད་པ་བཞུགས་ཤིང་། གྲངས་མེད་པའི་སངས་རྒྱས་ཀྱི་སྐུ་སྤྲུལ་ནས་འགྲོ་བའི་དོན་མཛད་པས་ན་བདེ་གཤེགས་དཔག་མེད་སྐུ་སྟེ་གཟུགས་བཟང་འཛིན་པ་པོའོ། །སྐུ་བཟང་འཛིན་པའི་དོན་ནི། སངས་རྒྱས་ཀྱི་སྤྲུལ་སྐུ་འཛིན་པ་དང་། རང་ཉིད་ཀྱི་སྐུ་མཚན་དཔེས་བརྒྱན་པ་གཉིས་ཀ་ལ་བཤད་དུ་རུང་བར་སྣང་ཞིང་། ཕྱག་སྟོང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་སྟོང་། །ཞེས་སོགས་ལྟར་ཡང་རུང་ངོ་། །དབུ་ལ་རིགས་བདག་བདེ་གཤེགས་སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་འཛིན་པ་པོ་སྟེ་བཞུགས་པའོ། །ཕྱག་གཡས་མཆོག་སྦྱིན་མཛད་པའི་ཕྱག་སོར་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བར་བྱེད་པ་པོའོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ་སྟེ། པདྨས་ནི་སྙིང་རྗེ་ཆེན་པོས་འཁོར་བའི་སེམས་ཅན་འདྲེན་པ་མཚོན་པ་སོགས་མང་པོ་ཤིན་ཏུ་དྲི་ཞིམ་པོ་འབྱུང་བའི་རལ་བའི་འཕྲེང་བ་དམར་སེར་འཁྱུགས་པ་པོ་སྟེ། ཚིག་ཟིན་ལྟར་མངོན་རྟོགས་ཕལ་ཆེར་ལས་རལ་པ་ཐམས་ཅད་དམར་སེར་དུ་བཤད་པ་སྣང་ཡང་། ཁྲོ་ཞལ་མ་གཏོགས་གཞན་གྱི་རལ་པ་དམར་སེར་བྱེད་པ་ནི་བརྟག་དགོས་པར་སྣང་ངོ་། །ཞལ་རས་དཀར་ཞིང་རྒྱས་པ་ནི་དཔེར་ན་ཟླ་བ་ཉ་བ་ལྟ་བུར་མཛེས་པ་པོ་ལ། སྤྱན་ནི་པདྨའི་འདབ་མ་ལྟར་མཆོག་ཏུ་བཟང་ཞིང་ཡངས་པ་པོ་སྟེ་དཀྱུས་རིང་ལ་ཅུང་ཟླུམ་པའོ། །སྐུ་མདོག་ནི་དཔེར་ན་ཁ་བ་དང་དུང་གི་མདོག་ལྟར་དཀར་ཞིང་དྲི་མས་རྣམ་པར་དག་ཅིང་དྲི་ངད་བཟང་པོ་དང་ལྡན་པ་པོའོ། །དྲི་མ་མེད་ཅིང་ཆགས་པའི་མུ་ཏིག་གི་ཚོམ་བུ་སྟེ་ཕྲ་ཚོམ་གྱི་རྒྱན་འཛིན་པ་པོའོ། །སྐུ་ལ་མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོ་སྟེ་དམར་སེར་གྱིས་བརྒྱན་པ་པོའོ། །པདྨས་གང་བའི་མཚོ་ལ་པདྨའི་འཕྲེང་བ་མཛེས་པ་ལྟར་ཕྱག་རྣམས་ནི་སྐུའི་གཡས་གཡོན་དུ་མཐར་ཆགས་བསྒྲིགས་ལེགས་ཀྱི་མཚར་དུ་དངར་བ་སྟེ་མཛེས་པར་བྱས་པ་པོའོ། །ཡང་ན་ཕྱག་སྟོང་གི་མཐིལ་ན་སྤྱན་གྱིས་མཛེས་པ་ལ་སྦྱར་རོ། །ཕྱག་ཐམས་ཅད་ཀྱང་སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་དཀར་ལ་གཞོན་ཤ་ཆགས་ཤིང་མཉེན་པ་པོའོ། །རིན་ཆེན་མང་པོས་དཔུང་པ་གཡས་གཡོན་གཉིས་ནི་ལེགས་པར་བརྒྱན་པ་པོའོ། །ཏ་ལའི་ལོ་མ་ལ་སོགས་པ་ལོ་མའི་མཆོག་ལྟར་ཕྱག་མཐིལ་རྣམས་གཞོན་ཞིང་འཇམ་པ་པོའོ། །སྙིང་རྗེ་ཤིན་ཏུ་ཆེ་བར་མཚོན་པའི་ཕྱིར་རི་དྭགས་ཀྲིཥྞས་རིའི་པགས་པས་ནུ་མ་གཡོན་པ་ལ་བཀབ་པ་པོའོ། །རིན་པོ་ཆེའི་སྙན་ཆ་སྟེ་སྙན་རྒྱན་དང་ཕྱག་ཞབས་ཀྱི་གདུ་བུའི་རྒྱན་གྱིས་སྒེག་པ་སྟེ་འཕྱོར་བའི་མཛེས་པར་གྱུར་ཅིང་། དབུ་རྒྱན་མགུལ་རྒྱན་སོགས་རྒྱན་གཞན་རྣམས་ཀྱང་འཆད་པ་པོའོ། །དྲི་མ་མེད་པའི་པདྨའི་གདན་མཆོག་ལ་གནས་པ་པོའོ། །ལྟེ་བའི་ངོས་ནི་པདྨའི་འདམ་མ་ལྟར་འཇམ་པ་པོའོ། །སྐུའི་རྐེད་བར་གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་བཅིངས་པ་པོའོ། །སྐུའི་སྨད་ལ་སྟ་ཟུར་དཀྲིས་པའི་རས་བཟང་པོའི་ཤམ་ཐབས་འཛིན་པ་པོའོ། །ཡོན་ཏན་གཞན་དང་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི། ཐུབ་པའི་མཁྱེན་མཆོག་རྒྱ་མཚོ་ཆེན་པོ་དང་འདྲ་བ་མང་པོའི་ཕ་རོལ་ཏུ་ཕྱིན་པ་པོ་སྟེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའོ། །སངས་རྒྱས་ཀྱི་གོ་འཕང་མཆོག་བརྙེས་ཤིང་དེའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོ་ཉེ་བར་བསགས་པ་པོའོ། །དུས་རྟག་ཏུ་འགྲོ་བ་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་བདེ་བའི་འབྱུང་གནས་སུ་གྱུར་ཅིང་། དེ་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་ནད་ཐམས་ཅད་སེལ་བར་བྱེད་པ་པོའོ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་པོ་མཐར་མཛད་པ་སྟེ། འཇོམས་པར་བྱེད་ཅིང་ཆོས་རྣམས་རང་བཞིན་གྱིས་སྟོང་པ་ནམ་མཁའ་ལྟར་རྟོགས་པའི་བར་སྤྱོད་པ་ལ་འགོད་ཅིང་། དེ་ལྟ་བུའི་སྤྱོད་པ་གཞན་ལ་ལེགས་པར་སྟོན་པ་པོའོ། །ཡང་ན་མཁའ་སྤྱོད་དུ་འགྲོ་བའི་ཐབས་སྟོན་པ་ལ་བྱའོ། །ལུས་ཅན་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། བདུད་ཀྱི་དཔུང་འཁྲུགས་ལས་རྒྱལ་པ་པོའོ། །གསེར་གྱི་རྐང་གདུབ་སྟེ་ཞབས་གདུབ་བསྐྱོད་པའི་སྒྲ་ཡིས་ཞབས་ཡིད་དུ་འོང་བར་བྱས་པ་པོའོ། །ཚངས་པ་ནི་འདིར་མི་གནས་པའི་མྱང་འདས་ཡིན་ལ། དེའི་གནས་པ་ནི་བྱམས་སོགས་ཚད་མེད་བཞི་སྟེ་དེ་བཞི་ཡིས་དབེན་པ་མཛད་པ་པོ་སྟེ། དེ་དང་ལྡན་པའི་སྒོ་ནས་ཡིད་དུ་འོང་བའོ། །བརྡ་རྙིང་ལས་དབེན་པ་ནི་ཕངས་པའམ་ཡིད་དུ་འོང་བའི་དོན་དུ་བཤད་པ་ལྟར་བྱས་པ་ཡིན་ལ། དཔེ་ཁ་ཅིག་ཏུ་དབེན་པ་ཞེས་འབྱུང་བ་ལྟར་ན། ཚངས་པའི་གནས་བཞི་ལ་བསམ་གཏན་བྱེད་པའི་དོན་ཏེ། དེ་བཞི་ལ་རྩེ་གཅིག་ཏུ་མི་གཡེང་བར་གནས་པའོ། །གཤེགས་པའི་ཚེ་ངང་བའི་འགྲོས་དང་འདྲ་ཞིང་གླང་ཆེན་དྲེགས་པའི་གོམ་སྟབས་ལྟར་མཛེས་པར་གཤེགས་པ་པོའོ། །འདི་ནི་མཚོན་པ་ཙམ་སྟེ། གཞན་སེང་གེ་གླང་ཆེན་བྱ་དང་ནི། ཁྱུ་མཆོག་སྟོབས་གཤེགས་གཡས་ཕྱོགས་དང་། ཞེས་འབྱུང་བའང་མཚོན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ་ཉེ་བར་བསགས་ཤིང་། བསླབ་གསུམ་གྱིས་བསྡུས་པའི་རྟོགས་པའི་བསྟན་པ་གདུལ་བྱའི་རྒྱུད་ལ་འཇུག་པ་དོན་གཉེར་བའི་འཕྲིན་ལས་མཛད་པ་པོའོ། །འོ་མའི་ཆུ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ་ཞེས་པའི་འོ་མའི་མཚོ་ནི། མཁས་པ་ཁ་ཅིག་ཞི་བ་དམན་པའི་མྱང་འདས་དང་། ཆུའི་མཚོ་ནི་འཁོར་བ་ལ་བྱས་ནས་དེ་གཉིས་ལས་སྒྲོལ་བ་དང་། ཁ་ཅིག་འོ་མའི་ཆུ་ནི་མའི་ནུ་མ་ལས་བྱུང་བའི་འོ་མ་དང་། ཆུའི་མཚོ་ནི་འདོད་ཆགས་སོགས་ཉོན་མོངས་ལ་བྱེད་ཅེས་ཟེར། ཁ་ཅིག་འོ་མཚོ་ནི་འཇིག་རྟེན་དུ་འོ་མའི་རྒྱ་མཚོར་གྲགས་པའི་ཆུ་བོ་གངྒ་ལྟ་བུ་དང་། ཆུ་མཚོ་ནི་རྒྱ་མཚོ་ཕལ་བ་ལ་བྱེད་ཅིང་། དེ་ཡང་རྒྱ་མཚོ་ཁྱད་པར་ཅན་དང་ཕལ་བ་གང་ཡིན་ཀྱང་དེ་ལས་སྒྲོལ་བ་མཛད་པ་སྟེ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བར་མཚོན་ཞེས་འདོད་པ་གསུམ་ལས། གཞུང་འདི་སྙན་ངག་དང་མངོན་བརྗོད་ཀྱི་བརྡས་བཅིངས་པ་ལྟ་བུ་མ་ཡིན་འདུག་པས་ཕྱི་མ་འཐད་པར་སེམས་ཀྱང་བརྟག་གོ །གཉིས་པ་ནི། དང་ལྡན་གྱི་སྐྱེས་བུ་གང་ཞིག་ཉི་མ་རེ་རེ་བཞིན་དུས་རྟག་ཏུ་ཐོ་རངས་ལངས་ནས་ཡིད་གུས་པ་ཆེན་པོ་ཡིས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་དང་ཁྱད་པར་དུ་སྐུའི་རྣམ་པ་ཡིད་ལ་སེམས་པར་བྱ་ཞིང་དེའི་བསྟོན་པ་མཆོག་ཏུ་གྱུར་པ་འདི་ཉིད་དག་ཅིང་ཚིག་གསལ་བར་བསྟོད་པར་བྱེད་ན། གང་ཟག་དེ་ནི་སྐྱེས་པའམ་དེར་མ་ཟད་བུད་མེད་ཡིན་ཡང་རུང་སྟེ། སྐྱེ་བ་འདི་དང་མ་འོངས་སྐྱེ་བའམ་ཚེ་རབས་ཐམས་ཅད་དུ་ཚེ་རིང་ནད་མེད་ལོངས་སྤྱོད་དང་ལྡན་པ་སོགས་འཇིག་རྟེན་པའི་དངོས་འགྲུབ་དང་ཐར་བ་ཐོབ་པར་འགྱུར་བ་སོགས་འཇིག་རྟེན་ལས་འདས་པའི་དགོས་པ་ཀུན་འགྲུབ་པ་སྟེ་ཐོབ་པར་འགྱུར་རོ། །མཆོག་འདིས་ཞེས་བྱེད་ཚིག་ཡོད་པ་ལྟར་ན་འདིའི་སྒོ་ནས་ཞེས་སྦྱར་བར་བྱའོ། །བསྟོད་པ་འདི་ནི་དགེ་སློང་མ་དཔལ་མོས་ལི་ཁ་རིའི་ཤིང་འཕེལ་གྱི་གནས་སུ་འཕགས་པ་ཞལ་གཟིགས་པའི་ཚེ་བསྟོད་པ་སྟེ། བྱིན་རླབས་དང་ཕན་ཡོན་ཤིན་ཏུ་ཆེ་བ་ཡིན་ནོ། །སྤྱིར་སངས་རྒྱས་བྱང་སེམས་ཐམས་ཅད་ལ་བསྟོད་ཅིང་གསོལ་བ་བཏབ་ན་ཕན་ཡོན་ཆེ་བར་གསུངས་ཤིང་། ཁྱད་པར་དུ་འཕགས་པ་རིགས་གསུམ་མགོན་པོ་དང་དེ་ལས་སྤྱན་རས་གཟིགས་དང་འཇམ་དབྱངས་གཉིས་ཀྱི་མཛད་པ་ནི་ལྷག་པར་རྒྱ་ཆེ་བ་ལུང་དང་རིགས་པའི་འགྲུབ་པས། ཁོང་གཉིས་ལ་གསོལ་འདེབས་བྱས་ན་ལྷག་པར་ཕན་ཡོན་ཆེ་བར། འཇམ་དཔལ་རྩ་བརྒྱུད་དང་། ཟ་མ་ཏོག་བཀོད་པའི་མདོ་སོགས་ལས་གསུངས་ཤིང་། དམིགས་བརྩེ་མར་ཡང་དེ་གཉིས་ཀྱི་མཚན་སྒྲ་ཡོད་པ་ལ་རྒྱུ་མཚན་ཡང་དག་ཡོད་པ་ཡིན་ནོ། །སྨྲས་པ། བདེ་གཤེགས་ཀུན་གྱི་ཐུགས་རྗེའི་ཉི་མའི་འོད། །མཐའ་ཡས་འགྲོ་ལ་རིས་མེད་འཇུག་མཚུངས་ཀྱང་། །ལྷག་པར་སྙིང་འགྲོར་རྗེས་བརྩེ་ཕུལ་བྱུང་བ། །སྤྱན་རས་གཟིགས་དང་མཚུངས་པ་གཞན་ཡོད་མིན། གང་གང་རྩེ་གཅིག་གུས་པས་ཡིད་དུང་དུང་། །ལྷང་ལྷང་བསྟོད་པའི་དབྱངས་ཀྱི་སྒྲ་གསལ་གསལ། །ཡང་ཡང་བརྗོད་ཅིང་གསོལ་འདེབས་བྱེད་དེ་དེ། །ངེས་ངེས་སྤྱན་རས་གཟིགས་ཀྱིས་རྗེས་འཛིན་འཛིན། །ཐུབ་བསྟན་རྒྱ་མཚོའི་འཇིང་ལ་རྟག་རོལ་ཞིང་། །ལུང་དང་རིགས་པའི་འདབ་ཤོག་རབ་ཏུ་གཡོ། །སྙན་ཚིག་མགྲིན་པའི་རྫ་རྔ་སྒྲོགས་མཁས་པ། །ཆོས་གྲགས་ཞེས་བྱ་ངང་པའི་དབང་པོ་དེས། །བསྟོད་ཚིག་འདི་ཡི་འགྲེལ་པ་ཞིག །བགྱིས་ཞེས་སྙན་ངག་ལམ་ཉིད་ནས། །བསྐུལ་བཞིན་བཤད་སྒྲུབ་མིང་ཅན་གྱིས། །མདོར་བསྡུས་གོ་སླའི་ངག་གིས་སྨྲས། །ཅེས་པ་འདི་ནི། རང་ཉིད་ཀྱིས་དད་པས་པར་དུ་བསྒྲུབས་པའོ། །མདྒལཾ།


previousཐུགས་རྗེ་ཆེན་པོའི་བསྟོད་པ་པོ་བསྟོད་ཀྱི་འགྲེལ་པ་དོན་བསྡུས་གསལ་བ།no next