Nitartha Digital Library
Tibetan
 
no previousམངོན་རྟོགས་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་སྒྲོན་མེ་རབ་གསལ།next

མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་སྒྲོན་མེ་རབ་གསལ།

མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་སྒྲོན་མེ་རབ་གསལ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དང་པོ་སྙིང་རྗེའི་སྟོབས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བར་དུ་བརྩོན་པ་ཆེན་པོ ས་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །ཐ་མར་ཉེས་པའི་སྐྱོན་བྲལ་མངོན་སངས་རྒྱས་ནས་གདུལ་བྱ་ ལ། །རྣམ་གསུམ་འཁོར་ལོ་བསྐོར་མཛད་སྟོན་པ་དེ་ལ་གུས་ཕྱག་འཚལ། ། མགོན་དེས་རང་གིས་རིན་ཆེན་ཅོད་པན་མཆོག །གང་ག ི་སྤྱི་བོར་བཅིངས་ནས་རྒྱ ལ་ཚབ་ཏུ། །དབང་བསྐུར་རང་ཆོས་སྡེ་ལྔ་མཛད་པ་ཡིས། །རྒྱལ་བའི་དགོངས་འགྲེལ་མི་ཕམ་མགོན་ལ་འདུད། །དེ་སྲས་ས་གསུམ་བརྙེས་པ་ཐོགས་མེད་དང་། ། དབྱིག་གཉེན་གྲོལ་སྡེ་རྒྱལ་སྲས་སེདྒེ་བཟང་། །རྒྱལ་བ་གཉིས་པ་ཡབ་སྲས་བརྒྱུད་པར་བཅས། །བཤེས་གཉེན་རྣམས་ཀྱིས་རྗེས་བཟུང་བྱིན་རློབས་ཞིག །རྒྱལ་ཡུམ་དགོངས་འགྲེལ་མངོན་རྟོགས་རྒྱན་ཉིད་ཀྱི། །ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་བཅས་པ་ཞིག །སྔར་བརྗོད་ཟིན་མོད་འདིར་ཡང་རང་གཞན་ལ། །ཕན་ཕྱིར་སྤྱི་དོན་མདོར་བསྡུས་སྒྲོན་མེ་བྲི། །དེ་ལ་འདིར་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱིའི་དོན་འཆད་པ་ལ་འཇུག་པར་བྱ་སྟེ། དེ་ལྟར་ཞུགས་པ་ལས་ཕན་ཡོན་རྒྱ་ཆེན་པོ་འབྱུང་བའི་ཕྱིར་རྒྱུད་བླ་མ་ལས། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་མོས་ན་ནི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་དེ་ནི་ཁྱད་པར་ཆེས་རབ་འཕགས། ཞེས་པ་དང་། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཞེས་པ་ནས། བསོད་ནམས་ཕུང་པོ་དཔག་ཏུ་མེད། ཅེས་འབྱུང་བའི་ཕྱིར། དེ་ལྟར་ན་འདི་ལ་གསུམ། བཤད་བྱ་རྩ་བའི་མདོ་བཟུང་བ་དང་། རྩ་བས་མདོ་འཆད་ཚུལ་དང་། འགྲེལ་པས་རྩ་བ་འཆད་ཚུལ་ ལོ། །དང་པོ་ལ། སྔ་མ་ཁ་ཅིག་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་ཡུམ་སྲས་བཅུ་བདུན་དུ་གྲངས་ངེས་པ་ཡིན་ཏེ། འདི་ལྟར་འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། མདོ་སྡུད་པ་སྟེ་ཡུམ་དྲུག་དང་། ཤེས་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། སུམ་བརྒྱ་པ། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། སྒོ་ཉེར་ལྔ་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀོའུ་ཤི་ཀས་ཞུས་པ། ཤེར་ཕྱིན་ཡི་གེ་ཉུང་ངུ་མ། ཡི་གེ་གཅིག་མ། ཤེས་རབ་སྙིང་པོ་སྟེ། སྲས་བ ཅུ་གཅིག་ཏུ་ངེས་པའི་ཕྱིར་ཏེ། དང་པོ་དྲུག་གིས་མངོན་རྟོགས་བརྒྱད་ཚང་བར་སྟོན་པར་ཡུམ་ཞེས་བྱ་ལ། ཕྱི་མ་རྣམས་ཀྱིས་དེ་ལྟར་མི་སྟོན་ཅིང་ཕྱོགས་རེ་ཙམ་སྟོན་པས་སྲས་ཞེས་བརྗོད་པའི་ཕྱིར་ཟེར། དེ་ནི་མི་འཐད་དེ། ཡུམ་སྲས་ཀྱི་དོན་དང་གྲངས་ངེས་གཉིས་ཀ་ལ་སྐྱོན་ཆགས་པའི་ཕྱིར། དེར་ཐལ། སྟོན་ཚུལ་དེ་ཙམ་ལ་ཡུམ་སྲས་ཀྱི་དོན་དང་ཐ་སྙད་དོན་མཐུན་མེད་ཅིང་། སྡུད་པ་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ཡིན་པས་དེ་ལས་ལོགས་སུ་འདྲེན་མི་རིགས་ཤིང་། སྲས་སུ་བཞག་པའི་བཅུ་གཅིག་པོ་དེ་ཙམ་དུ་མ་ཟད། ཤེར་ཕྱིན་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པས་མདོ་སོགས། ཤེར་ཕྱོགས་ཀྱི་མདོ་གཞན་དུ་མ་ཡོད་པའི་ཕྱིར། རང་ལུགས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་བཞིའམ་ལྔར་གསལ་ཏེ། རྒྱས་འབྲིང་བསྡུས ་གསུམ་སྡུད་པ་དང་བཅས་པ་བཞི་དང་། ཁྲི་བརྒྱད་སྟོང་པ་ལོགས་སུ་འདྲེན་ན་ལྔར་ངེས་པའི་ཕྱིར། དེར་ཐལ། དེ་རྣམས་དང་རྒྱན་སྦྱར་བའི་ཚད་ལྡན་གྱི་འགྲེལ་པ་ཡོད་ཅིང་། གཞན་ལ་དེ་ལྟ་བུ་མེད་པའི་ཕྱིར་རོགཉིས་ལ་རྩ་བས་མདོ་འཆད་ཚུལ་ཡོད་དེ། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བ་རྣམས་ལ་ནི། །ངས་ནི་མན་ངག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་པ། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་འབྱུང་པ་ལྟར། རྒྱན་གྱི་མདོ་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པ་ཡིན་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། ཞེས་སོགས་ཀྱི་དགོས་དོན་གྱི་སྒོ་ནས་འཆད། ཤེས་རབ་ཕ་རོལ་ཕྱིན་པ་ནི། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་སོགས་ཀྱིབསྡུས་དོན་དང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་ཀྱི་ཚིག་དོན་དང་། དེ་ནས་ཐམས་ཅད་ཤེས་པ་ཉིད། །ཞེས་དང་། དེ་ནས་སེདྒེ་རྣམ་འགྱིང་པའི། །ཞེས་སོགས་ཀྱིས་མཚམས་སྦྱར་དང་། ཆོས་ཀྱི་དབྱིངས་ལ་དབྱེ་མེད་ཕྱིར། །ཞེས་སོགས་དང་། དེ་ལ་ཀླན་ཀ་སྤངས་པ་ཡིས། ཞེས་དང་། གྲངས་མེད་པ་སོགས་བསྟན་པ་རྣམས། ། ཞེས་སོགས་ཀྱིས་བརྒལ་ལན་གྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། དེ་ལྟར་བཤད་པ་ལ་དགོས་པ་ཡོད་དེ། དགོས་དོན་གྱིས་བཤད་པས་ཉན་པ་པོ་རྣམས་ཀྱིས་དགོས་པ་གཉིས་མཐོང་ནས་དོན་གཉེར་སྐྱེས་ཏེ་ཐོས་བསམ་གྱིས་འཇུག །བསྡུས་དོན་གྱིས་དོན་རགས་རིམ་ཞིག་ཤེས་ནུས། ཚིག་དོན་གྱིས་དོན་མཐའ་ཆོད་པར་ཤེས་ནུས་ཤིང་བརྒལ་ལན་གྱིས་སྔ་ཕྱི་དང་དངོས་ཤུགས་འགལ་ལམ་མི་འགལ་སྙམ་པའི་དོགས་པ་སེལ། མཚམས་སྦྱར་གྱིས་གཞུང་སྔ་ཕྱིའི་གོ་རིམ་འབྲེལ་ཆགས་སུ་གོ་ནུས་པའི་ཕྱིར། དེ་སྐད་དུ་ཡང་རྣམ་བཤད་རིག་པ་ལས། མདོ་དོན་ཆེ་བ་ཉིད་མཐོང་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་རྣམས་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་སྒྲུབ་དེ་ནི་བསྡུས་དོན་ལ། །བསྡུས་པའི་དོན་ནི་ཚིག་དོན་ལ། །གོ་རིམ་རིག་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་འགྲེལ་པའི་རྩ་བ་འཆད་ཚུལ་ལ་གསུམ། །ཤིང་རྟའི་སྲོལ་འབྱེད་ངོས་བཟུང་བ་དང་། །རྒྱན་གྱི་འགྲེལ་པའི་རིམ་པ་བྱོན་ཚུལ་དང་། །འགྲེལ་པ་འདིས་རྒྱན་གྱི་དོན་ཇི་ལྟར་འཆད་པའི་ཚུལ་ལོ། ། དང་པོ་ལ་སྔ་མ་ཁ་ཅིག །ཤིང་རྟའི་སྲོལ་འབྱེད་ལ་བཞིར་གྲངས་ཏེ། རྗེ་བཙུན་བྱམས་པ་དང་མགོན་པོ་ཀླུ་སྒྲུབ་གཉིས་དང་། ཕྱོགས་གླང་དང་མཆེ་བའི་སྡེ་གཉིས་དང་བཅས་བཞིར་ངེས་པའི་ཕྱིར། ཕྱི་མ་གཉིས་དེ་ལྟར་ཡིན་ཏེ། སློབ་དཔོན་ཕྱོགས་གླང་གིས་བརྒྱད་སྟོང་པ་དོན་ཚན་སོ་གཉིས་ཀྱི་སྒོ་ནས་འགྲེལ་པ་ལ་བརྒྱད་སྟོང་དོན་བསྡུད་མཛད། མཆེ་བའི་སྡེས་རྒྱས་འབྲིང་བསྡུས་གསུམ་གྱི་དོན་རྣམས་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་སྟོན་པ་ལ་ཡུམ་གསུམ་གནོད་འཇོམས་མཛད་པའི་ཕྱིར། ཕྱོགས་གླང་གིས་བརྒྱད་སྟོང་པའི་དོན་རྣམས་དོན་ཚན་སོ་གཉིས་སུ་བསྡུས་ནས་བཤད་ཚུལ་ཡོད་དེ། དོན་བསྡུས་ལས། རྟེན་དང་དབང་དུ་བྱ་བ་དང་། །ལས་ནི་བསྒོམས་པ་དང་བཅས་པ། །རབ་དབྱེ་རྟགས་དང་ལྷུང་བ་དང་། །ཕན་ཡོན་བཅས་པ་ཡང་དག་བརྗོད། །ཅེས་འབྱུང་བ་ལྟར། རྟེན་མདོ་གསུང་པ་པོ། དབང་དུ་བྱ་བ་འཁོར་བྱང་སེམས་དང་ཉན་རང་། ལས་ཡུམ་ལ་ཇི་ལྟར་སྤྱོད་ཚུལ། བསྒོམ་པ་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོ། རབ་དབྱེ་སྟོང་ཉིད་བཅུ་དྲུག །བདུད་ལས་དང་ཕྱིར་མི་ལྡོག་པའི་རྟགས། ཤེར་ཕྱིན་ལོག་པར་བཟུང་ན་ངན་འགྲོར་ལྷུང་བ། ཤེར་ཕྱིར་ལ་སྤྱོད་པའི་ཕན་ཡོན་བསྟན་པ་རྣམས་སུ་ཡོད་པའི་ཕྱིར། མཆེ་བའི་ཡུམ་དོན་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་བསྟན་ཚུལ་ཡོད་དེ། གདུལ་བྱ་དབང་རྣོན་ཚིག་གི་འགོ་སྨོས་པས་གོ་བ་རྣམས་ལ་བསྡུས་ཏེ་བསྟན་པའི་སྒོ་དབང་འབྲིང་ལ་རྣམ་མཁྱེན་གྱི་ལེའུའི་བར་འབྲིང་དུ་བསྟན་པའི་སྒོ། དབང་རྟུལ་ལ་ཡོངས་གཏད་ཀྱིི་བར་རྒྱས་པར་བསྟན་པའི་སྒོ་གསུམ་དུ་བསྡུས་ནས་བཤད་པའི་ཕྱིར། རྣམ་གྲངས་བཅུ་གཅིག་ཡོད་དེ། དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པའི་རྣམ་གྲངས་གཅིག །དེ་ནས་རབ་འབྱོར་ལ་བཀའ་སྩལ་བ། བརྒྱ་བྱིན་གྱིས་ཞུས་པ། སླར་རབ་འབྱོར་གྱིས་ཞུས་པ། བྱམས་པས་ཞུས་པ། རབ་འབྱོར་གྱིས་ཞུས་པ། བརྒྱ་བྱིན་གྱིས་ཞུས་པ། རབ་འབྱོར་གྱིས་ཞུས་པ། བྱམས་པས་ཞུས་པ། རབ་འབྱོར་གྱིས་ཞུས་པ། དེ་ནས་ཀུན་དགའ་པོ་ལ་གཏད་པའི་རྣམ་གྲངས་རྣམས་སུ་ཡོད་པའི་ཕྱིར། དེ་ལ་ཕྱོགས་གླང་དང་མཆེ་བའི་སྡེ་གཉིས་ཤིང་རྟའི་སྲོལ་འབྱེད་དུ་མི་རིགས་ཏེ། ཤིང་རྟའི་སྲོལ་འབྱེད་ནི་འཛམ་གླིང་འདིར་མདོ་དོན་རང་དབང་དུ་འགྲེལ་པ་ཞིག་ལ་འཇོག་པས། སློབ་དཔོན་དེ་གཉིས་ཀྱིས་མདོ་དོན་རང་དབང་དུ་མི་འགྲེལ་བའི་ཕྱིར། དེར་ཐལ། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་ནི་ཐོགས་མེད་ཀྱི་རྗེས་སུ་འབྲང་། མཆེ་བའི་སྡེའི་གནོད་འཇོམས་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་ནས་འཆད་པའི་ཕྱིར། གལ་ཏེ་བྱམས་མགོན་གྱིས་མདོ་དོན་རང་དབང་དུ་འགྲེལ་པའི་ཤིང་རྟའི་སྲོལ་འབྱེད་དུ་རིགས་སོ་སྙམ་ན། དེ་ཡང་མི་འཐད་དེ། ཤིང་རྟའི་སྲོལ་འབྱེད་ནི་འཛམ་གླིང་འདིར་མིའི་རྣམ་པར་བསྟན་ནས་མདོ་དོན་འགྲེལ་པ་པོ་ཞིག་ལ་འཇོག་དགོས་པའི་ཕྱིར། དེས་ན་རང་ལུགས་ལ་ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ལ་མགོན་པོ་ཀླུ་སྒྲུབ་དང་། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ལ་འཕགས་པ་ཐོགས་མེད་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། བདེ་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་བས་རྒྱལ་བའི་བསྟན་པ་ མཆོག །ས་གསུམ་འགྲོ་ལ་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད། །ཅེས་འབྱུང་བ་ལྟར་ཡིན་པའི་ཕྱིར། ཤིང་རྟའི་སྲོལ་འབྱེད་ཅེས་པའི་སྒྲ་དོན་ཡོད་དེ། དཔེར་ན་འཇིག་རྟེན་ན་ལམ་དོག་པོ་དང་མི་བདེ་བ་ལ་ཤིང་རྟ་འགྲོ་མི་ནུས་ཤིང་། བགྲོད་ལམ་ཡངས་པ་ལ་ཤིང་རྟ་འགྲོ་ནུས་པ་ལྟར། སློབ་དཔོན་འདི་གཉིས་མ་བྱོན་གོང་དུ་རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་ཕྱོགས་རེ་ཙམ་རང་སྟོབས་ཀྱིས་འགྲེལ་པའི་སྲོལ་བྱུང་ཡང་། སློབ་དཔོན་འདི་གཉིས་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོ ན་རྒྱལ་བས་གསུངས་པ་ལྟར་ཚུལ་གཉིས་རང་སྟོབས་ཀྱིས་ལེགས་པར་ཕྱེ་བའི་སྲོལ་ཆེན་པོ་གཏོད་ཅིང་ཕྱེ་བས་ན་དེ་སྐད་དུ་བརྗོད་པའི་ཕྱིར། སློབ་དཔོན་འདི་གཉིས་ཤིང་རྟའི་སྲོལ་འབྱེད་དུ་རྒྱལ་བས་ལུང་བསྟན་པ་ཡིན་ཏེ། ལང་གཤེགས་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་དེས། །ཞེས་སོགས་ཀྱིས་ཀླུ་སྒྲུབ་དང་། །འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། ། བསྟན་བཅོས་དེ་ཉིད་དོན་ལ་མཁས། །ཞེས་སོགས་ཀྱིས་ཐོགས་མེད་ལུང་བསྟན་པའི་ཕྱིར། གཉིས་པ་བརྒྱན་གྱི་འགྲེལ་བ་ཇི་ལྟར་བྱོན་པའི་ཚུལ་ལ། སྤྱིར་མངོན་རྟོགས་རྒྱན་ལ་འགྲེལ་བ་རྒྱ་གར་མར་གྲགས་པ་ཉེར་གཅིག་ཡོད་དེ། མདོ་དང་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས། མ་སྦྱར་བའི་འགྲེལ་པ་དགུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉི་ཁྲི་དང་སྦྱར་བ་བཞི། བརྒྱད་སྟོང་པ་དང་སྦྱར་བ་གསུམ། སྡུད་པ་དང་སྦྱར་བ་གསུམ། རྒྱས་འབྲིང་བསྡུས་པ་གསུམ་ཀ་དང་སྦྱར་བ་གཅིག ། འབུམ་རྐྱང་དང་སྦྱར་བ་གཅིག་ཡོད་པའི་ཕྱིར། དང་པོ་ཉི་ཁྲི་དང་སྦྱར་བ་བཞི་ཡོད་དེ། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ། བཙུན་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ། ཤནྟི་བས་མཛད་པའི་ཉི་ཁྲི་དག་ལྡན། སློབ་དཔོན་གྱིས་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ་རྣམས་ཡིན་པའི་ཕྱིར། བརྒྱད་སྟོང་དང་སྦྱར་བ་གསུམ་ཡོད་དེ། སློབ་དཔོན་གྱི་རྒྱན་སྣང་། ཤནྟི་བའི་སྙིང་པོ་མཆོག །ཨ་བྷྱའི་ཀ་རའི་གནད་ཀྱི་ཟླ་འོད་རྣམས་ཡིན་པའི་ཕྱིར། སྡུད་པ་དང་སྦྱར་བ་གསུམ་ཡོད་དེ། སློབ་དཔོན་གྱི་སྡུད་འགྲེལ་རྟོགས་སླ། སངས་རྒྱས་ཡེ་ཤེས་ཀྱི་སྡུད་པའ་ིདཀའ་འགྲེལ། དྷརྨ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་རྣམས་ཡིན་པའི་ཕྱིར། ཡུམ་གསུམ་ཀ་དང་སྦྱར་བ་ལ་གཅིག་གམ་གཉིས་ཀྱང་ཡོད་དེ། ཁ་ཆེ་མཆེ་བའི་སྡེས་མཛད་པའི་ཡུམ་གསུམ་གནོད་འཇོམས་དང་། སྨྲྀ་ཏིས་མཛད་པར་གྲགས་པའི་ཡུམ་གསུམ་དོན་བརྒྱད་མཐུན་པར་བསྟན་པ་གཉིས་སུ་ཡོད་པའི་ཕྱིར། འབུམ་དང་སྦྱར་བ་གཅིག་ཡོད་དེ། དྷརྨཱཿཤྲིས་མཛད་པའི་སྟོང་ཕྲག་བརྒྱད་པའི་བཤད་པ་ཞེས་བྱ་བ་གཅིག་ཡོད་པའི་ཕྱིར། མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་ཡོད་དེ། སློབ་དཔོན་གྱིས་མཛད་པའི་འགྲེལ་པ་དོན་གསལ། གསེར་གླིང་པའི་འགྲེལ་བཤད་རྟོགས་དཀའི་སྣང་བ། ཆོས་ཀྱི་བཤེས་གཉེན་ཀྱི་ཚིག་གསལ། ཇོ་བོ་དང་གཞོན་ནུ་དཔལ་དང་ཤེར་འབྱུང་བློ་གྲོས་གསུམ་གྱི་བསྡུས་དོན་རིན་ཆེན་གྲགས་པའི་འགྲེལ་པ་གྲགས་ཆ། བུངྔྷ་ཤྲིའི་ཤེས་རབ་སྒྲོན་མེའི་འཕྲེང་བ། ཨ་བྷྱ་ཀ་རའི་ཐུབ་པ་དགོངས་རྒྱན་རྣམས་སུ་ཡོད་པའི་ཕྱིར། འོ་ན་འགྲེལ་པ་དེ་རྣམས་ཀྱི་ནང་ནས་གང་གི་རྗེས་སུ་འབྲང་ནས་འཆད་ཅེ་ན། སློབ་དཔོན་གྱི་མཛད་པའི་འགྲེལ་པ་དོན་གསལ་གྱི་རྗེས་སུ་འབྲང་ནས་འཆད་པ་ཡིན་ཏེ། འགྲེལ་པ་འདི་ཚིག་ཉུང་ཞིང་དོན་རྒྱ་ཆེ་བ་དང་འཆད་ཉན་བྱེད་བདེ་ཞིང་དགོངས་པ་དབུ་མར་བཀྲལ་བའི་ཁྱད་ཆོས་དུ་མ་དང་བཅས་པའི་ཕྱིར། གསུམ་པ་འགྲེལ་པས་རྩ་བ་འཆད་ཚུལ་ལ་གསུམ། བཤད་པ་ལ་འཇུག་པ། བཤད་པ་ཉིད་ཉེ་བར་འགོད་པ། བཤད་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལ་གསུམ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། འགྲེལ་པ་རྩོམ་རིགས་པར་སྒྲུབ་པ། ཁེངས་སྐྱུང་ཞིང་སྤྲོ་བ་བསྐྱེད་པའོ། །དང་པོ་ཡོད་དེ། ཤེས་རབ་ཕ་རོལ་ཕྱིན་པ་ལ་ཞེས་པའི་རྐང་པ་དང་པོ་དང་བཞི་པའི་གུས་ཕྱག་འཚལ་ཞེས་པ་གཉིས་སྦྲེལ་ཏེ་བསྟོད་ཡུལ་ངོས་བཟུང་ནས་ཕྱག་མཛད་པ་ཀུན་གྱི་རྒྱན་དུ་འགྱུར་བ་ནི། །ཞེས་པས་རྒྱན་འདི་ཡུམ་གསུམ་ཀའི་རྒྱ ན་དུ་འགྱུར་པའི་དགོས་པ། རྣམ་པར་དབྱེ་ཕྱིར་ཞེས་པའི་རྩོམ་པ་དམ་བཅའ་དངོས་སུ་བསྟན་ནས་ཉིང་དགོས་དང་བརྗོད་བྱ་ཤུགས་ལ་འཕངས་པའི་ཕྱིར། གཉིས་པ་ལ་དེ་ནས་དོན་ཚན་གསུམ་གྱིས་རྩོམ་རིགས་པའི་རྒྱུ་གསུམ་བསྟན་ཏེ། དམ་པ་གོང་མའི་མན་ངག་དང་ལྡན་ཚུལ་དང་། དོན་རྟོགས་པའི་ཤེས་རབ་དང་ལྡན་པ་གཉིས་དངོས་སུ་བསྟན་ཅིང་། ལྷག་པའི་ལྷའི་གནང་བ་ཐོབ་པ་ཤུགས་ལ་འཕངས་ནས་འགྲེལ་པ་རྩོམ་རིགས་པར་བསྟན་པའི་ཕྱིར། གསུམ་པ་ཁེངས་སྐྱུང་ཞིང་སྤྲོ་བ་བསྐྱེད་པ་ལ་དགོས་པ ་ཡོད་དེ། འགྲེལ་པ་རྩོམ་པ་ནི་མཁས་པའི་ང་རྒྱལ་གྱིས་ཀུན་ནས་བསླངས་པ་མ་ཡིན་པར་གཞན་ཕན་གྱི་བསམ་པ་ལྡན་པའི་སྒོ་ནས་དང་། རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་བཤད་པ་ཉེ་བར་འགོད་པ་ལ་གཉིས། མཆོད་བརྗོད་ཀྱི་དོན་འཆད་ཚུལ་ཕྱེ་ཏེ་རྒྱས་པར་བཤད་པ། བསྡུས་དོན་གཞན་བསྟན་པའོ། །དང་པོ་ནི། རྗེ་བཙུན་གྱིས་མདོ་བཤད་ཐབས་ཡན་ལག་ལྔའི་བཤད་པ་དེ་བཞིན་དུ། སློབ་དཔོན་གྱིས་རྒྱན་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པ་ཡིན་ཏེ། ཐོག་མར་རྒྱན་གྱི་མཆོད་བརྗོད་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པར་མཛད་པའི་ཕྱིར། དེ་ཡང་ཡིན་ཏེ། འཕགས་པ་བྱམས་པ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་ཞེས་སོགས་ཀྱིས་མཚམས་སྦྱར་གྱི་སྒོ་ནས་འཆད། ཚིགས་སུ་བཅད་པ་འདིས་ནི་ཞེས་སོགས་ཀྱིས་བསྡུད་དོན་གྱི་སྒོ་ནས་འཆད། རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཞེས་སོགས་ཀྱིས་དགོས་དོན་གྱི་སྒོ་ནས་འཆད། ཉན་ཐོས་དང་དེའི་ཕྱོགས་སུ། ཞེས་སོགས་ཀྱིས་ཚིག་དོན་གྱི་སྒོ་ནས་འཆད། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ་ཞེས་སོགས་ཀྱིས་བརྒལ་ལན་གྱི་སྒོ་ནས་འཆད་པའི་ཕྱིར། འཕགས་པ་བྱམས་པ་རང་ཉིད་དམ་པའ་ིསྤྱོད་པ་དང་ཞེས་སོགས་ཀྱི་གཞུང་འདིས་མཆོད་བརྗོད་རང་དོན་གྱི་དགོས་པ་ལ་སྦྱར་བ་ལ་རྩོད་ལན་གཉིས། དང་པོ་ལ། ཁ་ཅིག །དེ་ནི་མི་འཐད་དེ་རྗེ་བཙུན་གྱི་རྒྱུད་ལ་རང་དོན་གཉེར་གྱི་བློ་མེད་པའི་ཕྱིར། དེར་ཐལ། དེ་རང་དོན་ཡོངས་སུ་རྫོགས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་འཕགས་པ་ཡིན་པའི་ཕྱིར། ཞེས་རྩོད། གཉིས་པ་ལན་འདེབས་ཚུལ་བསྡུ་ན། རྩོད་ཚུལ་དེ་མི་འཐད་པར་ཐལ། རྗེ་བཙུན་སངས་རྒྱས་པའི་དབང་དུ་བྱས་ན་ཡང་མི་འཐད། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། རྗེ་བཙུན་སངས་རྒྱས་ཡིན་པའི་དབང་དུ་བྱེད་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་མ་ཕྱེ་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། ཐུན་མོང་བ་ཕར་ཕྱིན་ཐེག་པའི་ལུགས་གཞིར་འཇོག་པའི་ཚེ་རྗེ་བཙུན་བྱང་ཆུབ་སེམས་དཔར་ཁས་ལེན་རིགས་པའི་ཕྱིར། དེར་ཐལ། ཡུམ་གྱི་མདོ་ལས་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་བྱམས་པ་མངོན་དུ་གྱུར་པ་འདི་ལ་དྲིས་ཤིག་དང་། དེས་འདིའི་ལན་ལྡོན་པར་འགྱུར་རོ། །ཞེས་དང་། རྒྱུད་བླ་མས་ཀྱང་། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ན ས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །ཞེས་སོགས་དང་། མདོ་གཞན་དུ་མ་ལས་ཀྱང་རྗེ་བཙུན་བྱང་ཆུབ་སེམས་དཔར་བཤད་པའི་ཕྱིར། རྗེ་བཙུན་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་ཡང་རྩོད་པ་དེ་མི་འཐད་པར་ཐལ། དེ་ལྟར་དེའི་རྒྱུད་ལ་རང་དོན་གཉེར་གྱི་བློ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་རང་དོན་ཆོས་སྐུ་དོན་གཉེར་གྱི་བློ་ཡོད་པའི་ཕྱིར། དེར་ཐལ། དེར་རང་དོན་ཆོས་སྐུ་དོན་དུ་གཉེར་གྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་བྱང་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། བྱང་སེམས་ཀྱིས་རང་དོན་དུ་ཆོས་སྐུ་དགོས་པ་མ་མཐོང་ན། ཞི་བ་རྐྱང་པས་ཆོག་པར་འཛིན་པའི་བློ་མི་ལྡོག་ལ། དེ་མ་ལྡོག་ན་ནི་ཐེག་དམན་ལམ་དུ་ལྷུང་བའི་སྐྱོན་ཡོད་པའི་ཕྱིར། འོན་ཀྱང་ཕར་ཕྱིན་ཐེག་པའི་གྲུབ་མཐའ་དང་མ་སྦྱར་ན་ནི་སྤྱིར་རང་ལུགས་ལ་རྗེ་བཙུན་སངས་རྒྱས་སུ་ཁས་ལེན་དགོས་ཏེ། ལུང་རིགས་དུ་མས་འགྲུབ་ཅིང་། ཁྱད་པར་དུ་རྗེས་ཚངས་ཅོད་མར་རྗེ་བཙུན་སངས་རྒྱས་ཁོ་ནའི་དབང་དུ་མཛད་དེ། བསྟོད་པ་ལྟར་ཁས་ལེན་རིགས་པའི་ཕྱིར་རོ། །མཆོད་བརྗོད་ནི་ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་སོགས་ཀྱི་ཚིགས་བཅད་གཅིག་སྟེ། འདི་ལ་བཞི། དགོས་པ་དང་གོ་རིམ། གྲངས་ངེས། བསྟོད་ཡུལ་མཁྱེན་གསུམ་ངོས་བཟུང་བ། ཡུམ་སྲས་ཀྱི་དོན་དངོས། དང་པོ་ནི། མཆོད་བརྗོད་ཀྱི་སྐབས་འདིར་བསྟན་བཅོས་ལུས་ཀྱི་གོ་རིམ་དང་མི་མཐུན་པར་གཞི་ཤེས་དང་པོར་བྱས་ནས་བསྟོད་པའི་དགོས་པ་དང་རྒྱུ་མཚན་གང་ཞེ་ན། ཁ་ཅིག་མདོའི་གླེང་གཞིའི་གོ་རིམ་དང་མཐུན་པར་བསྟོད་པ་ཡིན་ཏེ། མདོའི་གླེང་གཞི་ལས། དགེ་སློང་ལྔ་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ། །འདི་ལྟ་སྟེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཞེས་སོགས་ཀྱིས་རྟེན་གྱི་གང་ཟག་བསྟན། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་པས་འབྲས་བུ་ཉེར་ཞི་དེ་བསྟན་ནས་ཐབས་གཞི་ཤེས་དོན་གྱིས་འཕངས། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་སོ། །འདི་ལྟ་སྟེ། ཚེ་དང་ལྡན་པ་བཟང་སྐྱོང་དང་ཞེས་སོགས་ཀྱིས་རྟེན་བྱང་སེམས་དང་། ཐམས་ཅད་ཀྱང་གཟུངས་ཐོབ་པ་ཞེས་པས་འབྲས་བུ་གཞན་དོན་གྲུབ་ཚུལ་དེ་བསྟན་ནས་ཐབས་ལམ་ཤེས་དོན་གྱིས་འཕངས། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེདྒེ་ཁྲི་བཤམས་པ་ལ་སྐུ་དྲང་པོར་བསྲངས་ཏེ་ཞེས་སོགས་ཀྱིས་རྟེན་སངས་རྒྱས་འཕགས་པ་དང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས་ལྗགས་ཀྱི་དབང་པོ་ལས་འོད་ཟེར་བྱེ་བ་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། ། ཞེས་སོགས་ཀྱིས་འབྲས་བུ་ཆོས་འཁོར་བསྐོར་བའི་ཚུལ་དེ་བསྟན་ནས་ཐབས་རྣམ་མཁྱེན་དོན་གྱིས་འཕངས་པ་རྣམས་ཀྱི་དོན་རྗེ་བཙུན་གྱིས་མཆོད་བརྗོད་འདིར་གསལ་བར་མཛད་པའི་ཕྱིར་ཟེར་ན། དེ་ནི་མི་འཐད་དེ། བསྟན་བཅོས་རིན་ཆེན་སྒྲོན་མེ་ལས་དེ་ལྟར་སྦྱར་ཡང་སློབ་དཔོན་འཕགས་སེང་གང་གིས་ཀྱང་གླེང་གཞི་དང་མཆོད་བརྗོད་མ་སྦྱར་བས་ལུགས་དེ་ཁས་བླང་དུ་མི་རུང་བའི་ཕྱིར། ཁ་ཅིག་དེ་ལྟར་བསྟོད་པ་དེ་གདུལ་བྱ་ཐེག་པ་གསུམ་གྱི་ལམ་ལ་རིམ་གྱིས་འཇུག་པའི་གོ་རིམ་དང་མཐུན་པར་བསྟོད་པ་ཡིན་ཟེར་ན། དེ་ཡང་མི་འཐད་དེ། རྒྱན་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་ལམ་དུ་འཇུག་པ་མེད་ཅིང་། སྤྱིར་དེ་ལྟར་བུའི་གདུལ་བྱ་ཞིག་སྲིད་ཀྱང་མངོན་རྟོགས་རྒྱན་རྩོམ་པའི་ཐོག་མ་ཉིད་ནས་དེ་ལྟ་བུའི་ལམ་གྱི་འཇུག་རིམ་སྟོན་པ་སྐབས་སུ་མ་བབས པའི་ཕྱིར། རང་ལུགས་འདིར་དང་པོ་གཞི་ཤེས། དེ་རྗེས་ལམ་ཤེས། དེ་ནས་རྣམ་མཁྱེན་ལ་བསྟོད་པའི་རྒྱུ་མཚན་དང་དགོས་པ་ཡོད་དེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་དང་པོར་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་གཞི་ཤེས་ཀྱི་རྣམ་པ་ཉམས་སུ་བླངས་ཏེ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད། ལམ་ཤེས་ཀྱི་རྣམ་པ་རྣམས་ཉམས་སུ་བླངས་ཏེ་མཐར་འབྲས་བུ་རྣམ་མཁྱེན་ཐོབ་པར་འགྱུར་བའི་རིམ་པ་དང་མཐུན་པར་བསྟོད་པ་ཡིན་པའི་ཕྱིར་ཏེ། དེ་ཡང་ལམ་རིམ་པ་ལྟར་ངན་སོང་དང་འཁོར་བའི་ཉེས་དམིགས་བསམས་ཏེ་ངེས་འབྱུང་སྒོམ་པ་ནི་གཞི་ཤེས་ཀྱི་རྣམ་པ་སྒོམ་པ་ཡིན་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིན་དྲུག་བསྡུ་བཞི་དང་ཁྱད་པར་ཕར་ཕྱིན་ཐ་མ་གཉིས་སློབ་པ་ནི་ལམ་ཤེས་ཀྱི་རྣམ་པ་སྒོམ་པར་བྱེད་པ་ཡིན་ཞིང་། དེ་དག་ཀྱང་མཐར་འབྲས་བུ་རྣམ་མཁྱེན་ཐོབ་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་གྲངས་ངེས་ལ། སྐབས་འདིའི་དངོས་བསྟན་གྱི་གཙོའི་ལམ་མཁྱེན་པ་གསུམ་དུ་གྲངས་ངེས་པ་ཡིན་ཏེ། འདིར་འཕགས་པ་བཞིའི་བཞི་དོན་སྒྲུབ་པའི་ཡུམ་ལ་གཙོ་བོར་བསྟོད་པ་གང་ཞིག །རིགས་ཅན་གསུམ་གྱི་དོན་དང་འཕགས་བཞིའི་བཞེད་དོན་སྒྲུབ་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ལ། མཁྱེན་པ་གསུམ་ལས་ཡང་མི་དགོས་ཤིང་། ཉུང་ན་མི་འདུ་བའི་ཕྱིར་དང་། མཁྱེན་གསུམ་ལ་དངོས་སུ་བསྟོད་པ་ལ་བསྟོད་གྲངས་མང་ཉུང་གི་སྐྱོན་མེད་པ་ཉིད་ཀྱང་འདིའི་གྲངས་ངེས་ཀྱི་དོན་ཡིན་པའི་ཕྱིར་རོ། །གསུམ་པ་ནི་སྐབས་འདིའི་དངོས་བསྟན་གྱི་མཁྱེན་པ་གསུམ་གྱི་འཇོག་ཚུལ་ཡོད་དེ། ཉན་རང་སློབ་པ་རྣམས་ཀྱིས་རང་གི་བྱང་ཆུབ་ཐོབ་པར་བྱེད་ལ་བསྒོམ་བྱའི་གཙོ་བོར་བྱས་བསྒོམ་དགོས་ཤིང་། གནས་སྐབས་བྱང་ཆུབ་སེམས་ཀྱང་རང་རྒྱུད་ཀྱི་ཉོན་མོངས་གཞོམ་པ་དང་། གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་འཛིན་པའི་ཆེད་དུ་བསྒོམ་དགོས་པའི་གཞི་ཤེས་དེ། ཚིག་རྐང་དང་པོའི་དངོས་བསྟན་གྱི་གཞི་ཤེས་ཀྱི་གཙོ་བོ་དང་། རིགས་ཅན་གསུམ་གྱི་དོན་སྒྲུབ་པའི་ལམ་ཤེས་དེ་ཚིག་རྐང་གཉིས་པའི་དངོས་བསྟན་གྱི་ལམ་ཤེས་དང་། གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་བདག་རྐྱེན་བྱེད་པའི་རྣམ་མཁྱེན་དེ། ཚིག་རྐང་གསུམ་པའི་དངོས་བསྟན་གྱི་རྣམ་མཁྱེན་དུ་འཇོག་པའི་ཕྱིར་དང་། རྣམ་གྲངས་བྱས་ན་སྤྱིར་གཞི་ཤེས། ལམ་ཤེས། རྣམ་མཁྱེན་གསུམ་དང་། གང་ཟག་གི་བདག་མེད་དང་། མི་རྟག་སོགས་བཅུ་དྲུག་མངོན་དུ་རྟོགས་པའི་གཞི་ཤེས་ལྟ་བུ་དང་། ལམ་གསུམ་བདེན་མེད་དུ་རྟོགས་པའི་ལམ་ཤེས་ལྟ་བུ་དང་། འདུས་བྱས་ཀྱི་ཆོས་རྣམས་བདེན་པའི་རྐྱེན་མེད་དུ་རྟོགས་པའི་རྣམ་མཁྱེན་དང་། རྣམ་མཁྱེན་སྐད་ཅིག་གཉིས་པ་ལྟ་བུ་རྣམས་ཀྱང་དེ་ལྟར་ཡིན་པའི་ཕྱིར། འདིའི་དངོས་བསྟན་གྱི་གཞི་ཤེས་དང་ལམ་ཤེས་ལ་རྣམ་གཞག་གི་རྟེན་གྱི་དབང་དུ་བྱས་པ་གཙོ་ཆེ་ཡང་དེར་མ་ངེས་ཏེ། དེ་ལ་སྐྱེ་བའི་རྟེན་གྱི་དབང་དུ་བྱས་པས་གཞི་ཤེས་དང་ལམ་ཤེས་ཀྱང་བཞག་མཆོག་པའི་ཕྱིར། དེར་ཐལ། སྐབས་གསུམ་པར་བསྟན་པའི་གཞི་ཤེས་དང་། སྐབས་གཉིས་པར་བསྟན་པའི་ལམ་ཤེས་ལ་དེ་ལྟར་འཇོག་དགོས་པའི་ཕྱིར། དེས་ན་མཆོད་བརྗོད་ཀྱི་གཞུང་འདིའི་རྐང་པ་དང་པོ་དང་གཉིས་པའི་དངོས་བསྟན་གྱི་གཞི་ཤེས་དང་ལམ་ཤེས་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་རྒྱུ་ལམ་ཤེས་གཉིས་ཡོད་པར་ཁས་ལེན་དགོས་ཏེ། གཞན་དུ་ན་མ་འབྲེལ་ཞིང་ལུང་རིགས་དང་འགལ་བར་འགྱུར་བའི་ཕྱིར། ཇི་ལྟར་ན་རིགས་པ་སྔ་མ་དང་གཞན་ཡང་ཚིག་རྐང་དང་པོའི་དངོས་བསྟན་གྱི་ཐེག་དམན་གཞི་ཤེས་ཡོད་པ་ཐལ། དེའི་དངོས་བསྟན་གྱི་ཉན་ཐོས་ཀྱི་འཕགས་ལམ་ཡོད་པའི་ཕྱིར། དེའི་དངོས་བསྟན་གྱི་ཉན་ཐོས་འཕགས་པ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པའི་མང་ཚིག་གིས་ཉན་ཐོས་སློབ་པ་འཕགས་པ་རྣམས་དངོས་སུ་བསྟན་པའི་ཕྱིར། དེར་ཐལ། དེས་དེ་རྣམས་དངོས་སུ་བསྟན་ནས་རང་རྒྱལ་འཕགས་པ་ཤུགས་ལ་བསྟན་པའི་ཕྱིར། དེར་ཐལ། འདིའི་དོན་འཆད་པ་ན་འགྲེལ་པ་ལས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་སོགས་གསུངས་པའི་ཕྱིར། དཔྱད་པར་བྱ་བ་མང་ཡང་དེ་ཙམ་སྨྲས་སོ། །བཞི་པ་ཡུམ་སྲས་ཀྱི་དོན་ལ། ཁ་ཅིག་འཇིག་རྟེན་ན་སྐྱེད་པའི་མ་དང་། གསོ་བའི་མ་དང་། དོན་སྒྲུབ་པའི་མ་གསུམ་ཡོད་པ་དེ་བཞིན་དུ། འདིའི་ཡུམ་ལ་རང་སྲས་འཕགས་པ་བསྐྱེད་པའི་ཡུམ་དང་། གསོ་བའི་ཡུམ་དང་། བཞེད་དོན་སྒྲུབ་པའི་ཡུམ་གསུམ་ཡོད་ཅེས་དང་། ཁ་ཅིག་འདིར་ཡུམ་སྲས་ཀྱི་དོན་ནི་རྣམ་པར་བཞག་འཇོག་པའི་དོན་ཡིན་གསུངས་ན། དེ་ནི་མི་འཐད་དེ། འདིའི་ཡུམ་སྲས་ཀྱི་དོན་ནི་བསྐྱེད་བྱ་བསྐྱེད་ཀྱི་སྒོ་ནས་འཇོག་པའི་ཕྱིར། དེར་ཐལ། མཁྱེན་པ་སྔ་མ་སྔ་མས་རང་སྲས་འཕགས་པ་ཕྱི་མ་ཕྱི་མ་བསྐྱེད་པ་དེ་སྐབས་འདིའི་ཡུམ་སྲས་ཀྱི་དོན་དུ་གསུངས་པའི་ཕྱིར་ཏེ། ཇི་ལྟར་བསྐྱེད་ན། ལམ་སྔ་མ་སྔ་མ་ཉམས་སུ་བླངས་པ་ལས་འཕགས་པ་ཕྱི་མ་ཕྱི་མའི་གོ་འཕང་ཐོབ་པར་འགྱུར་བའི་ཚུལ་གྱིས་བསྐྱེད་པའི་ཕྱིར། །ཆོས་ཀྱི་རྗེས་སུ་འབྲང་པ་རྣམས་ཀྱིས་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་སོགས་ཀྱིིས་སྐབས་སུ་སྦྱོར་བ་འགོད་པ་དང་། གཞི་ལམ་རྣམ་གསུམ་བདེན་མེད་དུ་བསྟན་པ་གཉིས། དང་པོ་ནི་མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན། ཡུམ་མཁྱེན་གསུམ་ལ་དང་བ་སྐྱེ་ཚུལ་ཡོད་དེ། ཡུམ་མཁྱེན་གསུམ་གྱི་ངོ་བོ་དང་ནུས་པའི་ཁྱད་པར་ལ་གནོད་པ་ཡོད་མེད་མ་མཐོང་ཡང་མཆོད་བརྗོད་ཐོས་པ་ཙམ་གྱིས་མཁྱེན་གསུམ་ལ་ངོ་བོ་དང་ནུས་པའི་ཡོན་ཏན་དེ་ལྟ་བུ་ཡོད་ངེས་སྙམ་དུ་ཐེ་ཚོམ་མེད་པར་དང་བ་སྐྱེ་བའི་ཕྱིར། གཉིས་པ་ལ་གསུམ། དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱ་ངོས་བཟུང་བ་དང་། དེ་འགོག་བྱེད་ཀྱི་གཏན་ཚིགས་བཤད་པ་དང་། རྟོགས་པ་སྐྱེ་བའི་རིམ་པ་བཤད་པའོ། །དང་པོ་ལ་གཉིས། དགག་བྱ་ངོས་འཛིན་དགོས་པའི་རྒྱུ་མཚན་དང་། ངོས་འཛིན་ཚུལ་ལོ། །དང་པོ་ནི། སྟོང་ཉིད་རྟོགས་པའི་ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བ་ལ། ཐོག་མར་དགག་བྱ་ངོས་ཟིན་དགོས་ཏེ། དཔེར་ན། བུམ་པ་མེད་པར་ཚད་མས་ངེས་པ་ལ། སྔོན་དུ་བུམ་པའི་དོན་སྤྱི་བློ་ཡུལ་དུ་འཆར་བ་སྔོན་དུ་འགྲོ་དགོས་པ་བཞིན་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ་། བུམ་པ་ཇི་འདྲ་ཞིག་ཡིན་མི་ཤེས་ན་གཞི་གང་དུའང་བུམ་པ་མེད་པར་ངེས་མི་ནུས་པའི་ཕྱིར། དེ་བཞིན་དུ་དགག་བྱ་བདེན་གྲུབ་དེ་ཇི་འདྲ་ཞིག་ལ་འཇོག་མི་ཤེས་པར་དགག་བྱ་དེ་བཀག་པའི་བདེན་མེད་རྟོགས་མི་ནུས་ཏེ། སྤྱོད་འཇུག་ལས། བརྟག་པའི་དངོས་ལ་མ་རེག་པར། དེ་ཡི་དངོས་མེད་འཛིན་མ་ཡིན། ཞེས་གསུངས་པའི་ཕྱིར་གཉིས་པ་ལ། རང་རྒྱུད་པའི་ལུགས་ཀྱི་དགག་བྱ་ངོས་འཛིན་དབུ་མ་སྣང་བ་ལས་བཤད་པ་ལྟར་བདག་གིས་རྒྱས་པར་གཞན་དུ་བརྗོད་ཟིན་པས། འདིར་བསྡུ་ན། གཟུགས་སོགས་ཀྱི་ཆོས་རྣམས་ནི་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཡིན་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་བློ་མ་འཁྲུལ་པ་ལ་སྣང་བའི་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར་ཏེ། ཐ་སྙད་པའི་བློ་དོན་མཐུན་ལ་སྣང་བའི་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར། དེ་ལྟར་ཡིན་གྱི། བློ་དོན་མི་མཐུན་གངས་རི་སྔོན་སྣང་གི་དབང་ཤེས་ལྟ་བུ་དང་། བདེན་འཛིན་ལྟ་བུ་ལ་སྣང་ཙམ་གྱིས་ཡོད་པར་འཇོག་མི་ནུས་ཏེ། གངས་རིའི་ཁ་དོག་སྔོན་པོ་མིན་ཞིང་བདེན་གྲུབ་ཡོད་པར་བ ཞག་ཏུ་མི་རུང་བའི་ཕྱིར་རོ། །དེས་ན་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ། དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ཡིན་ཏེ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་དུ་གྲུབ་པ་དེ། གཟུགས་སོགས་ཀྱི་ཆོས་རྣམས་ཀྱི་ཀུན་རྫོབ་པའི་ཡོད་ཚུལ་ཡིན་པའི་ཕྱིར་ཆོས་བློ་གནོད་མེད་པ་སྣང་བའི་དབང་གིས་འཇོག་ནུས་ཀྱི། དེ་ལ་སྣང་བའི་དབང་གིས་མི་འཇོག་པར་རང་གི་ཐུན་མོང་མིན་པའི་སྡོད་ལུགས་ཀྱི་དབང་གིས་མིན་ཏེ། ཡིན་ན་བུམ་པ་ལྟ་བུ་བུམ་འཛིན་ཚད་མ་ལ་སྣང་བ་དེ་ཙམ་གྱིས་མི་ཆོག་པར། དེའི་སྡོད་ལུགས་རང་དབང་གིས་ཡོད་དགོས་ཤིང་དེ་ཡོད་ན་འཕགས་པའི་མཉམ་བཞག་གི་གཟིགས་དོན་ཡང་དགོས་པས་བདེན་གྲུབ་ཏུ་འགྱུར་བའི་ཕྱིར། སྤྱིར་བུམ་པ་ལྟ་བུ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་སྟེ། བུམ་པ་རང་ངོས་ནས་བུམ་པར་གྲུབ་པའི་ཕྱིར། དེ་ནི་བློ་ལ་སྣང་བའི་དབང་གིས་ཕར་བཞག་པ་ཡིན་གྱི་བློས་ཕར་བཞག་པ་ལ་མ་བལྟོས་པ་ཚུར་རང་གི་སྡོད་ལུགས་ཀྱིས་དབང་གིས་མ་འགྲུབ་སྟེ། གྲུབ་ན་བུམ་པའི་བརྡ་མི་ཤེས་པའི་བྱིས་པ་ལའང་འདི་ནི་བུམ་པའོ་སྙམ་པའི་བློ་སྐྱེ་བར་ཐལ་བའི་ཕྱིར། དེས་གཞན་ལའང་མཚོན་པར་བྱའོ། །འདི་བའི་ལུགས་ལ་རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རྫས་སུ་གྲུབ་པའི་ཐ་སྙད་དུ་ཡོད་པར་བཞེད་ཀྱང་། བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ་རྣམས་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ཏུ་བཞེད་དེ། དེ་རྣམས་ནི་བདེན་གྲུབ་ཀྱི་རྣམ་གྲངས་ཙམ་ཡིན་པའི་ཕྱིར། དེ་ཡང་བརྟག་པ་མཐའ་བཟུང་ཙམ་ཡིན་གྱི། བདེན་གྲུབ་ཡིན་པ་སོགས་མེད་དེ། གཞི་གྲུབ་ན་བདེན་མེད་ཡིན་དགོས་པའི་ཕྱིར་རོ། །གཉིས་པ་དགག་བྱ་དེ་འགོག་བྱེད་ཀྱི་གཏན་ཚིགས་བཤད་པ་ལ། དབུ་མ་བ་ལ་གྲགས་པའི་དངོས་པོ་བདེན་མེད་དུ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཆེན་པོ་ལྔ་ཡོད་དེ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། རྒྱུ་འབྲས་གཉིས་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་དང་། སྐབས་འདིར་འཆད་བྱའི་གཙོ་བོ་གཅིག་དུ་བྲལ་གྱི་གཏན་ཚིགས་དང་ལྔ་ཡོད་པའི་ཕྱིར། དང་པོ་ནི་ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། བདག་ལས་མི་སྐྱེ། དོན་དམ་པ་གཞན་ལས་མི་སྐྱེ། བདག་གཞན་གཉིས་ཀ་ལས་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། རྩ་ཤེ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། ། དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་ཕྱིར། གཉིས་པ་ནི། དེ་རྣམས་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། རང་གི་རྒྱུའི་དུས་སུ་ཡོད་པར་ཡང་མི་སྐྱེ། མེད་པར་ཡང་དོན་དམ་པར་མི་སྐྱེ། གཉིས་ཀར་ཡང་དོན་དམ་པར་མི་སྐྱེ། གཉིས་ཀ་མ་ཡིན་པར་ཡང་དོན་དམ་པར་མ་སྐྱེ་བའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། དབུ་མ་རྒྱན་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། །མེད་པ་ནམ་མཁའི་པད་མོ་བཞིན། །ཆོས་མི་མཐུན་ཕྱིར་གཉིས་ཆོས་མིན། གཉིས་ཀའི་བདག་ཉིད་མིན་པའང་མ་ཡིན། །ཞེས་གསུངས་པའ་ིཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། འབྲས་བུ་རྣམས་དོན་དམ་པར་མི་སྐྱེ་སྟེ། རྒྱུ་དུ་མས་འབྲས་བུ་གཅིག་དོན་དམ་པར་མི་སྐྱེ། རྒྱུ་དུ་མས་འབྲས་བུ་དུ་མ་ཡང་དོན་དམ་པར་མི་སྐྱེད། རྒྱུ་གཅིག་གིས་འབྲས་བུ་དུ་མ་ཡང་དོན་དམ་པར་མི་སྐྱེད། རྒྱུ་གཅིག་གི་འབྲས་བུ་གཅིག་ཀྱང་དོན་དམ་པར་མི་སྐྱེད་པའི་ཕྱིར་ཞེས་པ་ལྟར་བུ་ཡིན་ཏེ། དབུ་མ་བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གི་དུ་མའི་དངོས་མི་བྱེད། གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་གསུངས་པའི་ཕྱིར། བཞི་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་རྟགས་དེ་ལྟ་བུ་ཡིན་ཏེ། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་དང་རྩ་ཤེ་ལས། རྟེན་ནས་འབྱུང་བ་གང་ཡིན་པ། །དེ་དག་ངོ་བོ་ཉིད་ཀྱིས་ཞི། །ཞེས་གསུངས་པའི་ཕྱིར། རྟེན་འབྲེལ་གྱི་གཏན་ཚིགས་ལ་རིགས་པའི་རྒྱལ་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིགས་པ་གཞན་རྣམས་ཀྱང་མཐར་གཏུགས་ན་རྟེན་འབྲེལ་གྱི་རིགས་པ་ལ་བལྟོས་དགོས་པ་དང་། རྟེན་འབྲེལ་གྱི་རྟགས་ཀྱིས་རྟག་ཆད་ཀྱི་མཐའ་གཉིས་ཅིག་ཅར་དུ་འགོག་ནུས་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པར་གོ་ན་ཐ་སྙད་དུ་ཡོད་པར་གོ་བས་ཆད་མཐའ་སེལ་ཞིང་དོན་དམ་པར་མེད་པར་གོ་བས་རྟག་མཐའ་སེལ་བའི་ཕྱིར་ཏེ། དབུ་མ་འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། ཞེས་གསུངས་པའི་ཕྱིར། ལྔ་པ་ལ་གཉིས། རྟགས་ཆོས་དོན་གསུམ་ངོས་བཟུང་བ་དང་། འགོག་ཚུལ་བཤད་པའོ། །དང་པོ་ཡོད་དེ། འདིར་གཞི་ལམ་རྣམ་གསུམ་རྩོད་གཞིར་བཟུང་ནས་རྟེན་འབྲེལ་གྱི་རྟགས་ཀྱིས་བདེན་མེད་སྒྲུབ་པ་ན། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་དུ ་མ་གང་རུང་དུ་མ་གྲུབ་པ་རྟགས། གཞི་ལམ་རྣམ་གསུམ་ཤེས་འདོད་ཆོས་ཅན་སྐྱོན་མེད། བདེན་མེད་སྒྲུབ་བྱའི་ཆོས། གཞི་ལམ་རྣམ་གསུམ་བདེན་པར་མེད་པ་སྒྲུབ་བྱ་ཡང་དག །དེ་བཞིན་དུ་བདེན་གྲུབ་དགག་བྱའི་ཆོས། གཞི་ལམ་རྣམ་གསུམ་བདེན་པར་གྲུབ་པ་དགག་བྱར་འཇོག་པ་ཡིན་པས་ཕྱིར། གཉིས་པ་ལ་གཉིས། རྟགས་འགོད་པ་དང་། ཚུལ་སྒྲུབ་ པའོ། །དང་པོ་ནི་གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པ་མེད་དེ། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་ཞེས་འགོད། གཉིིས་པ་ལ་གཉིས། ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པའི་ཚུལ་ལོ། །དང་པོ་གཉིས། བདེན་པའི་གཅིག་བྲལ་དུ་སྒྲུབ་པ་དང་། བདེན་པའི་དུ་བྲལ་དུ་སྒྲུབ་པའོ། །དང་པོ་ནི། དེ་གསུམ་ཆོས་ཅན། བདེན་གྲུབ་ཀྱི་གཅིག་ཏུ་མེད་དེ། ཆ་བཅས་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། རྟགས་གྲུབ་སྟེ། ཡོད་པ་གང་ཞིག་ཆ་མེད་ཤེས་བྱ་ལ་མི་སྲིད་པའི་ཕྱིར། ཕྱི་མ་དེར་ཐལ། འདུས་བྱས་ལ་ཡང་མེད། འདུས་མ་བྱས་པ་ཡང་མེད་པའི་ཕྱིར། དང་པོ་དེར་ཐལ། གང་ཟག་ལྟ་བུ་རང་རང་གི་སྟོད་སྨད་ཡན་ལག་གི་ཆ་དང་བཅས། བུམ་པ་ལྟ་བུ་མཆུ་ཞབས་སོགས་ཀྱི་ཆ་དང་བཅས། དུས་དང་ཤེས་པ་ལྟ་བུ་སྐད་ཅིག་སྔ་ཕྱིའི་ཆ་དང་བཅས་པའི་ཕྱིར། གཉིས་པ་དེར་ཐལ། སྟོང་ཉིད་ལྟ་བུ་སྟོང་གཞི་ཆོས་ཅན་དང་གཞན་གྱིས་རྟོགས་མ་རྟོགས་ཀྱི་ཆ་དང་བཅས། ནམ་མཁའ་ལྟ་བུ་ཐོགས་བཅས་རེག་པ་དང་འབྲེལ་མ་འབྲེལ་དང་བུ་ག་ཆེ་ཆུང་ལ་ཁྱབ་མ་ཁྱབ་དང་ཕྱོགས་གང་ན་ཡོད་མེད་ཀྱི་ཆ་དང་བཅས། འགོག་བདེན་ལྟ་བུ་རང་བཞིན་གྱིས་ཐོབ་མ་ཐོབ་དང་། དགག་བྱ་ཕྲ་རགས་དང་བྲལ་མ་བྲལ་གྱི་ཆ་དང་བཅས་པའི་ཕྱིར། གཉིས་པ་ལ། དེ་གསུམ་ཆོས་ཅན། བདེན་གྲུབ་ཀྱི་དུ་མར་མ་གྲུབ་སྟེ་བདེན་གྲུབ་ཀྱི་གཅིག་མེད་པའི་ཕྱིར། ཁྱབ་སྟེ་གཅིག་མེད་ན་དུ་མ་མི་འགྲུབ་པའི་ཕྱིར། དེར་ཐལ། དུ་མ་གཅིག་བསགས་པ་ལ་བརྟེན་ནས་འཇོག་དགོས་པའི་ཕྱིར། གཉིས་པ་རྩ་བའི་ཁྱབ་པ་སྒྲུབ་པ་ལ་བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དུ་མེད་ན། བདེན་པར་མ་གྲུབ་པས་ཁྱབ་སྟེ། བདེན་པར་གྲུབ་ན་དེ་གང་རུང་དུ་གྲུབ་དགོས་པའི་ཕྱིར། དེར་ཐལ། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར། དེར་ཐལ། དེ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། དེར་ཐལ། ཡོད་པ་ལ་གཅིག་ཡིན་པ་རྣམ་པར་བཅད་ན་དུ་མར་ཡོངས་སུ་གཅོད་དགོས་པའི་ཕྱིར་རོ། །འོན་ཀྱང་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་པའི་ཁྱབ་པ་ངེས་པའི་ཚད་མས་བདེན་པར་གྲུབ་ན་བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པས་མ་ཁྱབ་པའི་སྒྲོ་འདོགས་བཅད་པ་ནི་མ་ཡིན་ཏེ། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མས། སྒྲ་བྱས་ན་སྒྲ་མི་རྟག་པས་མ་ཁྱབ་སྙམ་པའི་སྒྲོ་འདོགས་ཆོད་པའི་ཕྱིར། དེར་ཐལ། དེ་འདྲ་བའི་ཕྱི་རྒོལ་དེ་ལ་ད་དུང་དེ་སྒྲའི་སྟེང་དུ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་རྒྱུ་ཡོད་པའི་ཕྱིར། དེར་ཐལ། དེ་ལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་སྐྱེ་དགོས་པའི་ཕྱིར། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཡང་དག་དེས། མཐུན་དཔེ་གཟུགས་བརྙན་ལ་བརྟེན་ནས་རྟེན་འབྲེལ་ལ་བདེན་མེད་ཀྱིས་ཁྱབ་པ་ཚད་མས་ངེས་ཀྱང་། བསྒྲུབ་བྱའི་ཆོས་བདེན་མེད་ཚད་མས་མ་ངེས་ཏེ། རྒོལ་བ་དེས་ཕྱོགས་ཆོས་རྟེན་འབྲེལ་ཚད་མས་ངེས་ཤིང་། ཁྱབ་འབྲེལ་ཚད་མས་ངེས་ནས། བསྒྲུབ་བྱའི་ཆོས་ངེས་པའི་རྗེས་དཔག་སྐྱེ་བ་མ་ཡིན་པའི་ཕྱིར། དེར་ཐལ། དེས་བསྒྲུབ་བྱའི་ཆོས་ཚད་མས་ངེས་ཟིན་ན་ཕྱིར་རྒོལ་ཡང་དག་ཏུ་མི་རུང་བའི་ཕྱིར། དཔེར་ན། མདོ་སེམས་ལྟ་བུ་ཞིག་མྱུ་གུ་བདེན་མེད་དུ་བསྒྲུབ་པའི་ཕྱིར་རྒོལ་བྱས་ནས་ནམ་དེས་མྱུ་གུ་བདེན་མེད་དུ་ངེས་པ་ན་མདོ་སྡེ་པ་དང་སེམས་ཙམ་པར་བཞག་ཏུ་མི་རུང་བ་བཞིན་ནོ། །ཚུལ་དེ་ནི། གཅིག་དུ་བྲལ་སོགས་གཞན་ལ་ཡང་སྦྱོར། མཐུན་དཔེ་གཟུགས་བརྙན་ལྟ་བུ་བདེན་མེད་དུ་ཚད་མས་ངེས་པ་ལ། བསྒྲུབ་བྱའི་ཆོས་ཚད་མས་ངེས་པས་མ་ཁྱབ་ཀྱང་། ཆོས་གཅིག་བདེན་མེད་དུ་ཚད་མས་ངེས་ན་དེའི་བྱེད་པ་ལ་བརྟེན་ནས་ཆོས་གཞན་བདེན་མེད་དུ་ངེས་ནུས་པ་ཡིན་ཏེ། འཕགས་པ་ལྷས། །གཅིག་གི་ལྟ་བོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་བོ་དང་། །གཅིག་གི་སྟོང་ཉིད་གང་ཡིན་པ། དེ་ནི་ཀུན་གྱི་སྟོང་ཉིད་ཡིན། ཞེས་དང་། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། ཞེས་གསུངས་པའི་ཕྱིར། གོང་གི་རྩོད་གཞིར་བཟུང་བའི་གཞི་ལམ་རྣམ་གསུམ་ཞེས་པ་དེ་གང་ལ་བྱེད་ཅེ་ན། ཁ་ཅིག་དེ་མཁྱེན་གསུམ་ཙམ་ལ་བྱེད་པ་ནི་དོན་མ་ཡིན་ཏེ། གཞི་ཞེས་པ་ནི་ཕུང་ཁམས་སྐྱེད་མཆེད་རྣམས་དང་། ལམ་ནི་གཉེན་པོའི་ལམ་སྤྱི་དང་། རྣམ་པ་ནི་མི་རྟག་ལ་སོགས་བཅུ་དྲུག་ལྟ་བུ་ལ་བཤད་པའི་ཕྱིིར། གསུམ་པ་ལྟ་བ་སྐྱེ་ཚུལ་གྱི་རིམ་པ་ཡོད་དེ། དང་པོ་སྟོང་ཉིད་སྟོན་པའི་གཞུང་ལ་ཐོས་པས་ཞུགས་ནས་ཤེས་རབ་བསྐྱེད། དེ་ནས་གཅིག་དུ་བྲལ་སོགས་ཀྱིི་རྟགས་ལ་བརྟེན་ནས་བསམ་པའི་ཤེས་རབ་བསྐྱེད། དེ་ནས་དེ་ལ་བརྟེན་ནས་ཞི་ལྷག་དང་འབྲེལ་བའི་སྒོམ་བྱུང་གི་ཤེས་རབ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། དབང་བརྟུལ་ལ་ངེས་པ་མེད་ཀྱང་། ཐར་པ་དོན་གཉེར་གྱི་གདུལ་བྱ་དབང་རྣོན་གྱིས་སེམས་བསྐྱེད་པ་དང་ཐར་པ་དོན་དུ་གཉེར་བའི་བསམ་པ་དམ་བཅའ་ཡང་དག་འཇོག་པ་ལ་སྔོན་དུ་སྟོང་ཉིད་ཀྱི་ལྟ་བ་བསྐྱེད་པ་ཡིན་ཏེ། དབུ་མ་རྒྱན་ལས། ཡང་དག་ཤེས་རྩོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་པས། །ཞེས་སོགས་གསུངས་པའི་ཕྱིར། རྣམ་བཤད་ལས་ཚོགས་ལམ་ནས་བདེན་མེད་དང་པོར་ངེས་པར་གསུངས་པའི་དོན་ཡོད་དེ། ལམ་ཞུགས་ཀྱི་ཐོག་མར་ལྟ་བ་གསལ་འདེབས་པའི་དབང་དུ་མཛད་པའི་ཕྱིར་རོ། །༈ དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ་ཞེས་སོགས་ཀྱི་སྐབས་སུ་རྩོད་པ་དང་ལན་གཉིས། དང་པོ་ལ། ཁ་ཅིག །རྒྱན་གྱི་མཆོད་བརྗོད་གྱི་གཞུང་འདིས་མཁྱེན་གསུམ་ལ་བསྟོད་ཕྱག་མཛད་པ་འདི། ཡུམ་མཐའ་དག་ལ་བསྟོད་དམ། ཕྱོགས་གཅིག་ལ་བསྟོད། དང་པོ་ལྟར་ན་མི་རིགས་ཏེ། བསྟོད་ཡུལ་ཉུང་བའི་སྐྱོན་ཡོད་པའ་ིཕྱིར། ཕྱི་མ་ཡང་མི་རིགས་ཏེ། དེ་ལྟར་ན་རྣམ་མཁྱེན་ལྟ་བུ་གཅིག་ལ་བསྟོད་ཆོག་པ་ལས། མཁྱེན་པ་གསུམ་ཀ་ལ་བསྟོད་པའི་བསྟོད་ཡུལ་མང་བའི་སྐྱོན་སྣང་བའི་ཕྱིར་ཞེ་ན། གཉིས་པ་ལ། དེ་ལྟ་བུའི་སྐྱོན་མེད་དེ། དེ་ལྟར་བསྟོད་པ་ལ་རྒྱུ་མཚན་དང་དགོས་པ་ཁྱད་པར་ཅན་གཉིས་ཡོད་པའི་ཕྱིར། རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་ཤིང་། དེ་ལྟར་བསྡུས་པ་ལ་དགོངས་ནས་མཁྱེན་གསུམ་ལ་དངོས་སུ་བསྟོད་པའི་ཕྱིར། དགོས་པ་ཡོད་དེ། མཁྱེན་གསུམ་གྱིས་བསྡུས་པའི་དོན་མངོན་པར་རྟོགས་པ་བརྒྱད་པོ་ཡུམ་མཚན་ཉིད་པ་ཡིན་ཞིང་། བརྒྱད་པོ་དེས་ཀྱང་འཕགས་བཞིའི་བཞེད་དོན་ཕུན་སུམ་ཚོགས་པ་སྒྲུབ་ནུས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། མཁྱེན་གསུམ་གྱིས་དོན་མངོན་པར་རྟོགས་པ་བརྒྱད་བསྡུས་པ་ཡིན་ཏེ། མཁྱེན་གསུམ་གང་རུང་ཉམས་སུ་ལེན་པའི་སློབ་པ་དང་དེ་གང་རུང་གི་ཉམས་ལེན་ཡིན་ན། དོན་མངོན་པར་རྟོགས་པ་བརྒྱད་པོ་གང་རུང་ཉམས་སུ་ལེན་པའ་ིསློབ་པ་ཡིན་པ་དང་དེ་གང་རུང་གི་ཉམས་ལེན་གྱིས་བསྡུས་པ་ཞིག་ཡིན་དགོས་པའི་ཕྱིར་རོ། །༈ ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་སོགས་ཀྱི་སྐབས་སུ། མྱང་འདས་ཀྱི་དབྱེ་བ་སྤྱིར་བསྟན་པ་དང་། རྣམ་གཞག་བཤད་པ་གཉིས། དང་པོ་ནི། མྱང་འདས་ལ་སྒྲས་བརྗོད་རུང་གིས་དབྱེ་ན་མང་སྟེ། རང་བཞིན་གྱིས་མྱང་འདས། ཐེག་པ་ཆེ་ཆུང་གི་མྱང་འདས། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་སོགས་དུ་མ་ཡོད་པའི་ཕྱིར། རང་བཞིན་གྱིས་མྱང་འདས་ཞེས་པ་ནི་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཡིན་ཏེ། གདོད་མ་ནས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་སུ་སྐྱེ་མ་མྱོང་བའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། འཁོར་འདས་གཉིས་སུ་ཕྱེ་བའི་མྱང་འདས་ནི་སྤྱིར་འཁོར་བ་ལས་གྲོལ་བ་ཞིག་ཡིན་ཡང་། ཁ་ཅིག་སྡུག་བདེན་ཡིན་ན་འཁོར་བ་ཡིན་པས་ཁྱབ་ཅེས་བཞེད་པའི་ལུགས་ལ་དེ་མི་རིགས་ཏེ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་སྡུག་བདེན་ཡོད་པའི་ཕྱིར། སྡུག་བདེན་ཀུན་འཁོར་བ་ཡིན་པར་འདོད་མི་རིགས་ཏེ། མ་དག་པའི་སྣོད་ཀྱི་འཇིག་རྟེན་སྡུག་བདེན་ཡིན་ཀྱང་འཁོར་བ་མ་ཡིན་ཞིང་། འཁོར་བར་ལས་ཉོན་གྱིས་ཉིང་མཚམས་སྦྱར་བའི་སོ་སྐྱེ་རྣམས་འཁོར་བར་འཁོར་པ་པོ་ཡིན་གྱི། འཁོར་བ་མ་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། མི་འཐད་དེ། འཁོར་བ་ལ་བལྟོས་པའི་ལས་བྱ་བྱེད་ཐམས་ཅད་གཅིག་ཏུ་གྱུར་པའི་ཕྱིར་ཏེ། གང་འཁོར་བ་དང་། གང་དུ་འཁོར་བ་དང་། ཇི་ལྟར་འཁོར་བ་ཐམས་ཅད་ཀྱང་དབྱེ་བ་མེད་པར་འཁོར་བ་ཡིན་པའི་ཕྱིར་རོ། །རང་ལུགས་ལ་ཇི་ལྟར་འཁོར་བ་ཞིག་འཁོར་བའི་ངོ་བོར་འཇོག་པ་ཡིན་ཏེ། ལས་ད ང་ཉོན་མོངས་པའི་དབང་གིས་ཡང་སྲིད་དུ་ཉིང་མཚམས་སྦྱར་བའི་ཆའམ་ཁྱད་པར་དེ་ཉིད་ལ་འཁོར་བར་འཇོག་རིགས་པའི་ཕྱིར། མྱང་འདས་ལ་བཞེད་ཚུལ་མི་འདྲ་བ་ཡོད་ཀྱང་། བསྡུ་ན་འདི་ལྟར་ཡིན་ཏེ། ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་ནི། མྱང་འདས་ཀྱི་ངོ་བོ་ཡིན། དེ་ལ་གཉིས་ལས། ཉོན་སྒྲིབ་མ་ལུས་པར་སྤངས་ཤིང་སྔ་མའི་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་སོ་སོར་བརྟགས་འགོག་ནི། ལྷག་བཅས་མྱང་འདས་དང་། དེ་ལྟ་བུའི་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བའི་སོ་སོར་བརྟགས་འགོག་ནི། ལྷག་མེད་མྱང་འདས་སུ་འཇོག་པའི་ཕྱིར། དེས་ན་སྐབསས་འདིར་ལྷག་བཅས་ལྷག་མེད་ཀྱི་དོན་ནི། ཉོན་སྒྲིབ་སྤངས་པ་གཞིར་བྱས་ནས་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་མ་བཅས་ལ་བྱེད་པའི་ཕྱིར། ལུགས་གཞན་གྱིས་ལྷག་བཅས་ལྷག་མེད་ཀྱི་འདོད་ཚུལ་ཡོད་དེ། ཐལ་འགྱུར་བས་བདེན་སྣང་གི་ལྷག་མ་དང་བཅས་མ་བཅས་ལ་མཛད་ཅིང་། ལུང་གི་རྗེས་འབྲང་གི་སེམས་ཙམ་པ་དང་། མདོ་སྡེ་བ་ཁ་ཅིག་ཐེག་དམན་གྱི་ལྷག་མེད་མྱང་འདས་ཀྱི་ཚེ་ན་འདུས་བྱས་ཀྱི་རྒྱུ་བ་གཏན་ལོག་ཏུ་འདོད། བྱེ་བྲག་སྨྲས་བས་ལྷག་མེད་མྱང་འདས་ཀྱི་ཚེ་བེམ་རིག་རྒྱུན་ཆད་པར་འདོད་པས་དེ་ལྟར་ན་ལྷག་བཅས་ལྷག་མེད་ཀྱི་དོན་ཡང་མི་འདྲ་བའི་ཕྱིར། མྱང་འདས་ཡིན་ན། ཉོན་སྒྲིབ་སྤངས་པས་ཁྱབ་པའི་ཕྱིར་ན། ཉོན་མོངས་པའི་ཀུན་འབྱུང་སྤངས་པའི་ཁྱབ་ཀྱང་། ལས་ཀྱི་ཀུན་འབྱུང་སྤངས་པས་ནི་མ་ཁྱབ་སྟེ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ལས་ཀྱི་ཀུན་འབྱུང་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་འརྒལ་བ། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས། དེའི་རྒྱུད་ལ་ལས་ཀྱི་ཀུན་འབྱུང་ཡོད་ཀྱང་ཉོན་མོངས་མེད་པས་ལས་ཀྱི་དབང་གིས་འཁོར་བར་མི་སྐྱེ་བར་བཤད་པའི་ཕྱིར་རོ། །༈ རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཐུགས་སུ་ཆུད་པ་གང་དང་ལྡན་ན་ཞེས་སོགས་ཀྱི་སྐབས་སུ། ཆོས་འཁོར་སྤྱིའི་རྣམ་གཞག་བཤད་པ་དང་། བཀའ་དང་བསྟན་བཅོས་ཀྱི་རྣམ་གཞག་བཤད་པ་དང་། འཁོར་ལོ་གསུམ་གྱི་གྲངས་ངེས་འགྲེལ་ཚུལ་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། ངོ་བོ། །དབྱེ་བ། ཕྱེ་བ་སོ་སོའི་དོན། སྒྲ་དོན། ཆོས་ཕུང་གི་ཚད་བཤད་པ་དང་ལྔ། དང་པོ་ལ། འགོག་བདེན་ཆོས་འཁོར་དུ་མི་བཞེད་པ་མང་ཡང་འདིར་ཆོས་འཁོར་དུ་འདོད་པའི་དབང་དུ་བྱས་ན་ཆོས་འཁོར་གྱི་ངོ་བོ་ཡོད་དེ། སངས་རྒྱས་ཀྱི་བསྟན་པས་བསྡུས་པའི་དམ་ཆོས། ཆོས་འཁོར་གྱི་མཚན་ཉིད་དམ་ངོ་བོར་འཇོག་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན་གཉིས་ཡོད་དེ། ལུང་གི་ཆོས་འཁོར་དང་། རྟོགས་པའི་ཆོས་འཁོར་གཉིས་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་སོ་སོས་བསྡུས་པའི་སྒོ་ནས་ལུང་རྟོགས་ཀྱི་ཆོས་འཁོར་དུ་འཇོག་པའི་ཕྱིར། ལུང་གི་ཆོས་འཁོར་ལ་དབྱེ་ན་དུ་མ་ཡོད་དེ། ངོ་བོའི་སྒོ་ནས་བཀའ་དང་། དེར་གྱུར་པའི་བསྟན་བཅོས་གཉིས། བཀའ་ལ་བརྗོད་བྱེད་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས། བརྗོད་བྱའི་སྒོ་ནས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། གདུལ་བྱའི་སྒོ་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས། གདུལ་བྱ་བརྗོད་བྱ་དུས་གསུམ་གྱི་སྒོ་ནས་འཁོར་ལོ་རིམ་པ་གསུམ་ཡོད་པའི་ཕྱིར། རྟོགས་པའ་ིཆོས་འཁོར་ལ་དབྱེ་ན་དུ་མ་ཡོད་དེ། ལམ་ཞུགས་ཀྱི་དབང་དུ་བྱས་ན་ལམ་ལྔ་གསུམ་བཅོ་ལྔ་འགོག་བདེན་དང་བཅས་པ་རྣམས་དང་། ལམ་མ་ཞུགས་ཀྱི་དཀོན་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དང་། དེས་ཟིན་པའི་ངེས་འབྱུང་བྱམས་སྙིང་རྗེ་བདག་མེད་རྟོགས་པའི་ལྟ་བ་ཕྱིན་དྲུག་བསླབ་གསུམ་དང་བཅས་པའང་ཆོས་འཁོར་དུ་རིགས་པའི་ཕྱིར། དེ་ཡང་ཡིན་ཏེ། དཀོན་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་ཡིན་པ་ལ་རྒྱུ་མཚན་ཡང་དག་པ་ཡོད་པའི་ཕྱིར། ཆོས་འཁོར་ལ་བཀའ་དང་མངོན་རྟོགས་གང་རུང་གིས་ཁྱབ་ཅེས་འདོད་པའང་ཡོད་མེད་འདིར་རྗེ་བཙུན་བསྟན་དར་བའི་བཞེད་པ་བཞིན་བྱ་སྟེ། དེ་ལྟར་འཐད་སྙམ་དུ་ཁོ་བོ་ཡང་སེམས་པའི་ཕྱིར། བཞི་པ་སྒྲ་དོན་ཡོད་དེ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པ་དང་། གདུལ་བྱའི་རྒྱུད་ལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་འཇུག་པས་ན་དེ་ལྟར་དུས་བརྗོད་པའི་ཕྱིར་ཏེ། བསྡུ་བ་ལས། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱིས་ན་འཁོར་ལོ་ཞེས་བྱའོ། །ཡང་དག་པའི་ལྟ་བ་ལ་སོགས་པའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་ཀྱི་འཁོར་ལོའོ། །ཞེས་དང་། འགྲེལ་ཆེན་ལས་ཀྱང་། འཁོར་ལོ་དང་འདྲ་བའི་ན་ཆོས་ཀྱི་འཁོར་ལོ་སྟེ། ཆོས་སོགས་གསུངས་པའི་ཕྱིར། ལྔ་པ་ཆོས་ཕུང་གི་ཚད་ཡོད་དེ། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། ། ཞེས་འབྱུང་བ་ལྟར་བཞེད་པ་མི་མཐུན་པ་ཡོད་ཀྱང་། སློབ་དཔོན་དབྱིག་གཉེན་རང་ལུགས་ནི་ཕྱི་མ་ལྟར་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཆོས་ཕུང་གི་ཚད་ནི། གླང་པོ་ཆེ་སཱ་ལ་རབ་བརྟན་གྱིས་ཅི་ཙམ་འཁུར་ནུས་པའི་སྣག་ཚས་འབྲི་ནུས་པའི་གསུང་རབ་རེ་ལ་ཆོས་ཕུང་རེའི་ཚད་འཇོག་པའི་ཕྱིར་རོ། །ཆོས་ཕུང་གི་གྲངས་ནི་སྤྱིར་ལུགས་ལ་བརྒྱད་ཁྲི་བཞི་སྟོང་ཡིན་ཡང་། བྱེ་བྲག་སྨྲ་བ་ལྟར་ན་བརྒྱད་ཁྲི་ཡིན་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །ཅེས་གསུངས་པའི་ཕྱིར། གཉིས་པ་བཀའ་བསྟན་བཅོས་ཀྱི་རྣམ་བཞག་བཤད་པ་ལ། བཀའ་བཤད་པ་དང་། བསྟན་བཅོས་བཤད་པ་གཉིས། དང་པོ་ལ། ངོ་བོ། ། དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ་དང་གསུམ། དང་པོ་ཡོདདེ། རང་གསུང་པ་པོ་སངས་རྒྱས་འཕགས་པས་གདུལ་བྱའི་མི་མཐུན་ཕྱོགས་སྤོང་ཕྱིར་དུ་གསུང་པའི་ངག་དེ། སངས་རྒྱས་ཀྱི་བཀའི་མཚན་ཉིད་དམ་ངོ་བོར་འཇོག་པའི་ཕྱིར། བཀའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལེགས་པར་བཤད་པས་ན་དེ་སྐད་ཅེས་བརྗོད་པའི་ཕྱིར། སངས་རྒྱས་ཀྱི་དཀའ་དེ་ཁྱད་ཆོས་བཞི་དང་ལྡན་ཏེ། བརྗོད་བྱའི་དོན་དང་ལྡན། རྗོད་བྱེད་ཀྱི་ཚིག་དང་འབྲེལ། འདུལ་བྱའི་མི་མཐུན་ཕྱོགས་སྤོང་ཕྱིར་གསུངས། ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ་བཞི་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། གང་ཞིག་དོན་དང་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་ཕྱིར་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། དེ་ནི་དྲང་སྲོང་གསུང་ཡིན་ལོག་པ་གཞན། །ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་བཀའི་ཆ་འགའ་ཞིག་ལ་དེ་ལྟ་བུའི་ཁྱད་ཆོས་བཞི་དངོས་སུ་མ་ཚང་ཡང་མི་འགལ་ཏེ། དེའི་རིགས་གནས་སུ་འཇོག་པའི་ཕྱིར། གཉིས་པ་དབྱེ་ན་དུ་མ་ཡོད་དེ་དུས་དང་བརྗོད་བྱ་དང་བརྗོད་བྱེད་དང་གདུལ་བྱ་དང་གཉེན་པོ་དང་བདག་རྐྱེན་གྱི་སྒོ་ནས་དབྱེ་བ་དང་དྲུག་ཡོད་པའི་ཕྱིར། བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་གསུམ་ཡོད་དེ། ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པའི་བཀའ་གསུམ་ཡོད་པའི་ཕྱིར་ཏེ། མདོ་སྡུད་པ་ལྟ་བུ་ཞལ་ནས་གསུངས་པའི་བཀའ། གླེང་གཞི་དང་མཚམས་སྦྱར་དང་མཐུན་འགྱུར་དང་རྗེས་སུ་ཡིད་རང་བའི་མདོ་རྣམས་ནི་རྗེས་སུ་གནང་བའི་བཀའ་ཡིན་ཡིན་པའི་ཕྱིར། བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་ཡོད་དེ། སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་པའི་བཀའ་གསུམ་ཡོད་པའི་ཕྱིར་ཏེ། སྐུའི་སྒོ་ནས་བྱིན་གྱིས་བརླབས་པའི་བཀའ་ནི་ས་བཅུ་པའ་ིམདོ་ལྟ་བུ། གསུང་གིས་བྱིན་གྱིས་བརླབས་པའི་བཀའ་ནི་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ་ཡིན་པའི་ཕྱིར། ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་ཡོད་དེ། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་ཤེར་སྙིང་ལྟ་བུ། ཐུགས་བདེན་པས་བྱིན་གྱིས་བརླབས་པ་ནི། བདེན་སྟོབས་བརྗོད་པས་ལྗོན་ཤིང་སོགས་ལས་ཆོས་སྟོན་པ་ལྟ་བུ། ཐུགས་འཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པ་ནི། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་དབང་གིས་གནོད་སྦྱིན་སོགས་ཀྱིས་ཐོལ་བྱུང་དུ་སྨྲས་པའི་རིག་སྔགས་ཁྱད་པར་ཅན་ལྟ་བུ་ཡིན་པའི་ཕྱིར། འདིར་ཁ་ཅིག་གླེང་གཞི་དང་མཚམས་སྦྱར་སོགས་ནི་སངས་རྒྱས་འཕགས་པ་རང་ཉིད་ཀྱིས་བརྩམས་པ་མ་ཡིན་ཏེ། དེ་དག་ཕྱིས་སྡུད་པ་པོས་བརྩམས་ཀྱང་སངས་རྒྱས་ཀྱིས་རྗེས་སུ་གནང་ཞིང་བྱིན་གྱིས་བརླབས་པས་སངས་རྒྱས་ཀྱི་བཀར་བཞག་པ་ཙམ་ཡིན་པའི་ཕྱིར། དཔེར་ན། རྒྱལ་པོའི་བཀའ་བཞིན་དུ་གཞན་གྱིས་སྨྲས་པ་ལ་རྒྱལ་པོའི་བཀའ་ཞེས་བརྗོད་པ་བཞིན་ནོ། །གཞན་དུ་ན་སངས་རྒྱས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་རྗེས་སུ་དེ་དག་སངས་རྒྱས་ཀྱིས་ཇི་ལྟར་བརྩམས་ཞེས་ཟེར་ཏེ་དཔྱད་པར་ བྱའོ། །གཉིས་པ་བསྟན་བཅོས་ལ། ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན་དང་གསུམ། དང་པོ་ཡོད་དེ། རང་རྩོམ་པ་པོ་སེམས་ཅན་གྱིས་རང་གི་གྲུབ་མཐའ་སྟོན་པའི་ཕྱིར་དུ་བརྩམས་པའི་རིགས་གནས་ཀྱི་ངག་དེ། བསྟན་བཅོས་ཀྱི་ངོ་བོའམ་མཚན་ཉིད་དུ་རིགས་པའི་ཕྱིར། ཕྱི་རོལ་བའི་བསྟན་བཅོས་རྣམས་ནི་བསྟན་བཅོས་སུ་མི་བཞེད་པ་མང་ཡང་། འདིར་རྗེ་བཙུན་བསྟན་དར་བའི་བཞེད་པ་ལྟར་བསྟན་བཅོས་སུ་འདོད་ལ། ནང་པའི་བཀའི་དགོངས་འགྲེལ་དུ་བརྩམས་པའི་བསྟན་བཅོས་རྣམས་ནི། བསྟན་བཅོས་རྣམ་དག་ཡིན་ཞིང་། དེ་ལ་བསྟན་བཅོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཤེས་རྒྱུད་བསླབ་གསུམ་གྱི་ངོ་བོར་འཆོས་ཤིང་མི་མཐུན་ཕྱོགས་ལས་སྐྱོབ་པས་ན་དེ་སྐད་ཅེས་བརྗོད་པའི་ཕྱིར་ཏེ། རྣམ་བཤད་རིག་པ་ལས། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཉིད། །ཞེས་གསུངས་པའི་ཕྱིར། སེམས་རྙེད་བཀུར་སོགས་ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་པ་མིན་པར་རྒྱལ་བའི་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཆེད་དུ་དམིགས་ནས་བརྩམས་པའི་བསྟན་བཅོས་རྣམ་དག་ནི་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླངས་ནས་གུས་པས་མཆོད་པར་བྱར་རིགས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླངས། ཞེས་གསུངས་པའི་ཕྱིར། གཉིས་པ་དབྱེ་ན། བརྗོད་བྱའི་སྒོ་ནས་དུ་མ་ཡོད་ཀྱང་། ངོ་བོའི་སྒོ་ནས་གཉིས་ཡོདདེ། ཕྱི་ནང་གི་བསྟན་བཅོས་གཉིས་ཡོད་པའི་ཕྱིར། གསུམ་པ་ཕྱེ་བ་སོ་སོའི་དོན་ནི། རྣམ་བཤད་རིག་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་ པ། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་འབྱུང་བ་ལྟར། དོན་མེད་ཀྱི་བསྟན་བཅོས་དོན་ལོག་པ་དང་། ཐོས་པ་ཙམ་ལྷུར་ལེན་པ་དང་། རྩོད་པ་ཙམ་ལྷུར་ལེན་པ་དང་། ངན་གཡོ་སྟོན་པ་དང་། བརྩེ་བ་དང་བྲལ་བའི་བསྟན ་བཅོས་དྲུག་ནི་རྣམ་དག་མིན་པའི་བསྟན་བཅོས་ལྟར་སྣང་ཡིན་ཏེ། མཚན་གཞི་ནི་རིམ་པ་བཞིན་དུ། སྒྲ་རྟག་པར་སྟོན་པའི་བསྟན་བཅོས་ལྟ་བུ་དང་པོ། །སྐྱེ་བ་སྔ་ཕྱི་མེད་པར་སྟོན་པ་ལྟ་བུ་གཉིས་པ། ཕྱི་རོལ་པའི་རིག་བྱེད་སྟོན་པ་ལྟ་བུ་གསུམ་པ། ཕྱི་རོལ་པའི་རྟོག་གེའི་རིགས་སྟོན་པ་བཞི་པ། ཕྱི་རོལ་པའི་སྒྱོགས་དང་འཁྲུལ་འཁོར་གཞས་སྟོན་པ་ལྟ་བུ་ལྔ་པ། ཕྱུགས་ཀྱི་མཆོད་སྦྱིན་བྱེད་པར་སྟོན་པའི་ཕྱི་རོལ་དེའི་བསྟན་བཅོས་ལྟ་བུ་དྲུག་པ་ཡིན་པའི་ཕྱིར། ཡང་། དོན་དང་ལྡན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས། སྡུག་བསྔལ་སྤོང་བའི་ཐབས་སྟོན་པའི་བསྟན་བཅོས་གསུམ་ནི་བསྟན་བཅོས་རྣམ་དག་ཡིན་ཞིང་། མཚན་གཞི་ཡོད་དེ། མངོན་རྟོགས་རྒྱན་དང་མདོ་སྡེ་རྒྱན་གཉིས་དེ་གསུམ་ཀའི་མཚན་གཞི་ཡིན་པའི་ཕྱིར། གནས་ཀྱི་སྒོ་ནས་ལྔ་ཡོད་དེ། བཟོ་རིག་པ་སྟོན་པའི་བསྟན་བཅོས། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟོན་པའི་བསྟན་བཅོས་རྣམས་སུ་ཡོད་པའི་ཕྱིར། མཚན་གཞི་ཡོད་དེ། རིམ་པ་བཞིན་དུ་འཕགས་པ་ཤཱ་རིའི་བུས་མཛད་པའི་སྐུ་གཟུགས་ཀྱི་ཆ་ཚད་སྟོན་པ་ལྟ་བུ་དང་པོ། དཔའ་བོས་མཛད་པའི་སྨན་དཔྱད་ཡན་ལག་བརྒྱད་པ་ལྟ་བུ་གཉིས་པ། ཙནྜ་གོ་མིས་མཛད་པའི་སྒྲ་མདོ་ལྟ་བུ་གསུམ་པ། ཕྱོགས་གླང་། ཆོས་གྲགས་ཀྱི་མཛད་པའི་ཚད་མའི་བསྟན་བཅོས་ལྟ་བུ་བཞི་པ། བྱམས་ཆོས་སྡེ་ལྔ་དང་རིགས་ཚོགས་དྲུག་ལྟ་བུ་ལྔ་པ་ཡིན་པའི་ཕྱིར། གཞན་ཡང་། འཁོར་ལོ་གསུམ་སོ་སོའི་དགོངས་འགྲེལ་དང་ཐུན་མོང་བའི་དགོངས་འགྲེལ་རྣམས་ལས་ལྟ་བའི་ཆ་གཙོ་བོར་འགྲེལ་པ་དང་སྤྱོད་པའ་ིཆ་གཙོ་བོར་འགྲེལ་པ་ད ང་ལྟ་སྤྱོད་ཆ་མཉམ་དུ་འགྲེལ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། རྩ་བ་ཤེས་རབ་དང་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལྟ་བུ་དང་། གཉིས་པ་ནི། མངོན་རྟོགས་རྒྱན་དང་ས་སྡེ་ལྔ་ལྟ་བུ་དང་། གསུམ་པ་ནི། བསླབ་སྤྱོད་གཉིས་ལྟ་བུ་སོགས་ཡིན་པའི་ཕྱིར། གཞན་བསྟན་བཅོས་ཀྱི་རིགས་ལ་དབྱེ་བ་མང་དུ་ཡོད་ཅིང་། སངས་རྒྱས་ཀྱི་བཀའ་ལ་ཡང་བསྟན་བཅོས་ཀྱི་སྒྲ་བཤད་དུ་ཡོད་པ་ལ་དགོངས་ནས་བསྟན་བཅོས་ཞེས་ཚད་ལྡན་གྱི་གཞུང་དུ་མ་ལས་འབྱུང་བ་ལ་བརྟེན་ནས་མཁས་པ་མང་པོས་བཀའ་དང་བསྟན་བཅོས་གཉིས་མི་འགལ་བར་མ་ཟད། བཀའ་ལ་བསྟན་བཅོས་ཀྱིས་ཁྱབ་པར་འདོད་ཀྱང་། འདིར་བཀའ་དང་བསྟན་བཅོས་འགལ་བར་འདོད་པ་ཡིན་ཏེ། དེ་གཉིས་སངས་རྒྱས་དང་སེམས་ཅན་གྱི་ངག་ཡིན་མིན་གྱི་སྒོ་ནས་འཇོག་པའི་ཕྱིར་རོ། །༈ གསུམ་པ་འཁོར་ལོ་གསུམ་གྱི་གྲངས་ངེས་འགྲེལ་ཚུལ་ལ། དགོངས་འགྲེལ་ལས་བཤད་ཚུལ་དང་། གཟུངས་རྒྱལ་གྱི་མདོ་ནས་བཤད་ཚུལ་གཉིས། དང་པོ་ལ། སེམས་ཙམ་པ་དང་། དབུ་མ་པའི་ལུགས་གཉིས། དང་པོ་ལ། མདོ་སྡེ་ལ་འགལ་སྤོང་གི་དྲི་ལན་དང་། གྲུབ་དོན་ཇི་ལྟར་ཞུས་པའི་ཚུལ་གཉིས། དང་པོ་ཡོད་དེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཞེས་པ་ནས། བདག་ཡོངས་སུ་ཞུ་ལགས་སོ་ཞེས་པའི་བར་གྱི་དྲི་བ་དང་། དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། ཞེས་པ་ནས། དོན་དམ་པ་ངོ་བོ་ཉིད་མེད་ཅེས་བྱ་བའོ་ཞེས་པའི་བར་གྱིས་དྲི་བའི་ལན་བསྟན་པའི་ཕྱིར། གཉིས་པ་ནི། བཤད་བྱ་གྲུབ་དོན་གྱི་མདོ་འགོད་པ་ད ང་། དེའི་དོན་བཤད་པ་གཉིས། དང་པོ་ཡོད་དེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ། ཞེས་པ་ནས། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་པའི་བར་གསུངས་པའི་ཕྱིར། གཉིས་པ་ལ། དོན་བསྡུས་ཏེ་བཤད་པ་དང་། གྲངས་ངེས་འགྲེལ་ཚུལ་བཤད་པ་གཉིས། དང་པོ་ལ། ཞུ་བའི་རྒྱུ་མཚན་དང་། དོན་བཤད་པ་གཉིས། དང་པོ་ཞུ་བའི་རྒྱུ་མཚན་ཡོད་དེ། སྔར་དོན་དམ་ཡང་དག་འཕགས་ཀྱིས་འགལ་སྤོང་ཞུས་པའ་ིལན་སྟོན་པས་གསུངས་པ་ན། སླར་ཡང་དག་འཕགས་ཀྱིས་སྟོན་པ་ལ་བདག་གིས་གྲུབ་དོན་འདི་ལྟར་གོའོ་ཞེས་ཞུས་པ་ཡིན་པའི་ཕྱིར། གཉིས་པ་འདིའི་མདོ་ཚན་གསུམ་གྱིས་བརྗོད་བྱ་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ། དང་པོ་ལ་བདེན་པ་བཞིའི་རྣམ་པ་བསྟན་པ་ཞེས་པ་ཡན་གྱིས་འཁོར་ལོ་དང་པོ་གསུངས་པ་པོ་དང་གསུངས་པའི་དུས་དང་ཡུལ་དང་གདུལ་བྱ་དང་བརྗོད་བྱ་རྣམས་རིམ་པར་བསྟན། ཆེས་ངོ་མཚར་བ་ནས་རབ་ཏུ་བསྐོར་ཏེ་ཞེས་པ་ཡན་གྱིས་དབྱེ་བའི་ཡོན་ཏན་དེ་བསྟན། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་ཞེས་པ་མན་ཆད་ཀྱིས་འདིའི་གོང་ན་ངེས་དོན་གྱི་མདོ་གཞན་ཡོད་པས་བླ་ན་མཆིས་པ། རྒོལ་བ་གཞན་གྱིས་ཀླན་ཀའི་སྐབས་མཆིས་པ། སྒྲ་ཇི་བཞིན་བཟུང་དུ་མི་རུང་བས་དྲང་བའི་དོན། དོན་གསལ་བར་མ་ཕྱེ་བས་དགོངས་པ་གང་ཡིན་མི་མཐུན་པའི་རྩོད་པའི་གནས་སུ་གྱུར་པར་བསྟན། གཉིས་པ་ལ། ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ་ཞེས་པ་ཡན་གྱིས་འཁོར་ལོ་གཉིས་པ་གསུངས་པ་པོ་སོགས་སྔར་དང་འདྲ་བར་བསྟན། གསུམ་པ་ལ། གསུམ་པ་བསྐོར་ཏེ་ཞེས་པའི་བར་གྱིས་འཁོར་ལོ་གསུམ་པ་གསུང་པ་པོ་སོགས་སྔར་ལྟར་བསྟན་ནས། འདི་ནི་བླ་ན་མ་མཆིས་པ་ཞེས་པ་མན་ཆད་ཀྱིས་འདིའི་གོང་ན་ངེས་དོན་གྱི་མདོ་གཞན་མེད་པ་དང་། ཀླན་ཀ་མ་མཆིས་པ་དང་། སྒྲ་ཇི་བཞིན་པར་ཁས་བླང་དུ་རུང་བའི་ངེས་པའི་དོན་དང་། དོན་གསལ་བར་ཕྱེ་བས་རྩོད་པའི་གནས་མ་ཡིན་པར་བསྟན་པའི་ཕྱིར། གཉིས་པ་གྲངས་ངེས་འགྲེལ་ཚུལ་མདོར་བསྡུ་ན་བཞི་སྟེ། འཁོར་ལོ་དང་པོ་དྲང་དོན་དུ་འགྲེལ་ཚུལ་དང་། བར་པ་དྲང་དོན་དུ་འགྲེལ་ཚུལ་དང་། ཐ་མ་ངེས་དོན་དུ་གྲུབ་པ་དང་། དེའི་སྒོ་ནས་ལུགས་འདིའི་མཚན་ཉིད་གསུམ་གྱི་འཇོག་ཚུལ་ལོ། །དང་པོ་ལ། འདིར་འཁོར་ལོ་དང་པོ་དྲང་དོན་གྱི་མདོ་ཡིན་ཏེ། དེས་ཕྱིར་དོན་བསྟན་པ་དེ་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་འཇོག་པའི་ཕྱིར། དགོངས་གཞི་ཡོད་དེ། ཀུན་གཞིིའི་རྣམ་ཤེས་ཀྱི་སྟེང་དུ་ཕྱི་རོལ་དོན་སྣང་གི་བག་ཆགས་བཞག་པ་སྨིན་པ་ལ་བརྟེན་ནས་ཕྱི་རོལ་དོན་སྣང་གི་རྣམ་ཤེས་སྐྱེ་བ་ལ་དགོངས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་ཉི་ཤུ་པ་ལས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར། དགོས་པ་ཡོད་དེ། ཐབས་དེས་གདུལ་བའི་དོན་སྨྲ་སྡེ་གཉིས་རྗེས་སུ་འཛིན་པའི་ཆེད་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པ་ནི། ། དེས་འདུལ་སྐྱེ་བོའི་དོན་དུའོ། །ཞེས་གསུངས་པའི་ཕྱིར། དངོས་ལ་གནོད་བྱེད་ཡོད་དེ། ཕྱི་དོན་འགོག་པའི་ལུང་རིགས་རྣམས་ཀྱིས་གནོད་པའི་ཕྱིར། གཉིས་པ་ལ་འཁོར་ལོ་བར་པ་དྲང་དོན་གྱི་མདོ་ཡིན་ཏེ། དེས་ཆོས་རྣམས་ཕྱོགས་གཅིག་ཏུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྟན་པ་དེ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་དང་བཅས ་པའི་ཕྱིར། དགོངས་གཞི་ཡོད་དེ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་མེད་པ་དང་། གཞན་དབང་བདག་ལས་སྐྱེེ་བའི་ངོ་བོ་ཉིད་མེད་པ་དང་ཡོངས་གྲུབ་ཆོས་བདག་གི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་དེར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་གསུངས་པའི་ཕྱིར་ཏེ། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། ། དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར། དགོས་པ་ཡོད་དེ། ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་ཅན་རྗེས་སུ་འཛིན་པའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ཡོད་དེ། གཞན་དབང་དང་ཡོངས་གྲུབ་གཉིས་སོ་སོར་བདེན་གྲུབ་ཏུ་སྟོན་པའི་ལུང་རིགས་རྣམས་ཀྱིས་གནོད་པའི་ཕྱིར་རོ། །གསུམ་པ་ལ། འཁོར་ལོ་ཐ་མ་ངེས་དོན་དུ་གྲུབ་པ་ཡིན་ཏེ། འཁོར་ལོ་དང་བར་གཉིས་ཀྱི་དགོངས་པ་འཁོར་ལོ་ཐ་མས་ལེགས་པར་བཀྲལ་བ་ལ་བརྟེན་ནས་དང་བར་གཉིས་དྲང་དོན་དང་ཕྱི་མ་ངེས་དོན་དུ་གྲུབ་པའི་ཕྱིར། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། དང་པོ་དྲང་དོན་དུ་བཀྲལ་བས་རྟག་མཐའ་སྤོང་། བར་པ་དྲང་དོན་དུ་བཀྲལ་བས་ཆད་མཐའ་སྤོང་པར་བྱེད་པའི་ཕྱིར། དེར་ཐལ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པར་རྟག་པའི་མཐར་འཛིན་དང་གཞན་དབང་ཡོངས་གྲུབ་བདེན་མེད་དུ་འཛིན་པ་དེ་ཆད་པའི་མཐར་འཛིན་ཡིན་པའི་ཕྱིར། འཁོར་ལོ་ཐ་མ་ལ་བརྟེན་ནས་དེ་གཉིས་སྤོང་ནུས་པ་ཡིན་ཏེ། དེར་འཁོར་ལོ་བར་པ་དྲང་དོན་དུ་བཤད་པ་ལ་བརྟེན་ནས་འཁོར་ལོ་དང་པོ་ཡང་དྲང་དོན་རྩ་འགྲེལ་བའི་ཚུལ་གྱིས་དེ་གཉིིིས་སྤོང་བར་བྱེད་པའི་ཕྱིར། དེར་ཐལ། གཟུགས་སོགས་གཞན་དབང་གི་ཆོས་རྣམས་ཀྱི་སྟེང་དུ་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། དེ་ལྟར་མ་གྲུབ་པ་དེ་ཡོངས་གྲུབ་ཏུ་བསྒྲུབས་ཤིང་དེ་དང་གཞན་དབང་གཉིས་བདེན་གྲུབ་དུ་བསྟན་པ་ལ་བརྟེན་ནས་ལུགས་འདིའི་མཚན་ཉིད་གསུམ་དང་བདེན་པ་གཉིས་ཀྱི་རྣམ་གཞག་ཀྱང་འཐད་པ་གྲུབ་པའི་ཕྱིར། བཞི་པ་ལ་དེ་ལྟར་བྱས་ན་ངོ་བོ་ད ང་ཁྱད་པར་ལ་ཀུན་བཏགས་པའི་ཀུ་བཏགས་འཇོག་ཚུལ་ཡོད་དེ། འདི་ནི་གཟུགས་སོ་ཞེས་ཐ་སྙད་བཏགས་པའི་ཀུན་བཏགས་པའི་ཆ་དེ་ངོ་བོ་ལ་ཀུན་བཏགས་པའི་ཀུན་གཏགས་དང་། འདི་ནི་གཟུགས་ཀྱི་སྐྱེ་བའོ། ། འགག་པ་པོ་ཞེས་སོགས་ཐ་སྙད་བཏགས་པའི་ཆ་དེ་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཡིན་པའི་ཕྱིར། ཡོངས་གྲུབ་འཇོག་ཚུལ་ཡོད་དེ། དེ་ལྟར་བཏགས་པ་ལྟར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཡོངས་གྲུབ་ཏུ་འཇོག་པའ་ིཕྱིར། འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་གཞན་དབང་ཡིན་ལ། གཟུགས་སོགས་གཞན་དབང་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱི་གྲུབ་པ་ནི་མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་ཞེས་བྱ་ཞིང་། དེ་འགོག་བྱེད་ཀྱི་རིགས་པ་ཡོད་དེ། ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་འདྲེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། ། བདག་འདྲེས་འགལ་བས་གྲུབ་པར་འགྱུར། ཞེས་འབྱུང་བ་འདི་ལྟ་བུ་ཡིན་པའི་ཕྱིར། འདི་ལ་རིགས་པ་གསུམ་གསུངས་པའི་དང་པོ་ནི། ལྟོ་ལྡིར་བ་ལ་བུམ་པའོ་སྙམ་པའི་བློ་སྐྱེ་བ་དེ་བརྡ་ལ་མི་ལྟོས་པར་ཐལ། ལྟོ་ལྡིར་བ་དེ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་གཞི་དེར་རང་གི་དངོས་པོའི་གནས་ལུགས་ཀྱི་དབང་གིས་གྲུབ་པའི་ཕྱིིིར། འདོད་ན། བརྡ་མི་ཤེས་པའི་བྱིས་པས་ཀྱང་ལྟོ་ལྡིར་བ་མཐོང་ཙམ་ཉིད་ནས་འདི་ནི་བུམ་པའོ་སྙམ་པའི་བློ་སྐྱེ་བར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་སྐྱེ་བ་མ་མཐོང་བའི་ཕྱིར། རིགས་པ་གཉིས་པ་ནི། བརྒྱ་བྱིན་གཅིག་ལ་དབང་པོ་དང་གྲོང་འཇོམས། མིག་སྟོང་པ་སོགས་མིང་དུ་མ་བཏགས་པའི་ཚེ་མིང་དེ་དག་བརྒྱ་བྱིན་གཅིག་ལ་དངོས་དབང་གིས་འཇུག་པར་ཐལ། བརྒྱ་བྱིན་གཅིག་པོ་དེ་མིང་དུ་མ་དེ་དག་ལ་འཇུག་པའི་འཇུག་གཞིར་དངོས་དབང་གིས་གྲུབ་པའི་ཕྱིར། འདོད་ན། མིང་དུ་མ་བཞིན་དུ་བརྒྱ་བྱིན་གཅིག་པོ་དེ་ཡང་རྒྱུད་དུ་མར་ཐལ་ལོ། །རིགས་པ་གསུམ་པ་ནི། སྐྱེས་བུ་གཉིས་ལ་བཀྲ་ཤིས་ཞེས་མིང་གཅིག་བཏགས་པའི་ཚེ་མིང་གཅིག་པོ་དེ་སྐྱེས་བུ་དེ་གཉིས་ལ་དངོས་དབང་གིས་འཇུག་པར་ཐལ། སྐྱེས་བུ་གཉིས་པོ་དེ་མིང་གཅིག་པོ་དེ་འཇུག་པའི་འཇུག་གཞིར་དངོས་པོའི་གནས་ལུགས་ཀྱི་དབང་གིས་གྲུབ་པའི་ཕྱིར། འདོད་ན། མིང་གཅིག་ཡིན་པ་དེ་བཞིན་དུ་སྐྱེས་བུ་གཉིས་པོ་དེ་ཡང་རྒྱུད་གཅིག་ཏུ་འདྲེས་པར་ཐལ། འདོད་པ་དེའི་ཕྱིར། དེས་གཞན་ཡང་མཚོན་ནུས་ཤིང་། ལྷག་མ་རྣམས་ནི་གཞན་དུ་བཤད་ཟིན་པས་འདིིར་བཞག་གོ །༈ གཉིས་པ་དབུ་མ་པའི་ལུགས་ལ། རང་རྒྱུད་པ་དང་། ཐལ་འགྱུར་པའི་ལུགས་བཤད་པ་གཉིས། དང་པོ་ནི། ཐལ་རང་གཉིས་ཀས་བློ་གྲོས་མི་ཟད་པས་མདོ་ལ་བརྟེན་ནས་དྲང་ངེས་འབྱེད་པ་ཡིན་ཀྱང་། དྲང་ངེས་འདོད་ཚུལ་མི་འདྲ་སྟེ། དབུ་མ་རང་རྒྱུད་པ་རྣམས་ཀྱིས་གྲུབ་དོན་ནས་དངོས་སུ་བཤད་པའི་འཁོར་ལོ་དང་པོ་ལ་དྲང་དོན་གྱི་མདོས་ཁྱབ་ཅིང་། འཁོར་ལོ་བར་མཐའ་གཉིས་ལ་དྲང་ངེས་ཀྱི་མདོ་གཉིས་རེ་ཡོད་པར་བཞེད་པའི་ཕྱིར། བར་མཐའ་གཉིས་ལ་དེ་ལྟར་བཞེད་པ་ཡིན་ཏེ། ཡུམ་གྱི་མདོ་དང་། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལྟ་བུ་ངེས་དོན་གྱི་མདོ་དང་། ཤེས་རབ་སྙིང་པོ་དང་། བྱམས་ཞུས་ཀྱི་ལེའུ་ལྟ་བུ་དྲང་དོན་གྱི་མདོར་བཞེད་པའི་ཕྱིར། ཤེས་རབ་སྙིང་པོ་དྲང་དོན་དུ་འགྲེལ་བའི་རྒྱུ་མཚན་ཡོད་དེ། དེ་ཡི་འགོ་འཇུག་གང་རུང་དུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བ་ལྟར་ཁས་ལེན་དུ་མི་རུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཡུམ་གྱི་མདོའི་བར་བར་དུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བ་ཡོད་ཀྱང་དྲང་དོན་དུ་མི་འགྲེལ་ཏེ། དེའི་འགོ་འཇུག་གང་རུང་དུ་སྦྱར་བ་དེ་དངོས་སུ་མ་སྦྱར་བ ་དག་ལ་ཡང་འཁྱེར་དགོས་པས་སྐྱོན་དུ་མི་འགྱུར་བའ་ིཕྱིར། ཤེས་རབ་སྙིང་པོ་ལས་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་བལྟ་བའོ། །ཞེས་པ་འདིས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ཡང་དངོས་སུ་སྦྱར་བ་མི་འདོད་དེ། ལུགས་འདིར་རང་བཞིན་གྱིས་གྲུབ་པ་ཐ་སྙད་དུ་བཞེད་པའ་ིདབང་གིས་ཡིན་པའི་ཕྱིར། གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་འགྲེལ་ཚུལ་ཡོད་དེ། དགོངས་འགྲེལ་ལས་དངོས་སུ་གསུངས་པའི་འཁོར་ལོ་དང་བར་གཉིས་ལ་ངེས་དོན་གྱི་མདོས་ཁྱབ། དེས་ནས་དངོས་སུ་བཤད་པའི་འཁོར་ལོ་ཐ་མ་ལ་དྲང་དོན་གྱིས་མདོས་ཁྱབ་པར་བཞེད་པའི་ཕྱིར། ཤེས་རབ་སྙིང་པོ་ངེས་དོན་གྱི་མདོར་བཞེད་པ་ཡིན་ཏེ། དེར་ཕུང་པོ་ལྔ་རང་བཞིན་གྱིས་སྟོང་པར་གསུངས་པ་ནི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་སྒྲ་ཇི་བཞིན་པ་ཡིན་པར་བཞེད་པའི་ཕྱིར། གཉིས་པ་ལ། གཟུངས་རྒྱལ་ནས་འཁོར་ལོ་གསུམ་གྱི་ཐ་སྙད་དངོས་སུ་མ་གསུངས་ཀྱང་གདུལ་བྱ་བཀྲི་བའི་རིམ་པའི་དབང་དུ་བྱས་པའི་འཁོར་ལོ་གསུམ་གསུངས་པ་ཡིན་ཏེ། དེའི་རིམ་པ་དང་པོས་གདུལ་བྱའི་འཁོར་བ་ལ་ཡིད་འབྱུང་བའི་ཚུལ་བསྟན། བར་པས་ཟབ་མོའི་ལམ་ལ་ཁྲིད་པའི་ཚུལ་བསྟན། གསུམ་པས་ཟབ་པ་དང་རྒྱ་ཆེ་བའི་སྤྱོད་པ་གཉིས་ཀས་ཟུང་འབྲེལ་གྱི་སངས་རྒྱས་སྒྲུབ་པའི་ཚུལ་བསྟན་ཅིང་། དེ་ཡང་གདུལ་བྱ་རྒྱུད་གཅིག་ལམ་ལ་རིམ་གྱིས་འཁྲིད་པའ་ིདབང་དུ་མཛད་པ་ཡིན་པའི་ཕྱིར་རོ། །༈ དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་ཞེས་སོགས་ཀྱི་སྐབས་སུ་གཉིས། རྩོད་པ་དང་། དེའི་ལན་བཤད་པའོ། །དང་པོ་ནི། འདིར་རྩོད་མཁན་དངོས་སུ་མེད་ཀྱང་སློབ་དཔོན་གྱིས་དོགས་པ་བསུ་བའི་དབང་དུ་མཛད་དེ། རྗེ་བཙུན་གྱིས་མཆོད་བརྗོད་ཀྱི་སྐབས་སུ་གཞུང་གཞན་ནས་མཆོད་བརྗོད་ཀྱི་ཡུལ་དུ་སྨོས་པའི་སངས་རྒྱས་བྱང་སེམས་སོགས་ལ་བསྟོད་ཕྱག་དངོས་སུ་མཛད་པར་ཡུམ་མཁྱེན་པ་གསུམ་ལ་བསྟོད་ཕྱག་མཛད་པས། མཁྱེན་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་ཞིག་རྩོམ་མམ། དེ་རྩོམ་ན་ཡུལ་གཞིི་གཉེན་རྣམ་གསུམ་གཏན་ལ་མ་ཕབ་པར་ཡུམ་མཁྱེན་པ་གསུམ་གཏན་ལ་འབེབས་མི་ནུས་པས། གཞི་གཉེན་རྣམ་པ་གསུམ་གྱི་ནང་ནས་གཞི་ཁོ་ན་བརྗོད་བྱར་བྱེད་དམ། གཉེན་པོ་ཁོ་ན་བརྗོད་བྱར་བྱེད་དམ། རྣམ་པ་ཁོ་ན་བརྗོད་བྱར་བྱེད་བརྟག་གྲང་། དང་པོ་ལྟར་ན་མི་འཐད་དེ། ཆོས་མངོན་པ་དང་ཟློས་པའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ་ཆོས་མངོན་པ་ནས་གཞི་ཕུང་ཁམས་སོགས་གཏན་ལ་ཕབ་པ་ལས་ལྷག་འདིར་མི་འབྱུང་བའི་ཕྱིར། གཉིས་པ་ལྟར་ན་ཡང་མི་རིགས་ཏེ། གཉེན་པོ་ཁོ་ན་བརྗོད་དེ་ཀུན་ནས་ཉོན་མོངས་ཕྱོགས་མ་བསྟན་ན་གཉེན་པོ་རྣམས་སྤང་བྱ་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པར་མི་འགྱུར་བའི་ཕྱིར། གསུམ་པ་ལྟར་ན་རྣམ་པ་གཞི་བཅས་སུ་སྟོན་ནམ། གཞི་མེད་དུ་སྟོན། དང་པོ་ལྟར་ན་མི་འཐད་དེ། མངོན་པ་དང་ཟློས་པའི་སྐྱོན་དེ་ཉིད་དུ་འགྱུར་བའི་ཕྱིར་གཉིས་པ་ལྟར་ནའང་མི་འཐད་དེ། མི་རྟག་པ་དང་བདག་མེད་པ་སོགས་རྣམ་པ་རྣམས་གཞི་གང་དང་འབྲེལ་བ་ཁོང་དུ་ཆུད་མི་ནུས་པས་བསྟན་བཅོས་བརྩམས་པ་དོན་མེད་དུ་ཐལ་བའི་ཕྱིར་རོ། །ཞེ་ན། གཉིས་པ་ལན་ལ། ལན་དངོས་དང་། ཤེས་བྱེད་ཀྱི་ལུང་དགོས་པ་དང་། ལུང་གི་དོན་བཤད་པ་དང་། དོན་བསྡུ་བ་བཞིའོ། ། དང་པོ་ནི། དེ་ནི་མ་ཡིན་ཏེ་གང་གི་ཕྱིར་ཞེས་སོགས་ཀྱིས་བསྟན་ཏེ། མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ཀྱིས་གཞི་གཉེན་རྣམས་རེ་རེ་ཁོ་ན་བརྗོད་བྱར་བསྡུས་པའི་སྒ་ོནས་སྐྱོན་མེད་དེ། ཁྱོད་ཀྱིས་གཞི་གཉེན་རྣམ་གསུམ་བརྗོད་བྱར་བྱེད་ཅིང་། དེ་ཡང་གཞི་གཉེན་རྣམ་པ་གསུམ་གས་མཁྱེན་གསུམ་མཚོན་པའི་ཚུལ་གྱིས་མཁྱེན་གསུམ་གཏན་ལ་འབེབས་པའི་ཕྱིར། མཁྱེན་གསུམ་བརྗོད་བྱར་གཏན་ལ་འབེབས་པའི་རྒྱུ་མཚན་ཡོད་དེ། འཕགས་བཞིའི་མངོན་རྟོགས་མཐའ་དག་གཏན་ལ་འབེབས་པར་བཞེད་པའི་ཕྱིར། ཁྱབ་སྟེ། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་མཐའ་དག་བསྡུས་པའི་ཕྱིར། གཉིས་པ་ཤེས་བྱེད་ཀྱི་ལུང་འགོད་པ་ལ། ཡུམ་བར་མ་དང་བསྡུས་པའི་ཤེད་བྱེད་དང་རྒྱས་པའི་ཤེས་བྱེད་ཁ་འཕངས་པ་གསུམ། དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་ཏེ། རྒྱལ་བའི་ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་། ཞེས་པ་ནས། སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་པའི་བར་གསུངས་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ཡོད་དེ། གཞི་ཤེས་ཀྱིས་ཉན་རང་གི་མངོན་རྟོགས་བསྡུས་ཚུལ་དང་། ལམ་ཤེས་ཀྱིས་བྱང་སེམས་དང་། རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་མངོན་རྟོགས་བསྡུས་ཚུལ་གསུམ་ཡོད་པའི་ཕྱིར་ཏེ། གསུམ་ཡོད་དེ། དང་པོ་ནི བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་ཤེས་པ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། ཞེས་སོགས་དང་། གཉིས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་བྱང་ཆུབ་སེམས་པ་རྣམས་ཀྱི་ལགས། ཞེས་སོགས་དང་། གསུམ་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལགས། ཞེས་སོགས་ཀྱིས་འཆད་པའི་ཕྱིར། གཉིས་པ་བསྡུས་པའ་ིཤེས་བྱེད་ཀྱང་ཡོད་དེ། དེ་ཉིད་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་གསུངས་པའི་ཕྱིར། གསུམ་པ་རྒྱས་པ་ལ་ཁ་འཕངས་ཚུལ་ཡོད་དེ། རྒྱས་པ་ལས་ཀྱང་རྒྱ་ཆེར་ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་དང་བཞི་པ་དོན་བཤད་པ་དང་དོན་བསྡུ་བའི་ཚུལ་ཡོད་དེ། དང་པོ་ནི། དེ་ལ་ཐམས་ཅད་ཤེས་པ་ཉིད་ཅེས་སོགས་དང་། གཉིས་པ་ནི། དེ་ལྟ་བས་ན་ཞེས་སོགས་ཀྱིས་འཆད་པའི་ཕྱིར་རོ། །༈ རབ་འབྱོར་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་ཞེས་སོགས་ཀྱི་སྐབས་སུ། འདིར་བསྟན་ཤེས་བྱའི་ལམ་གསུམ་ངོས་བཟུང་བ། དེ་གསུམ་ལམ་གང་ནས་ཤེས་བསྐྱེད་རྫོགས་གསུམ་བྱེད་པ། རྫོགས་སྨིན་སྦྱངས་གསུམ་གྱི་ཚད། ཡང་དག་མཐའ་ངོས་བཟུང་ནས་དེ་མངོན་དུ་བྱས་ཚད། སྤྱིར་བཏང་དམིགས་གསལ་གྱི་དོན་བཤད་པ་དང་ལྔ། དང་པོ་ལ་བཞེད་པ་མི་འདྲ་བ་མང་ཡང་རང་ལུགས་ཡོད་དེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་འདིར་བསྟན་ཤེས་བྱའི་ཉན་ཐོས་ཀྱི་ལམ་དང་། རྣམ་གཞག་གི་དབང་དུ་བྱས་པའི་ཉན་ཐོས་ཀྱི་ལམ་ཡང་ཡིན། དེ་བཞིན་དུ་གཟུགས་འཛིན་གཉིས་སྟོང་མངོན་གསུམ་རྟོགས་པའི་ཡེ་ཤེས་དེ་རང་རྒྱལ་གྱི་ལམ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་སངས་རྒྱས་ཀྱི་ལམ་དུ་འཇོག་པའི་ཕྱིར། དང་པོ་གཉིས་ཉན་རང་གི་རྟོགས་རིགས་སུ་གནས་པ་དང་བསྒོམ་བྱའི་གཙོ་བོ་ཡིན་པས་དེའི་ལམ་ཞེས་ བྱའོ། །དེ་གཉིས་ཉན་རང་གི་ལམ་དངོས་མིན་ཏེ། ཐེག་ཆེན་འཕགས་པའི་རྒྱུད་ལ་ཡང་ཡོད་པའི་ཕྱིར། གཉིས་པ་ལམ་གསུམ་པོ་དེ་ལམ་གང་ནས་ཤེས་སྐྱེད་རྫོགས་གསུམ་བྱེད་པའི་ཚུལ་ཡོད་དེ། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་རིགས་ངེས་རྣམས་ཀྱིས་ས་དང་པོ་ནས་ཉན་རང་གི་རྟོགས་རིགས་རགས་པ་དང་ས་བརྒྱད་པ་ནས་སྤང་རིགས་རགས་པ་ཞིག་རྫོགས་པ་ཡོད་ཀྱང་། དེ་རྣམས་ཀྱིས་ཉན་རང་གི་སྤངས་རྟོགས་ཀྱི་རིགས་མ་ལུས་པར་རྫོགས་པ་དང་སངས་རྒྱས་པ་དུས་མཉམ་པའི་ཕྱིར་ཏེ། དེ་རྣམས་ཀྱིས་སྒྲིབ་གཉིས་ཅིག་ཅར་དུ་སྤོང་བའི་ཕྱིར། དེར་ཐལ། ཀུན་ལས་བཏུས་ལས། ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་། ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ས་དང་པོ་ནས་རྟོག་རིགས་རགས་པ་ཞིག་རྫོགས་ཏེ། ས་དེར་བདག་མེད་གཉིས་མངོན་སུམ་དུ་རྟོགས་པ་འབྱུང་བའི་ཕྱིར་ཏེ། ས་བརྒྱད་པ་ནས་སྤངས་རིགས་རགས་པ་ཞིག་རྫོགས་ཏེ། བདེན་འཛིན་མངོན་འགྱུར་བ་སྤངས་པའི་ཕྱིར། ས་དང་པོ་ནས་ཉན་རང་ལྟར་ཉོན་མོངས་སྤང་བྱའི་གཙོ་བོར་བྱས་ཏེ་སྤོང་བ་ལ་འབད་ན་དེ་སྤོང་ནུས་པ་ཡིན་ཏེ། ས་དང་པོ་བ་དེ་ཉན་རང་ལས་ལམ་གྱི་རྟོགས་པ་དང་བསོད་ནམས་དང་དབང་པོ་སོགས་ཁྱད་ཞུགས་པའི་ལམ་གྱི་ནུས་པ་དང་ལྡན་པའི་ཕྱིར་ཏེ། ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་བྱེད་པར་ཉན་རང་གི་སྤངས་རྟོགས་ཀྱི་བྱེད་པ་འདུས་པའི་དོན་ཡོད་པའི་ཕྱིར། གསུམ་པ་རྫོགས་སྨིན་སྦྱངས་གསུམ་སོ་སོའི་ཚད་ཡོད་དེ། ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་བཞིན་པའི་ངང་ནས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་ནུས་པའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ། འདིར་བསྟན་སྨོན་ལམ་ཡོངས་སུ་རྫོགས་ཚད་དང་། ཞིང་བྱེ་བ་ཕྲག་བརྒྱ་ལ་སོགས་པར་སྐུའི་བཀོད་པ་ཇི་སྙེད་བསྟན་པའི་འཁོར་སེམས་ཅན་གྲངས་མེད་པ་ལ་ཆོས་ཚིགས་བཅད་རེ་བསྟན་པས་ཀྱང་འཕགས་ལམ་ལ་འགོད་ནུས་པའི་རྒྱུའི་དགེ་རྩའི་ནུས་པ་ཡོངས་སུ་རྫོགས་པ་དེ། འདིར་བསྟན་སེམས་ཅན་སྨིན་པའི་ཚད་དང་། རང་ཉིད་གང་དུ་འཚང་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུའི་དགེ་རྩའི་ནུས་པ་ཡོངས་སུ་རྫོགས་པ་དེ། འདིར་བསྟན་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཡིན་པའི་ཕྱིར། ཕྱི་མ་དེ་ལ་ལོངས་སྤྲུལ་གྱི་ཞིང་སྦྱངས་པའི་ཚད་གཉིས་ཡོད་དེ། དང་པོ་ནི། ལོངས་སྐུར་སངས་རྒྱས་པའི་ཞིང་དེར་འཁོར་བྱང་འཕགས་ཤ་སྟག་འབྱུང་བ་དང་། གཉིས་པ་ནི། སྤྲུལ་སྐུར་འཚང་རྒྱ་བའི་ཞིང་ཁྱད་པར་ཅན་དེར་འཁོར་མངོན་ཤེས་ལྔ་ལྡན་ཤ་སྟག་འབྱུང་བའི་དགེ་རྩའི་ནུས་པ་ཡོངས་སུ་རྫོགས་པའི་སྒོ་ནས། དེ་གཉིས་ཀྱི་ཞིང་སྦྱངས་པའི་ཚད་དུ་ཡང་འགྱུར་བའི་ཕྱིར། སྤྲུལ་སྐུར་འཚང་རྒྱ་བའི་ཚུལ་བསྟན་པའི་ཞིང་ཡིན་ན་དག་པའི་ཞིང་ཡིན་པས་མ་ཁྱབ་སྟེ། བདག་ཅག་གི་སྟོན་པ་ནི། ཞིང་འདིར་སྤྲུལ་སྐུར་འཚང་རྒྱལ་བའི་ཚུལ་བསྟན་ཀྱང་འདི་དག་པའི་ཞིང་མ་ཡིན་པའི་ཕྱིར། སྤྲུལ་སྐུའི་ཞིང་དག་པ་རྣམས་ཀྱང་འདྲ་བ་མིན་ཏེ། ཞིང་ཁ་ཅིག་གི་རྒྱ་ཁྱོན་ནི་སྟོང་གསུམ་དང་མཉམ་ཞིང་འཕགས་པ་ཁོ་ནས་སྤྱོད་པ་དང་། འགའ་ཞིིིག་ནི་རྒྱ་ཆུང་ཞིང་སོ་སྐྱེ་ཡང་སྐྱེ་ནུས་ལ། ལ་ལར་སྐྱེས་པ་ནི་སླར་ངན་སོང་དུ་ལྡོག་མི་སྲིད་ཅིང་། འགའ་ཞིག་ཏུ་སྐྱེས་ཀྱང་དེར་ལྡོག་སྲིད་པ་དང་། བདེ་བ་ཅན་ལྟ་བུ་ན་རྫུས་སྐྱེས་དང་། མི་འཁྲུགས་པའི་ཞིང་ན་མངལ་སྐྱེས་ཡིན་པ་སོགས་མི་འདྲ་བ་ཡོད་པའི་ཕྱིར་རོ། །བཞི་པ་ཡང་དག་མཐའ་ངོས་བཟུང་ནས་མངོན་དུ་བྱས་ཚད་བཤད་པ་ལ། སྤྱིར་བསྟན་པ་དང་། འདིར་བསྟན་ཡང་དག་མཐའ་ངོས་བཟུང་བ་གཉིས། དང་པོ་ལ། ཡང་དག་མཐའ་ནི་སྟོང་ཉིད་དང་དོན་གཅིག་སྟེ། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །ཞེས་གསུངས་པའི་ཕྱིར་སྤྱིར་ཡང་དག་མཐའ་མངོན་དུ་བྱས་པའི་སེམས་ཅན་མེད་དེ། དེ་བཞིན་ཉིད་མངོན་དུ་བྱས་པའི་སེམས་ཅན་མེད་པའི་ཕྱིར། དེར་ཐལ། དེ་བཞིན་ཉིད ་མངོན་དུ་བྱས་པའི་གང་ཟག་ལ་སངས་རྒྱས་འཕགས་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་བཞིན་ཉིད་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་གང་ཟག་ཡིན་ན། སངས་རྒྱས་འཕགས་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་གཤེགས་པས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པ་དེའི་ཚེ་ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་གདམས་དོན་གཙོ་བོར་གྱུར་པའི་ཡང་དག་མཐའ་ནི། སྡུག་བསྔལ་གསུམ་གྱི་ནང་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་ལ་བཞེད་ཅིང་། དེ་ནི་ཁྱད་ཆོས་གསུམ་དང་ལྡན་ཏེ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱིས་རྫོགས་སྨིན་སྦྱངས་གསུམ་མ་བྱས་པའི་སྔ་རོལ་དུ་མངོན་དུ་བྱེད་ནུས་ཀྱང་མི་བྱེད། བྱས་རྗེས་སུ་མངོན་དུ་བྱེད། མ་བྱས་པའི་སྔ་རོལ་མངོན་དུ་བྱས་ན་ཞི་མཐར་ལྟུང་བའི་དགག་བྱ་ཡོད་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར། དང་པོ་སྒྲུབ་སྟེ། བྱེད་མི་ནུས་ན་གདམས་པ་སྨོས་པ་ལ་དགོས་པ་མི་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། བྱས་རྗེས་སུ་ཆོས་སྐུ་དེ་བཞིན་ཉིད་མངོན་དུ་བྱེད་དགོས་པའི་ཕྱིར། གསུམ་པ་གྲུབ་སྟེ། དམིགས་བསལ་གསུམ་མ་རྫོགས་གོང་དུ་གལ་ཏེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་བཞི་བའི་མྱང་འདས་མངོན་དུ་བྱས་ན་ཞི་བའི་བདེ་བ་ཙམ་གྱིས་ཐུགས་འཕྲོག་ནས་གཞན་དོན་བྱེད་པ་ལ་གཡེལ་བ་ཉན་རང་དགྲ་བཅོམ་པ་ལྟར་འགྱུར་བའི་སྐྱོན་ཡོང་བའི་ཕྱིར། མཆོག་གི་སྤྲུལ་སྐུས་ཆོས་གསུམ་མ་རྫོགས་གོང་དུ་འདིར་བསྟན་གདམས་དོན་གཙོ་བོར་གྱུར་པའི་ཡང་དག་མཐའ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་མངོན་དུ་མ་བྱེད་ཅེས་གདམས་པའི་ཚུལ་ཡོད་དེ། དེས་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་ལ་ཆོས་གསུམ་མ་རྫོགས་གོང་དུ་དེ་ལྟ་བུའི་ལྷག་མེད་མྱང་འདས་མངོན་དུ་མ་བྱེད་ཅིག །གལ་ཏེ་མངོན་དུ་བྱས་ན། དེའི་ཚེ་ཞི་བའི་བདེ་བས་ཡིད་འཕྲོག་ནས་གཞན་དོན་རྒྱ་ཆེན་པོ་བྱེད་པ་ལས་ཉམས་ཏེ་དམན་པའི་ཞི་མཐར་ལྟུང་པའི་དགག་བྱ་ཆེ་བའི་ཕྱིར་ཞེས་གདམས་པ་ཡིན་པའི་ཕྱིར། འོ་ན། ལྷག་མེད་མྱང་འདས་ཞེས་བརྗོད་པས་ཆོག་གི ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེར་བར་ཞི་བའི་ཉེར་ཞིའི་དབྱིངས་ཞེས་བརྗོད་ཅི་དགོས་སྙམ་ན། དགོས་པ་ཡོད་དེ། ལྷག་མེད་མྱང་འདས་དེ་ནི་སྔ་མའི་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་སྤངས་པའི་ཞི་བ་དང་དབྱིངས་དངོས་བཏགས་ཅི་རིགས་ཡིན་པའི་གོ་དོན་དང་བཅས་ཏེ་དེ་ལྟར་དུ་བརྗོད་པའི་ཕྱིར། དེ་ཡང་ཡིན་ཏེ། སྡུག་བསྔལ་གསུམ་གྱི་ནང་ནས་འདུ་བྱེད་ཀྱི་སྡུག་བསྔལ་ནི་ལས་ཉོན་གྱི་དབང་གིས་བླངས་པའི་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ་ལ་ཟེར་ལ། ལྷག་མེད་མྱང་འདས་ཡིན་ན། དེ་ཉེ་བར་ཞི་བའམ་སྤངས་པ་ཡིན་དགོས་ཤིང་། ཐལ་འགྱུར་བས་མྱང་འདས་ལ་དབྱིངས་ཡིན་པས་ཁྱབ་ཅེས་བཞེད་པ་ལྟར་འདིར་མི་འདོད་ཀྱང་དབྱིངས་ཡིན་པའམ་དེའི་ཕྱོགས་གཏོགས་བདག་མེད་རགས་པ་ཞིག་ལའང་དབྱིངས་ཞེས་བརྗོད་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་འདོད་པ་མྱང་འདས་ལ་བདག་མེད་རགས་པ་ཞིག་བཞེད་པའི་དབང་གིས་ཡིན་པའ་ིཕྱིར། དེར་ཐལ། ལུགས་འདིར་ཐེག་དམན་གྱི་ལྷག་མེད་མྱང་འདས་ཐོག་མར་མངོན་དུ་བྱས་པའི་ཚེ་སྟོང་ཉིད་མངོན་གསུམ་དུ་རྟོགས་པར་མི་བཞེད་པས། དེའི་ཚེ་ཉན་ཐོས་ལྷག་མེད་པས་གང་ཟག་གི་བདག་མེད་རྟོགས་པའི་སྒོ་ནས་མྱང་འདས་དེ་མངོན་དུ་བྱས་ཤིང་། རང་རྒྱལ་ལྷག་མེད་པས་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པའི་སྒོ་ནས་དེ་མངོན་དུ་བྱས་པར་བཞེད་པས་ན་འདིར་བསྟན་གདམས་དོན་གྱི་གཙོ་བོའི་ཡང་དག་མཐའ་ལ་དེ་ལྟ་བུའི་བདག་མེད་རགས་པ་ཞིག་ཀྱང་ཡོད་པའི་ཕྱིར། འདིར་བསྟན་གདམས་དོན་གྱི་གཙོ་བོའི་ཡང་དག་མཐའ་མངོན་དུ་བྱེད་པའི་ཚད་ཡོད་དེ། ཐེག་ཆེན་གྱི་དབང་དུ་བྱས་ན། རྫོགས་སྨིན་སྦྱངས་གསུམ་བྱས་རྗེས་སུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་བཞིའི་དབྱིངས་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་ཚེ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ་ཡིན་ལ། ཐེག་དམན་གྱི་དབང་དུ་བྱས་ན་ཚེས་གསུམ་མ་རྫོགས་གོང་དུ་དེ་ལྟ་བུའི་དབྱིངས་ལ་ཞི་བའི་བདེ་བས་ཐུགས་ཕྲོགས་པའི་སྒོ་ནས་གནས་ཚོད་མ་ཡིན་པར་རང་གི་བསམ་ངོ་ཙམ་ལ་བལྟོས་ནས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་ཚེ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ ར་འཇོག་པའི་ཕྱིར། འོ་ན་དེ་ལྟ་བུའི་ཐེག་དམན་དགྲ་བཅོམ་དེ་མཆོག་གི་སྤྲུལ་སྐུའི་གདམས་པ་དང་འགལ་ནས་སམ། མ་འགལ་བར་དེ་མངོན་དུ་བྱས་ཞེ་ན། འདི་ལ་གཉིས་ཡོད་པར་མངོན་ཏེ། དང་པོ་ཉིད་ལས་ཐེག་དམན་དུ་རིགས་ངེས་པ་ནི་གདམས་པ་དེ་དང་འགལ་བར་འཇོག་མི་ནུས་ཀྱང་། ཐེག་དམན་དུ་ལྟུང་ནས་དེ་མངོན་དུ་བྱས་པ་ནི་གདམས་པ་དེ་དང་འགལ་ནས་མངོན་དུ་བྱས་པར་འདོད་རིགས་པའི་ཕྱིར། དེ་ཡང་ཞར་བྱུང་གི་གདམས་པ་དང་འགལ་བ་ཡིན་གྱི། གཙོ་བོར་གདམས་པ་དང་འགལ་བ་མིན་ཏེ། གཙོ་བོར་ནི་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་རྣམས་དང་ས་བརྒྱད་པ་བ་ལྟ་བུ་ལ་གདམས་པ་ཡིན་པའི་ཕྱིར། ཕྱི་མ་ཡིན་ཏེ། དམན་ལམ་ཇོན་དུ་མ་སོང་བའི་ས་བརྒྱད་པ་བ་དེས་བདེན་འཛིན་མངོན་འགྱུར་བ་སྤངས་ཤིང་། མི་རྟོག་ཡེ་ཤེས་ལ་གོམས་པ་དབང་བསྒྱུར་ཐོབ་པས། དེ་ལྟར་ན་དེས་ཆོས་གསུམ་མ་རྫོགས་གོང་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱེད་དམ་སྙམ་པའི་དོགས་པ་ཆེ་བས་དེ་ལྟར་དུ་གདམས་པ་ཡིན་པའི་ཕྱིར། ཇི་སྐད་དུ། རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད། །ཅེས་པ་ཡང་ཚུལ་འདི་ལྟ་བུ་ལ་དགོངས་པའི་ཕྱིར། དེ་ཡང་བརྟག་པ་མཐའ་བཟུང་ཙམ་ཡིན་ཏེ། ས་བརྒྱད་པ་ནས་དེ་ལྟ་བུ་འབྱུང་བ་མི་སྲིད་ཅིང་། མཆོག་གི་སྤྲུལ་སྐུ་ལའང་དེ་ལྟར་དུ་དོགས་པ་མེད་པའི་ཕྱིར་རོ། །མདོར་ན་བྱང་སེམས་ཀྱིས་ཆོས་གསུམ་མ་རྫོགས་གོང་དུ་ཞི་བའི་དབྱིངས་ལ་དུས་རིང་བར་འཇོག་ཏུ་མི་རུང་སྟེ། ཤེར་ཕྱིན་སོགས་མདོ་སྡེ་དུ་མ་ལས་ཉན་རང་ཞི་བའི་དབྱིངས་སུ་ཞུགས་ནས་གཞན་དོན་རྒྱུན་གཅོད་ཀྱང་། བྱང་འཕགས་ཞི་བ་ཐོབ་པ་རྣམས་ནི་ཞི་བའི་དབྱིངས་ལ་ཡུན་རིང་དུ་འསྔུག་པ་དོར་ནས་སྙིང་རྗེ་ཆེན་པོའི་དབང་གིས་འཁོར་བའི་གནས་སུ་ཡང་དང་ཡང་དུ་སྐྱེ་བ་འཛིན་པར་བཤད་པའི་ཕྱིར་རོ། །ལྔ་པ་སྤྱིར་བཏང་དམིགས་བསལ་གྱི་དོན་ཡོད་དེ། འདིར་བྱང་སེམས་རྣམས་ཀྱི་ལམ་གསུམ་གྱི་བྱ་བ་བྱེད་པ་སྤྱིར་བཏང་ནས་ཆོས་གསུམ་མ་རྫོགས་བར་དུ་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང་དམིགས་ཀྱིས་བསལ་བ་ཡིན་པའི་ཕྱིར་རོ། །༈ རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། ཞེས་སོགས་ཀྱི་སྐབས་སུ། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་བཤད་པ་དང་། དགོས་འབྲེལ་ངག་གི་དགོས་སོགས་ཆོས་བཞི་བཤད་པ་གཉིས། དང་པོ་ཡོད་དེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། ། སྟོན་པས་འདི་ལས་བཤད་པ་གང་། །ཞེས་པས་བརྗོད་བྱ་བསྟན་པ་ལྟར་རྒྱས་འབྲིང་བསྡུས་གསུམ་གྱི་དོན་རྣམས་རྒྱན་འདིའི་བརྗོད་བྱ། རྒྱན་འདི་ལ་བརྟེན་ནས་ཡུམ་གྱི་དོན་བདེ་བླག་ཏུ་རྟོགས་པ་དེ་དགོས་པ། དེ་ལ་བརྟེན་ནས་ས་བཅུ་དང་རྣམ་མཁྱེན་ཐོབ་པར་འགྱུར་བ་དེ་ཉིང་དགོས། ཆོས་གསུམ་ཕྱི་མ་སྔ་མར་འབྲེལ་བའི་འབྲེལ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། རྒྱན་འདིའི་དགོས་སོགས་ཆོས་བཞི་པོ་དེ་དགོས་འབྲེལ་ངག་གི་བརྗོད་བྱ། ངག་དེ་ལ་བརྟེན་ནས་རྒྱན་འདི་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་པ་དེ་དེའི་དགོས་པ། རྟོགས་པ་ལ་བརྟེན་ནས་རྒྱན་ལ་དོན་གཉེར་གྱིས་འཇུག་པ་དེ་དེའི་ཉིང་དགོས། ཆོས་གསུམ་གྱི་ཕྱི་མ་སྔ་མ་ལ་འབྲེལ་བ་དེ་དེའི་འབྲེལ་བ་ཡིན་པའི་ཕྱིར། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །ཞེས་པའི་ཆོས་སྤྱོད་བཅུ་པོ་དེ་གང་ལ་བྱེད་ཅེ་ན། ཡོད་དེ། རྗེ་བཙུན་ཤཎྟི་པས་དབུ་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་དང་། །སྤྱོད་པ་འདི་བཅུའི་བདག་ཉིད་དེ། ། བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་འབྱུང་བ་ལྟར་བཞེད། གསེར་འཕྲེང་སོགས་ལས་ཕར་ཕྱིན་བཅུ་ལ་བཞེད། རྣམ་བཤད་ལས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས་བཤད་པའི་ཕྱི་མ་ལྟར་ཡིན་པའི་ཕྱིར། །༈ ཤེས་རབ་ཕ་རོལ་ཕྱིན་པ་ནི། ཞེས་སོགས་ཀྱི་སྐབས་སུ་ཤེར་ཕྱིན་ལ། ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན། དངོས་བཏགས་ཀྱི་ཁྱད་པར་དང་བཞི། དང་པོ་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་མཁྱེན་པ། ཤེར་ཕྱིན་གྱི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དབྱེ་བ་ལ་སྒྲས་བརྗོད་རིགས་ཀྱི་དབྱེ་ན་དུ་མ་ཡོད་དེ། རང་བཞིན་གྱི་ཤེར་ཕྱིན། གཞུང་ཤེར་ཕྱིན། ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་དང་བཞི་ཡོད་པའི་ཕྱིར། གསུམ་པ་ཕྱེ་བ་སོ་སོའི་དོན་ལ། རང་བཞིན་གྱི་ཤེར་ཕྱིན་དང་། རང་བཞིན་གྱི་ཡུམ། རང་བཞིན་གྱི་མྱང་འདས་དོན་གཅིག་ཡིན་ཏེ། དེ་རྣམས་དོན་དམ་བདེན་པའི་རྣམ་གྲངས་ཙམ་ཡིན་པའི་ཕྱིར། གཞུང་ཤེར་ཕྱིན་གྱི་གཙོ་བོ་ནི་ཡུམ་རྒྱས་འབྲིང་བསྡུས་པ་ལྟ་བུ་སོགས་སྟོང་ཉིད་སྟོན་པའི་ཤེར་ཕྱོགས་ཀྱི་མདོ་རྣམས་ཡིན་ལ། དེ་ལ་བཀས་མ་ཁྱབ་སྟེ། མངོན་རྟོགས་རྒྱན་དང་། དབུ་མ་རྩ་བ་ཤེས་རབ་ལྟ་བུ་ཡང་གཞུང་ཤེར་ཕྱིན་དུ་རིགས་པའི་ཕྱིར། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་རྣམས་ལམ་ཤེར་ཕྱིན་ཡིན་ཀྱང་ཐབས་ཤེས་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ལ་ལམ་ཤེར་ཕྱིན་གྱིས་མ་ཁྱབ་སྟེ། སྟོང་ཉིད་རྟོགས་མ་མྱོང་ཞིང་བདག་མེད་རགས་པ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་རྣམས་ནི་ལམ་ཤེར་ཕྱིན་དུ་མི་རིགས་པའི་ཕྱིར། འབྲས་བུ་ཤེར་ཕྱིན་ཡིན་ན། རྣམ་མཁྱེན་ཡིན་པས་ཁྱབ་སྟེ། དེ་དང་རྣམ་མཁྱེན་དོན་གཅིག་པའི་ཕྱིར། བཞི་པ་དངོས་བཏགས་ཀྱི་ཁྱད་པར་ཡོད་དེ། རང་བཞིན་གྱི་ཤེར་ཕྱིན་རྣམས་ཤེར་ཕྱིན་བཏགས་པ་བ་དང་། གཞུང་ཤེར་ཕྱིན་རྣམས་ཀྱང་ཤེར་ཕྱིན་བཏགས་པ་བ་ཡིན་ལ། ལམ་ཤེར་ཕྱིན་ལ་དངོས་བཏགས་གཉིས་ཡོད་ཅིང་། འབྲས་བུ་ཤེར་ཕྱིན་ཡིན་ན་ཤེར་ཕྱིན་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རྣམས་ཤེར་ཕྱིན་གྱི་ཡུལ་གྱི་གཙོ་བོ་ཡིན་པས་ཡུལ་ལ་ཡུན་ཅན་གྱི་མིང་གིས་བཏགས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལམ་འབྲས་ཀྱི་ཤེར་ཕྱིན་རྣམས་བརྗོད་བྱ་སྟོན་པ འི་བ རྗོད་བྱའི་མིང་བརྗོད་བྱེད་ལ་བཏགས་པའི་ཕྱིར། གསུམ་པ་གྲུབ་སྟེ། བྱང་འཕགས་རྒྱུད་ཀྱི་བདག་མེད་རགས་པ་རྟོགས་པའི་ཡེ་ཤེས་ལྟ་བུ་ཤེར་ཕྱིན་མིན་ལ། དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་རྣམས་ཤེར་ཕྱིན་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། འབྲས་བུ་ཤེར་ཕྱིན་ཡིན་ན། ཕྱིན་ཟིན་པའི་ཤེར་ཕྱིན་ཡིན་དགོས་པའི་ཕྱིར། འབྲས་བུ་ཤེར་ཕྱིན་དེ་ཁྱད་ཆོས་གསུམ་མམ་བཞི་དང་ལྡན་ཏེ། རྟེན་སངས་རྒྱས་འཕགས་པ་ཁོ་ན་ལ་ཡོད་པ། ངོ་བོ་ཟག་མེད་ཀྱི་ཡེ་ཤེས་ཡིན་པ། གཞལ་བྱ་བདེན་པས་སྟོང་པ་གསུམ་དང་། ཁྱད་པར་བདེན་སྟོང་སྒྱུ་མ་ལྟ་བུ་བཞི་དང་ལྡན་པའི་ཕྱིར། ཁ་ཅིག་རྣམ་བཤད་ཀྱི་སྒྲས་ཟིན་ལ་བརྟེན་ནས་ཤེར་ཕྱིན་ལ། འབྲས་བུ་ཤེར་ཕྱིན་གྱིས་ཁྱབ་པར་འདོད་ཅིང་། གསེར་འཕྲེང་ལས་ཤེར་ཕྱིན་ལ་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པས་ཁྱབ་པར་བཤད་ཀྱང་། རང་ལུགས་ནི་རྗེ་བཙུན་བསྟན་དར་བའི་བཞེད་པ་ལྟར་ཡིན་ཏེ། ཤེར་ཕྱིན་ལ་ཕྱིན་བྱེད་ཀྱི་ཤེར་ཕྱིན་དང་ཕྱིན་ཟིན་པའི་ཤེར་ཕྱིན་གཉིས་ཀྱི་དབྱེ་བ་འཐད་པའི་ཕྱིར། དེར་ཐལ། ཕྱིན་བྱེད་དང་སྦྱར་ན་སློབ་ལམ་ལ་ཤེར་ཕྱིན་ཡོད་པའ་ིཕྱིན། དེར་ཐལ། རྣམ་བཤད་དགོངས་པ་རབ་གསལ་ལས། འདིས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱེད་པ་ལ་སྦྱར་ན་སློབ་ལམ་ན་ཡང་ཤེར་ཕྱིན་ཡོད་དོ། །ཞེས་གསུངས་པའི་ཕྱིན། འོན་ཀྱང་ཤེས་རབ་ཀྱི་ཕར་ཕྱིན་ལ་ཤེར་ཕྱིན་གྱིས་ཁྱབ་པ་མིན་སྟེེ། ཤེར་ཕྱིན་ཡིན་ན་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་དགོས་ཀྱང་། ཤེས་རབ་ཀྱི་ཕར་ཕྱིན་ལ་ནི་སྟོང་ཉིད་མ་རྟོགས་ཀྱང་རྫོགས་བྱང་དུ་བ སྔོས་པའི་བསྔོ་བ་རྣམ་དག་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་ཀྱང་འགྲུབ་པའི་ཕྱིར། འཇུག་པའི་རྣམ་བཤད་ལྟར་ན་དཔྱད་རྒྱུ་ཡོད་ཀྱང་། རེ་ཞིག་ཕར་ཕྱིན་དྲུག་པོ་གང་རུང་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་དགོས་པ་གཙོ་ཆེ་སྟེ། དེས་མ་ཟིན་པའི་བྱང་སེམས་ཀྱི་སྦྱིན་སོགས་དང་པོ་ལྔ་ལ་ཕར་ཕྱིན་གྱི་མིང་ཁྱད་པར་ཅན་མི་ཐོབ་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། མདོ་བསྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། ། དམིགས་བུ་མེད་པས་བྱང་ཆུང་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་དང་། དབུ་མ་འཇུག་པ་ལས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གི་འདོད་པ་ཡིས། །ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ །ཞེས་གསུངས་པའི་ཕྱིར། ཤེས་ར བ་ཕ་རོལ་ཕྱིན་པ་ནི། །ཞེས་པའི་དངོས་བསྟན་གྱི་ཤེར་ཕྱིན་དེ་གཞུང་ཤེར་ཕྱིན་ལ་བྱེད་པ་ཡིན་ཏེ། དེ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་བྱེད་རིགས་པའི་ཕྱིར། འདིའི་རྐང་པ་གཉིས་ཀྱིས་རྒྱན་གྱི་ལུས་མདོར་བསྟན་པ་ཡིན་ཏེ། རྒྱན་གྱི་བརྗོད་བྱ་ལ་དངོས་པོ་བརྒྱད་དུ་ཕྱེ་ནས་མདོར་བསྟན་པའི་ཕྱིར། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། ཅེས་པ་ནས། རྣམ་པ་བཞི་ནི་ཡང་དག་བརྗོད། ཅེས་པའི་བར་གྱིས་ལུས་རྒྱས་པར་བཤད་པ་ཡིན་ཏེ། དེས་དོན་བདུན་ཅུའི་སྒོ་ནས་རྒྱས་པར་འཆད་པའི་ཕྱིར། དངོས་པོ་བརྒྱད་ཡོད་དེ། མཁྱེན་པ་གསུམ་དང་། སྦྱོར་བ་བཞི་དང་། འབྲས་བུ་ཆོས་སྐུ་དང་བརྒྱད་ཡིན་ལ། དོན་མངོན་པར་རྟོགས་པ་བརྒྱད་ཀྱི་ཐ་སྙད་བྱེད་པའི་ཚེ། ཕྱི་མའི་དོད་ལ་ཡེ་ཤེས་ཆོས་སྐུ་ཞེས་འདྲེན་པའི་ཕྱིར། དོན་བདུན་ཅུ་འཇོག་ཚུལ་ཡོད་དེ། རྣམ་མཁྱེན་མཚོན་བྱེད་ཆོས་བཅུ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །གཞི་ཤེས་མཚོན་བྱེད་ཀྱི་ཆོས་ དགུ །རྣམ་རྫོགས་སྦྱར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། སྐད་ཅིག་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ཡོད་པའི་ཕྱིར། མཚོན་ཚུལ་ཡོད་དེ། རྣམ་མཁྱེན་མཚོན་བྱེད་བཅུས་རྣམས་མཁྱེན་ཡུལ་ཅན་གྱི་སྒོ་ནས་མཚོན་ལ། གཞན་རྣམས་ངོ་བོ་དང་ཡུལ་དང་བྱེད་ལས་ཅི་རིགས་ཀྱིས་མཚོན་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་བསྐྱེད་སོགས་ཆོས་བཅུ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་སྒོ་ནས་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་རྣམ་མཁྱེན་ཉིད་ཡིན་ནོ་ཞེས་མཚོན་པར་བྱེད་པའི་ཕྱིར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཞེས་སོགས་ཀྱི་སྐབས་སུ། རྩོད་ལན་དང་། སེམས་བསྐྱེད་ཀྱི་རྣམ་གཞག་བཤད་པ་གཉིས། དང་པོ་ནི། རྩ་བར། བྱང་ཆུབ་འདོད། ཅེས་སེམས་བསྐྱེད་ལ་འདོད་པའི་མིང་གིས་བསྟན་པ་ལ། ཁོ་ན་རེ། དེ་ལྟ་བུའི་འདོད་པ་དེ་ཆོས་ཅན། སེམས་བསྐྱེད་མ་ཡིན་པར་ཐལ། སེམས་འབྱུང་ཡིན་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། ཐེག་ཆེན་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་ཤིང་དེ་ལ་དགོས་པ་གཉིས་ཡོད་པའི་ཕྱིར། ཕྱི་མ་ཡིན་ཏེ། སེམས་བསྐྱེད་ལ་གཞན་དོན་འདོད་པ་རྒྱུར་དགོས་ཤིང་། རང་དོན་འདོད་པ་གྲོགས་སུ་དགོས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་སྐྱེ་བ་ལ་སེམས་ཅན་སྡུག་བསྔལ་དང་བྲལ་ན་སྙམ་པ་སོགས་གཞན་དོན་དོན་གཉེར་གྱི་བློ་སྔོན་དུ་འགྲོ་དགོས་ཤིང་། དེ་རང་གི་གྲོགས་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་ཡིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། སེམས་བསྐྱེད་ཀྱི་རྟེན་དང་། བརྟེན་པ་སེམས་བསྐྱེད་བཤད་པ་གཉིས། དང་པོ་ལ། ལུས་རྟེན་དང་སེམས་རྟེན་བཤད་པ་གཉིས། དང་པོ་ལ། ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེ་བའི་ལུས་རྟེན་གྱི་ཁྱད་པར་ཡོད་དེ། གླིང་གསུམ་གྱི་མི་དང་། འདོད་གཟུགས་ཀྱི་ལྷའི་རྟེན་ལ་གསར་དུ་སྐྱེ་བ་ཡོད་ཅིང་། ངན་སོང་གསུམ་དང་ལྷ་མིན་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་སོགས་ཀྱི་རྟེན་ལ་ཡང་གསར་དུ་སྐྱེ་བ་སྲིད་པའི་ཕྱིར། གཟུགས་མེད་ཁམས་པ་དང་མཚམས་མེད་སྟོབས་ཆེན་བྱས་པ་སོགས་དང་། ཟ་མ་མ་ནིང་སྒྲ་མི་སྙན་པའི་རྟེན་ལ་གསར་དུ་སྐྱེ་བ་མེད་དེ། གཟུགས་མེད་ན་ཚོར་བ་སྡུག་བསྔལ་མེད་ཅིང་། གཞན་རྣམས་ལས་དང་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་ཅི་རིགས་ཀྱིས་བསྒྲིབས་པའི་ཕྱིར། གཟུགས་མེད་ཁམས་ན་ནི་བྱང་སེམས་ཡོད་དེ། ལས་ཉོན་གྱིས་དེར་སྐྱེ་བ་བླངས་པའི་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ། ལས་ཉོན་གྱིས་དུད་འགྲོར་སྐྱེས་པའི་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ། སྐྱེས་རབས་ལས། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །བརྩེ་བའི་བདག་ཉིད་ཆེ་ཡང་དུད་འགྲོར་སྐྱེས། ཞེས་གསུངས་པ་གང་ཞིག མཚུངས་པའི་ཕྱིར། གཉིས་པ་སེམས་རྟེན་ཡོད་དེ། སྤྱིར་ཐེག་ཆེན་སེམས་བསྐྱེད་སྐྱེ་བའི་རྒྱུ་སྙིང་རྗེ་ཆེན་པོ་ངེས་པར་དགོས་ཤིང་། རྒྱུ་རྐྱེན་མཐའ་ཆོད་པའི་དབང་དུ་བྱས་ན་རྒྱུ་བཞི། རྐྱེན་བཞི། སྟོབས་བཞི་ལ་བརྟེན་ནས་སྐྱེ་བ་ཡོད་པའི་ཕྱིར་ཏེ། རྒྱུ་ཐེག་ཆེན་གྱི་རིགས་སད་པ། ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་ཟིན་པ། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། རྒྱལ་སྲས་ཀྱི་དཀའ་སྤྱད་ཀྱི་བཟོད་པ་སྟེ་རྒྱུ་བཞི་དང་། སངས་རྒྱས་བྱང་སེམས་ཀྱི་ནུས་མཐུ་དཔག་ཏུ་མེད་པ་མཐོང་བ། ཐེག་ཆེན་གྱི་སྡེ་སྣོད་མང་དུ་ཐོས་པ། ཐེག་ཆེན་གྱི་བསྟན་པ་ནུབ་པ་མི་བཟོད་པ། སྙིགས་དུས་སེམས་བསྐྱེད་པ་རྙེད་དགའ་བ་དང་མཐོང་བ་སྟེ་རྐྱེན་བཞི་དང་། གྲོགས་གཞན་གྱིས་བསྐུལ་སྟོབས་དང་། སྔོན་དགེ་རྩ་མང་དུ་བསགས་པ། རང་སྟོབས་ཀྱིས་འབད་པ། ཚེ་འདིར་རྒྱུ་འབྲས་མན་ངག་བདུན་གྱིས་སྦྱངས་པ་ལྟ་བུ་སྦྱངས་སྟོབས་ཀྱིས་སྐྱེས་པ་དང་བཞི་ཡོད་པའི་ཕྱིར། དེའི་ནང་ནས་གཞན་གྱིས་བསྐུལ་བ་དང་རིགས་སད་པ་དང་དགེ་རྩ་གོམས་པ་དང་སྡེ་སྣོད་ཐོས་པ་དང་རྒྱུ་འབྲས་མན་ངག་བདུན་གྱིས་སྦྱངས་པ་ལྟ་བུ་ལྔ་ལས་སྔ་མ་སྔ་མ་མི་བརྟན་ཅིང་ཕྱི་མ་བརྟན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ བའི་སྟོབས། ཐོས་སྟོབས་དགེ་བ་གོམས་པ་ལས། མི་བརྟན་པ་དང་བརྟན་འབྱུང་བ། གཞན་གྱི་བརྟན་པའི་སེམས་བསྐྱེད་བཤད། ཅེས་གསུངས་པའི་ཕྱིར། གཙོ་བོའི་དབང་དུ་བྱས་ན། རྒྱལ་སྲས་ཀྱི་ཡོན་ཏན་ལ་དམིགས་པའི་དད་པ་དང་། སྙིང་རྗེ་ཆེན་པོ་དང་། རྒྱལ་སྲས་ཀྱི་དཀའ་སྤྱད་ལ་བཟོད་པའི་བཟོད་པ་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། དཀོན་མཆོག་སྒྲོན་མེ་ལས། རྒྱལ་དང་རྒྱལ་བའི་སྲས་ལ་དད་གྱུར་ཅིང་། ། རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་བརྟེན་པ་སེམས་བསྐྱེད་ལ། ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན། སྦྱོར་ཚུལ། ཆོ་གའི་ཁྱད་པར་དང་ལྔ། དང་པོ་ཡོད་དེ། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་ཤིང་། རང་གི་གྲོགས་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་ཆེན་གཙོ་བོའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་གང་ཞིག །སྤྱོད་པའི་རྟེན་བྱེད་པའི་རིགས་སུ་གནས་པ་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གཉིས་ཡོད་དེ། ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་ཡོད་པའི་ཕྱིར། ངོ་བོའི་སྒོ་ནས་གཉིས་ཡོད་དེ། སྨོན་འཇུག་གི་སེམས་གཉིས་ཡོད་པའི་ཕྱིར། ས་མཚམས་ཀྱི་སྒོ་ནས་བཞི་ཡོད་དེ། མོས་པས་སྤྱོད་པའི་སེམས་བསྐྱེད་སོགས་བཞི་ཡོད་པའི་ཕྱིར་ཏེ། དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་ཉེར་གཉིས་ཡོད་དེ། ས་ལྟ་བུའི་སེམས་བསྐྱེད་སོགས་ཉེར་གཉིས་ཡོད་པའི་ཕྱིར། གསུམ་པ་ཕྱེ་བ་སོ་སོའི་དོན་ལ། ཀུན་རྫོབ་སེམས་བསྐྱེད་སྔར་བཞིན་ཡིན་ལ། དོན་དམ་སེམས་བསྐྱེད་ཀྱི་ཁྱད་པར་ཡོད་དེ། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡིད་ཀྱི་རྣམ་ཤེས་རྣམས་དེ་ཡིན་པའི་ཕྱིར། སྨོན་སེམས་ཀྱི་ཁྱད་པར་ཡོད་དེ། འཇུག་སྡོམ་མ་ཐོབ་པའི་སེམས་བསྐྱེད་རྣམས་དེ་ཡིན་པའི་ཕྱིར། འཇུག་སེམས་ཀྱི་ཁྱད་པར་ཡོད་དེ། འཇུག་སྡོམ་ཐོབ་ཅིང་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་ལྟོས་དགོས་པའི་སེམས་བསྐྱེད་རྣམས་དེ་ཡིན་པའི་ཕྱིར། འཇུག་སྡོམ་ཐོབ་པའི་སེམས་བསྐྱེད་ཡིན་ན་འཇུག་སེམས་ཡིན་པས་མ་ཁྱབ་སྟེ། བྱང་སེམས་འཕགས་པའི་རྒྱུད་ལ་སྨོན་སེམས་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་དང་སྤྱོད་པ་ཡོད་པའི་ཕྱིར། འཇུག་སྡོམ་དང་འཇུག་སེམས་གཉིས་འགལ་ཡང། འཇུག་སེམས་སུ་འགྱུར་བ་ནི་འཇུག་སྡོམ་བཟུང་བ་ལ་རགས་ལས་པ་ཡིན་ཏེ། བྱང་སེམས་ཀྱི་སྡོམ་པ་བཟུང་བ་ལ་རགས་ལས་པའི་ཕྱིར། ཁྱབ་སྟེ། འཇུག་སྡོམ་དང་བྱང་སྡོམ་གཉིས་དོན་གཅིག་ཅིང་། དེ་གཉིས་ཀའང་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་ཁས་བླངས་པའི་ལྡོག་ཆ་ཐོབ་པ་འཇོག་པའི་ཕྱིར། འཇུག་སེམས་བསྐྱེད་པ་ལ་སྨོན་སེམས་སྔོན་དུ་འགྲོ་མི་དགོས་ཏེ། འཇུག་སྡོམ་བཟུང་བ་དང་སེམས་བསྐྱེད་པ་དུས་མཉམ་པ་ཞིག་ཡོད་པའི་ཕྱིར། དེ་ལྟར་ཡིན་ཀྱང་སྤྱོད་འཇུག་ ལས། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། ཞ།ེས་སྨོན་འཇུག་གི་སེམས་ཀྱི་གོ་རིམ་གསུངས་པ་དང་མི་འགལ་ཏེ། དེ་ནི་གཙོ་ཆེ་བ་ལ་དགོངས་པའི་ཕྱིར། འཇུག་སྡོམ་བླངས་པ་ཙམ་གྱིས་འཇུག་པ་སེམས་བསྐྱེད་ཐོབ་མི་དགོས་ཏེ། ལམ་མ་ཞུགས་ན་འཇུག་སྡོམ་ཐོབ་པ་ཡོད་པའི་ཕྱིར། དེར་ཐལ། དེ་ན་སྤྱོད་པ་ལ་སློབ་པར་ཁས་བླངས་པ་ཡོད་པའི་ཕྱིར། བཞི་པ་སྦྱོང་ཚུལ་ལ་གཉིས་ཡོད་དེ། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱོང་པ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱོང་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ་སེམས་ཅན་རྣམས་མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག་རྣམས་ནི་སྔ་མ་སྔ་མ་ལས་བྱུང་བའི་རྒྱུ་འབྲས་ཏེ་རྒྱུ་དྲུག་དང་། འབྲས་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བདུན་ཡོད་པའི་ཕྱིར། གཉིས་པ་བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱོང་ཚུལ་ཡོད་དེ། བདག་གི་བདེ་དགེ་ཐམས་ཅད་གཞན་ལ་གཏོང་བའི་བྱམས་པ་དང་གཞན་གྱི་སྡུག་བསྔལ་ཐམས་ཅད་རང་གི་སྟེང་དུ་ལེན་པའི་སྙིང་རྗེ་གཉིས་ཀྱི་སྒོ་ནས་སྦྱོང་བའི་ཕྱིར། ཕྱི་མའི་བྱམས་སྙིང་རྗེ་གཉིས་དང་། སྔ་མའི་རྒྱུ་དྲུག་ནི་གཞན་དོན་དོན་གཉེར་གྱི་བློ་སྦྱོང་བའི་ནང་དུ་འདུས་ཤིང་། བྱང་ཆུབ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་སྐྱེས་པ་དང་། སེམས་བསྐྱེད་པ་གཉིས་དུས་མཉམ་སྟེ། རྒྱུ་དྲུག་པོ་ལ་རིམ་གྱི་མྱོང་བ་འཐོན་ནས། སངས་རྒྱས་ཀྱི་ཡོན་ཏན་མཐོང་བའི་རྐྱེན་གྱིས་དེའི་ཤུགས་དྲག་གིས་ཐོབ་འདོད་དང་དོན་གཉེར་བཅོས་མ་མ་ཡིན་པའི་མྱོང་བ་ན མ་འཐོན་པ་ན་འབྲས་བུ་ཐེག་ཆེན་སེམས་བསྐྱེད་སྐྱེས་པར་འཇོག་པའི་ཕྱིར་ཏེ། གཞུང་འདིའི་རྩ་འགྲེལ་རྣམས་ལས་གཞན་དོན་དོན་གཉེར་སེམས་བསྐྱེད་ཀྱི་རྒྱུ་དང་བྱང་ཆུབ་དོན་གཉེར་སེམས་བསྐྱེད་ཀྱི་གྲོགས་སུ་བཤད་པའ་ིདོན་ཡོད་པའི་ཕྱིར། ལྔ་པ་ཆོ་གའི་ཁྱད་པར་ལ་གཉིས་ཡོད་དེ། སྨོན་སེམས་བསྐྱེད་པའི་ཆོ་ག་དང་། འཇུག་སེམས་བསྐྱེད་པའི་ཆོ་ག་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྒྱས་པ་ནི་ལམ་རིམ་ཆེན་པོ་སོགས་ནས་འབྱུང་བ་ལྟར་ཡིན་པའི་ཕྱིར། ལེན་པའི་ཆོ་ག་བསྡུས་པ་ཡོད་དེ། སངས་རྒྱས་ཆོས་ཚོགས་མ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། རྒྱས་པ་ནི་བྱང་ས་རྩ་འགྲེལ་ནས་བཤད་པ་ལྟར་ཡིན་པའི་ཕྱིར། བསྡུས་པ་ལེན་ཚུལ་ཡོད་དེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། ཞེས་སོགས་ལྟ་བུའི་སྒོ་ནས་ཀྱང་ལེན་དུ་རུང་བའི་ཕྱིར། ཆོ་ག་ཙམ་དུ་མ་ཟད་གཞན་ཡང་ཤེས་དགོས་ཏེ། དེ་ཡུལ་གང་ལས་ལེན་པ། གང་ཟག་གང་གིས་ལེན་པ། ཀུན་སློང་ཇི་ལྟ་བུས་ལེན་པ་དམིགས་གསལ་དང་བསླབ་བྱ་ཇི་ལྟ་བུ་ཡིན་པ་སོགས་ཀྱང་ཤེས་དགོས་པའི་ཕྱིར་རོ། ། ༈ དབྱེ་བ་ཞར་ལ་བརྗོད་ནས་ཞེས་སོགས་ཀྱི་སྐབས་སུ། གདམས་ངག་ལ་ལ། ཉན་པའི་རྟེན་གྱི་གང་ཟག །ཉན་པའི་ཡུལ། ཉན་པའི་རྒྱུ། ཉན་བྱའི་གདམས་ངག་གི་ཁྱད་པར་དང་བཞི། དང་པོ་ཡོད་དེ། བློ་གཟུ་བོར་གནས་ཤིང་བློ་གྲོས་དང་ལྡན་པ་དང་། ལེགས་བཤད་དོན་དུ་གཉེར་བ་ཞིག་གིས་ཉན་པའི་ཕྱིར། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར། དེ་ལ་གཉིས་ཡོད་དེ། ཐ་སྙད་ཀྱི་བསྟན་བཅོས་དང་། ནང་དོན་གྱི་གདམས་ངག་ཉན་པའི་གང་ཟག་གཉིས་ཡོད་པའི་ཕྱིར། གཉིས་པ་ཡུལ་གང་ལས་ཉན་པ་ཡོད་དེ། མཆོག་གི་སྤྲུལ་སྐུ་དང་བྱང་སེམས་ཉན་རང་སོགས་ལས་ཉན་པ་ཡིན་པའི་ཕྱིར། གསུམ་པ་ཉན་པའི་རྒྱུ་ཡོད་དེ། དོན་གཉེར་གྱིས་ཟིན་པའི་དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་སོགས་མང་ཡང་། ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པ་ལས་གདམས་ངག་ཁྱད་པར་ཅན་རྒྱ་ཆེན་པོ་ཉན་པ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། དེའི་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། ། ཡེ་ཤེས་སྤངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། བཞི་པ་ལ། ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ་དང་གསུམ། དང་པོ་ལ། གདམས་ངག་གི་ངོ་བོ་ཡོད་དེ། མངོན་མཐོ་ངེས་ལེགས་སོགས་བླང་དོར་གྱི་གནས་ཅི་རིགས་ཕྱིན་ཅི་མ་ལོག་པར་སྟོན་པའི་རྗོད་བྱེད་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་དུ་མ་ཡོད་དེ། ཐེག་པ་ཆེ ་ཆུང་གི་གདམས་ངག་གཉིས་དང་། རྗེས་བསྟན་གྱི་གདམས་ངག་དང་། འདོམས་པའི་གདམས་ངག་གཉིས་ཡོད་པའི་ཕྱིར། ཕྱི་མ་དེ་གཉིས་ཀྱི་ཁྱད་པར་ཡོད་དེ། ཡོན་ཏན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་གདམས་པ་ནི་དང་པོ་དང་། ཐོབ་ཟིན་མི་ཉམས་པའི་ཕྱིར་གདམས་ནི་གཉིས་པ་ཡིན་པའི་ཕྱིར། གདམས་ངག་ལ་བཀའ་དང་བསྟན་བཅོས་གཉིས་ཡོད་ཀྱང་། སྐབས་འདིའི་དངོས་བསྟན་གྱི་གདམས་ངག་ལ་སངས་རྒྱས་ཀྱི་བཀས་ཁྱབ་སྟེ། དེ་ཡིན་ན། མཆོག་གི་སྤྲུལ་སྐུའི་ངག་ཡིན་པས་ཁྱབ་པས་ཕྱིར། དེ་ལ་དབྱེ་ན་བཅུ་ཡོད་དེ། དོན་བསྡུས་སྒྲོན་མེ་ལས། གདམས་ངག་རྣམ་པ་བཅུ་ཡིན་ཏེ། །ངོ་བོ་ངག་གི་འཁོར་ལོ་ཡིན། །དབྱེ་བ་ཡུལ་གྱི་སྒོ་ནས་བརྗོད། །ཅེས་གསུངས་པའི་ཕྱིར། སྤྱིར་གདམས་ངག་སྟོན་པ་པོ་དང་ཉན་པ་པོ། གདམས་ངག་གསུམ་གྱི་ས་མཚམས་ཡོད་དེ། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་ཕྱིར། སངས་རྒྱས་ཀྱིས་ཀྱང་ཆོས་ཉན་པ་ཡོད་དེ། དེས་རང་དོན་དུ་གཞན་ལས་གདམས་ངག་ཉན་མི་དགོས་ཀྱང་། གཞན་དོན་ལ་དགོངས་ནས་སངས་རྒྱས་ནང་ཕན་ཚུན་ཆོས་ཉན་པར་ཡོད་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་ཀྱང་སྐུ་རྒྱབ་སྙུང་བའི་ཚུལ་བསྟན་པའི་ཚེ། ཤཱ་རིའི་བུ་ཁོ་བོ་ལ་འཕགས་པའི་ཆོས་སྟོན་ཅིག་ཅེས་བཀའ་བསྩལ་ནས་ཉན་པར་བཤད་པའི་ཕྱིར། དེ་ཡང་མི་འ གལ་ཏེ། དཔེར་ན། བྱམས་འཇམ་དབྱངས་སོགས་ཀྱིས་གཞན་དོན་ལ་དགོངས་ནས་སྟོན་པ་ལས་ཆོས་ཉན་པ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་སྒྲུབ་པ་ལ་ཞེས་སོགས་ཀྱི་སྐབས་སུ་བདེན་གཉིས་ཀྱི་རྣམ་གཞག་འཆད་པ་ལ། ཉན་ཐོས་སྡེ་བའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་དང་གསུམ། དང་པོ་ལ། བྱེ་བྲག་ཏུ་སྨྲ་བས་འདི་ལྟར་དུ་འདོད་པ་དེ་ཡིན་ཏེ། བློས་ཆ་ཤས་གཞན་གསལ་བ་ན་དེར་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་དེ། ཀུན་རྫོབ་བདེན་པའི་འཇོག་བྱེད་དང་། དེ་ལྟར་འདོར་དུ་མི་རུང་བའི་ཆོས་དེ། དོན་དམ་བདེན་པའི་འཇོག་བྱེད་དུ་འདོད་པའི་ཕྱིར། དེ་གཉིས་སོ་སོའི་མཚན་གཞི་ཡོད་དེ། བུམ་པ་དང་ནང་གི་ཆུ་ལྟ་བུ་དང་པོ་དང་། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས་འཇོག་ཚུལ་ཡོད་དེ། རྟོག་པས་བཏགས་ཙམ་དུ་ཡོད་པའི་ཆོས་དེ་ཀུན་རྫོབ་བདེན་པའི་ངོ་བོ་དང་། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ། དོན་དམ་བདེན་པའི་ངོ་བོར་འདོད་པའི་ཕྱིར། སོ་སོའི་མཚན་གཞི་ཡོད་དེ། ཀ་བུམ་གཉིས་ཐ་དད་ལྟ་བུ་དང་པོ་དང་། ཀ་བུམ་གཉིས་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། གཉིས་པ་སེམས་ཙམ་པའི་ལུགས་ལ་བདེན་གཉིས་ཀྱི་འཇོག་ཚུལ་ཡོད་དེ། ཕལ་ཆེར་དབུ་མའི་ལུགས་དང་འདྲ་ཡང་མཚན་གཞི་ལ་ངོས་འཛིན་མི་འདྲ་སྟེ། འདི་བས་གཟུགས་ནས་རེག་བྱའི་བར་ཕྱི་རོལ་དོན་གྱིས་སྟོང་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་རང་ཉིད་རང་ཉིད་ཅེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དོན་དམ་བདེན་པའི་མཚན་གཞིར་འདོད་པ་ལྟ་བུའི་ཁྱད་པར་ཡོད་པའི་ཕྱིར་རོ། །༈ གསུམ་པ་དབུ་མ་པའི་ལུགས་ལ། དབྱེ་གཞི། དབྱེ་བ་དང་གྲངས་ངེས། ཕྱེ་བ་སོ་སོའི་རྣམ་གཞག །ངེས་ཚིག །བདེན་གཉིས་དང་ཐ་དད་གང་ཡིན། གཏན་ལ་ཕབ་པའི་དགོས་པ་དང་དྲུག་གོ །དང་པོ་ལ། ཤེས་བྱ་བདེན་པ་གཉིས་ཀྱི་དབྱེ་གཞི་ཡིན་ཏེ། ཡབ་སྲས་འཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཤེས་བྱ་ལ་བདེན་པ་གཉིས་སུ་ཡོད་ཅིང་། དེར་གྲངས་ངེས་པ་ཡིན་ཏེ། ཤེས་བྱ་གང་ཞིག །དེ་གཉིས་ལས་གཅིག་ཡིན་པར་ཡོངས་གཅོད་ལ་གྲུབ་ན། ཅིག་ཤོས་ཡིན་པ་རྣམ་བཅད་ལ་ཁེགས། ཅིག་ཤོས་ཡིན་པ་རྣམ་བཅད་ལ་ཁེགས་ན། གཞན་ཡིན་པ་ཡོངས་གཅོད་ལ་གྲུབ་པས་ཕུང་གསུམ་སེལ་བའི་ཕྱིར། དཔེར་ན། ལུས་ཅན་ཡིན་པར་ངེས་ནས། དེ་མིན་པ་ཁེགས། དེ་མ་ཡིན་པར་ངེས་ན། དེ་ཡིན་པ་ཁེགས་པ་བཞིན་ཡིན་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་ནི་ཕན་ཚུན་གནས་པའི་མཚན་ཉིད་ཡིན་ནོ། །ཞེས་པ་ནས། དེ་དག་ནི་ཕུང་པོ་གཞན་སེལ་བར་བྱེད་པ་ཡིན་ཏེ། དཔེར་ན། ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་ལྟ་བུའོ། ། ཞེས་གསུངས་པའི་ཕྱིར། གསུམ་པ་ཕྱེ་བ་སོ་སོའི་རྣམ་བཞག་ལ། སོ་སོའི་ངོ་བོ། དབྱེ་བའི་ཁྱད་པར་དང་གཉིས། དང་པོ་ཡོད་དེ། ཁྱོད་གང་གིས་རྙེད་པའི་ཚད་མ་ཁྱོད་ལ་ལྟོད་ནས་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བ། ཁྱོད་དོན་དང་བདེན་པའི་མཚན་ཉིད་དམ་ངོ་བོ་དང་། ཁྱོད་གང་གིས་རྙེད་པའི་ཚད་མ་ཁྱོད་ལ་ལྟོས་ནས་ཐ་སྙད་དཔྱོད་པའི་ཚད་མར་སོང་བ་དེ། ཁྱོད་ཀུན་རྫོབ་བདེན་པའི་མཚན་ཉིད་དམ་ངོ་བོ་ཡིན་པའི་ཕྱིར། ལུགས་འདིར་ཆོས་དེ་ལ་མཐར་ཐུག་པའི་དཔྱོད་བྱེད་ཀྱི་ཚད་མ་ཡིན་པ་ཙམ་གྱིས། དེ་ལ་མཐར་ཐུགས་གི་དོན་རྟོགས་པའི་རིགས་ཤེས་ཚད་མར་སོང་བས་མ་ཁྱབ་སྟེ། མྱུ་གུ་དོན་དམ་པར་གཞན་ལས་མི་སྐྱེ་བར་རྟོགས་པའི་རིགས་ཤེས་རྗེས་དཔག་དེས། མྱུ་གུའི་མཐར་ཐུགས་གི་དོན་རྟོགས་པའི་ཕྱིར། དེར་ཐལ་མྱུ་གུ་དོན་དམ་པར་གཞན་ལས་མི་སྐྱེ་བ་དེ་དེའི་རྙེད་དོན་གང་ཞིག །དེ་མཐར་ཐུག་གི་དོན་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་སྟོང་ཉིད་མ་ཡིན་པའི་ཕྱིར། གཉིས་པ་དོན་དམ་པ་ལ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་དུ་མ་ཡོད་དེ། ཡུལ་དོན་དམ་བདེན་པ་དང་། ཡུལ་ཅན་དོན་དམ་བདེན་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་དངོས་དང་རྗེེས་མཐུན་གཉིས་ཡོད་དེ། མྱུ་གུ་བདེན་སྟོང་ལྟ་བུ་དང་པོ་དང་། བདེན་སྟོང་སྒྱུ་མ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། གཉིས་པ་ལ་ཡང་དངོས་དང་རྗེས་མཐུན་གཉིས་ཡོད་དེ། མྱུ་གུ་བདེན་སྟོང་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུ་དང་པོ་དང་། མྱུ་གུ་བདེན་སྟོང་རྟོགས་པའི་རྗེས་དཔག་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། གཞན་ཡང་། དེ་ལ་དོན་དོན་དམ་པ། ཐོབ་པ་དོན་དམ་པ། སྒྲུབ་པ་དོན་དམ་པ་གསུམ་དང་། རྣམ་གྲངས་པའི་དོན་དམ་པ། རྣམ་གྲངས་མ་ཡིན་པའི་དོན་དམ་པ་ཞེས་པའི་ཐ་སྙད་མཛད་པ་ཡོད་ཀྱང་དངོས་བཏགས་ཅི་རིགས་ཀྱི་དབང་དུ་བྱས་པ་ཡིན་ཏེ། དོན་དམ་བདེན་པ་དངོས་ནི་སྟོང་ཉིད་དང་དོན་གཅིག་པའི་ཕྱིར་རོ། །ཀུན་རྫོབ་བདེན་པ་ལ་ཡང་ཡང་ལོག་གཉིས་ཡོད་ཅིང་དེ་གཉིས་ཀྱི་ངོ་བོ་ཡོད་དེ། རང་ཉིད་གཙོ་བོར་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པའི་ཀུན་རྫོབ་དེ། ཡང་དག་ཀུན་རྫོབ་དང་། དེ་ལྟ་བུའི་བློ་ལ་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པ་དེེ། ལོག་པའི་ཀུན་རྫོབ་ཀྱི་དོན་ནམ་ངོ་བོར་འཇོག་པའི་ཕྱིར། སོ་སོའི་མཚན་གཞི་ཡོད་དེ། བྱད་བཞིན་དང་ཀ་བུམ་དང་ཆུ་དང་ཤེས་པ་དང་ཁ་དོག་ཐམས་ཅད་དང་པོ་དང་། བྱད་བཞིན་གྱི་གཟུགས་བརྙན་དང་། སྨིག་རྒྱུའི་ཆུ་དང་ཆུའི་ཟླ་བ་དང་། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། དེ་ཡང་འཇིག་རྟེན་གྱི་གྲགས་པ་ལྟར་ཡིན་ཏེ། འཇིག་རྟེན་ན་བྱད་བཞིན་དང་ཀ་བུམ་དང་ཆུ་ལ་སོགས་པས་འཇིག་རྟེན་པའི་ཐ་སྙད་དོན་མཐུན་ལྟར་དོན་བྱེད་ནུས་པས་ཡང་དག་ཀུན་རྫོབ་དང་། བྱད་བཞིན་གྱི་གཟུགས་བརྙན་དང་སྨིག་རྒྱུའི་ཆུ་སོགས་ཀྱིས་ནི་དེ་ལྟར་དོན་བྱེད་མི་ནུས་པས་ལོག་པའི་ཀུན་རྫོབ་ཏུ་བཞག་པའི་ཕྱིར་ཏེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། ཞེས་དང་། དེའི་རང་འགྲེལ་ལས་ཀྱང་། ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་ཡང་དག་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །ཞེས་གསུངས་པའི་ཕྱིར། ཐལ་འགྱུར་བས་ནི་འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ཡང་ལོག་གཉིས་ཀྱི་དབྱེ་བ་འདོད་ཀྱང་། ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཀྱི་དབྱེ་བ་མི་འདོད་དེ། ཡང་དག་ཀུན་རྫོབ་མི་བཞེད་པའི་ཕྱིར། དེར་ཐལ། སྣང་བ་སྣང་བ་ལྟར་གྲུབ་པའི་ཀུན་རྫོབ་མི་བཞེད་པའི་ཕྱིར། དེར་ཐལ། སྣང་བ་སྣང་བ་ལྟར་གྲུབ་ན་དོན་དམ་བདེན་པ་ཡིན་དགོས་པར་བཞེད་པའི་ཕྱིར་ རོ། །བཞི་པ་ངེས་ཚིག་ལ། དོན་དམ་བདེན་པ་ཆོས་ཅན། ཁྱེད་ལ་དེར་བརྗོད་པའི་རྒྱུ་མཚན་ཡོད་དེ། བློ་དོན་དམ་པ་འཕགས་པའི་མཉམ་བཞག་གི་གཟིགས་ངོར་སྣང་ཚུལ་དང་གནས་ཚུལ་མཐུན་ཞིང་། དོན་ཡང་ཡིན་དམ་པ་ཡང་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། ཀུན་རྫོབ་བདེན་པ་ཆོས་ཅན། ཁྱོད་ལ་དེར་བརྗོད་པའི་རྒྱུ་མཚན་ཡོད་དེ། བློ་ཀུན་རྫོབ་པ་རང་ཉིད་བདེན་པར་འཛིན་པའི་བདེན་འཛིན་གྱི་ངོ་བོར་བདེན་ཡང་དོན་ལ་བདེན་པར་མེད་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། ལྔ་པ་ནི། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བྱས་པ་དང་མི་རྟག་པ་བཞིན་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། སྟོང་དེ་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་དང་། མདོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། བདེན་གཉིས་ཐ་དད་གཏན་མེད་ཀྱི་གཅིག་མིན་ཏེ། ཀུན་རྫོབ་དང་དོན་དམ་གྱི་གཞི་འཐུན་མི་སྲིད་པའི་ཕྱིར། དེ་གཉིས་ངོ་བོ་ཐ་དད་མིན་ཏེ། མྱུ་གུ་དང་བདེན་སྟོང་གཉིས་ངོ་བོ་གཅིག་ཏུ་འདོད་དགོས་པའི་ཕྱིར་ཏེ། མྱུ་གུ་ཉིད་བདེན་པས་སྟོང་པ་ཡིན་པའི་ཕྱིར་རོ། །དྲུག་པ་དགོས་པ་ཡོད་དེ། གཞི་དུས་སུ་བདེན་གཉིས་ཀྱི་རྣམ་གཞག་ཤེས་པ་ལ་བརྟེན་ནས། ལམ་དུས་སུ་ཚོགས་གཉིས་ཟུང་འབྲེལ་དུ་ཉམས་སུ་ལེན་པ་དེ་འབྱུང་། དེ་ལ་བརྟེན་ནས་འབྲས་དུས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་འཇུག་ཏུ་ཐོབ་པ་འབྱུང་བའི་ཕྱིར་ཏེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་ཉིད་མ་ལུས་ཚོགས་བསགས་ ཏེ། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར། །སྡུག་བསྔལ་གཟུགས་ལ་སོགས་པ་འབྲས་བུར་གྱུར་པའི་ཞེས་སོགས་ཀྱི་སྐབས་སུ་བདེན་བཞིའི་རྣམ་གཞག་ལ་དབྱེ་བ་སྒྲ་དོན་གྲངས་ངེས། གོ་རིམ། སོ་སོའི་ངོ་བོ། སྒོམ་ཚུལ། བསྒོམས་པའི་དགོས་པ་དང་བདུན། དང་པོ་ནི། འདིར་བསྒོམ་བྱའི་བདེན་པའི་རྣམ་པ་ལ་བཞི་ཡོད་དེ། སྡུག་བསྔལ་བདེན་པ་སོགས་བཞི་ཡོད་པའི་ཕྱིར། གཉིས་པ་ནི། དེ་བཞི་ཆོས་ཅན། ཁྱོད་ལ་འདིར་བདེན་པའི་མིང་གིས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཕགས་པས་གཟིགསས་པ་ལྟར་བདེན་ཅིང་བྱིས་པས་བཟུང་བ་ལྟར་མི་བདེན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། གསུམ་པ་ནི། གྲོལ་བ་དོན་གཉེར་གྱི་བླང་དོར་གྱི་གནས་ཀྱི་གཙོ་བོའི་གནས་ལ་བདེན་པ་བཞིར་གྲངས་ངེས་ཏེ། དེའི་དོར་བྱའི་གཙོ་བོའི་གནས་ལ་སྡུག་ཀུན་གཉིས་དང་། བླང་བྱའི་གནས་ལ་འགོག་ལམ་གྱི་ཕྱོགས་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། སྤང་བྱའི་རྒྱུ་འབྲས་ལ་སྡུག་ཀུན་གཉིས་སུ་གྲངས་ངེས། བླང་བྱའི་རྒྱུ་འབྲས་ལ་འགོག་ལམ་གཉིས་སུ་གྲངས་ངེས་པའི་ཕྱིར། བཞི་པ་གོ་རིམ་ལ་གཉིས་ཡོད་དེ། རྒྱུ་འབྲས་དོན་གྱི་གོ་རིམ་དང་། མངོན་རྟོགས་སྐྱེ་བའི་གོ་རིམ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྒྱུ་དང་ལས་དང་སྡུག་བསྔལ་དང་། །འགོག་པ་ལ་ནི་གོ་རིམ་བཞིན། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། འདིར་ནི་ཕྱི་མའི་དབང་དུ་བྱ་བ་ཡིན་ཏེ། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་དང་འགོག་བདེན་དང་ལམ་བདེན་བཞི་རིམ་པར་བསྟན་པའི་ཕྱིར། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། དང་པོར་མི་རྟག་སྡུག་བསྔལ་སོགས་སྡུག་བདེན་གྱི་གཉིས་དམིགས་ཤེས་དགོས། དེ་ཤེས་ན་དེའི་རྒྱུ་ཡོད་མེད་བརྟགས་པ་ན་ལུས་ཉོན་གཉིས་དེའི་རྒྱུར་ཤེས་པ་དེ་འབྱུང་ཞིང་དེ་གཉིས་སྤང་འདོད་སྐྱེ། དེ་ནས་སྡུག་ཀུན་གཉིས་འགགས་པའི་འགོག་པ་ཡོད་པར་ཤེས་ནས་དེ་ལ་ཐོབ་འདོད་སྐྱེ། དེ་ནས་འགོག་པ ་དེ་ཐོབ་བྱེད་ཀྱི་ལམ་བདེན་བསྒོམ་དགོས་པར་མཐོང་ནས་ལམ་བདེན་བསྟེན་བྱར་ཁོང་དུ་ཆུད་པར་འགྱུར་བ་ཡིན་པའི་ཕྱིར་ཏེ། དཔེར་ན། ཐོག་མར་ནད་ངོ་ཤེས་དགོས། དེ་ནས་དེའི་རྒྱུ་ཤེས་དགོས། དེ་ནས་དེ་ལས་གྲོལ་འདོད་སྐྱེ་དགོས། དེ་ནས་སྨན་བསྟེན་དགོས་པ་བཞིན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། ། ཞེས་གསུངས་པའི་ཕྱིར། ལྔ་པ་སོ་སོའི་ངོ་བོ་བཤད་པ་ལ། བཞིའི་དང་པོ་སྡུག་བདེན་ལ་ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན། རྣམ་པ་གཏན་ལ་འབེབས་ཚུལ་དང་བཞི། དང་པོ་ཡོད་དེ། རང་རྒྱུ་ཀུན་འབྱུང་བདེན་པས་ལག་རྗེས་བཞག་པའི་ཉེར་ལེན་གྱི་ཕུང་པོ་དེ། སྡུག་བདེན་གྱི་མཚན་ཉིད་དམ་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་དུ་མ་ཡོད་དེ། ངོ་བོའི་སྒོ་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ་དང་གསུམ་དང་། མྱོང་ཚུལ་གྱི་སྒོ་ནས་དེར་གྱུར་པའི་བདེ་སྡུག་བཏང་སྙོམས་གསུམ་དང་། སྣོད་བཅུད་ཀྱི་སྒོ་ནས་གཉིས་ཡོད་པའི་ཕྱིར། གསུམ་པ་ལ། སྤྱིར་ལས་ཉོན་གྱི་དབང་གིས་ཉིང་མཚམས་སྦྱར་བའི་ཉེར་ལེན་གྱི་ཕུང་པོ་ལྔ་ནི་འདུ་བྱེད་ཀྱི་སྡུག་བསྔལ་རགས་པ་ཡིན་ལ། དེ་ལྟ་བུའི་ཕུང་པོ་དང་བཅས་པའི་སྐྱེ་རྒ་ན་འཆི་བཞིའི་མི་རྟག་པ་སྤྱི་ཙམ་ཡང་། འདུ་བྱེད་ཀྱི་སྡུག་བསྔལ་རགས་པ་དང་། ཉེར་ལེན་གྱི་ཕུང་པོ་དེ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཕྲ་མོ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་སྡུག་བསྔལ་ཕྲ་མོ་མཐོང་ནས་ཕྲ་བའི་མི་རྟག་པ་མཐོང་བ་ཡིན་ཏེ། ཕྲ་བའི་མི་རྟག་པ་དེ་རྟོགས་དཀའ་ཞིང་དེ་ལྟར་མངོན་སུམ་དུ་མཐོང་ན་འཕགས་པའི་ཡེ་ཤེས་ཀྱང་སྐྱེ་བ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་སྡུག་བསྔལ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལས་ཉོན་གྱིས་འདུ་བྱས་པ་དང་ཁམས་གསུམ་ལ་ཁྱབ་ཅིང་སྡུག་བསྔལ་གཞན་གཉིས་ལ་ཡང་ཁྱབ་པའི་རྒྱུ་མཚན་གྱིས་དེ་སྐད་ཅེས་བརྗོད་པའི་ཕྱིར། འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ན། ཁམས་གསུམ་ལ་ཁྱབ་མི་དགོས་ཏེ། རང་རེའི་ཉེར་ལེན་གྱི་ཕུང་པོ་འདི་ཁམས་གསུམ་ལ་མ་ཁྱབ་པའི་ཕྱིར་རོ། །སྐྱེ་རྒ་ན་འཆི་བཞིའི་ནང་ནས་སྐྱེ་རྒ་གཉིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་བར་གཙོ་ཆེ་ཡང་། ན་འཆི་ནི་དེ་དང་མི་འདྲ་སྟེ། དེ་གཉིས་ཕལ་ཆེར་འགྱུར་བ་དང་སྡུག་བསྔལ་གྱི་སྡུག་བསྔལ་གང་རུང་དུ་གཙོ་ཆེ་བའི་ཕྱིར། འགྱུར་བའི་སྡུག་བསྔལ་ཡོད་དེ། འགྲོ་བའི་དུས་སུ་རེ་ཞིག་བསྡད་པའི་བདེ་བ་དང་ཁ་ཟས་ཀྱི་རོ་མྱོང་བའི་ཚོར་བ་བདེ་བ་ལྟ་བུ་ནི་འགྱུར་བའི་སྡུག་བསྔལ་དུ་འཇོག་པའི་ཕྱིར། མཁལ་མའི་ཟུག་གཟེར་ཉམས་སུ་མྱོང་བ་དང་མཚོན་གྱིས་རྨས་པའི་ཚོར་བ་སྡུག་བསྔལ་དྲག་པོ་ལྟ་བུ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ཏེ། དེ་དག་ནི་འཇིག་རྟེན་ནའང་སྡུག་བསྔལ་ཆེ་བར་དྲག་པའི་ཕྱིར། བཞི་པ་སྡུག་བདེན་གྱི་རྣམ་པ་ལ་བཞི་ཡོད་པ་ལས། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པ་ཡིན་ཏེ། རྐྱེན་གྱིས་བསྐྱེད་པའི་ཕྱིར། སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། དོན་གཞན་གྱིས་སྟོང་པ་ཡིན་ཏེ། བདག་དོན་གཞན་གྱིས་མ་བསྐྱེད་པའི་ཕྱིར། བདག་མེད་པའི་རྣམ་པ་ཅན་ཡིན་ཏེ། རང་གི་ངོ་བོ་བདག་ཏུ་མ་གྲུབ་པའི་ཕྱིར། གཉིས་པ་ཀུན་འབྱུང་བདེན་པ་ལ། ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན། རྣམ་པ་གཏན་ལ་འབེབས་ཚུལ་དང་བཞི། དང་པོ་ཡོད་དེ། རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་རྒྱུའི་ཕྱོགས་ཀུན་ནས་ཉོན་མོངས་པའི་བདེན་པ་དེ། ཀུན་འབྱུང་བདེན་པའི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན་གཉིས་ཡོད་དེ། ཉོན་མོངས་པའི་ཀུན་འབྱུང་དང་ལས་ཀྱི་ཀུན་འབྱུང་གཉིས་ཡོད་པའི་ཕྱིར། གསུམ་པ་ལ། ལས་ཉོན་གཉིས་ལས། ཉོན་མོངས་པའི་ཀུན་འབྱུང་ལ་གཉིས་ཡོད་དེ། དེར་གྱུར་བའི་རྩ་ཉོན་དང་། ཉེ་ཉོན་གཉིས་ཡོད་པའི་ཕྱིར། རྩ་ཉོན་ལ་དྲུག་ཡོད་དེ། དེར་གྱུར་པའི་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཉོན་མོངས་ཅན། ལྟ་བ་ཉོན་མོངས་ཅན་དང་དྲུག་ཡོད་པའི་ཕྱིར། ཉེ་ཉོན་ལ་ཉི་ཤུ་ཡོད་དེ། ཁྲོ་བ་དང་འཁོན་འཛིན་དང་འཆབ་པ་དང་འཚིག་པ་དང་ཕྲག་དོག་དང་སེར་སྣ་དང་གཡོ་དང་སྒྱུ་དང་རྒྱགས་པ་དང་རྣམ་པར་འཚེ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་པ་དང་རྒོད་པ་དང་མ་དད་པ་དང་ལེ་ལོ་དང་བག་མེད་དང་བརྗེད་ངས་དང་ཤེས་བཞིན་མ་ཡིན་པ་དང་རྣམ་པར་གཡེང་བ་དང་ཉི་ཤུ་ཡོད་པའི་ཕྱིར། འོན་ཀྱང་སྲེད་པ་ཉོན་མོངས་པའི་ཀུན་འབྱུང་གི་གཙོ་བོ་ཡིན་ཏེ། ཐམས་ཅད་དུ་འགྲོ་བ་རྣམ་པ་དྲུག་གི་སྒོ་ནས་གཙོ་བོར་འགྱུར་བའི་ཕྱིར་ཏེ། ཀུན་ལས་བཏུས་ལས། འདི་ལྟར་སྲེད་པ་ནི་དངོས་པོ་ནི་ཐམས་ཅད་དུ་འགྲོ་བ་དང་། གནས་སྐབས་ཐམས་ཅད་དུ་འགྲོ་བ་དང་། དུས་ཐམས་ཅད་དུ་འགྲོ་བ་དང་། ཁམས་ཐམས་ཅད་དུ་འགྲོ་བ་དང་། ཚོལ་བ་ཐམས་ཅད་དུ་འགྲོ་བ་དང་། རྣམ་པ་ཐམས་ཅད་དུ་འགྲོ་བའོ། ། ཞེས་གསུངས་པའི་ཕྱིར། སྲེད་པ་དེ་ལ་གསུམ་ཡོད་དེ། འདོད་སྲེད། འཇིགས་སྲེད། སྲིད་སྲེད་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ངོ་བོ་ཡོད་དེ། ཟག་བཅས་ཀྱི་ཡུལ་གཟུགས་སྒྲ་སོགས་ཡིད་དུ་འོང་བ་ལ་མི་འབྲལ་བར་འདོད་པའི་སྲེད་པ་དང་པོ། ཡུལ་ཡིད་དུ་མི་འོང་བ་ལ་འབྲལ་བར་འདོད་པའི་སྲེད་པ་གཉིས་པ། འཆི་བའི་དུས་སུ་ཕུང་པོ་ལ་སྲེད་པའི་སྲེད་པ་དེ་གསུམ་པ་ཡིན་པའི་ཕྱིར་ཏེ། ལས་ཀྱི་ཀུན་འབྱུང་ལ་དབྱེ་ན་དུ་མ་ཡོད་དེ། དེར་གྱུར་པའི་དགེ་མི་དགེ་ལུང་མ་བསྟན་གསུམ་དང་། སྒོ་གསུམ་གྱི་ལས་གསུམ་དང་། གཞན་རྣམ་གྲངས་ཀྱིས་དབྱེ་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་དང་། སྐྱེ་ནས་མྱོར་འགྱུར་གྱི་ལས་སོགས་གསུམ་དང་། འཕེན་འགྲུབ་རྫོགས་བྱེད་ཀྱི་ལས་གསུམ་དང་། དཀར་ལ་རྣམ་སྨིན་དཀར་བའི་ལས་སོགས་གསུམ་དང་། སྡོམ་སྡོམ་མིན་པར་མའི་ལས་གསུམ་རྣམས་སུ་ཡོད་པའི་ཕྱིར། ཟག་མེད་ཀྱི་ལས་ནི་ལས་ཀྱི་ཀུན་འབྱུང་དུ་མི་འདོད་དེ། དེ་ཟག་བཅས་མ་ཡིན་པའི་ཕྱིར། སོ་སྐྱེའི་རྒྱུད་ཀྱི་དགེ་མི་དགེའི་ལས་གཉིས་ཕལ་ཆེར་ལས་ཀྱི་ཀུན་འབྱུང་ཡིན་པའི་འཁོར་བའི་རྒྱུ་བྱེད་ཀྱང་། ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བ་རྣམ་དག་རྣམས་དང་དེས་དངོས་སུ་ཟིན་པའི་དགེ་རྩ་རྣམས་ཀྱིས་ནི་འཁོར་བའི་རྒྱུ་མི་བྱེད་དེ། དེ་རྣམས་ནི་འཁོར་བ་སྤོང་བ་ལ་ཕྱོགས་ཤིང་དེ་འཇོམས་བྱེད་ཀྱི་གཉེན་པོ་དམ་པར་གསུངས་པའ་ིཕྱིར། བཞི་པ་རྣམས་པ་བསྒྲུབ་ཚུལ་ནི། སོ་སྐྱེའི་རྒྱུད་ཀྱི་ཟག་བཅས་ཀྱི་ལས་སྲེད་གཉིས་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་བྱེད་པའི་ཕྱིར། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། སྡུག་བསྔལ་ཡང་ཡང་ཀུན་ཏུ་སྐྱེད་པའི་ཕྱིར། རབ་སྐྱེའི་རྣམ་པ་ཡིན་ཏེ། སྡུག་བསྔལ་དྲག་ཏུ་སྐྱེད་པའི་ཕྱིར། རྐྱེན་གྱི་རྣམ་པ་ཡིན་ཏེ། ཡང་སྲིད་དུ་འཕེན་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་རོ། །གསུམ་པ། འགོག་བདེན་ལ། ངོ་བོ། དབྱེ་བ། སོ་སོའི་དོན། རྣམ་པ་གཏན་ལ་འབེབས་པ་ད ང་བཞི། དང་པོ་ཡོད་དེ། ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས་ཏེ། འགོག་བདེན་གྱི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དེ་ལ་སྒྲས་བརྗོད་རིགས་ཀྱི་དབྱེ་ན་གཉིས་ཡོད་དེ། སོ་སོར་བཏགས་འགོག་དང་བཏགས་མིན་གྱི་འགོག་པ་གཉིས་ཡོད་ཅིང་། གཞན་ཡང་རྫོགས་མ་རྫོགས་ཀྱི་འགོག་བདེན་གཉིས་རྒྱན་བཅས་རྒྱན་མེད་གཉིས། ལྷག་བཅས་ལྷག་མེད་གཉིས་སོགས་ཡོད་པའི་ཕྱིར། འགོག་བདེན་ལ་འཕགས་རྒྱུད་ཀྱི་ཡོན་ཏན་ཡིན་པས་ཁྱབ་སྟེ། དེ་ལ་མཐོང་སྤངས་ཉོན་སྒྲིབ་སྤངས་པ་ཞིག་ངེས་པར་དགོས་པའི་ཕྱིར། དེ་ལ་དོན་དམ་བདེན་པ་ཡིན་མིན་གཉིས་ཡོད་དེ། བར་ཆད་མེད་ལམ་གྱི་སྟོབས་ཀྱིས་མཐོང་སྤངས་ཉོན་མོངས་སྤངས་པའི་ཆ་དེ་འགོག་བདེན་དུ་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་ལ། དེ་སྤངས་པའི་དེ་བཞིན་ཉིད་དེ་འགོག་བདེན་དུ་གྱུར་པའི་དོན་དམ་བདེན་པ་ཡིན་པའི་ཕྱིར། བཞི་པ་རྣམ་པ་གཏན་ལ་འབེབས་ཚུལ་ནི། ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་པ་བའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་ཀུན་བཏགས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་དེས་བསྐྱེད་པའི་སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པའ་ིརྣམ་པ་ཡིན་ཏེ། ཕན་བདེའི་ངོ་བོར་གྱུར་པའི་བྲལ་བ་ཡིན་པའི་ཕྱིར། ངེས་འབྱུང་གི་རྣམ་པ་ཡིན་ཏེ། ཉོན་མོངས་ཀུན་བཏགས་རྩ་བ་ནས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། བཞི་པ་ལམ་བདེན་ལ་ངོ་བོ། དབྱེ་བ། སོ་སོའི་དོན། རྣམ་པ་གཏན་ལ་འབེབས་ཚུལ་དང་བཞི། དང་པོ་ཡོད་དེ། རང་གི་ཐོབ་བྱའི་འགོག་བདེན་ཐོབ་བྱེད་བྲལ་རྒྱུས་བསྡུས་པའི་རྣམ་བྱང་བདེན་པ་དེ། ལམ་བདེན་གྱི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་དབྱེ་ན་མང་སྟེ། ཐེག་པ་གསུམ་གྱི་འཕགས་ལམ་ཐམས་ཅད་དེ་ལྟར་ཡིན་པའི་ཕྱིར། གསུམ་པ་ལ། ལམ་བདེན་གྱི་གཙོ་བོ་ནི་བར་ཆད་མེད་ལམ་རྣམས་ཡིན་ཏེ། དེ་རྣམས་ཀྱིས་རང་གི་བྲལ་འབྲས་འགོག་བདེན་གྱི་བྲལ་རྒྱུ་དངོས་སུ་བྱེད་པའི་ཕྱིར། འཕགས་པའི་རྣམ་གྲོལ་ལམ་དང་རྗེས་ཐོབ་ཡེ་ཤེས་རྣམས་ལམ་བདེན་ཡིན་ཀྱང་བྲལ་རྒྱུའི་ཕྱོགས་ཀྱིས་བསྡུས་པ་ཡིན་གྱི། བྲལ་རྒྱུ་དངོས་གནས་པ་མིན་ཏེ། དེ་རྣམས་ཀྱི་བྲལ་རྒྱུ་དངོས་སུ་མི་བྱེད་པའི་ཕྱིར། ཚོགས་ལམ་ལ་ལམ་བདེན་ཡོད་ཀྱང ་ལམ་བདེན་གྱིས་མ་ཁྱབ་སྟེ། ཉན་རང་གི་ཚོགས་ལམ་ཡིན་ན་ལམ་བདེན་མིན་པས་ཁྱབ་པའི་ཕྱིར། འོན་ཀྱང་ལམ་བདེན་གྱིས་བསྡུས་ཏེ། གཙོ་འཁོར་གྱི་ཚུལ་གྱིས་བསྡུས་པའི་ཕྱིར། བཞི་པ་རྣམ་པ་གཏན་ལ་འབེབས་ཚུལ་ནི། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པར་བགྲོད་བྱེད་ཀྱི་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རིག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར། སྒྲུབ་པའི་རྣམ་པ་ཡིན་ཏེ། སེམས་ཀྱི་གནས་ལུགས་རྟོགས་པའི་འཕགས་ལམ་ཡིན་པའི་ཕྱིར། ངེས་འབྱིན་གྱིས་རྣམ་པ་ཡིན་ཏེ། སྡུག་བཇལ་སྤང་བྱེད་ཀྱི་འཕགས་ལམ་ཡིན་པའི་ཕྱིར། དྲུག་པ་ལ་རྣམ་པ་བསྒོམ་ཚུལ་ཡོད་དེ། ཐོག་མར་རང་གི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་མི་རྟག་པར་བསམ། དེ་ནས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་རྣམས་བསམ། དེ་རྗེས་ཀྱི་སྡུག་བསྔལ་དེ་དག་བྱེད་པ་པོ་དོན་གཞན་གྱི་བདག་གིས་སྟོང་པར་བསམ། དེ་ནས་མྱོང་བ་པོ་ཉིད་རང་དབང་བའི་བདག་ཏུ་མ་གྲུབ་པའི་ཚུལ་བསམ་པའི་སྒོ་ནས་སྡུག་བདེན་ཤེས་པར་བྱེད། དེ་ནས་སྡུག་བསྔལ་དེ་རྒྱུ་གང་ལས་བྱུང་ན་ལས་ཉོན་གཉིས་ལས་བྱུང་བར་ཤེས་ཏེ་དེ་གཉིས་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པའི་ངོ་བོར་བསྒོམ་པ་ནས་ཀུན་འབྱུང་བར་སྤོང་བ་ལ་འཇུག །དེ་ནས་སྡུག་ཀུན་གཉིས་འགག་པའི་འགོག་པ་ངོས་བཟུང་ནས་དེ་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་གི་རྣམ་པར་བསམས་ཏེ་འགོག་པ་མངོན་དུ་བྱེད། དེ་ནས་འགོག་བདེན་དེ་ཉིད་ཐོབ་བྱེད་ཀྱི་ཐབས་དམ་པ་ལམ་བདེན་སྤྱི་དང་བདག་མེད་རྟོགས་པའི་ཡེ་ཤེས་དེ་ལམ་རིག་པ་སྒྲུབ་པ་ངེས་འབྱིན་གྱི་རྣམ་པར་བསམ་པའི་སྒོ་ནས་རྒྱུད་ལ་བསྟེན་པར་བྱེད་པ་ཡིན་པའི་ཕྱིར། བདུན་པ་ལ་རྣམ་པ་དེ་ལྟར་དུ་བསྒོམ་པ་ལ་དགོས་པ་ཡོད་དེ། ཐོག་མར་འཁོར་བའི་ཉེས་དམིགས་བསམས་ཏེ་སྡུག་ཀུན་ཞི་བའི་ཐར་པ་ཐོབ་འདོད་སྐྱེད་ཅིང་དེ་ནས་ལམ་བསླབ་གསུམ་སོགས་ཉམས་སུ་བླངས་སྟོབས་ཀྱིས་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །༈ སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ། ཞེས་སོགས་ཀྱི་སྐབས་སུ། དཀོན་མཆོག་གསུམ་གྱི་རྣམ་གཞག་ལ། བྱེ་བྲག་སྨྲ་བའི་ལུགས་དང་། ཐེག་ཆེན་པའི་ལུགས་གཉིས། དང་པོ་ཡོད་དེ། བྱེ་བྲག་སྨྲ་བས་སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས། སངས་རྒྱས་དཀོན་མཆོག་ཏུ་བྱེད་པའི་བྱེད་ཆོས་ཡིན་པས་སངས་རྒྱས་དཀོན་མཆོག་ཡིན་ལ། སློབ་པ་འཕགས་པ་དང་མི་སློབ་པ་གཞན་གྱི་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་ཏེ། དེ་རྣམས་དགེ་འདུན་དུ་བྱེད་པའི་བྱེད་ཆོས་ཡིན་པས་དགེ་འདུན་དཀོན་མཆོག་དང་། དེ་དག་གི་རྒྱུད་ཀྱི་འགོག་བདེན་རྣམས་ཆོས་དཀོན་མཆོག་ཏུ་འདོད་པའི་ཕྱིར། དེ་སྐད་དུ་ཡང་། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ ཞེས་གསུངས་པའི་ཕྱིར། གཟུགས་སྐུ་གཉིས་སངས་རྒྱས་དཀོན་མཆོག་མིན་ཀྱང་སངས་རྒྱས་ཡིན་ཏེ། དེ་གཉིས་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ལ། སྐྱབས་གསུམ་སྤྱིིའི་རྣམ་གཞག །ཐེག་ཆེན་ཐུང་མོང་མ་ཡིན་པའི་སྐྱབས་གསུམ་ངོས་བཟུང་བ། ཀུན་རྫོབ་དང་དོན་དམ་པའི་ཁྱད་པར། སྐྱབས་འགྲོ་བཤད་པ་དང་བཞི། དང་པོ་ཡོད་དེ། རྒྱུའི་སྐྱབས་འགྲོའི་དབང་དུ་བྱས་ན་རིགས་ཅན་གསུམ་ཀ་དཀོན ་མཆོག་གསུམ་ཀ་ལ་སྐྱབས་སུ་འགྲོ་ཡང་། འབྲས་བུའི་སྐྱབས་འགྲོའི་དབང་དུ་བྱས་ན་ཐེག་ཆེན་གྱི་རིགས་ཅན་གྱིས་སངས་རྒྱས་དཀོན་མཆོག་མཆོད་པ་དང་དོན་དུ་གཉེར་བ་ཅི་རིགས་ཀྱི་སྒོ་ནས་སངས་རྒྱས་དཀོན་མཆོག་དེའི་སྐྱབས་སུ་བཞག །རང་རྒྱལ་གྱི་རིགས་ཅན་གྱིས་ཆོས་དཀོན་མཆོག་མཆོད་པ་དང་དོན་དུ་གཉེར་བ་ཅི་རིགས་ཀྱི་སྒོ་ནས་ཆོས་དཀོན་མཆོག་དེའི་སྐྱབས་སུ་བཞག །ཉན་ཐོས་ཀྱི་རིགས་ཅན་གྱིས་དགེ་འདུན་དཀོན་མཆོག་མཆོད་པ་དང་ཐོབ་བྱར་དོན་དུ་གཉེར་བ་ཅི་རིགས་ཀྱི་སྒོ་ནས་དེ་དེའི་སྐྱབས་སུ་བཞག་པའི་ཕྱིར། རྒྱུའི་སྐྱབས་འགྲོའི་དབང་དུ་བྱས་ན་རིགས་ཅན་གསུམ་ཀས་དཀོན་མཆོག་གསུམ་ཀ་ལ་ཡང་སྐྱབས་སུ་འགྲོ་བ་ཡིན་ཏེ། དེ་གསུམ་ཀས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པའི་སྟོན་པ། ཆོས་དཀོན་མཆོག་ལ་སྐྱབས་དངོས། དགེ་འདུན་དཀོན་མཆོག་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བྱེད་པ་འདྲ་བའི་ཕྱིར། གཉིས་པ་ལ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གི་ཁྱད་པར་དང་གསུམ། དང་པོ་ལ། ངོ་བོ་དང་། དབྱེ་བ་དང་། ཡོན་ཏན་གྱི་ཁྱད་པར་གསུམ། དང་པོ་ཡོད་དེ། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་གཉིས་ཡོད་དེ། ཆོས་གཟུགས་ཀྱི་སྐུ་གཉིས་ཡོད་པའི་ཕྱིར། གསུམ་པ་ནི། སངས་རྒྱས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་ཏེ། སྐྱེ་འཇིག་གནས་གསུམ་གྱིས་འདུས་མ་བྱས་པའི་ཡོན་ཏན། འབད་རྩོལ་དང་རྣམ་རྟོག་སྤངས་པའི་ལྷུན་གྱིས་གྲུབ་པའི་ཡོན་ཏན། སྒྲ་རྟོགས་སོགས་ཀྱི་རྐྱེན་ཙམ་གྱིས་རྟོགས་པར་མི་ནུས་པའི་ཡོན་ཏན། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་ལྡན་ཞིང་། དང་པོ་གསུམ་རང་དོན་གྱིས་བསྡུས་པའི་ཡོན་ཏན་དང་། ཕྱི་མ་གསུམ་གཞན་དོན་གྱི་ཡོན་ཏན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་ གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ཅེས་གསུངས་པའི་ཕྱིར། གཉིས་པ་ཆོས་དཀོན་མཆོག་ལ་ངོ་བོ། དབྱེ་བ་ཡོན་ཏན་དང་གསུམ། འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་བྱང་བདེན་པ་དེ། དེའི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་གཉིས་ཡོད་དེ། ངོ་བོའི་སྒོ་ནས་འགོག་བདེན་དང་ལམ་བདེན་གཉིས་ཡོད་པའི་ཕྱིར། གསུམ་པ་ལ་ཆོས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་ཏེ། རྟོག་གེའི་བློས་མུ་བཞིར་བསམ་དུ་མེད་པ་དང་། ལས་ཉོན་ཅི་རིགས་སྤངས་པ་དང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཅི་རིགས་མེད་པ་དང་། ཉོན་མོངས་ཅི་རིགས་དག་པ་དང་། དེ་ཁོ་ན་ཉིད་གསལ་བ་དང་། མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའི་ཡོན་ཏན་རྣམས་དང་ལྡན་ཞིང་། དང་པོ་གསུམ་གང་ཞིག་ཆགས་པ་དང་བྲལ་བ་འགོག་བདེན་གྱི་ཡོན་ཏན་དང་། ཕྱི་མ་གསུམ་གང་གི་ཆགས་པ་དང་བྲལ་བ་ལམ་བདེན་གྱི་ཡོན་ཏན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །ཞེས་གསུངས་པའི་ཕྱིར། གསུམ་པ་དགེ་འདུན་དཀོན་མཆོག་ལ། དབྱེ་བ་ཡོན་ཏན་གསུམ། དང་པོ་ཡོད་དེ། རིགས་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པ་དེའི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་གཉིས་ཡོད་དེ། ཐེག་པ་ཆེ་ཆུང་གི་འཕགས་པའི་དགེ་འདུན་གཉིས་ཡོད་པའི་ཕྱིར། གསུམ་པ་ལ། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་ཏེ། ཇི་ལྟ་ཇི་སྙེད་ནང་ཡེ་ཤེས་གཟིགས་པའི་ཡོན་ཏན་གསུམ་དང་། ཆགས་སྒྲིབ་ཐོགས་སྒྲིབ་དམན་སྒྲིབ་ཅི་རིགས་ལས་གྲོལ་བའི་ཡོན་ཏན་གསུམ་དང་ལྡན་ཞིང་། དང་པོ་གསུམ་རིག་པའི་ཡོན་ཏན་དང་། ཕྱི་མ་གསུམ་གྲོལ་བའི་ཡོན་ཏན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ ཕྱིར། །བློ་ལྡན་ཕྱིར་མི་ལྡོགས་པའི་ཚོགས། །བླ ་མེད་ཡོན་ཏན་དང་ལྡན་ཉིད། ཅེས་གསུངས་པའི་ཕྱིར། གསུམ་པ་ལ། དོན་དམ་པའི་སྐྱབས་ཡིན་མིན་གྱི་ཁྱད་པར་ཡོད་དེ། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་སྐྱབས་དེ། དོན་དམ་པའི་སྐྱབས་ཡིན་ཞིང་། དེ་ལས་ལྡོག་པ་ནི་དོན་དམ་པའི་སྐྱབས་སུ་མི་འོས་པའི་ཕྱིར། དོན་དམ་པའི་སྐྱབས་དང་སངས་རྒྱས་དཀོན་མཆོག་གཉིས་དོན་གཅིག་ཀྱང་། ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་ལ་ཡང་དོན་དམ་པའི་སྐྱབས་ནི་ཡོད་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཆོས་དཀོན་མཆོག་རྣམས་སངས་རྒྱས་ཡིན་པའི་དོན་དམ་པའི་སྐྱབས་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱང་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་མཐར་ཐུག་གི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། གཟུགས་སྐུ་གཉིས་ཀུན་རྫོབ་པའི་སྐུ་ཡིན་ཀྱང་། ཀུན་རྫོབ་པའི་སྐྱབས་མིན་ཏེེ། དེ་གཉིས་སངས་རྒྱས་ཡིན་པའི་ཕྱིར། སློབ་པ་འཕགས་པའི་རྒྱུད་ཀྱི་འགོག་ལམ་གཉིས་དོན་དམ་པའི་ཆོས་དཀོན་མཆོག་ཡིན་ཀྱང་། དོན་དམ་པའི་སྐྱབས་མིན་ཏེ། སངས་རྒྱས་མ་ཡིན་པའི་ཕྱིར། ཀུན་རྫོབ་པའི་ཆོས་དཀོན་མཆོག་ཡིན་ན། ཀུན་རྫོབ་པའི་སྐྱབས་ཡིན་མི་དགོས་ཏེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ལུང་གི་ཆོས་དཀོན་མཆོག་རྣམས་ཀུན་རྫོབ་པའི་ཆོས་དཀོན་མཆོག་ཡིན་ཡང་ཀུན་རྫོབ་པའི་སྐྱབས་མ་ཡིན་པའི་ཕྱིར། དེར་ཐལ་དོན་དམ་པའི་སྐྱབས་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་ཡིན་པའི་ཕྱིར། ཀུན་རྫོབ་པའི་ཆོས་དཀོན་མཆོག་ཡིན་ན་ཆོས་དཀོན་མཆོག་མ་ཡིན་པས་ཁྱབ་སྟེ། ཆོས་དཀོན་མཆོག་ཡིན་ན། དོན་དམ་པའི་ཆོས་དཀོན་མཆོག་ཡིན་དགོས་པའི་ཕྱིར། དོན་དམ་པའི་དགེ་འདུན་དཀོན་མཆོག་ཡིན་ན། དགེ་འདུན་དཀོན་མཆོག་ཡིན་མི་དགོས་ཏེ། ལམ་བདེན་རྣམས་དོན་དམ་པའི་ཆོས་དཀོན་མཆོག་དང་དོན་དམ་པའི་དགེ་འདུན་དཀོན་མཆོག་གཉིས་ཀ་ཡིན་པའི་ཕྱིར། དགེ་འདུན་དཀོན་མཆོག་ཡིན་ན། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ཡིན་དགོས་ལ། དགེ་འདུན་ལ་དགེ་འདུན་དཀོན་མཆོག་གིས་མ་ཁྱབ་སྟེ། སོ་སྐྱེའི་དགེ་འདུན་རྣམས་དགེ་འདུན་དཀོན་མཆོག་མ་ཡིན་པའི་ཕྱིར། འདུལ་བ་ལས། དགེ་སློང་བཞི་ཡན་ལ་དགེ་འདུན་དང་གསུམ་མན་ལ་གང་ཟག་ཅེས་བཤད་ཀྱང་མི་འགལ་ཏེ། རྣམ་གཞག་སོ་སོ་བ་ཡིན་པའི་ཕྱིར་རོ། །བཞི་པ་སྐྱབས་འགྲོ་རྣམ་གཞག་ལ། རྒྱུ་གང་གིས་སྐྱབས་སུ་འགྲོ་བ། ཡུལ་གང་ལ་དང་། སྐྱབས་འགྲོའི་ངོ་བོ། ཅི་ཙམ་གྱིས་སྐྱབས་སུ་སྟོང་བ། དབྱེ་བ་དང་བསླབ་བྱ། དགོས་པ་དང་ཕན་ཡོན་བཤད་པ་དང་དྲུག །དང་པོ་ཡོད་དེ། འཁོར་བ་སྤྱི་དང་བྱེ་བྲག་ངན་སོང་གི་སྡུག་བསྔལ་ཤེས་ནས་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་དད་པ་དེ། དེའི་རྒྱུ་ཡིན་པའི་ཕྱིར། དེ་མེད་ན་དཀོན་མཆོག་ལ་སྐྱབས་སུ་འགྲོ་འདོད་མི་འབྱུང་ཞིང་། ཡོད་ན་འབྱུང་བའི་ཕྱིར། གཉིས་པ་ཡོད་དེ། ཐར་འདོད་ཀྱི་སྐྱབས་འགྲོའི་ཡུལ་གྱི་གཙོ་བོ་ལ་དཀོན་མཆོག་གསུམ་དུ་གྲངས་ངེས་པའི་ཕྱིར་ཏེ། སྐྱབས་འགྲོའི་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། ། ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པའི་ཕྱིར། སྐྱབས་འགྲོའི་ཡུལ་ཙམ་ལ་ངེས་པ་མེད་དེ། སློབ་པ་སོ་སྐྱེ་དང་ལྷ་ཀླུ་མཐུ་ཅན་སོགས་ལའང་སྐྱབས་སུ་འགྲོ་བ་ཡོད་པའི་ཕྱིར། གསུམ་པ་ལ་སྤྱིར་སྐྱབསས་འགྲོའི་ངོ་བོ་ཡོད་དེ་། ཡུལ་གཞན་ལ་རང་སྟོབས་ཀྱིས་དཔུང་གཉེན་དུ་རེ་ལྟོས་འཆའ་བའི་སེམས་པ་དེ། དེའི་ངོ་བོ་ཡིན་པའི་ཕྱིར། བཞི་པ་ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚད་ཡོད་དེ། སྙིང་ཐག་པ་ནས་རེ་ལྟོས་འཆའ་ནུས་པ་དེ་དེ་ཡིན་པའི་ཕྱིར། ལྔ་པ་དེ་ལ། དབྱེ་ན་གཉིས་ཡོད་དེ། སྐྱབས་འགྲོ་ཕ ལ་པ་དང་། ཁྱད་པར་ཅན་ཡོད་པའི་ཕྱིར། གཞན་ཡང་གསུམ་ཡོད་དེ། སྐྱེས་བུ་ཆུང་འབྲིང་ཆེན་པོའི་སྐྱབས་འགྲོ་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཡོད་དེ། རང་ཉིད་ངན་སོང་གི་སྡུག་བསྔལ་ལས་ཐར་བར་འདོད་ནས་སྐྱབས་སུ་འགྲོ་བ་དང་། འཁོར་བའི་སྡུག་བསྔལ་ལས་ཐར་བ་འདོད་ནས་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་སངས་རྒྱས་ལ་འགོད་པའི་ཆེད་དུ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་གསུམ་ནི། རིམ་པ་བཞིན་དུ་དེ་གསུམ་གྱི་ངོ་བོར་འཇོག་པའི་ཕྱིར། གཞན་ཡང་གཉིས་ཡོད་དེ། རྒྱུ་དང་འབྲས་བུའི་སྐྱབས་འགྲོ་གཉིས་ཡོད་པའི་ཕྱིར་ཏེ། གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། རང་རྒྱུད་ལ་འབྱུང་བའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་གཉིས་ཡོད་པའི་ཕྱིར། བསླབ་བྱ་ལ་གཉིས་ཡོད་དེ། སོ་སོའི་བ་དང་ཐུན་མོང་བའི་བསླབ་བྱ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ཀླུ་སོགས་གཞན་ལ་སྐྱབས་སུ་མི་འགྲོ ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མི་འགྲོགས་པའི་ཕྱིར། གཉིས་པ་ཡོད་དེ། དཀོན་མཆོག་གསུམ་ལ་ཕྱག་བྱ་བ་དང་མཆོད་ཅིང་བསྔགས་པ་བརྗོད་པ་སོགས་ཡིན་པའི་ཕྱིར། དྲུག་པ་དགོས་པ་དང་ཕན་ཡོན་གྱི་ཁྱད་པར་ཡོད་དེ། ནང་པ་སངས་རྒྱས་པར་ཆུད་པ། སྡོམ་པའི་རྟེན་བྱེད་པ། ངན་འགྲོའི་སྒོ་གཅོད་པ། སྲུང་བའི་མཆོག་ཏུ་འགྱུར་བའི་དགོས་པ་དང་། ལྷ་མི་གཞན་གྱིས་ཕྱག་བྱ་བར་འོས་པ། ཚོགས་ཆེན་པོ་གསོག་པ། སྒྲིབ་པ་སྦྱོང་བ། དཀོན་མཆོག་གི་གོ་འཕང་ཐོབ་པར་འགྱུར་བ་སོགས་ཀྱི་ཕན་ཡོན་ཡོད་པའི་ཕྱིིིིར། །༈ ཤའི་དང་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་དང་ཞེས་སོགས་ཀྱི་སྐབས་སུ་སྤྱན་ལྔ་བཤད་པ་ལ། རྟེན་དང་ངོ་བོ་དང་བྱེད་ལས་དང་ས་མཚམས་དང་དགོས་པ་བཤད་པ་ལྔ། དང་པོ་ལ། ལུས་རྟེན་དང་སེམས་རྟེ ན་གཉིས། དང་པོ་ཡོད་དེ། སྤྱན་དང་པོ་གཉིས་སོ་སྐྱེའི་རྟེན་ལ་ཡོད་ཅིང་ཕྱི་མ་གསུམ་གྱི་རྟེན་འཕགས་པ་ཁོ་ནར་ངེས་པའི་ཕྱིར། གཉིས་པ་སེམས་རྟེན་ཡོད་དེ། དང་པོར་བསམ་གཏན་གྱི་དངོས་གཞི་ལ་བ རྟེན་ནས་སྐྱེ་བའི་ཕྱིར། གཉིས་པ་སྤྱན་ལྔ་པོ་སོ་སོའི་ངོ་བོ་འཇོག་ཚུལ་ཡོད་དེ། རང་གི་གཞལ་བྱར་གྱུར་པའི་དཔག་ཚད་བརྒྱའི་གཟུགས་ཕྲ་རགས་དུ་མ་མངོན་སུམ་དུ་མཐོང་བའི་སྒོ་ནས་སྤྱན་དུ་བཞག་པའི་རབ་ཏུ་ཕྱེ་བ་དེ་ཤའི་སྤྱན་དང་། རང་གི་གཞལ་བྱར་གྱུར་པའི་སེམས་ཅན་འཆི་འཕོ་བྱེད་པའི་སེམས་ཅན་གྱི་གཟུགས་ཕྲ་རགས་དུ་མ་མངོན་སུམ་དུ་མཐོང་བའི་སྒོ་ནས་སྤྱན་དུ་བཞག་པའི་རབ་ཏུ་ཕྱེ་བ་དེ་ལྷའི་སྤྱན་དང་། རང་གི་གཞལ་བྱར་གྱུར་པའི་བདག་མེད་ཕྲ་རགས་གསུམ་པོ་གང་རུང་མངོན་སུམ་དུ་རྟོགས་པའི་སྒོ་ནས་སྤྱན་དུ་བཞག་པས་རབ་ཏུ་ཕྱེ་བ་དེ་ཤེས་རབ་ཀྱི་སྤྱན་དང་། རང་གི་གཞལ་བྱར་གྱུར་པའི་འཕགས་པའི་གང་ཟག་གི་དབང་པོ་རྣོ་རྟུལ་གྱི་རིམ་པ་མངོན་སུམ་དུ་རྟོགས་པའི་སྒོ་ནས་སྤྱན་དུ་བཞག་པའི་རབ་ཏུ་ཕྱེ་བ་དེ་ཆོས་ཀྱི་སྤྱན་དང་། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སྤྱན་དུ་བཞག་པ་དེ་སངས་རྒྱས་ཀྱི་སྤྱན་གྱི་ངོ་བོའམ་འཇོག་བྱེད་ཡིན་པའི་ཕྱིར། གསུམ་པ་བྱེད་ལས་ཡོད་དེ། ཤའི་སྤྱན་གྱིས་གདུལ་བྱ་སོགས་གང་ན་ཡོད་པ་ཇི་ལྟ་བ་བཞིན་དུ་ཤེས། ལྷའི་སྤྱན་གྱིས་གདུལ་བྱ་ཡུལ་གང་ནས་གང་དུ་སྐྱེས་པ་དེ་ཤེས། ཤེས་རབ་ཀྱི་སྤྱན་གྱིས་དེ་གྲོལ་བྱེད་གྱི་ལམ་ཤེས། ཆོས་ཀྱི་སྤྱན་གྱིས་གདུལ་བྱའི་དབང་པོའི་རིམ་པ་ཤེས། སངས་རྒྱས་ཀྱི་སྤྱན་གྱིས་གདུལ་བྱའི་ཁམས་དང་བསམ་པ་དང་དོན་བྱེད་ཚུལ་རྣམས་མངོན་སུམ་དུ་ཤེས་པར་བྱེད་པའི་ཕྱིར། བཞི་པ་ས་མཚམས་ཡོད་དེ། ཤའི་སྤྱན་ཚོགས་ལམ་ནས་དང་། ལྷའི་སྤྱན་སྦྱོར་ལམ་དང་། ཤེས་རབ་ཀྱི་སྤྱན་མཐོང་ལམ་མཉམ་བཞག་དང་། ཆོས་ཀྱི་སྤྱན་མཐོང་ལམ་རྗེས་ཐོབ་དང་། སངས་རྒྱས་ཀྱི་སྤྱན་རྗེ་མཐུན་པ་ས་བརྒྱད་པ་དང་དངོས་གནས་པ་སངས་རྒྱས་པ་ན་ཐོབ་པའི་ཕྱིར། ལྔ་པ་སྤྱན་ལྔ་རྒྱུད་ལ་བསྐྱེད་པ་ལ་དགོས་པ་ཡོད་དེ། སྒྲུབ་པ་ལ་རང་དབང་དུ་འཇུག་ནུས་པའི་དགོས་པ་ཡོད་པའི་ཕྱིར། །༈ རྫུ་འཕྲུལ་དང་ལྷའི་རྣ་བ་དང་ཞེས་སོགས་ཀྱི་སྐབས་སུ་མངོན་ཤེས་དྲུག་གི་རྣམ་གཞག་ལ། རྟེན་དང་ངོ་བོ་དང་ཁྱད་པར་དང་ས་མཚམས་དང་དགོས་པ་བཞི། དང་པོ་ལ་གཉིས་ཡོད་དེ། ལུས་རྟེན་དང་སེམས་རྟེན་གཉིས་ཡོད་པའི་ཕྱིར། ལུས་རྟེན་ཡོད་དེ། ཕྱི་རོལ་པ་ནས་སངས་རྒྱས་འཕགས་པའི་རྟེན་ཀྱི་བར་ཡོད་པའི་ཕྱིར། སེམས་རྟེན་ཡོད་དེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྐྱེ་བའི་ཕྱིར། གཉིས་པ་མངོན་ཤེས་ལ་དབྱེ་ན་དྲུག་ཡོད་ཅིང་དྲུག་པོ་སོ་སོའི་ངོ་བོ་ཡོད་དེ། སྤྲུལ་སྒྱུར་སྣ་ཚོགས་མངོན་སུམ་དུ་རྟོགས་པའི་སྒོ་ནས་མངོན་ཤེས་སུ་བཞག་པས་རབ་ཏུ་ཕྱེ་བ་དང་། གཟུགས་ཕྲ་རགས་མཐོང་བ་དང་། སྒྲ་ཕྲ་རགས་ཐོས་པ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པའི་ཁྱད་པར་མངོན་སུམ་དུ་རྟོགས་པའི་སྒོ་ནས་མངོན་ཤེས་སུ་བཞག་པས་རབ་ཏུ་ཕྱེ་བ་རྣམས་ནི། རིམ་པ་བཞིན་དུ་རྫུ་འཕྲུལ་གྱི་མངོན་ཤེས་དང་། ལྷའི་མིག་གི་མངོན་ཤེས་དང། ལྷའི་རྣ་བའི་མངོན་ཤེས་དང་། གཞན་སེམས་ཤེས་པའི་མངོན་ཤེས་དང་། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། ཟག་པ་ཟད་པའི་མངོན་ཤེས་སུ་འཇོག་པའི་ཕྱིར། གསུམ་པ་ཁྱད་པར་ལ་ལྷའི་སྤྱན་དང་ལྷའི་མིག་གི་མངོན་ཤེས་གཉིས་ལ་ཁྱད་པར་ཡོད་དེ། ཤའི་སྤྱན་དང་ལྷའི་སྤྱན་ལ་དབང་ཤེས་ཀྱིས་ཁྱབ་ཅིང་། སྤྱན་གཞན་གསུམ་དང་མངོན་ཤེས་དྲུག་ཀ་ལ་ཡིད་ཤེས་ཀྱིས་ཁྱབ་པས་དབང་ཤེས་ཡིན་པ་མེད་པའི་ཕྱིར། རྫུ་འཕྲུལ་དང་རྫུ་འཕྲུལ་གྱི་མངོན་ཤེས་ལ་ཁྱད་པར་ཡོད་དེ། སྤྲུལ་བསྒྱུར་སྣ་ཚོགས་སྟོན་པ་ནི་རྫུ་འཕྲུལ་ཡིན་ལ། དེ་དག་མངོན་སུམ་དུ་རྟོགས་པའི་ཡིད་ཀྱི་མངོན་ཤེས་དེ་རྫུ་འཕྲུལ་གྱི་མངོན་ཤེས་ཡིན་པའི་ཕྱིར། སྤྱིར་རྫུ་འཕྲུལ་དེ་ལ་སྐྱེས་སྟོབས་ཀྱིས་ཐོབ་པ་སོགས་བཞི་ཡོད་དེ། མཛོད་ལས། རྫུ་འཕྲུལ་གསང་སྔགས་སྨན་དག་དང་། ། ལས་ལས་སྐྱེ་དང་རྣམ་པ་བཞི། །ཞེས་གསུངས་པའི་ཕྱིར། བཞི་པ་ས་འཚམས་ཀྱི་ཁྱད་པར་ཡོད་དེ། མངོན་ཤེས་དང་པོ་ལྔ་ཕྱིར་རོལ་པ་ནས་སངས་རྒྱས་ཀྱི ་སའི་བར་དུ་ཡོད་ཅིང་། ཟག་ཟད་ཀྱི་མངོན་ཤེས་ནི་དགྲ་བཅོམ་པ་ཁོ་ནའི་རྟེན་ལ་ཡོད་ཅིང་གཞན་ལ་མེད་པའི་ཕྱིར། ལྔ་པ་མངོན་ཤེས་རྒྱུད་ལ་བསྐྱེད་པ་ལ་དགོས་པ་ཡོད་དེ། གདུལ་བྱའི་དོན་བྱེད་པའི་ཡུལ་དང་ཐབས་ལ་རྨོངས་པ་ཟློག་ཅིང་ཐབས་འབྲས་བུ་དང་བཅས་པ་ཤེས་པའི་དགོས་པ་ཡོད་པའི་ཕྱིར་ཏེ། ལྷའི་མིག་གི་མངོན་ཤེས་ཀྱིས་གདུལ་བྱ་སོགས་གང་ན་གནས་པ་ཤེས། གཞན་སེམས་ཤེས་པས་རང་གཞན་གྱི་སེམས་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཤེས། སྔོན་གནས་རྗེས་དྲན་གྱིས་རང་བཞིན་གྱི་ཚེ་རབས་སྔ་མ་མང་པོ་ཤེས། ཟག་ཟད་ཀྱི་མངོན་ཤེས་ཀྱིས་གདུལ་བྱ་གྲོལ་བའི་ཐབས་འབྲས་བུ་དང་བཅས་པ་ཤེས་པར་བྱེད་པའི་ཕྱིར་རོ། །སྤྱན་དང་མངོན་ཤེས་ཀྱི་སྒྲ་དོན་ཡོད་དེ། མིག་དང་ཆ་འདྲ་བ་དང་མངོན་སུམ་དུ་ཤེས་པའི་ཆ་ནས་དེ་ལྟར་དུ་བརྗོད་པའི་ཕྱིར། །༈ དབང་པོ་རྟུལ་དང་རྣོན་པོ་དག །ཞེས་སོགས་ཀྱི་སྐབས་སུ་དགེ་འདུན་ཉི་ཤུའི་རྣམ་གཞག་ལ། མཚོན་བྱེད་དཔེའི་དགེ་འདུན་དང་། མཚོན་བྱ་དོན་གྱི་དགེ་འདུན་བཤད་པ་གཉིས། དང་པོ་ལ། དུ་མ་ཡོད་ཀྱང་མཚོན་ཙམ་བཤད་ན། དགེ་སྦྱོང་གི་ཚུལ་ཡོད་དེ། ཉན་ཐོས་ཀྱི་ཟག་མེད་བར་ཆད་མེད་ལམ་རྣམས་ནི་དགེ་སྦྱོང་ཚུལ་ཡིན་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་འཇོག་ཚུལ་ཡོད་དེ། དགེ་སྦྱོང་གི་ཚུལ་དེས་ཐོབ་པའི་ཉན་ཐོས་ཀྱི་རྣམ་བྱང་བདེན་པ་རྣམས་དེ་ཡིན་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་དེའི་དབྱེ་བ་བསྡུ་ན་བཞི་ཡོད་དེ། རྒྱུན་ཞུགས་ཀྱི་འབྲས་བུ་སོགས་བཞི་ཡོད་པའི་ཕྱིར། རྒྱས་པར་དབྱེ་ན་རྣམ་གྲོལ་ལམ་གྱ་དགུ་དང་། འགོག་བདེན་གྱ་དགུ་ཡོད་དེ། མཛོད་ལས། དེ་དག་བརྒྱད་ཅུ་རྩ་དགུའོ། །ཞེས་གསུངས་པའི་ཕྱིར་འབྲས་བུ་དེ་དག་ས་གང་ལ་བརྟེན་ནས་ཐོབ་པ་ཡོད་དེ། བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞི་ཅི་རིགས་ལ་བརྟེན་ནས་ཐོབ་དགོས་པའི་ཕྱིར། ཞུགས་པ་ལ་བཞི་ཡོད་དེ། རྒྱུན་ཞུགས་ཞུགས་པ་སོགས་བཞི་ཡོད་པའི་ཕྱིར། འབྲས་གནས་ལ་ཡང་བཞི་ཡོད་དེ། རྒྱུན་ཞུགས་འབྲས་གནས་སོགས་བཞི་ཡོད་པའི་ཕྱིར། དང་པོ་ཞུགས་འབྲས་ཀྱི་འཇོག་ཚུལ་ཡོད་དེ། མཐོང་སྤང་ཀུན་སྦྱོར་གསུམ་སྤོང་ཕྱིར་དུ་ཞུགས་པ་དང་དེ་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པའི་ཁྱད་པར་གྱིས་འཇོག་པའི་ཕྱིར། རྒྱུན་ཞུགས་ཞུགས་པ་ལ་དབྱེ་ན་དུ་མ་ཡོད་དེ། དབང་པོའི་སྒོ་ནས་དེར་གྱུར་པའི་དབང་པོ་རྣོ་རྟུལ་གཉིས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཅིག་ཅར་པ་དང་རིམ་གྱིས་པའི་ཞུགས་པ་གཉིས་ཡོད་པའི་ཕྱིར། རྒྱུན་ཞུགས་འབྲས་གནས་ལ་དབྱེ་ན་དུ་མ་ཡོད་དེ། དབང་པོའི་སྒོ་ནས་དེར་གྱུར་པའི་དད་མོས་དང་མཐོང་ཐོབ་པ་གཉིས། སྦྱོར་བའི་སྒོ་ནས་ཙམ་ཁྱད་གཉིས། སྤང་བྱའི་སྒོ་ནས་ཅིག་ཅར་བ་དང་རིམ་གྱིས་པ་གཉིས་ཡོད་པའི་ཕྱིར། ཕྱིར་འོང་ཞུགས་འབྲས་ཀྱི་འཇོག་ཚུལ་ཡོད་དེ། འདོད་ཉོན་དྲུག་པ་སྤོང་ཕྱིར་དུ་ཞུགས་པ་དང་སྤངས་པའི་སྒོ་ནས་འཇོག་པའི་ཕྱིར། དབྱེ་ན་དུ་མ་ཡོད་དེ། དབང་པོའི་སྒོ་ནས་རྣོ་རྟུལ་གཉིས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཆགས་བྲལ་སྔོན་སོང་དང་འབྲས་བུ་རིམ་གྱིས་པ་གཉིས་ཡོད་པའི་ཕྱིར། ཕྱིར་མི་འོང་ཞུགས་འབྲས་ཀྱི་འཇོག་ཚུལ་ཡོད་དེ། འདོད་ཉོན་དགུ་པ་སྤོང་ཕྱིར་དུ་ཞུགས་པ་དང་སྤངས་པའི་སྒོ་ནས་འཇོག་པའི་ཕྱིར། ཕྱིར་མི་འོང་ཞུགས་པ་ལ་གཉིས་ཡོད་དེ། ཆགས་བྲལ་སྔོན་སོང་དང་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་གཉིས་ཡོད་པའི་ཕྱིར། ཕྱིར་མི་འོང་འབྲས་གནས་ལ་དབྱེ་ན་མང་དུ་ཡོད་དེ། འདོད་པར་ཚེ་ཡོངས་སུ་གྱུར་མ་གྱུར་གཉིས། མ་གྱུར་པ་ལ་གཟུགས་ཉེར་འགྲོ་གཟུགས་མེད་ཉེར་འགྲོ །ཕྱིར་མི་འོང་མཐོང་ཆོས་ཞི། ལུས་མངོན་བྱེད་དང་བཞི། གཟུགས་ཉེར་འགྲོ་ལ། དེར་གྱུར་པའི་བར་འདའ་བ། སྐྱེ་འདའ་བ། གོང་འཕོ་བ་དང་གསུམ། བར་འདའ་བ་ལ་མྱུར་བར་འདའ་བ། མྱུར་བར་མི་འདའ་བ། ཡུན་རིང་མོ་ཞིག་ནས་འདའ་བ་དང་གསུམ། སྐྱེ་འདའ་བ་ལ་སྐྱེས་ཙམ་ནས་འདའ་བ། འདུ་བྱེད་མེད་པར་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ་གསུམ། གོང་འཕོ་བ་ལ་འོག་མིན་འགྲོ་དང་། སྲིད་ཚེར་འགྲོ་བ་གཉིས། འོག་མིན་འགྲོ་ལ་འཕར་བ། ཕྱེད་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ། གཟུགས་མེད་ཉེར་འགྲོ་ལ་སྐྱེ་འདའ་བ་དང་། གོང་འཕོ་བ་གཉིས་ཡོད་པའི་ཕྱིར། དགྲ་བཅོམ་ཞུགས་འབྲས་ཀྱི་འཇོག་ཚུལ་ཡོད་དེ། སྲིད་ཉོན་དགུ་པ་སྤོང་ཕྱིར་དུ་ཞུགས་པ་དང་སྤངས་པའི་སྒོ་ནས་འཇོག་པའི་ཕྱིར། དགྲ་བཅོམ་ཞུགས་པ་ལ་དབྱེ་ན་དུ་མ་ཡོད་དེ། དབང་པོའི་སྒོ་ནས་རྣོ་རྟུལ་གཉིས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཅིག་ཅར་པ་དང་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་གཉིས་ཡོད་པའི་ཕྱིར། དགྲ་བཅོམ་འབྲས་གནས་ལ་དབྱེ་ན་དུ་མ་ཡོད་དེ། སྤང་བྱའི་སྒོ་ནས་ཅིག་ཅར་པ་དང་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་གཉིས། མངོན་ཤེས་ཐོབ་མ་ཐོབ་ཀྱི་སྒོ་ནས་རྒྱན་བཅས་རྒྱན་མེད་གཉིས། འགོག་སྙོམས་ཐོབ་མ་ཐོབ་ཀྱི་སྒོ་ནས་གཉིས་ཀའི་ཆ་ལས་གྲོལ་བ་དང་། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་འབྲས་གནས་གཉིས། དབང་པོའི་སྒོ་ནས་དབང་རྟུལ་དུས་སྦྱོར་དང་། དབང་རྣོན་དུས་མི་སྦྱོར་གཉིས་ཀྱི་དང་པོ་ལ་དགྲ་བཅོམ་ཉམས་པའི་ཆོས་ཅན་སོགས་ལྔ་ཡོད་ཅིང་། ལུགས་འདིར་དགྲ་བཅོམ་པ་མཐོང་ཆོས་ལ་བདེན་གནས་ཀྱི་རྟོགས་པ་ལས་ཉམས་པ་ཡོད་ཀྱང་། དགྲ་བཅོམ་གྱི་རྟོགས་པ་ལས་ཉམས་པ་མེད་དེ། རྣམ་འགྲེེལ་ལས། བདག་ལྟའི་ས་བོན་སྤངས་པའི་ ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ༈ གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་བཤད་པ་ལ། གྲངས་འདོད་ཚུལ་དང་། དེ་ལ་རྒྱུན་ཞུགས་སོགས་ཀྱི་མིང་གིས་འདོགས་པའི་དགོས་པ་གཉིས། དང་པོ་ཡོད་དེ། ཤཎྚི་བ་དང་བུ ངྔྷུ་ཤྲིས་རྩ་བའི་སྒྲས་ཟིན་ལྟར་ཉི་ཤུར་བཞེད་ཀྱང་། སློབ་དཔོན་གྱི་ནི་རྩ་བའི་སྒྲས་ཟིན་བཅུ་བདུན་དང་། གསུམ་ཁ་བསྐང་ནས་ཉི་ཤུ་བྱེད་པའི་ཕྱིར་ཏེ། རྒྱུན་ཞུགས་ཀྱི་སྐོར་ལ་དབང་པོ་རྣོ་རྟུལ་གཉིས། བར་པ་གཉིས་ཀྱི་ཞུགས་པ་གཉིས། རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་ཁ་བསྐང་། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས། ཕྱིར་འོང་ཚེ་ཅིག་བར་ཆད་གཅིག་པ། ཤུགས་བསྟན་འབྲས་གནས་ཙམ་པོ་བ། བར་འདའ་བ། སྐྱེ་འདའ་བ་སོགས་གསུམ། འོག་མིན་འགྲོ་དབྱེ་གཞིར་བྱས་ནས་འཕར་བ་གསུམ། སྲིད་རྩེའི་མཐར་ཐུག་འགྲོ་གཟུགས་ཀྱི་ཆགས་བཅོམ་ཞེས་པ་དབྱེ་གཞིར་བྱས་ནས་མཐོང ་ཆོས་ཞི་དང་ལུས་མངོན་བྱེད་གཉིས། དགྲ་བཅོམ་འབྲས་གནས་ཁ་བསྐང་། བསེ་རུ་རང་སངས་རྒྱས་ཀྱི་མིང་ཅན་དང་ཉི་ཤུར་བཞེད། འཕགས་པས་རྩ་བས་སྒྲས་ཟིན་ལྟར་བཅུ་དྲུག་དང་རྒྱུན་ཞུགས་བར་པ་གཉིས་ཀྱི་འབྲས་གནས་དང་དགྲ་བཅོམ་འབྲས་གནས་བཞི་ཁ་བསྐང་ནས་ཉི་ཤུར་བཞེད་པའི་ཕྱིར། གཉིས་པ་དེ་དག་ལ་རྒྱུན་ཞུགས་སོགས་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། སྤངས་རྟོགས་ཆོས་འཐུན་ཅི་རིགས་བརྩི་ཚུལ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དགོས་པ་ཡོད་དེ། སྒྲུབ་ཕྱོགས་ནས་ཉན་ཐོས་ཁ་ཅིག་ཐེག་ཆེན་ལམ་དུ་འཁྲིད་པ་དང་། དགག་ཕྱོགས་ནས་ཁ་ཅིག་སྐྱེས་བུ་ཟུང་བཞི་དང་གང་ཟག་བརྒྱད་ཀྱི་རྣམ་གཞག་མ་བཤད་པའི་ཕྱིར་དགེ་འདུན་དཀོན་མཆོག་མ་བསྟན་པས་སངས་རྒྱས་ཀྱི་བཀའ་མིན་ནམ་སྙམ་པའི་ལོག་རྟོག་འགོག་པའི་ཆེད་ཡིན་པའི་ཕྱིར་རོ། །༈ དམིགས་པ་དང་ནི་རྣམ་པ་དང་། །ཞེས་སོགས་ཀྱི་སྐབས་སུ་སྦྱོར་ལམ་བཤད་པ་ལ། སྦྱོར་ལམ་གྱི་རྟེན། བརྟེན་པ་སྦྱོར་ལམ། བློ་རིག་གང་ཡིན་དཔྱད་པ་དང་གསུམ། དང་པོ་ལ། ལུས་རྟེན་དང་སེམས་རྟེན་གཉིས། དང་པོ་ལུས་རྟེན་ཡོད་དེ། ངན་སོང་གསུམ་དང་། ཚེ་དེ་ལ་མཚམས་མེད་དང་ཆོས་སྤོང་གི་ལས་ཆེན་པོ་བསགས་ལ་མ་སྦྱངས་པ་དང་།ཟ་མ་དང་མ་ནིང་དང་། སྒྲ་མི་སྙན་པ་མ་གཏོགས་པའི་གླིང་གསུམ་གྱི་མི་དང་འདོད་ལྷ་དང་གཟུགས་ཁམས་པའི་རྟེན་ལ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། ཉན་ཐོས་ཀྱི་སྦྱོར་ལམ་ཉེར་བསྡོགས་མི་ལྕོགས་མེད་དང་བསམ་གཏན་གྱི་དངོས་གཞི་ཅི་རིགས་ལ་བརྟེན་ནས་སྐྱེ། རང་རྒྱལ་གྱི་སྦྱོར་ལམ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྐྱེ། ཐེག་ཆེན་གྱི་སྦྱོར་ལམ་དེ་རབ་མཐའི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་གསར་དུ་སྐྱེས་པའི་ཕྱིར། གཉིས་པ་བརྟེན་པ་ཐེག་ཆེན་གྱི་སྦྱོར་ལམ་བཤད་པ་ལ། ངོ་བོ། དབྱེ་བ། སྐྱེ་ཚུལ། ཕྱེ་བ་སོ་སོའི་དོན་དང་བཞི། དང་པོ་ཡོད་དེ། ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ་ཐེག་ཆེན་གྱི་སྦྱོར་ལམ་གྱི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་བཞི་ཡོད་དེ། ཐེག་ཆེན་གྱི་སྤྱོད་ལམ་དྲོད་སོགས་བཞི་ཡོད་པའི་ཕྱིར། གནས་སྐབས་ཀྱི་དབྱེ་ན་བཅུ་གཉིས་ཡོད་དེ། བཞི་པོ་རེ་རེ་ལའང་ཆུང་འབྲིང་ཆེན་པོ་གསུམ་གསུམ་ཡོད་པའི་ཕྱིར། སྐབས་འདིའི་དངོས་བསྟན་གྱི་སྦྱོར་ལམ་ལ་བསྒོམས་བྱུང་གིས་ཁྱབ་ཅིང་། སྤྱིར་ཐེག་ཆེན་གྱི་སྦྱོར་ལམ་ལ་བསྒོམས་བྱུང་གཙོ་ཆེ་ཡང་། དེས་མ་ཁྱབ་སྟེ། དེ་ལ་ཐོས་བྱུང་དང་གཉིས་ཀྱང་ཡོད་པའི་ཕྱིར་ཏེ། ཐེག་ཆེན་སྦྱོར་ལམ་པས་ཐོས་བསམ་བྱེད་དགོས་པའི་ཕྱིར། གསུམ་པ་སྐྱེ་ཚུལ་ཡོད་དེ། དང་པོ་ཉིད་ནས་ཐེག་ཆེན་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་དེས་ཚོགས་ལམ་སྐད་ཅིག་ཐ་མའི་དུས་སུ་སྟོང་ཉིད་ལ་དམིགས་པའི་ཞི་གནས་ལ་མཉམ་པར་བཞག་བཞིན་པའི་ངང་ནས་དཔྱད་སྟོབས་ཀྱིས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ནམ་འདྲེན་ནུས་པ་དེའི་ཚེ། སྟོང་ཉིད་ལ་དམིགས་པའི་ཞི་ལྷག་གཟུང་འབྲེལ་ཐོབ་པ་ན་ཐེག་ཆེན་སྦྱོར་ལམ་དུ་འཕོས་པ་ཡིན་པའི་ཕྱིར། སྟོང་ཉིད་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་འཇོག་ཚུལ་ཡོད་དེ། སྟོང་ཉིད་སྟོན་པའི་གསུང་རབ་ཐོས་སྟོབས་ཀྱིས་ཡིད་དཔྱོད་ཀྱི་ཚུལ་དུ་སྟོང་ཉིད་ཀྱི་དོན་ཐོག་མར་རྟོགས་པའི་ཤེས་རབ་དེ། སྟོང་ཉིད་རྟོགས་པའི་ཐོས་བྱུང་གི་ཤེས་རབ་དང་། གོ་བ་ལྟར་དོན་དེ་ཉིད་རྟགས་ཡང་དག་ལ་བརྟེན་ནས་རྟོགས་པའི་ཤེས་རབ་དེ། དེ་རྟོགས་པའི་བསམ་བྱུང་གི་ཤེས་རབ་དང་། དེའི་རྒྱུན་གོམས་པའི་ཞི་གནས་གྲུབ་པའི་དུས་ཀྱི་ཤེས་རབ་དེ་སྟོང་ཉིད་རྟོགས་པའི་བསྒོམས་བྱུང་གི་ཤེས་རབ་ཏུ་འཇོག་པའི་ཕྱིར། བཞི་པ་སོ་སོའི་དོན་ལ། ཐེག་ཆེན་སྦྱོར་ལམ་བཞི་པོ་འཇོག་ཚུལ་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་དེ་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཀུན་བཏགས་མངོན་གྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་སྒོ་ནས་དང་། སྦྱོར་ལམ་རྩེ་མོ་དེ་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་སྒོ་ནས་དང་། སྦྱོར་ལམ་བཟོད་པ་དེ་ཤེས་སྒྲིབ་རྫས་འཛིན་རྟོག་པ་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་སྒོ་ནས་དང་། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་དེ་ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་སྒོ་ནས་འཇོག་པའི་ཕྱིར། དེར་ཐལ། དྲོད་ནས་བཟུང་བའི་ཆོས་ཉིད་ལ་གསལ་སྣང་ཐོབ། རྩེ་མོ་ནས་འཕེལ། བཟོད་པ་ནས་འཛིན་པའི་ཆོས་ཉིད་ལ་གསལ་སྣང་ཐོབ། ཆོས་མཆོག་ནས་འཕེལ་བའི་སྒོ་ནས་དེ་ལྟར་འཇོམས་པར་བྱེད་པའི་ཕྱིར། དེར་ཐལ། མདོ་སྡེ་རྒྱན་ལས། དེ་ཚེ་དེ་ཡི་བཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །འདི་ལྟར་དེ་ཡི་འཇུག་ཐོགས་སུ། ། འཛིན་པའི་རྣམ་པར་གཡེང་བ་སྤོང་། ཞེས་གསུངས་པའི་ིཕྱིར། ཁྱད་པར་དེ་ལྟར་འབྱུང་བའི་རྒྱུ་མཚན་ཡོད་དེ། གཟུང་འཛིན་གྱི་ཆོས་བཞི་པོ་དེ་ལ་ངེས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར། དྲོད་སོགས་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་བསྒོམས་བྱུང་གི་ཡེ་ཤེས་ཀྱི་མེ་དང་པོར་སྐྱེས་པས་དྲོད། དེ་རབ་ཏུ་འཕེལ་བས་རྩེ་མོ་དང་། སྟོང་ཉིད་ལ་མི་སྐྲག་པས་བཟོད་པ་དང་། འཇིག་རྟེན་པའི་ལམ་གྱི་མཆོག་ཡིན་པས་ཆོས་མཆོག་ཅེས་བརྗོད་པའི་ཕྱིར། གསུམ་པ་བློ་རིག་གང་ཡིན་ལ། དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་བཞི་པོ་དེ་ཚད་མ་མིན་ཏེ། དེ་མངོན་སུམ་ཚད་མ་མིན་ཞིང་། རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། དང་པོ་མ་ཡིན་ཏེ། དེས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། རྗེས་དཔག་ཀྱང་མ་ཡིན་ཏེ། བསྒོམས་བྱུང་གི་མཁྱེན་པ་ཡིན་པའི་ཕྱིར། དེས་ན་ཚད་མིན་གྱི་བློ་ཡིན་ལ། དེ་ཡང་སྟོང་ཉིད་ལ་དཔྱད་ཤེས་ཡིན་ཏེ། བློ་རིག་བདུན་པོ་གང་རུང་ཡིན། གཞན་དྲུག་པོ་གང་ཡང་མིན་པའི་ཕྱིར། དེར་ཐལ། ཚད་མ་མིན་ཞིང་། གཞན་ལྔ་པོ་གང་རུང་ཡང་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། ཐེ་ཚོམ་དང་ལོག་ཤེས་མིན་པ་ནི་ངེས་སླ་ལ། ཡིད་དཔྱོད་ཀྱང་མིན་ཏེ། སྟོང་ཉིད་ལ་མི་སླུ་བའི་རིག་པ་ཡིན་པ་ཕྱིར། སྣང་ལ་མ་ངེས་པའི་བློ་མིན་ཏེ། མངོན་སུམ་མ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་དེ། དམན་པའི་སྦྱོར་ལམ་ལས་ཁྱད་ཆོས་དྲུག་གི་ཁྱད་པར་དུ་འཕགས་ཏེ། དམིགས་པ་མི་རྟག་ལ་སོགས་བཅུ་དྲུག་གཙོ་བོར་བདེན་པར་གྲུབ་མ་གྲུབ་དཔྱོད་པར་དམིགས་པར་ལྡན། རྣམ་པ་བདེན་མེད་དུ་གཙོ་བོར་སྒོམ། ཐེག་ཆེན་མཐོང་ལམ་གྱི་ཉེ་རྒྱུ་བྱེད། ཐབས་ཤེས་རྫོགས་པར་སྟོན་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་དང་ལྡན། རྣམ་རྟོག་བཞི་སྤང་བྱའི་གཙོ་བོར་བྱེད། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྟོགས་པ་ཁྱད་པར་ཅན་གོང་ནས་གོང་འཕེལ་འགྱུར་བའི་ཆུང་འབྲིང་ཆེན་པོའི་ཁྱད་ཆོས་དང་ལྡན་པའི་ཕྱིར། ༈ ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་ཞེས་སོགས་ཀྱི་སྐབས་སུ་རྩོད་ལན་ལ། རྩོད་པ་དང་། ལན་བཤད་པ་གཉིས། དང་པོ་ལ་ཁོ་ན་རེ། དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་གིས་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པ་སྒྲས་ཟིན་ལ་མི་སྟོན་པ་མི་རིགས་པར་ཐལ། དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པ་སྒྲས་ཟིན་ལ་མ་བསྟན་ན་དེ་ལྟར་བརྟེན་པ་གོ་མི་ནུས་པའི་ཕྱིར། ཞེས་རྩོད། གཉིས་པ་ལན་ནི། དེ་ལྟར་སྒྲས་ཟིན་ལ་མ་བསྟན་ཀྱང་དམིགས་པ་ལྷག་མ་རྣམས་བདེན་བཞི་ལ་བརྟེན་པ་མི་གོ་བའི་སྐྱོན་མེད་དེ། དྲོད་ཆུང་ངུའི་དམིགས་རྣམ་གྱི་སྐབས་སུ་བདེན་པའི་རྟེན་ཅན་དེ་ཡི་ནི། ཞེས་ཆོས་ཅན་བདེན་བཞི་ལ་བརྟེན་པ་སྒྲས་ཟིན་ལ་བརྗོད་པའི་རིགས་འགྲོས་ཀྱིས་གོ་ནུས་པའི་ཕྱིར། དེར་ཐལ་གཞུང་ལྷག་མ་དེ་དག་གིས་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་སྒྲས་ཟིན་ལ་བརྗོད་པ་གང་ཞིག ། གཞི་གཅིག་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་གཉིས་པོ་དེ་གཞི་དེ་ལ་ལྟོས་ཏེ་ཁྱད་པར་གཞན་སྤོང་མི་སྤོང་མ་གཏོགས་གཞི་གཅིག་པོ་དེ་བརྗོད་པ་ལ་ཁྱད་པར་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྣམ་འགྲེལ་ལས། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། ཞེས་གསུངས་པའི་ཕྱིར། གཞི་གཅིག་ལ་ལྟོས་ཏེ་ཆོས་དང་ཆོས་ཅན་བརྗོད་པའི་སྒྲའི་ཁྱད་པར་ཡོད་དེ། སྒྲའི་མི་རྟག་ཅེས་བརྗོད་པའི་ངག་དེ། སྒྲ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་དང་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་ལ། སྒྲ་མི་རྟག་ཅེས་པའི་ངག་དེ་སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་དང་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། སྔ་མ་དེས་སྒྲ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་ཆོས་ལྟ་བུར་གོ་བར་བྱེད་པས་དེ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་དང་། མི་རྟག་པ་དེ་སྒྲ་ལས་གཞན་གྱི་ཁྱད་ཆོས་ཡིན་པ་བློ་ངོར་སྤངས་ཏེ་གོ་བར་བྱེད་པས་དེ་ལ་ལྟོས་པའི་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་ལ། སྒྲ་མི་རྟག་ཅེས་པའི་ངག་དེས་སྒྲ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་གཞི་ལྟ་བུར་གོ་བར་བྱེད་པས་དེ་ལ་ལྟོས་པའི་ཆོས་ཅན་བརྗོད་པ་དང་། མི་རྟག་པ་དེ་སྒྲ་ལས་གཞན་གྱི་ཁྱད་ཆོས་ཡིན་པ་བློ་ངོར་སྤངས་པའི་ཚུལ་གྱིས་གོ་བར་བྱེད་པས་ན་དེ་ལ་ལྟོས་པའི་ཁྱད་ཆོས་གཞན་མི་སྤོང་པའི་སྒྲ་ཡིན་པའི་ཕྱིར་ཏེ། དོན་དེ་ལ་ལྟོས་པའི་ཆོས་བརྗོད་པའི་སྒྲ་དང་ཁྱད་པར་གཞན་སྤོང་གི་སྒྲ་དོན་གཅིག །དོན་དེ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་དང་ཁྱད་པར་གཞན་མི་སྤོང་གི་སྒྲ་གཉིས་དོན་གཅིག་ཡིན་པའི་ཕྱིར། ༈ གཞི་དང་དེ་ཡི་གཉེན་པོ་ཡི། ཞེས་སོགས་གཟུང་འཛིན་གྱི་རྟོག་པའི་རྣམ་གཞག་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེ ན་རིག་ནི་རྟོག་པའི་འཇོག་བྱེད་ཡིན་ལ། དེ་ལ་གཉིས་ཡོད་དེ། རྟོག་པ་དོན་མཐུན་དང་དོན་མི་མཐུན་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། ངོ་བོ། དབྱེ་བ་དང་སོ་སོའི་དོན། གྲངས་ངེས། གོ་རིམ། རྣམ་པའི་ཁྱད་པར། དགོས་པ་དང་དྲུག །དང་པོ་ཡོད་དེ། རང་གི་དམིགས་ཡུལ་གྱི་ཆོས་ལ་དམིགས་ནས་བདེན་པར་འཛིན་པའི་བདེན་འཛིན་དེ། སྐབས་འདིའི་དངོས་བསྟན་གྱི་སྤང་བྱ་རྟོག་པའི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན་གཉིས་ཡོད་དེ། དེར་གྱུར་པའི་ཤེས་སྒྲིིིབ་གཟུང་རྟོག་དང་འཛིན་རྟོག་གཉིས་ཡོད་པའི་ཕྱིར། གཟུང་རྟོག་ལ་ཡང་གཉིས་ཡོད་དེ། ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། རིམ་པ་བཞིན་དུ་རང་གིི་དམིགས་ཡུལ་དུ་གྱུར་པའི་ཉོན་མོངས་ཕྱོགས་དང་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་སྒོ་ནས་འཇོག་པའི་ཕྱིར། ཉོན་མོངས་ཕྱོགས་དང་རྣམ་བྱང་ཕྱོགས་ཀྱི་ཆོས་གཉིས་ཀྱི་ཁྱད་པར་ཡོད་དེ། སྡུག་ཀུན་གཉིས་ལྟ་བུ་དང་པོ་དང་། འགོག་ལམ་གཉིས་ལྟ་བུ་ཕྱི་མ་ཡིན་པའི་ཕྱིར། འཛིན་རྟོག་ལ་ཡང་གཉིས་ཡོད་དེ། དེར་གྱུར་པའི་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། རིམ་པ་ལྟར་རང་གི་དམིགས་ཡུལ་དུ་གྱུར་བའི་རྫས་འཛིན་དང་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དང་སྤྱོད་པ་པོར་བདེན་པར་འཛིན་པའི་ཚུལ་གྱི་སྒོ་ནས་འཇོག་པའི་ཕྱིར། འདིའི་གཟུང་རྟོག་དང་འཛིན་རྟོག་གཉིས་རང་གི་དམིགས་ཡུལ་གཟུང་འཛིན་ལ་དམིགས་པ་ནི་ཡུལ་དང་ཡུལ་ཅན་ལ་དམིགས་ཚུལ་གྱི་དབང་དུ་བྱས་པ་ཡིན་ཏེ། གཟུང་བ་ནི་ཡུལ་གཟུགས་སོགས་དང་འཛིན་པ་ནི་ཡུལ་ཅན་གང ་ཟག་དང་ཤེས་པ་ལྟ་བུ་ཅི་རིགས་ལ་བྱེད་པའི་ཕྱིར། ལོངས་སྤྱོད་བྱ་དང་སྤྱོད་པ་པོར་བདེན་པར་འཛིན་ཞེས་པའི་དོན་ཡོད་དེ། ཤེས་བྱ་དང་བསྒོམ་བྱ་དང་སྤང་བྱ་དང་ཐོབ་བྱ་སོགས་བྱ་བའི་སྒོ་ནས་བདེན་པར་འཛིན་པ་ནི་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་དོན་ཡིན་ལ། ཤེས་བྱེད་དང་ཤེས་པ་པོ་དང་སྒོམ་བྱེད་དང་སྒོམ་པ་པོ་དང ་སྤོང་བྱེད་དང་སྤོང་བ་པོ་དང་ཐོབ་བྱེད་དང་ཐོབ་པ་པོ་སོགས་བྱེད་ལས་དང་བྱེད་པ་པོ་ཅི་རིགས་ཀྱི་སྒོ་ནས་བདེན་པར་འཛིན་པ་ནི་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་དོན་ཡིན་པའི་ཕྱིར། རྫས་འཛིན་དང་བཏགས་འཛིན་ཞེས་པའི་ཁྱད་པར་ཡོད་དེ། རྫས་བཏགས་ལ་དམིགས་པའི་སྒོ་ནས་བཞག་པའི་ཕྱིར། རྫས་ཡོད་ལ་རྣམ་གྲངས་ཀྱི་སྒོ་ནས་མང་སྟེ། རིགས་པས་གྲུབ་པའི་རྫས་ཡོད། བརྟན་པའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་ཡོད། རང་རྐྱ་ཐུབ་པའི་རྫས་ཡོད་དང་བཞི་ཡོད་པའི་ཕྱིར། དེ་རྣམས་ཀྱི་ཁྱད་པར་ཡོད་དེ། ཤེས་བྱ་ཐམས་ཅད་དང་པོ། །རྟག་པ་རྣམས་གཉིས་པ། དངོས་པོ་རྣམས་གསུམ་པ་ཡིན་ལ། ཤེས་པ་དང་ཁ་དོག་ལྟ་བུ་བཞི་པ་ཡིན་པའི་ཕྱིར། ཕྱི་མ་འདི་རྫས་ཡོད་དངོས་ཡིན་ཞིང་སྔ་མ་གསུམ་དངོས་གནས་པ་མིན་ཏེ། གཞན་ལ་རྫས་ཡོད་མིན་པ་ཡོད་ཅིང་རྟག་པ་ཡིན་ན་རྫས་ཡོད་མིན་པས་ཁྱབ་པའི་ཕྱིར། བཏགས་ཡོད་ཀྱི་ཁྱད་པར་ཡོད་དེ། སྐྱེས་བུ་དང་ཤིང་རྟ་དང་ཀ་བུམ་ལྟ་བུ་སོགས་ཡིན་པའི་ཕྱིར། གསུམ་པ་གྲངས་ངེས་ཡོད་དེ། གཟུང་འཛིན་གྱི་ཆོས་ལ་རྣམ་པ་བཞིར་གྲངས་ངེས་པའི་ཕྱིར། བཞི་པ་ལ། རྣམ་པར་རྟོག་པ་བཞི་ལ་གོ་རིམ་དེ་ལྟར་འཇོག་པའི་རྒྱུ་མཚན་ཡོད་དེ། རྣམ་རྟོག་བཞི་མ གོ་གནོན་དཀའ་སླའི་དབང་གིས་དེ་ལྟར་དུ་བཤད་པའི་ཕྱིར། དེར་ཐལ། གཟུང་འཛིན་གྱི་ཆོས་ལ་ངེས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར། ལྔ་པ་དགག་སྒྲུབ་གང་གི་རྣམ་པ་ཅན་ཡིན་པ་ཡོད་དེ། དམིགས་ཡུལ་ཀུན་རྫོབ་ཀྱི་ཆོས་ལ་དམིགས་པ་ལ་ཕལ་ཆེར་སྒྲུབ་རྟོག་དང་། སྟོང་ཉིད་ལ་དམིགས་པ་རྣམས་དགག་རྟོག་ཡིན་པའ་ིཕྱིར། དྲུག་པ་འདིར་གཟུང་འཛིན་གྱི་ཆོས་ལ་དམིགས་པའི་བདེན་འཛིན་གྱི་རྣམ་རྟོག་བཞི་བཤད་པ་ལ་དགོས་པ་ཡོད་དེ། འཇུག་ལྡོག་གི་ཡུལ་ཡུལ་ཅན་གང་ལ་ཡང་བདེན་པ་འཛིན་མི་རུང་བར་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། ། ༈ སེམས་མི་འགོང་བ་ཉིད་ལ་སོགས། ཞེས་སོགས་ཀྱི་སྐབས་སུ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྤྱིར་ཡོངས་འཛིན་གྱི་ཁྱད་པར་ཡོད་དེ། རང་ལ་བླང་དོར་གྱི་གནས་ལེགས་པར་སྟོན་པའི་སྐྱེས་བུ་ཞིག་ལ་འཇོག་པའི་ཕྱིར། དེ་ལ་གཉིས་ཡོད་དེ། ཁྱད་པར་ཅན་དང་ཕལ་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། ངེས་ལེགས་དང་མངོན་མཐོ་ཙམ་སྟོན་པའི་སྒོ་ནས་དེ་ལྟར་དུ་ཡོད་པའི་ཕྱིར། གཉིས་པ་ལ། བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་གྱི་ཁྱད་པར་ཡོད་དེ། དེ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་ཕྱིའི་ཡོངས་འཛིན་དང་། དེ་སྲིད་ཞི་གང་རུང་གི་མཐར་མི་ལྟུང་བར་འཛིན་པའི་ནང་གི་ཡོངས་འཛིན་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ་དེ་ལ་ཆོས་སྟོན་པའི་མཆོག་གི་སྤྲུལ་སྐུ་ལྟ་བུ་དང་པོ་དང་། དེའི་རྒྱུད་ཀྱི་ཐབས་ཤེས་ཁྱད་པར་ཅན་རྣམས་གཉིས་པ་ཡིན་པའི་ཕྱིར། །༈ རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས་སོགས་ཀྱི་སྐབས་སུ་རིགས་ཀྱི་རྣམ་བཞག་ལ། ཉན་ཐོས་སྡེ་པ་དང་། ཐེག་ཆེན་པའི་ལུགས་གཉིས། དང་པོ་ཡོད་དེ། བྱེ་བྲག་སྨྲ་བས་བདག་དང་བདག་གི་བ་ལ་མ་ཆགས་པའི་སེམས་པ་ཞིག་རིགས་སུ་འདོད་ཅིང་། དེ་ཡང་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་པ་དང་། དེ་བཞིན་དུ་བསོད་ནམས་ངན་ངོན་ཙམ་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་སེམས་པ་གསུམ་དང་། སྤོང་བ་དང་སྒོ མ་པ་ལ་དགའ་བ་དང་བཞི་འཕགས་པའི་རིགས་སུ་འདོད་ཅིང་། དང་པོ་གསུམ་ལམ་སྒྲུབ་པའི་རྐྱེན་དང་། བཞི་བ་དེ་སྒྲུབ་ཚུལ་དངོས་ཡིན་པའི་ཕྱིར། གཉིས་པ་ལ། སེམས་ཙམ་པའི་ལུགས་དང་དབུ་མ་པའི་ལུགས་གཉིས། དང་པོ་ལ། ངོ་བོ། དབྱེ་བ། ཁྱད་པར། རིགས་འདུས་བྱས་སུ་སྒྲུབ་ཚུལ་དང་བཞི། དང་པོ་ཡོད་དེ། རང་འབྲས་ཟག་མེད་ཀྱི་རྟོག་པ་སྐྱེ་རུང་ཞིག་དེ་ཡིན་པའི་ཕྱིར་ཏེ། ཀུན་གཞི་ཁས་ལེན་པ་དག་གིས་ཀུན་གཞིའི་སྟེང་དང་། ཁས་མི་ལེན་པས་ནང་གི་སྐྱེ་མཆེད་དྲུག་གི་སྟེང་ན་ཡོད་པའི་ཟག་མེད་སེམས་ཀྱི་ས་བོན་ལ་བཞེད་པའི་ཕྱིར། གཉིས་པ་དབྱེ་ན་གཉིས་ཡོད་དེ། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་ཡོད་པའི་ཕྱིར། གསུམ་པ་དེ་གཉིས་ཀྱི་ཁྱད་པར་ཡོད་དེ། ཐོས་སོགས་ཀྱི་རྐྱེན་གྱིས་གསོས་མ་བཏབ་པ་དེ་དང་པོ་དང་། གསོས་བཏབ་པའི་ཟག་མེད་སེམས་ཀྱི་ས་བོན་དེ་གཉིས་པ་ཡིན་པའི་ཕྱིར། ལུང་གི་རྗེས་འབྲང་གི་སེམས་ཙམ་པས་རིགས་ཆད་ཀྱི་སེམས་ཅན་འདོད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ ཡོད། །ལ་ལ་དཀར་པོའི་ཕྱོགས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་འཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། ཞེས་གསུངས་པའི་ཕྱིར། རིགས་ཆད་ཀྱི་སེམས་ཅན་ཡིན་ན། རིགས་རྒྱུད་ལ་མེད་པས་མ་ཁྱབ་སྟེ། རིགས་དམན་པ་ཙམ་རྒྱུད་ལ་ལྡན་ཡང་རིགས་ཆད་དུ་འདོད་པའི་ཕྱིར་ཏེ། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ་ཞེས་གསུངས་པའི་ཕྱིར། བཞི་པ་རིགས་གཉིས་པོ་དེ་འདུས་བྱས་ཡིན་ཏེ། སེམས་ཅན་གྱི་རྒྱུད་ལ་ཟག་མེད་སེམས་ཀྱི་ཁྱད་པར་ཁམས་མི་འདྲ་བ་བདེན་གྲུབ་གསུམ་དང་། དེ་བཞིན་དུ་མོས་པ་དང་། སྒྲུབ་པ་དང་། བྱང་ཆུབ་མི་འདྲ་བ་བདེན་གྲུབ་གསུམ་གསུམ་འབྱུང་བའི་ཕྱིར། དེར་ཐལ། རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་དུ་ནི་ངེས་པར་བརྗོད། །ཞེས་གསུངས་པའི་ཕྱིར། རིགས་གཉིས་ལ་མཆོག་དམན་ཡོད་དེ། རང་བཞིན་གནས་རིགས་དམན་ལ། རྒྱས་འགྱུར་གྱི་རིགས་མཆོག་ཏུ་འདོད་པའི་ཕྱིར་ཏེ། དང་པོ་རྒྱུ་དུས་ཁོ་ནར་ཡོད་ཅིང་ཕྱི་མ་འབྲས་དུས་སུ་ཡོད་པའི་ཕྱིར། སེམས་ཙམ་པའི་ལུགས་ལ་རིགས་འདུས་བྱས་ཡིན་ཏེ། དེས་རིགས་གཉིས་འདུས་བྱས་སུ་ཁས་བླངས་པ་ལ། སློབ་དཔོན་འཕགས་པ་སོགས་ཀྱིས་དེ་ལྟར་ན་སེམས་ཅན་གྱི་རྒྱུད་ཀྱི་ཆོས་ཉིད་དེ་འདུས་བྱས་སུ་ཐལ་བའི་སྐྱོན་འཕེན་པའི་ཕྱིར། གཉིས་པ་དབུ་མ་པའི་ལུགས་ལ། རིགས་ཀྱི་ངོ་བོ། དབྱེ་བ། རིགས་སད་པའི་ཕན་ཡོན། མ་སད་པའི་ཉེས་དམིགས། སྒྲ་དོན། རིགས་ཆད་མི་འདོད་ཚུལ། རིགས་ནས་འཁྲིད་ཚུལ་དང་བདུན། དང་པོ་ཡོད་དེ། སངས་རྒྱས་སུ་འགྱུར་རུང་དེ། རིགས་ཀྱི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་གསུམ་ཡོད་དེ། རང་བཞིན་གནས་རིགས། རྒྱས་འགྱུར་གྱི་རིགས། དེ་གཉིས་ལས་གཞན་པ་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དང་སེམས་བདེན་སྟོང་དེ་རང་བཞིན་གནས་རིགས་ཡིན་པའི་ཕྱིར། དེ་ལ་ཡང་གཉིས་ཡོད་དེ། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་རང་བཞིན་གནས་རིགས་དང་། ལམ་ཞུགས་གང་ཟག་གི་རྒྱུད་ཀྱི་དེ་གཉིས་ཡོད་པའི་ཕྱིར། ཕྱི་མ་ཡོད་དེ། རྟོགས་པའི་ཆོས་བཅུ་གསུམ་གྱི་ཆོས་ཉིད་ལྟ་བུ་དེ་ཡིན་པའི་ཕྱིར། གཉིས་པ་རྒྱས་འགྱུར་གྱི་རིགས་ལ་གསུམ་ཡོད་དེ། གང་ཟག་དང་། ཤེས་པ་དང་། ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་ཅན་ཐམས་ཅད་དེ་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་བའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཅན་གྱི་རྒྱུད་ཀྱི་དགེ་བར་གྱུར་པའི་ཤེས་པ་ཐམས་ཅད་དེ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱིི་ས་བོན་ལྟ་བུ་དེ་ཡིན་པའི་ཕྱིར། རྒྱས་འགྱུར་གྱི་རིགས་ལ་རྒྱས་གྱུར་གྱི་རིགས་ཀྱིས་མ་ཁྱབ་སྟེ། ཐོས་སོགས་ཀྱིས་གསོས་མ་བཏབ་པའི་སེམས་ཀྱི་ས་བོན་རྣམས་རྒྱས་འགྱུར་ཡིན་ཡང་རྒྱས་གྱུར་མ་ཡིན་པའི་ཕྱིར། གསུམ་པ་དེ་གཉིས་ལས་གཞན་པའི་རིགས་ཡོད་དེ། བྱང་སེམས་ཚོགས་ལམ་པ་རྟག་པས་སྟོང་པ་དང་དེའི་ལྡོག་པ་ལྟ་བུ་དེ་ཡིན་པའི་ཕྱིར། གསུམ་པ་རིགས་སད་པའི་ཕན་ཡོན་ཡོད་དེ། རིགས་སད་ན་ངན་འགྲོར་སྐྱེ་དཀའ་ཞིང་སྐྱེས་ཀྱང་མྱུར་དུ་ཐར་པ་དང་དེར་སྡུག་བསྔལ་ཆུང་དུ་ཙམ་མྱོང་བ་དང་། འཁོར་བ་ལས་སྐྱོ་ཞིང་སེམས་ཅན་སྨིན་པར་བྱེད་ནུས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། རིང་མོ་ཞིག་ནས་ངན་སོང་ དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང་། །དེར་ཡང་སྡུག་བསྔལ་ཆུང་ངུ་མྱོང་། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །ཅེས་གསུངས་པའི་ཕྱིར། བཞི་པ་རིགས་མ་སད་པའི་ཉེས་དམིགས་ཡོད་དེ། དེའི་དབང་གིས་ཉོན་མོངས་ཤས་ཆེ་བ་དང་། གྲོགས་ངན་གྱི་དབང་དུ་འགྲོ་བ་དང་། འཚོ་བའི་ཡོ་བྱད་ཀྱིས་འཕོངས་པ་དང་། གཞན་གྱིས་དབང་དུ་འགྲོ་བ་སོགས་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། ཉོན་མོངས་གོམས་དང་གྲོགས་ངན་དང་། ཕོངས་དང་གཞན་གྱི་དབང་ཉིད་དང་། མདོར་ན་རིགས་ཀྱི་ཉེས་དམིགས་ནི། རྣམ་པ་བཞིར་ནི་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར། རིགས་སད་པའི་རྟགས་སམ་མཚན་མ་བཞི་ཡོད་དེ། བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱང་དེའི་སྔོན་དུ་སྙིང་རྗེ་དང་མོས་པ་དང་བཟོད་པ་རྒྱ་ཆེན་པོ་སྒོམ་པ་ལ་དགའ་བ་དང་སྦྱིན་པ་རྒྱ་ཆེན་པོ་གཏོང་བ་སོགས་དགེ་བ་སྒྲུབ་པ་ལའང་དགའ་བའི་ཕྱིར་ཏེ། དེ་ཉིད་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་ བྱ། །ཞེས་གསུངས་པའི་ཕྱིར། དཔེར་ན། དུ་བ་ཡོད་པ་མཐོང་བའི་ཚེ་མེ་དང་། ཆུ་སྐྱར་ཡོད་པ་མཐོང་བ་ནི་ཆུ་ཡོད་པར་དཔོག་པ་ལྟ་བུ་ཡིན་ཏེ། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པའི་ཕྱིར། སྐབས་འདིར་བསྟན་གྱི་རིགས་ཡོད་དེ། ཐེག་ཆེན་སྒྲུབ་པ་བདེན་སྟོང་དེ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་སུ་བྱས་ནས། ཐེག་ཆེན་སྒྲུབ་པས་རང་ཉིད་ལ་དམིགས་ནས་དེ་ཉིད་གོང་འཕེལ་དུ་འགྱུར་པའི་སྒོ་ནས་འཇོག་པ་ཡིན་པའི་ཕྱིར། ལྔ་པ་སྒྲ་དོན་ཡོད་དེ། རིགས་ཞེས་པ་ནི་རྒྱུའི་དོན་ཡིན་པས། སངས་རྒྱས་སུ་འགྱུར་བའི་རྒྱུ་དངོས་བཏགས་ཅི་རིགས་བྱེད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། དྲུག་པ་ལ། འདིར་རིགས་ཆད་ཀྱི་སེམས་ཅན་མི་འདོད་དེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྟེན་རང་བཞིན་གནས་རིགས་ཀྱིས་ཁྱབ་པས་སེམས་ཅན་ཐམས་ཅད་འཚང ་རྒྱ་རུང་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་གྱི་སེམས་རྒྱུད་ཀྱི་དྲི་མ་རྣམས་འབྲལ་རུང་ཡིན་པའི་ཕྱིར། དེར་ཐལ། དྲི་མ་རྣམས་ནི་གློ་བུར་བའི་སྤྲིན་བཞིན་བྱུང་བ་ཡིན་གྱི་སེམས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར། རིགས་ཆད་ཡོད་པ་གསུངས་པའི་མདོ་རྣམས་དྲང་དོན་ཡིན་ཏེ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང ་དོན་དུ་འགྲེལ་པའི་ཕྱིར། དགོངས་གཞི་ཡོད་དེ། ཆོས་ལ་སྡང་བའི་ལོག་སྲེད་ཅན་ཡུན་རིང་པོར་ཐལ་པར་མི་འཐོབ་པ་ལ་དགོངས་པའི་ཕྱིར། དགོས་པ་ཡོད་དེ། དེ་དག་ཆོས་ལ་སྡང་བ་འགོག་པའི་ཆེད་ཡིན་པའི་ཕྱིར། གནོད་བྱེད་ཡོད་དེ། སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་སྒྲིབ་པ་གཉེན་པོས་སྤང་དུ་རུང་བ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་ཅིང་རང་བཞིན་གྱི་གནས་རིགས་ཀྱིས་ཁྱབ་པ་སོགས་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རང་བཞིན་གནས་རིགས་ཀྱིས་ཁྱབ་སྟེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་མེད་གྱུར་ཀྱང་རྣམ་དག་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་ཤིང་། དེ་ཡང་དཔེ་དགུ་དོན་དགུའི་སྒོ་ནས་འཆད་པར་མཛད་པའི་ཕྱིར། བདུན་པ་རིགས་ནས་འཁྲིད་ཚུལ་ཡོད་དེ། ཐོག་མར་ཉན་ས་ནས་བཤད་པ་ལྟར་མོས་པ་ཤེས་པར་བྱས་ཏེ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐོས་པར་བྱས་ནས་དེའི་དོན་ལ་འཁྲིད། དེ་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལྟར་འཁྲིད་པ་ན་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་སེམས་དང་སྤྱོད་པ་ཕྱིན་དྲུག་ལ་སློབ་ཚུལ་སོགས་ལ་རིམ་གྱི་འཁྲིད་པའི་ཕྱིར། འོན་ཀྱང་རྒྱན་འདིར་རིགས་སྔོན་དུ་མི་འཆད་པར་སེམས་བསྐྱེད་སྔོན་དུ་བཤད་པ་དང་མི་འགལ་ཏེ། སྐྱེ་རིམ་གྱི་དབང་དུ་བྱས་ན་རིགས་སྔོན་དུ་འཆད་རིགས་ཀྱང་། འདིར་ཐེག་ཆེན་ལམ་གྱི་འཇུག་སྒོ་ནས་བཤད་རིམ་གྱི་དབང་དུ་བྱས་ཏེ་སེམས་བསྐྱེད་དེ་སྔོན་དུ་བཤད་པ་ཙམ་ཡིན་པའི་ཕྱིར། ༈ རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟར་དུས་མཉམ་པ་ཞེས་སོགས་ཀྱི་སྐབས་སུ་སྤང་གཉེན་གྱི་རྣམ་གཞག་ལ། སྤྱིི་དང་བྱེ་བྲག་གཉིས་ལས། དང་པོ་ནི། གཉེན་པོས་སྤང་བྱ་སྤོང་ཚུལ་ལ་དོན་མི་འདྲ་བ་ཡོད་དེ། སྡོམ་པ་ལྟ་བུ་རང་གི་སྤང་བྱ་སྤོང་བ་ནི་རེ་ཞིག་སྤོང་བ་དང་། བསམ་གཏན་དང་པོའི་དངོས་གཞི་སྐྱེས་པའི་ཚེ་འདོད་ཉོན་སྤངས་ཞེས་པ་ནི་མཉམ་བཞག་དེའི་དུས་སུ་འདོད་ཉོན་མངོན་འགྱུར་བ་མི་འཇུག་པའི་དོན་དང་། སྦྱོར་ལམ་བཟོད་པ་ཐོབ་ན་ངན་འགྲོར་མི་སྐྱེ་བ་ནི་རྐྱེན་མ་ཚང་བ་དང་། བྱང་འཕགས་ཀྱིས་སྡུག་ཀུན་དང་སྐྱེ་རྒ་ན་འཆི་སྤངས་པ་ལྟ་བུར་ནི་སྔ་མ་ནི་དེ་མི་འབྱུང་བ་དང་ཕྱི་མ་ལས་ཉོན་གྱིས་དེ་མི་བྱེད་པའི་དོན་དང་། ལོངས་སྐུ་ལྟ་བུས་མ་དག་པའི་ཞིང་སྤངས་པ་དེར་མི་བཞུགས་པའི་དོན་དང་། སྐྱེས་བུ་དམ་པས་སྡིག་གྲོགས་སྤངས་པ་ལྟ་བུ་ནི་དེ་དང་མི་འགྲོགས་པའི་དོན་དང་། རབ་བྱུང་གིས་ཕྱི་དྲོའི་ཁ་ཟས་སྤངས་པ་ལྟ་བུ་ནི་དུས་དེར་དེ་མི་ཟ་བའི་དོན་ཡིན་ལ། མཐོང་སྒོམ་གྱི་བར་ཆད་མེད་ལམ་གྱིས་སྤང་བྱ་སྤོང་ཚུལ་ནི་གཉེན་པོས་ལག་རྗེས་བཞག་པའི་སྒོ་ནས་གཏན་དུ་སྤོང་པ་ཡིན་པའ་ིཕྱིར། སྤོང་ཚུལ་ཡོད་དེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་བདེན་འཛིན་ཀུན་བཏགས་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། དེ་སྐྱེས་ཟིན་པ་དང་བདེན་འཛིན་ཀུན་བཏགས་འགགས་ཟིན་པའི་ཚུལ་གྱིས་སྤོང་བ་གཉིས་དུས་མཉམ་ཞིང་། དེ་བཞིན་དུ་རྒྱུན་མཐའི་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་བདེན་འཛིན་ལྷན་སྐྱེས་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། དེ་སྐྱེས་ཟིན་པ་དང་བདེན་འཛིན་ལྷན་སྐྱེས་འགགས་ཟིན་པའི་ཚུལ་གྱིས་སྤོང་བ་གཉིས་དུས་མཉམ་ཞིང་། དེ་བཞིན་དུ་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་སྐྱེས་ཟིན་པ་དང་གང་ཟག་གི་བདག་འཛིན་ཀུན་བཏགས་འགག་པ་ལ་མངོན་དུ་ཕྱོགས་པ་དང་འགགས་ཟིན་པའི་ཚུལ་གྱིས་སྤོང་བ་དང་། དེའི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེ་བ་དང་སྐྱེས་པ་ན་བདག་འཛིན་ལྷན་སྐྱེས་སྤོང་ཚུལ་སྔར་བཞིན་དང་། རང་རྒྱལ་གྱི་མཐོང་སྒོམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་སྐྱེས་ཟིན་པ་ན་ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཀུན་ལྷན་འགག་པ་ལ་མངོན་དུ་ཕྱོགས་པ་དང་འགགས་ཟིན་པ་རྣམས་སྔར་ལྟར་ཡིན་པའི་ཕྱིར། འོན་ཀྱང་བར་ཆད་མེད་ལམ་རྣམས་སྐྱེས་ཟིན་པའི་ཚེ་རང་གི་ངོས་སྐལ་གྱི་སྤང་བྱ་དེ་དག་འགགས་ཟིན་ཀྱང་སྤངས་པ་ནི་མིན་ཏེ། དེ་དག་གིས་དྲངས་པའི་རྣམ་གྲོལ་ལམ་སྐྱེས་ཟིན་པ་དང་དུས་མཉམ་དུ་སྤང་བྱ་དེ་དག་སྤངས་པར་འཇོག་པའི་ཕྱིར་ཏེ། འགྲེལ་པ་ལས། རྐུན་པོ་ཕྱུང་བ་དང་ཞེས་སོགས་ཀྱི་དོན་དེ་ལྟར་ཡིན་པའི་ཕྱིར། །༈ དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་ཞེས་སོགས་ཀྱི ་སྐབས་སུ། མདོ་སྡེ་ལ་གྲངས་ངེས་འཇོག་ཚུལ་ཡོད་དེ། དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྒྲ་ཇི་བཞིན་པའི་མདོ་དེ། ངེས་དོན་གྱི་མདོའི་འཇོག་བྱེད་ཡིན་ཞིང་། མཚན་གཞི་ནི་རྒྱས་འབྲིང་བསྡུས་གསུམ་ལྟ་བུ། དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་མི་སྟོན་པའི་མདོ། དྲང་དོན་གྱི་མདོའི་འཇོག་བྱེད་ཡིན་པའི་ཕྱིར། ཕྱི་མ་ལ་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཡོད་དེ། ཀྱེ་མ་འདུས་བྱས་རྣམས་མི་རྟག །ཅེས་སོགས་ཀྱི་མདོ་ལྟ་བུ་སྒྲ་ཇི་བཞིན་པ་ཡིན་ལ། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ལ་དགོངས་པ་ཅན་དང་། ལྡེམ་པོར་དགོངས་པའི་མདོ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་འཇོག་ཚུལ་ཡོད་དེ། དགོངས་གཞི་གཙོ་བོར་བྱས་ནས་སྟོན་པའི་སྒྲ་ཇི་བཞིན་པ་མིན་པའི་མདོ་དེ། དགོངས་པ་ཅན་གྱི་མདོ་དང་། དགོས་པ་གཙོ་བོར་བྱས་ནས་སྟོན་པའི་སྒྲ་ཇི་བཞིན་པ་མིན་པའི་མདོ་དེ། ལྡེམ་པོར་དགོངས་པའི་མདོར་འཇོག་པའི་ཕྱིར། དང་པོ་ལ་དབྱེ་ན་དུ་མ་ཡོད་དེ། མཉམ་པ་ཉིད་གསུམ་ལ་དགོངས་པ་སོགས་བཞི་ཡོད་པའི་ཕྱིར་ཏེ། དེ་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་པའི་མདོ་ལྟ་བུ་མཉམ་པ་ཉིད་གསུམ་ལ་དགོངས་པ། ཕ་དང་མ་ནི་བསད་བྱ་ཞིང་། ཞེས་སོགས་ཀྱི་མདོ་ལྟ་བུ་དོན་གཞན་ལ་དགོངས་པ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་པ་ཙམ་གྱིས་དེར་སྐྱེ་བར་སྟོན་པའི་མདོ་ལྟ་བུ་དུས་གཞན་ལ་དགོངས་པ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་འདོད་པའི་གདུལ་བྱའི་ངོར་དགེ་སློང་དག་ཁུར་ཡོད་དོ། ཁུར་འ ཁུར་བ་པོ་ཡོད་དོ་ཞེས་སོགས་ཀྱིས་དེ་ཡོད་པར་བསྟན་པ་ལྟ་བུ་གང་ཟག་གི་བསམ་ངོ་ལ་དགོངས་པ་ཡིན་པའི་ཕྱིར་ཏེ། དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚོགས་རྫོགས་པ་དང་ཆོས་སྐུ་བརྙེས་པ་དང་གཞན་དོན་བྱེད་པའི་སྒོ་གསུམ་མཉམ་པ་ལ་དགོངས་ནས་གསུངས། གཉིས་པ་ནི་ཕ་མ་ལྟ་བུའི་སྲེད་ལེན་དང་རྒྱལ་པོ་ལྟ་བུའི་འཇིག་ལྟ་འཁོར་བཅས་སྤོང་པ་ལ་དགོངས་ནས་གསུངས། གསུམ་པ་ནི། ཕྱིས་དུས་གཞན་ཞིག་ཏུ་དེར་སྐྱེ་བ་ལ་དགོངས་ནས་གསུངས། བཞི་པ་ནི། ལས་འབྲས་ལ་སྤྱོད་པ་པོ་འཐད་ལྡན་དུ་འཛིན་པའི་ཆེད་དུ་དགོངས་ནས་གསུངས་པའི་ཕྱིར། ལྡེམ་པོར་དགོངས་པའི་མདོ་ལ་དུ་མ་ཡོད་དེ། ཞུགས་པ་ལ་ལྡེམ་པོར་དགོངས་པ་སོགས་བཞི་ཡོད་པའི་ཕྱིར་ཏེ། ཉན་ཐོས་སྡེ་པ་ཁ་ཅིག་ཐེག་ཆེན་དུ་ཁ་དྲངས་པའི་ཆེད་དུ་གསུངས་པའི་མདོ་ལྟ་བུ་ཞུགས་པ་ལ་ལྡེམ་པོར་དགོངས་པ། མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་ཕྱེ་ནས་སྟོན་པའི་མདོ་ལྟ་བུ་མཚན་ཉིད་ལ་ལྡེམ་པོར་དགོངས་པ། སངས་རྒྱས་དང་ཆོས་ལ་བརྙས་པ་སོགས་ཀྱིི་གཉེན་པོར་གསུངས་པ་འགའ་ཞིག་ལྟ་བུ་གཉེན་པོ་ལ་ལྡེམ་པོར་དགོངས་པ། རབ་ཏུ་གྲགས་པའི་ཚིག་ངན་པ་བཞིན་གསུངས་ཀྱང་དོན་རབ་ཏུ་བཟང་པོ་གཞན་དུ་བསྒྱུར་ནས་སྟོན་པའི་ཕ་དང་མ་ནི་ཞེས་སོགས་ཀྱི་མདོ་ལྟ་བུ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ཡིན་པའི་ཕྱིར། །༈ ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་ཀྱི་སྐབས་སུ་རྩོད་སྤོང་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ་ལ། རྩོད་པ་ད ང་། ལན་གཉིས། དང་པོ་ལ་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་ཐེག་ཆེན་ལམ་གྱི་གནས་སྐབས་ཀྱི་རིགས་ལ་གནས་པར་ཐལ། རྟོགས་པ་ཡི་ནི་ཆོག་དྲུག་དང་། ཞེས་སོགས་ཀྱིས་སྒྲུབ་པ་བཅུ་གསུམ་བདེན་པས་སྟོང་པ་དེ་རིགས་སུ་བསྟན་པ་གང་ཞིག །སེམས་བདེན་པས་སྟོང་པ་ནི་སེམས་ཅན་ཐམས་ཅད་ལ་སྤྱིིར་གནས་པའི་ཕྱིར། གཞན་ཡང་། གནས་སྐབས་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་མི་འཐད་པར་ཐལ། སེམས་ཅན་རྣམས་ཀྱི་སེམས་བདེན་སྟོང་དེའི་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར་ཞེ་ན། གཉིས་པ་ལན་ལ། དེ་ལྟ་བུའི་ཁྱད་པར་མེད་ཀྱང་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་མི་འཐད་པའི་སྐྱོན་མེད་དེ། ཐེག་པ་གསུམ་གྱི་སློབ་པའི་སྒྲུབ་པ་གསུམ་པོ་དེས་སེམས་བདེན་སྟོང་ལ་དམིགས་ནས་རྟོགས་པ་གོང་ནས་གོང་འཕེལ་དུ་འགྱུར་བའི་སྒོ་ནས་ཁྱད་པར་དེ་ལྟ་བུ་འཐད་པའི་ཕྱིར་དང་། བརྟེན་པ་སྒྲུབ་པ་མི་འདྲ་བ་གསུམ་གྱི་དབྱེ་བས་ཀྱང་དེ་ལྟར་དུ་འཇོག་པའི་ཕྱིར། དཔེར་ན། བུམ་པ་གཅིག་ཁོ་ནའི་ནང་དུ་རིམ་པ་བཞིན་དུ་ཀ་ར་དང་སྦྲང་རྩི་དང་འོ་མ་སོགས་བླུག་པ་ན་བཅུད་མི་འདྲ་བའི་དབང་གིས་དེ་དང་དེའི་བུམ་པའི་ཐ་སྙད་བྱེད་པ་བཞིན་ནོ། །གཉིས་པ་ལ་ཁ་ཅིག །རྒྱན་རྩ་བའི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པར་ཐལ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཞེས་སོགས་རྩ་འགྲེལ་གྱིས་འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་གིས་ཁྱབ་པ་བསྟན་པའི་ཕྱིར། དེར་ཐལ། དེས་འཕགས་པ་ཡིན་ན། རང་གི་སེམས་བདེན་སྟོང་རྟོགས་མྱོང་གིས་ཁྱབ་པར་བསྟན་པའི་ཕྱིར། དེར་ཐལ། འདི་དག་གིས་ཐེག་ཆེན་སྒྲུབ་པ་བཅུ་གསུམ་པོ་དེས། རང་ཉིད་བདེ་སྟོང་ལ་དམིགས་ནས་རྟོགས་པ་གོང་ནས་གོང་འཕེལ་དུ་འགྱུར་བར་བསྟན་པ་ལ་དགོས་པ་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཞུང་འདི་དག་གིས་ཐེག་དམན་འཕགས་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཡོད་པའི་ཚུལ་གྱི། དེ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཁྱབ་པར་བསྟན་པ་མ་ཡིན་པའི་ཕྱིར། དེ་ལྟར་ཡིན་ཀྱང་སྐབས་གསུམ་པའི་དེ་ནི་མཚན་མར་དམིགས་སྒོ་ནས། ཞེས་སོགས་གསུངས་པ་དང་མི་འགལ་ཏེ། དེ་ནི་དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པ་ཁ་ཅིག་ལ་དགོངས་པའི་དྲང་དོན་ཡིན་པའི་ཕྱིར། ། ༈ དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་སོགས་ཀྱི་སྐབས་སུ་སྒྲུབ་པའི་དམིགས་པ་བཤད་པ་ལ། ངོ་བོ། དབྱེ་བ། སོ་སོའི་དོན་བཤད་པ་དང་གསུམ། དང་པོ་ཡོད་དེ། ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅད་གཞི་དེ། དེའི་ངོ་བོའམ་འཇོག་བྱེད་ཡིིན་པའི་ཕྱིར། གཞི་གྲུབ་ན་དེའི་དམིགས་པ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན། རྟོགས་པས་ཁྱབ་པའི་ཕྱིར། གཉིས་པ་དབྱེ་ན་དུ་མ་ཡོད་དེ། འདིར་དགེ་སོགས་བཅུ་གཅིག་ཡོད་པའི་ཕྱིར། གསུམ་པ་ལ། རང་འབྲས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་རུང་དུ་ལུང་དུ་བསྟན་པའི་བླང་བྱ་དེ་དགེ་བའི་ངོ་བོ་ཡིན་ཞིང་། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་བཞི་ཡོད་དེ། དོན་དམ་པའི་དགེ་བ་སོགས་བཞི་ཡོད་པའི་ཕྱིར་ཏེ། ཐར་པ་ལྟ་བུ་དོན་དམ་པའི་དགེ་བ། ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་ལྟ་བུ་ངོ་བོ་ཉིད་ཀྱི་དགེ་བ། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ལྟ་བུ་མཚུངས་ལྡན་གྱི་དགེ་བ། བསམ་པ་དེ་ཀུན་ནས་སློང་བྱེད་ཀྱི་སེམས་སེམས་བྱུང་ལྟ་བུ་ཀུན་སློང་གི་དགེ་བ་ཡིན་པའི་ཕྱིར། རང་འབྲས་རྣམ་སྨིན་ཡིད་མི་འོང་འབྱིན་རུང་དུ་ལུང་དུ་བསྟན་པའི་དོར་བྱ་དེ་མི་དགེ་བའི་ངོ་བོ་དང་། དེ་ལ་ཡང་སྔར་བཞིན་དབྱེ་བར་བྱ་སྟེ། འཁོར་བ་ལྟ་བུ་དོན་དམ་པའི་མི་དགེ་བ། ངོ་ཚ་ཁྲེལ་མེད་ཀྱི་བསམ་པ་ལྟ་བུ་ངོ་བོ་ཉིད་ཀྱི་མི་དགེ་བ། དེ་དང་མཚུངས་ལྡན་རྣམས་མཚུངས་ལྡན་གྱི་མི་དགེ་བ། དེ་ཀུན་ནས་སློང་བྱེད་རྣམས་ཀུན་སློང་གི་མི་དགེ་བ་ཡིན་པའི་ཕྱིར། རང་འབྲས་རྣམ་སྨིན་འབྱིན་དུ་མི་རུང་བའི་ཆོས། ལུང་མ་བསྟན་གྱི་ངོ་བོ་ཡིན་ལ། དེ་ལ་ཡང་བཞི་ཡོད་དེ། ནམ་མཁའ་ལྟ་བུ་དོན་དམ་པའི་ལུང་མ་བསྟན། བཟོ་དང་སྤྱོད་ལམ་གྱི་ལས་ལྟ་བུ་ངོ་བོ་ཉིད་ཀྱི་ལུང་མ་བསྟན། དེ་དང་མཚུངས་ལྡན་དང་ཀུན་ནས་སློང་བྱེད་རྣམས་ནི་མཚུངས་ལྡན་དང་ཀུན་སློང་གི་ལུང་མ་བསྟན་པ་ཡིན་པའི་ཕྱིར། །༈ སེམས་ཅན་ཀུན་མཆོག་ཉིད་སེམས་དང་། ཞེས་སོགས་ཀྱི་སྐབས་སུ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་ལ། ངོ་བོ་དང་། དབྱེ་བ་བཤད་པ་གཉིས། དང་པོ་ཡོད་དེ། གང་གི་ཆེད་དུ་བྱང་སེམས་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་དེ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་དང་། དེ་འདྲ་བའི་ཐོབ་བྱ་མཐར་ཐུག་དེ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་མཐར་ཐུག་གི་ངོ་བོ་དང་འཇོག་བྱེད་ཡིན་པའི་ཕྱིར། དང་པོ་ལ་དབྱེ་ན་དུ་མ་ཡོད་དེ། གནས་སྐབས་དང་མཐར་ཐུག་གི་ཆེད་དུ་བྱ་བ་གཉིས་ཡོད་པའི་ཕྱིར། མཐར་ཐུག་ལ་འདིར་གསུམ་ཡོད་དེ། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་གསུམ་ཡོད་པའི་ཕྱིར། མཚན་གཞི་ཡོད་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་དང་། སྒྲིབ་གཉིས་སྤངས་པའི་སྤངས་པ་དང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གསུམ་རིམ་པ་བཞིན་དུ་འཇོག་པའི་ཕྱིར། །༈ ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་སོགས་ཀྱི་སྐབས་སུ་ཐེག་ཆེན་སྒྲུབ་པའི་རྣམ་གཞག་ལ། སྤྱིའི་རྣམ་གཞག་དང་། སོ་སོའི་རང་བཞིན་གཉིས་དང་པོ་ལ་ངོ་བོ། དབྱེ་བ། ས་མཚམས། སྒྲ་དོན་བཤད་པ་དང་བཞི། དང་པོ་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བྱང་ཆུབ་ཆེན་པོའི་སྒྲུབ་པའི་སེམས་དཔའི་ཡེ་ཤེས་དེ། ཐེག་ཆེན་སྒྲུབ་པའི་ངོ་བོ་དང་འཇོག་བྱེད་ཡིན་པའི་ཕྱིར། གཉིས་པ་ལ། སྟོན་ཚུལ་གྱི་སྒོ་ནས་མཚན་གཞིའི་སྒོ་ནས་དབྱེ་བ་དང་གཉིས། དང་པོ་ལ་གཉིས་ཡོད་དེ། མཁྱེན་པ་ཡུལ་དང་། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་ཡོད་པའི་ཕྱིར། དེ་གཉིས་དོན་གཅིག་ཀྱང་སྟོན་ཚུལ་གྱིི་སྒོ་ནས་ཐ་དད་དུ་བཞག་པ་ཡིན་ཏེ། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་ཉམས་སུ་ལེན་ཚུལ་གྱི་སྒོ་ནས་བཤད་པས་མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་། སྦྱོོར་བཞིའི་སྐབས་སུ་ཕྱིན་དྲུག་ཉམས་ལེན་གྱི་ངོས་ནས་གཙོ་བོར་བཤད་པས་སྦྱོར་བ་བྱེ་བྲག་གི་སྒྲུབ་པར་བཞག་པའི་ཕྱིར། གཉིས་པ་མཚན་གཞིའི་སྒོ་ནས་བྱེ་ན་བཞི་ཡོད་དེ། གོ་སྒྲུབ། ཚོགས་སྒྲུབ། འཇུག་སྒྲུབ། ངེས་འབྱུང་སྒྲུབ་པ་དང་བཞི་ཡོད་པའི་ཕྱིར། དེ་བཞི་སྐབས་དང་པོ་འདིར་འཆད་ཚུལ་ཡོད་དེ། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་སོགས་ཀྱིས་གོ་སྒྲུབ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ཞེས་སོགས་ཀྱི་སྐབས་སུ་འཇུག་སྒྲུབ། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཅེས་སོགས་ཀྱིས་ཚོགས་སྒྲུབ། ཆེད་དུ་བྱ་དང་མཉམ་ཉིད་དང་། ཞེས་སོགས་ཀྱིས་ངེས་འབྱུང་སྒྲུབ་པ་འཆད་ཅིང་། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། ཞེས་སོགས་ཀྱིས་ཚོགས་སྒྲུབ་བྱེ་བྲག་ཏུ་ཕྱེ་ནས་འཆད་པའི་ཕྱིར། གསུམ་པ་ས་མཚམས་ཀྱི་ཁྱད་པར་ཡོད་དེ། ཐེག་ཆེན་སྒྲུབ་པ་དང་སེམས་དཔའི་ཡེ་ཤེས་དོན་གཅིག་ཅིང་། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། སྒྲུབ་པ་བཞི་སོ་སོའི་ས་མཚམས་ཡོད་དེ། གོ་སྒྲུབ་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དང་། འཇུག་སྒྲུབ་ཐེག་ཆེན་གྱི་སྦྱོར་ལམ་ནས་དེའི་བར་དང་ཚོགས་སྒྲུབ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ནས་དེའི་བར་དང་། ངེས་འབྱུང་སྒྲུབ་པ་ནི་དག་པ་ས་གསུམ་ན་ཡོད་པའི་ཕྱིར། བཞི་པ་སྒྲ་དོན་ཡོད་དེ། བསམ་པ་རྒྱ་ཆེ་བས་གོ་སྒྲུབ། སྦྱོར་བ་ལག་ལེན་རྒྱ་ཆེ་བས་འཇུག་སྒྲུབ། ཚོགས་རྒྱ་ཆེ་བས་ཚོགས་སྒྲུབ། རྣམ་མཁྱེན་དུ་གདོན་མི་ཟ་བར་འབྱིན་པར་བྱེད་པས་ངེས་འབྱུང་སྒྲུབ་པ་ཞེས་བྱ་བའི་ཕྱིར། །༈ གཉིས་པ་སོ་སོའི་རང་བཞིན་ལ། གོ་སྒྲུབ་སོགས་བཞི་ལས་དང་པོ་ནི། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་སོགས་ཀྱི་སྐབས་སུ། གོ་སྒྲུབ་བཤད་པ་དང་། ཕྱིན་དྲུག་གི་རྣམ་གཞག་བཤད་པ་གཉིས། དང་པོ་ལ། ངོ་བོ། དབྱེ་བ། བསྡུ་ཚུལ་དང་གསུམ། དང་པོ་ཡོད་དེ། ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་རིགས་གནས་ཀྱི་སེམས་དཔའི་ཡེ་ཤེས་དེ་གོ་སྒྲུབ་གྱི་ངོ་བོ་དང་འཇོག་བྱེད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་དུ་མ་ཡོད་དེ། དྲུག་དྲུག་སོ་དྲུག་ཡོད་པའི་ཕྱིར། གསུམ་པ་བསྡུ་ཚུལ་ཡོད་དེ། སྦྱིན་པའི་གོ་ཆར་གྱུར་པའི་སྦྱིན་སོགས་དྲུག་པོ་དེ་སྦྱིན་པའི་གོ་ཆར་ཆོས་མཐུན་པ་ནས། ཤེས་རབ་ཀྱི་གོ་ཆར་གྱུར་པའི་སྦྱིན་སོགས་དྲུག་ཤེས་རབ་ཀྱི་གོ་ཆ་ཆོས་མཐུན་པའི་ཕྱིར། སྦྱིན་པ་ལྟ་བུ་གཅིག་ཉམས་སུ་ལེན་པའི་ཚེ་དྲུག་ལྡན་དུ་ཉམས་སུ་ལེན་ཚུལ་ཡོད་དེ། དེའི་ཚེ་སྦྱིན་པ་གཏོང་བའི་སེམས་པ་དེ་སྦྱིན་པ། དེ་ལྟར་ཞི་བདེ་ཙམ་དོན་གཉེར་གྱི་བློ་སྤོང་བ་དེ་ཚུལ་ཁྲིམས། གཞན་གྱིས་མི་སྙན་པར་སྨྲ་བ་ལ་བཟོད་པ་དེ་བཟོད་པ། ཐེག་པ་ཆེན་པོའི་ཆོས་བསྒྲུབ་པའི་ཕྱིར་འབད་པ་དེ་བརྩོན་འགྲུས། ཐེག་ཆེན་དུ་སེམས་རྩེ་གཅིག་ཏུ་བྱེད་པ་དེ་བསམ་གཏན། སྦྱིན་པའི་འཁོར་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་དང་དེ་ཉིད་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་ཞིང་། དེ་བཞིན་དུ་ཚུལ་ཁྲིམས་སོགས་ལའང་སྦྱོར་རིགས་པའི་ཕྱིར། གཉིས་པ་ཕྱིན་དྲུག་གི་རྣམ་གཞག་ལ། ངོ་བོ། དབྱེ་བ། གྲངས་ངེས། གོ་རིམ། སྒྲུབ་ཚུལ། བསྒྲུབས་པའི་འབྲས་བུ། སྒྲ་དོན་དང་བདུན། དང་པོ་ཡོད་དེ། ཁྱད་ཆོས་བཞི་དང་ལྡན་པའི་ཐེག་ཆེན་གྱི་ཡེ་ཤེས་དེ་ཕར་ཕྱིན་གྱི་ངོ་བོ་ཡིན་པའི་ཕྱིར། ཁྱད་ཆོས་བཞི་ཡོད་དེ། རང་གི་མི་མཐུན་ཕྱོགས་ཉམས་པ། གྲོགས་མི་རྟོག་པའི་ཡེ་ཤེས་དང་ལྡན་པ། སེམས་ཅན་གྱི་འདོད་པ་རྫོགས་པར་བྱེད་པ། སེམས་ཅན་སྨིན་པར་བྱེད་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྦྱིིན་པས་མི་མཐུན་ཕྱོགས་ཉམས་བྱེད། །རྣམ་པར་མི་རྟོགས་ཡེ་ཤེས་ལྡན། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། ། ཅེས་དང་། དེ་བཞིན་དུ་ཚུལ་ཁྲིམས་སོགས་གཞན་ལྔ་ལའང་སྦྱར་ནས་གསུངས་པའི་ཕྱིར། སྦྱོར་ཚུལ་ཡོད་དེ། སྦྱིན་པས་མི་མཐུན་ཕྱོགས་སེར་སྣ་ཉམས་པར་བྱེད་པ་དེ་བཞིན་དུ་ཚུལ་ཁྲིམས་ཀྱིས་ཚུལ་འཆལ། བཟོད་པས་ཁྲོ་བ། བརྩོན་འགྲུས་ཀྱིས་ལེ་ལོ། བསམ་གཏན་གྱིས་རྣམ་གཡེང་། ཤེས་རབ་ཀྱིས་ཤེས་འཆལ་ཉམས་པར་བྱེད་པ་སོགས་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་དྲུག་ཡོད་དེ། སྦྱིན་སོགས་ཕར་ཕྱིན་དྲུག་ཡོད་པའི་ཕྱིར། དེ་དྲུག་སོ་སོའི་ངོ་བོ་མཚན་གཞི་ཡོད་དེ། རིམ་པ་བཞིན་དུ་དེར་གྱུར་པའི་ཆོས་ནོར་གཏོང་བའི་སེམས་པ། ཉན་རང་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས། ཁྲོ་མེད་ཀྱི་བཟོད་པ། ལེ་ལོ་མེད་པའི་བརྩོན་འགྲུས། མི་གཡེང་བའི་བསམ་གཏན། དེ་དག་བདེན་མེད་རྟོགས་པའི་མཁྱེན་པ་རྣམས་ཡིན་པའི་ཕྱིར། སྦྱིན་པ་ལ་དབྱེ་ན་དུ་མ་ཡོད་དེ། ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གསུམ་ཡོད་པའི་ཕྱིར། ཚུལ་ཁྲིམས་ལ་གསུམ་ཡོད་དེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཡོད་པའི་ཕྱིར། བཟོད་པ་ལ་གསུམ་ཡོད་དེ། སྡུག་བསྔལ་དང་ལེན་གྱི་བཟོད་པ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་གསུམ་ཡོད་པའི་ཕྱིར། བརྩོན་འགྲུས་ལ་གསུམ་ཡོད་དེ། རྟག་སྦྱོར་གྱི་བརྩོན་འགྲུས། གུས་སྦྱོར་གྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ་ཡོད་པའི་ཕྱིར། བསམ་གཏན་ལ་གསུམ་ཡོད་དེ། མཐོང་ཆོས་ལ་བདེན་གནས་ཀྱི་བསམ་གཏན། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་གསུམ་ཡོད་པའི་ཕྱིར། ཤེས་རབ་ལ་གསུམ་ཡོད་དེ། ཀུན་རྫོབ་ཤེས་པའི་ཤེས་རབ། དོན་དམ་ཤེས་པའི་ཤེས་རབ། སེམས་ཅན་དོན་བྱེད་པའི་ཤེས་རབ་གསུམ་ཡོད་པའི་ཕྱིར། གསུམ་པ་གྲངས་ངེས་ལ་དུ་མ་ཡོད་དེ། བསླབ་གསུམ་གྱི་དབང་དུ་བྱས་པ། མངོན་མཐོ་ངེས་ལེགས་སྒྲུབ་པའི་དབང་དུ་བྱས་པ། དོན་གཉིས་སྒྲུབ་པའི་དབང་དུ་བྱས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཕར་ཕྱིན་དང་པོ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན། ཐ་མ་གཉིས་ཤེས་རབ་ཀྱི་བསླབ་པའི་ཉམས་ལེན་དང་། བརྩོན་འགྲུས་ནི་བསླབ་པ་གསུམ་ཆར་གྱི་ཉམས་ལེན་དུ་འདུ་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ ་བས་ཕ་རོལ་ཕྱིན་པ་ དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ནི་རྣམ་པ་གཉིས། ། གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དང་པོ་གསུམ་མངོན་མཐོ་དང་། ཕྱི་མ་གཉིས་ངེས་ལེགས། བརྩོན་འགྲུས་ནི་གཉིས་ཀའི་ཉམས་ལེན་དུ་འདུ་བའི་ཕྱིར། གསུམ་པ་གྲུབ་སྟེ། དང་པོ་གསུམ་གཞན་དོན་དང་། ཕྱི་མ་གཉིས་རང་དོན་སྒྲུབ་པ་དང་། བརྩོན་འགྲུས་ནི་གཉིས་ཀའི་ཉམས་ལེན་དུ་འདུ་བའི་ཕྱིར། བཞི་པ་གོ་རིམ་ཡོད་དེ། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་བའི་རྒྱུ་འབྲས་ཀྱི་རིམ་པ་དང་། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཡིན་པའི་གོ་རིམ་དང་། ཕྲ་རགས་ཀྱི་གོ་རིམ་ཡང་ཡིན་པའ་ིཕྱིར་ཏེ། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པ་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར། ལྔ་པ་སྒྲུབ་ཚུལ་ཡོད་དེ། དང་པོར་སྦྱིན་པའི་ཉམས་ལེན་དང་། དེ་ནས་ཚུལ་ཁྲིམས་སོགས་རིམ་པ་ཉམས་སུ་ལེན་དགོས་པའི་ཕྱིར། དྲུག་པ་འབྲས་བུ་ཡོད་དེ། རིན་ཆེན་འཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདེ། བཟོད་པས་མདངས་ལྡན་བརྩོན་པས་བརྗིད། བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། ཞེས་གསུངས་པའི་ཕྱིར། བདུན་པ་སྒྲ་དོན་ཡོད་དེ། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བ་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། ། མཆོག་སྦྱར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། ༈ གཉིས་པ། བསམ་གཏན་གཟུགས་མེད་སྦྱིན་ལ་སོགས། ཞེས་སོགས་ཀྱི་སྐབས་སུ་འཇུག་སྒྲུབ་ལ། སྤྱིའི་རྣམ་གཞག་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་ངོ་བོ་དང་། དབྱེ་བ་གཉིས། དང་པོ་ཡོད་དེ། ཐེག་ཆེན་སྦྱོར་ལམ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་བསྒོམས་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་ཆེན་གྱི་ཆོས་སྦྱོར་བ་ལག་ལེན་གཙོ་བོར་བྱས་ནས་གཙོ་བོར་ཉམས་སུ་ལེན་པའི་སེམས་པའི་ཡེ་ཤེས་དེ། འཇུག་སྒྲུབ་ཀྱི་ངོ་བོ་དང་འཇོག་བྱེད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་དགུ་ཡོད་དེ། རྒྱུ་ཐེག་ཆེན་ལ་འཇུག་པ་བརྒྱད་དང་། འབྲས་བུ་རྣམས་མཁྱེན་ལ་འཇུག་པ་གཅིག་ཡོད་པའི་ཕྱིར། གཉིས་པ་ལ། སྙོམས་འཇུག་གི་རྟེན་དང་། བརྟེན་པ་སྙོམས་འཇུག་བཤད་པ་གཉིས། དང་པོ་ལ། ལུས་རྟེན་དང་། སེམས་རྟེན་གཉིས། དང་པོ་ཡོད་དེ། སྔར་སྦྱོར་ལམ་གྱི་རྟེན་བཤད་པ་བཞིན་ཡིན་པའི་ཕྱིར། ཅུང་ཟད་མི་འདྲ་བ་ཡོད་དེ། གཟུགས་མེད་ཀྱི་རྟེན་ལ་སྙོམས་འཇུག་འགའ་ཞིག་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། བསམ་གཏན་གྱི་ཉེར་བསྡོགས་ནི་འདོད་སེམས་ལ་བརྟེན་ནས་སྐྱེ། དེའི་དངོས་གཞི་ནི་ཉེར་བསྡོགས་ལ་བརྟེན་ནས་སྐྱེ། གཟུགས་མེད་ཀྱི་སྙོམས་འཇུག་ནི་བསམ་གཏན་ལ་བརྟེན་ནས་སྐྱེ་བ་ཡོད་པའི་ཕྱིར། གཉིས་པ་བརྟེན་པ་སྙོམས་འཇུག་ལ། བསམ་གཏན་གྱི་སྙོམས་འཇུག་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཤད་པ་གཉིས། དང་པོ་ལ་རྒྱས་པར་ན་མང་དུ་ཡོད་ཀྱང་འདིར་བསྡུ་ན་བསམ་གཏན་གྱི་སྙོམས་འཇུག་གི་ངོ་བོ་ཡོད་དེ། དམིགས་པ་དང་ཡན་ལག་གཉིས་ཀྱི་ནང་ནས་ཡན་ལག་གི་སྒོ་ནས་བཞག་པས་རབ་ཏུ་ཕྱེ་བའི་གོང་མའི་སྙོམས་འཇུག་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་དུ་མ་ཡོད་དེ། བསམ་གཏན་དང་པོའི་སྙོམས་འཇུག་སོགས་བཞི་ཡོད་པའི་ཕྱིར། དེ་བཞི་སོ་སོའི་འཇོག་ཚུལ་ཡོད་དེ། རང་གི་འོག་ས་འདོད་པ་ལ་འདོད་ཆགས་བྲལ་བྱེད་དང་བྲལ་ཟིན་གང་ཡང་རུང་བས་རབ་ཏུ་ཕྱེ་བའི་རིགས་གནས་ཀྱི་བསམ་གཏན་གྱི་སྙོམས་འཇུག་དང་། དེ་བཞིན་དུ་རང་གི་འོག་ས་བསམ་གཏན་དང་པོ་དང་བསམ་གཏན་གཉིས་པ་དང་གསུམ་པ་ལ་ཆགས་པ་དང་བྲལ་བྱེད་དང་བྲལ་ཟིན་གང་ཡང་རུང་བས་རབ་ཏུ་ཕྱེ་བའི་སྙོམས་འཇུག་རྣམས་ནི་རིམ་པ་བཞིན་དུ་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའི་སྙོམས་འཇུག་གི་ངོ་བོ་དང་འཇོག་བྱེད་ཡིན་པའི་ཕྱིར། ནང་གསེས་གྱི་དབྱེ་ན་དུ་མ་ཡོད་དེ། དེ་རེ་རེ་ལ་ཡང་ཉེར་བསྡོགས་དང་དངོས་གཞི་གཉིས་རེ་དང་ཞི་ལྷག་གཉིས་རེ་ཡོད་པའི་ཕྱིར། ཡན་ལག་དུ་དང་ལྡན་ཚུལ་ཡོད་དེ། བསམ་གཏན་དང་པོའི་དངོས་གཞི་དེ་ཡན་ལག་ལྔ་དང་ལྡན། གཉིས་པའི་དངོས་གཞི་དེ་ཡན་ལག་བཞི་དང་ལྡན། གསུམ་པའི་དངོས་གཞི་དེ་ཡན་ལག་ལྔ་དང་ལྡན། བཞི་པའི་དངོས་གཞི་དེ་ཡན་ལག་བཞི་དང་ལྡན་པའི་ཕྱིར། གཉིས་པ་གཟུགས་མེད་ཀྱི་སྙོམས་འཇུག་གི་ངོ་བོ་ཡོད་དེ། དམིགས་པ་དེ་དང་ཡན་ལག་གཉིས་ཀྱི་ནང་ནས་དམིགས་པའི་སྒོ་ནས་བཞག་པས་རབ་ཏུ་ཕྱེ་བའི་གོང་སའི་སྙོམས་འཇུག་དེ་གཟུགས་མེད་ཀྱི་སྙོམས་འཇུག་གི་ངོ་བོ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་དུ་མ་ཡོད་དེ། གཟུགས་མེད་ནམ་མཁའི་སྙོམས་འཇུག་སོགས་བཞི་ཡོད་པའི་ཕྱིར། དེ་བཞི་སོ་སོའི་འཇོག་ཚུལ་ཡོད་དེ། རང་གི་འོག་ས་བསམ་གཏན་བཞི་པ་དང་གཟུགས་མེད་དང་པོ་སོགས་བཞི་ལ་ཆགས་པ་དང་བྲལ་བྱེད་དང་བྲལ་ཟིན་གང་རུང་གི་གོང་མའི་སྙོམས་འཇུག་ཡིན་པའི་སྒོ་ནས་འཇོག་པའི་ཕྱིར། ནང་ཚན་གྱིས་དབྱེ་ན་དུ་མ་ཡོད་དེ། དེ་རེ་རེ་ལའང་དེ་གྱུར་པའི་ཉེར་བསྡོགས་དང་དངོས་གཞི་གཉིས་རེ་དང་ཞི་ལྷག་གཉིས་རེ་ཡོད་པའི་ཕྱིར། འབྲས་བུ་སྐྱེ་བའི་བསམ་གཟུགས་ཀྱི་ཁྱད་པར་ཡོད་དེ། རྒྱུ་སྙོམས་འཇུག་གི་བསམ་གཟུགས་བསྒོམས་སྟོབས་ཀྱིས་ཐོབ་པའི་གོང་མ་གཉིས་ཀྱི་ཟག་བཅས་རྣམ་སྨིན་གྱི་ཕུང་པོ་ལྟ་བུ་ཡིན་པའི་ཕྱིར། ལྷག་མ་ནི་གཞན་དུ་ཤེས་པར་བྱའོ། །༈ གསུམ་པ། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞེས་སོགས་ཀྱི་སྐབས་སུ་ཚོགས་སྒྲུབ་ལ། ངོ་བོ། དབྱེ་བ། ཚོགས་གསུམ་གྱི་ཁྱད་པར་དང་གསུམ། དང་པོ་ཡོད་དེ། ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཚོགས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས། བྱང་ཆེན་འབྱིན་བྱེད་ཀྱི་སེམས་དཔའི་ཡེ་ཤེས་དེ། དེའི་ངོ་བོ་དང་འཇོག་བྱེད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་དུ་མ་ཡོད་དེ། དེར་གྱུར་པའི་སྙིང་རྗེ་ཆེན་པོ་དང་ཕྱིན་དྲུག་གི་ཚོགས་སྒྲུབ་སོགས་བཅུ་བདུན་ཡོད་པའི་ཕྱིར། དང་པོ་སྙིང་རྗེ་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ་ཡོད་དེ། སྡུག་བསྔལ་ཅན་གྱིི་སེམས་ཅན་ལ་བུ་ཅིག་པ་ལྟར་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དེ། སྙིང་རྗེ་ཆེན་པོའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་གསུམ་ཡོད་དེ། དེར་གྱུར་པའི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་གསུམ་ཡོད་དེ། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཀྱི་མི་རྟག་པ་ལ་སོགས་པའི་རྣམ་པ་མ་ཤར་བར་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་དེ་དང་པོ་དང་། དེ་ལྟ་བུའི་སེམས་ཅན་མི་རྟག་པ་དང་རགས་པའི་བདག་མེད་ཀྱི་རྣམ་པ་ཤར་བའི་སྒོ་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་དེ་གཉིས་པ་དང་། དེ་བདེན་མེད་ཀྱི་རྣམ་པ་ཤར་བའི་སྒོ་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་དེ་གསུམ་པ་ཡིན་པའི་ཕྱིར། གཟུངས་ཀྱི་ཚོགས་ཙམ་ལ་དབྱེ་ན་མང་ཡང་འདིར་གཟུངས་ཁྱད་པར་ཅན་ལ་དབྱེ་ན་བཞི་ཡོད་དེ། ཚིག་གི་གཟུངས་དང་། དོན་གྱི་གཟུངས་དང་། བཟོད་པའི་གཟུངས་དང་། གསང་སྔགསཀྱི་གཟུངས་རྣམས་སུ་ཡོད་པའི་ཕྱིར། དེ་བཞིའི་ཁྱད་པར་ཡོད་དེ། ཐོས་པའི་གསུང་རབ་ཀྱི་ཚིག་བསྐལ་པའི་བར་དུ་མི་བརྗེད་པར་འཛིན་ནུས་པའི་གཟུངས་དེ་དང་པོ་དང ་། དོན་བསྐལ་བའི་བར་དུ་མི་བརྗེད་པར་དྲན་ནུས་པའི་གཟུངས་དེ་གཉིས་པ་དང་། སྟོང་ཉིད་ཀྱི་དོན་ལ་མི་སྐྲག་པས་རབ་ཏུ་ཕྱེ་བའི་གཟུངས་དེ་གསུམ་པ་དང་། སྡིག་པ་ཞི་བར་བྱེད་པ་སོགས་ཀྱི་གསང་སྔགས་ཀྱི་ཁྱད་པར་ཅན་རྩོམ་ནུས་པའི་གཟུངས་དེ་བཞི་པ་ཡིན་པའི་ཕྱིར། གསུམ་པ་ཚོགས་གསུམ་བཤད་པ་ལ། ཡེ་ཤེས་ཀྱི་ཚོགས། སའི་ཚོགས། གཉེན་པོའི་ཚོགས་སྒྲུབ་དང ་གསུམ། དང་པོ་ཡུལ་དང་ཡུལ་ཅན་ལ་དུ་མ་ཡོད་དེ། ཡུལ་དེ་ལ་སྟོང་ཉིད་ཉི་ཤུ་དང་། ཡུལ་ཅན་ལ་ཡང་དེ་རྟོགས་པའི་ཡེ་ཤེས་ཉི་ཤུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་དང་། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞི་སྟེ་ཉི་ཤུ་ཡོད་པའི་ཕྱིར། མདོ་ལས་ཡུལ་སྟོང་ཉི་ཤུ་བཤད་པའི་ཚིག་གིས་ཡུལ་ཅན་ཉི་ཤུ་ཡང་འཕངས་པའི་ཕྱིར། ནང་སྟོང་པ་ཉིད་སོགས་ཉི་ཤུ་རྟོགས་པའི་ས་བཅུའི་འཕགས་པའི་ཡེ་ཤེས་བཅུ་བདུན་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལྡོག་པ་གསུམ་ཡང་འཕངས་ནས་སྟོན་པའི་ཕྱིར་རོ། །གཉིས་པ་སའི་ཚོགས་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། ཞེས་སོགས་ཀྱིས་འཆད་ཅིང་། འདི་ལ་བཞི། སའི་ངོ་བོ། སའི་ཡོན་ཏན། སའི་ངེས་ཚིག ། སའི་ཡོངས་སྦྱོང་བཤད་པ་དང་བཞི། དང་པོ་ཡོད་དེ། སྙིང་རྗེ་ཆེན་པོ་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཡོན་ཏན་གྱི་རྟེན་བྱེད་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། སའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་ཡོན་ཏན་ལ། ཕར་ཕྱིན་ལྷག་ཚུལ། སྐྱེ་བ་འཛིན་ཚུལ། ཡོན་ཏན་ཐོབ་ཚུལ། རྟོགས་པ་དང་རྨི་ལམ་གྱི་ཁྱད་པར། སྤང་བྱའི་ཁྱད་པར་དང་ལྔ། དང་པོ་ཡོད་དེ། ས་དང་པོ་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པ་ཐོབ་པ་ནས། ས་བཅུ་པར་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པ་ཐོབ་པའི་ཕྱིར། གཉིས་པ་ཡོད་དེ། ས་དང་པོ་འཛམ་བུའི་གླིང་ལ་དབང་བས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྐྱེ་བ་འཛིན་པ་དང་། དེ་བཞིན་དུ་གཉིས་པ་ནས་བཅུ་པའི་བར་གླིང་བཞི་དང་། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད། སྟོང་དང་པོ། སྟོང་གསུམ། གནས་གཙང་ལྷའི་རྒྱལ་པོར་སྐྱེ་བ་འཛིན་ནུས་པའི་ཕྱིར། གསུམ་པ་ཡོད་དེ། ས་དང་པོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། སྐད་ཅིག་ལ་སངས་རྒྱས་བརྒྱའི་ཞལ་མཐོང་དེ་རྣམས་ཀྱིས་བྱིན་གྱིས་བརླབས། བསྐལ་བརྒྱར་གནས་ནུས། སྔོན་དང་ཕྱི་མཐའི་བསྐལ་བ་བརྒྱ་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག །ཏིང་ངེ་འཛིན་བརྒྱ་ལ་འཇུག་ལྡང་བྱེད། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད། དེ་བརྒྱར་འགྲོ །དེ་བརྒྱ་སྣང་བར་བྱེད། ཆོས་ཀྱི་སྒོ་མི འདྲ་བ་བརྒྱ་འགྱེད། རང་གི་ལུས་བརྒྱར་ཅིག་ཅར་དུ་སྤྲུལ་ནུས། དེ་རེ་རེའི་འཁོར་དུ་བྱང་སེམས་བརྒྱ་ཕྲག་རེ་རེས་སྐོར་བ་བྱེད་ནུས་པའི་ཡོན་ཏན་དང་ལྡན་ཅིང་། ཡོན་ཏན་དེ་རྣམས་ས་གཉིས་པར་སྟོང་ཕྲག་བཅུ་གཉིས། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་བྱེ་བ་ཕྲག་བཅུ་གཉིས། ལྔ་པར་བྱེ་བ་སྟོང་ཕྲག་བཅུ་གཉིས། དྲུག་པར་ཁྲག་ཁྲིག་བཅུ་གཉིས། བདུན་པར་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས། བརྒྱད་པར་སྟོང་གསུམ་གྱི་རྡུལ་དང་མཉམ་པའི་ཡོན་ཏན། དགུ་པར་སྟོང་གསུམ་འཇིག་རྟེན་གྱི་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་གྲངས་དང་མཉམ་པའི་ཡོན་ཏན་རྣམས་གོང་འཕེལ་དུ་བྱས་ནས་ཐོབ་པར་འགྱུར་བའི་ཕྱིར། བཞི་པ་ཡོད་དེ། ས་དང་པོར་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པ་ནས། ས་བཅུ་པར་ཡིད་ཀྱི་བྱེད་ལས་གནས་གྱུར་པའི་སྒོ་ནས་ཆོས་ཉིད་རྟོགས་པ་ལ་དབང་བའི་རྟོགས་པ་ཐོབ་ཅིང་རྨི་ལམ་དུ་ས་དང་པོར་སྟོང་གསུམ་འདི་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་གང་བ་ནས་བཅུ་པར་དེ་བཞིན་བཤེགས་པའི་སྐུ་ལ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་དུ་མས་བསྐོར་ནས་ཆོས་སྟོན་པ་རྨི་བ་འབྱུང་བའི་ཕྱིར། ལྔ་པ་ཡོད་དེ། ས་བཅུ་སོ་སོས་ཕར་ཕྱིན་བཅུ་སོ་སོའི་ཉམས་ལེན་ལྷག་པ་ཐོབ་པ་ལ་བགེགས་བྱེད་ཀྱི་སྒྲིབ་པ་བཅུ་སྤོང་ཞིང་། དམན་ལམ་སྔོན་དུ་མ་སོང་བས་ནི་ས་དང་པོའི་ངོ་བོར་གྱུར་པའི་མཐོང་ལམ་བར་ཆད་མེད་ཀྱིས་མཐོང་སྤང་ཉོན་མོངས་བརྒྱ་དང་བཅུ་གཉིས་ཀྱི་ས་བོན་སྤངས་ནས། དེའི་ངོ་བོར་གྱུར་པའི་སྒོམ་ལམ་བར་ཆད་མེད་ལམ་ནས་རྒྱུན་མཐའི་བར་ཆད་མེད་ལམ་གྱི་བར་རང་རང་གི་ངོ་སྐལ་གྱི་སྒོམ་སྤང་ཉོན་མོངས་བཅུ་དྲུག་གི་ས་བོན་སྤོང་བའི་བར་ཡིན་པའི་ཕྱིར། མཐོང་སྤང་ཉོན་མོངས་ལ་བརྒྱ་དང་བཅུ་གཉིས་ཡོད་དེ། འདོད་པའི་སས་བསྡུས་ཀྱི་ལྟ་བ་ལྔ། ལྟ་མི ན་ལྔ། དེ་དག་བདེན་བཞི་ལ་དམིགས་པའི་སྒོ་ནས་བཞི་བཅུ། དེ་བཞིན་དུ་ཁམས་གོང་མ་གཉིས་ལ་ཁོང་ཁྲོ་བོར་པའི་སོ་དྲུག་སོ་དྲུག་དང་བཅས་པའི་བརྒྱ་དང་བཅུ་གཉིས་ཡོད་པའི་ཕྱིར། སྒོམ་སྤང་ཉོན་མོངས་ལ་བཅུ་དྲུག་ཏུ་འབྱེད་ཚུལ་ཡོད་དེ། ངོ་བོའི་སྒོ་ནས་འདོད་ཆགས་སོགས་རྩ་ཉོན་དྲུག་ལ་ཁམས་ཀྱི་སྒོ་ནས་འདོད་པ་ན་དྲུག་དང་། གོང་མ་གཉིས་སུ་ཁོང་ཁྲོ་དོར་བས་ལྔ་ལྔ་དང་བཅས་པའི་བཅུ་དྲུག་ཡོད་པའི་ཕྱིར། ཤེས་སྒྲིབ་སྤོང་ཚུལ་ཡང་ཡོད་དེ། བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་གཉིས་པོ་རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་དུ་མཐོང་སྤང་མཐོང་ལམ་དང་། སྒོམ་སྤང་རྣམས་སྒོམ་ལམ་བར་ཆད་མེད་ལམ་དགུས་སྤོང་བའི་ཕྱིར། བརྒྱ་རྩ་བརྒྱད་དུ་འབྱེད་ཚུལ་ཡོད་དེ། ཁམས་གསུམ་པོ་རེ་རེའི་སས་བསྡུས་ཀྱི་བདེན་བཞི་ལ་དམིགས་པའི་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་དགུ་བཞི་སོ་དྲུག་པ་གསུམ་ཚན་གཅིག་ཡོད་པའི་ཕྱིར། ཀུན་ཏུ་རྨོངས་པ་སྤོང་ཚུལ་ཡོད་དེ། ས་བཅུ་པོ་རེ་རེས་ཀུན་ཏུ་རྨོངས་པ་གཉིས་རེ་སྤོང་བའི་ཕྱིར། གཉིས་པ་ངེས་ཚིག་ལ། ས་སྤྱི་དང་། སོ་སོའི་ངེས་ཚིག་གཉིས། དང་པོ་ཡོད་དེ། འཇིག་རྟེན་གྱིས་ས་སེམས་ཅན་དཔག་མེད་གནས་པའི་རྟེན་བྱེད་ཅིང་། ལོ་ཏོག་སྐྱེད་པ་དང་གནས་པའི་རྟེན་བྱེད་པ་བཞིན་དུ། བྱང་སེམས་ཀྱི་སས་ཀྱང་བྱང་སེམས་དཔག་མེད་འཇིགས་པ་མེད་པར་གནས་པར་བྱེད། ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་ཐོབ་པ་རྣམས་གོང་འཕེལ་དུ་བྱེད་པའི་ཕྱིར་རོ། གཉིས་པ་སོ་སོའི་ངེས་ཚིག་ཡོད་དེ། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་།སེམས་ཅན་དོན་འགྲུབ་མཐོང་བའི་ཕྱིར། དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་པ་ནས། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁྱོན། ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། ། ཞེས་པའི་བར་འབྱུང་བ་ལྟར་ཡིན་པའི་ཕྱིར། བཞི་པ་ཡོངས་སྦྱོང་ལ། ཡོངས་སྦྱོང་ཀྱི་གྲངས་དང་། སར་འཕོ་མཚམས་བཤད་པ་གཉིས། དང་པོ་ཡོད་དེ། ས་དང་པོ་ལ་ཡོངས་སྦྱོང་བཅུ། གཉིས་པ་ལ་བརྒྱད། གསུམ་པ་ལ་ལྔ། བཞི་པ་ལ་བཅུ། ལྔ་པ་ལ་བཅུ། དྲུག་པ་ལ་བཅུ་གཉིས། བདུན་པ་ལ་ཉི་ཤུ་ཟུང་། བརྒྱད་པ་ལ་བརྒྱད། དགུ་པ་ལ་ཡོངས་སྦྱོང་བཅུ་གཉིས་ཡོད་པའི་ཕྱིར། སྦྱོང་ཚུལ་ཡོད་དེ། བདེན་མེད་རྟོགས་པའ་ིཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སའི་སྐྱོན་སེལ་ཞིང་ཡོན་ཏན་རྫོགས་པར་བྱེད་པའི་སྒོ་ནས་སྦྱོང་བར་བྱེད་པའི་ཕྱིར། འོ་ན། ས་དགུ་མན་ཆད་ཡོན་སྦྱོང་གི་སྒོ་ནས་བཤད་ནས་ས་བཅུ་ལ་དེ་ལྟར་མི་འཆད་པ་ཅི་ཞེ་ན་དེའི་རྒྱུ་མཚན་ཡོད་དེ། ས་བཅུ་པ་མཚན་ཉིད་ཀྱི་སྒོ་ནས་བཤད་པས་དགུ་པ་མན་ཆད་ཀྱི་མཚན་ཉིད་ཀྱང་ཤེས་པར་འགྱུར་བ་དང་། གཞན་དགུ་ཡོངས་སྦྱོང་གི་སྒོ་ནས་བཤད་པས་བཅུ་པའི་ཡོངས་སྦྱོང་ཀྱང་ཤེས་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར། བཅུ་པ་མཚན་ཉིད་ཀྱི་སྒོ་ནས་བཤད་ཚུལ་ཡོད་དེ། འདའ་བྱ་ས་དགུ་འདས་ཤིང་། སངས་རྒྱས་ཀྱི་ས་མ་ཐོབ་གོང་དུ་སངས་རྒྱས་ཀྱི་ས་ཞེས་བརྗོད་པའི་བྱང་སེམས་ཀྱི་ས་དེ་ཉིད་དེའི་མཚན་ཉིད་དུ་བསྟན་པའི་ཕྱིར། ས་བཅུ་པའི་འདའ་བྱའི་ས་ལ་དགུ་ཡོད་དེ། དམན་པའི་ས་བརྒྱད་དང་བྱང་སེམས་ཀྱི་ས་འོག་མ་རྣམས་སུ་ཡོད་པའི་ཕྱིར། དེ་དགུ་ལ་འདའ་བྱའི་ས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དམན་པའི་ས་བརྒྱད་པོ་དེ་ཤེས་མཐོང་གིས་བལྟས་ནས་འདའ་བའི་ལས་དང་། བྱང་སེམས་ཀྱི་ས་དེ་རྣམས་ནི་བསྐྱེད་ཅིང་གནས་ནས་འདའ་བའི་ལམ་ཡིན་པའི་ཕྱིར། དམན་པའི་ས་བརྒྱད་ཡོད་དེ། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། སྲབ་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་སངས་རྒྱས་ཀྱི་ས་རྣམས་ཡིན་པའི་ཕྱིར་རོ། ། ངོ་བོ་ཡོད་དེ། ཉན་ཐོས་ཀྱི་སྦྱོར་ལམ་དེ་དང་པོ། རྒྱུན་ཞུགས་ཞུགས་པའི་རྟོགས་པ་དེ་གཉིས་པ། རྒྱུན་ཞུགས་མཐོང་ལམ་པའི་རྟོགས་པ་གསུམ་པ། ཕྱིར་འོང་གི་རྟོགས་པ་བཞི་པ། ཕྱིར་མི་འོང་གི་རྟོགས་པ་ལྔ་པ། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་དྲུག་པ། རྒྱུན་ཞུགས་འབྲས་གནས་གཞན་རྣམས་ཀྱི་རྟོགས་པ་ཉན་ཐོས་ཀྱི་ས། རང་རྒྱལ་གྱི་རྟོགས་པ་རྣམས་རང་རྒྱལ་གྱི་སར་འཇོག་པའི་ཕྱིར། ས་བཅུ་པའི་ཡེ་ཤེས་དེ་ལ་སངས་རྒྱས་ཀྱི་ས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་བཅུ་པའི་རྗེས་ཐོབ་ནས་གཞན་དོན་བྱེད་པའི་སྒོ་སངས་རྒྱས་དང་མཉམ་པ་ཞིག་ཐོབ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས་བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། ། སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། ། ཅེས་གསུངས་པའི་ཕྱིིིར། གཉིས་པ་འཕོ་འཚམས་ཡོད་དེ། ས་རང་རང་གི་ངོ་སྐལ་གྱི་ཡོངས་སྦྱོངས་ནམ་རྫོགས་པ་ནས་གཞན་དུ་འཕོས་པར་འཇོག་པའི་ཕྱིར། །༈ གསུམ་པ། མཐོང་དང་སྒོམ་པའི་ལམ་དག་ལ། །ཞེས་སོགས་ཀྱི་སྐབས་སུ་གཉེན་པོའི་ཚོགས་སྒྲུབ་ལ། ངོ་བོ་དང་དབྱེ་བ་གཉིས། དང་པོ་ཡོད་དེ། མཐོང་སྒོམ་གྱི་སྤང་བྱ་རྟོག་པའི་གཉེན་པོར་གྱུར་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། དེའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་གཉིས་ཡོད་དེ། མཐོང་སྤང་གཉེན་པོ་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་གཉིས་ཡོད་པའི་ཕྱིར། དེ་གཉིས་སོ་སོའི་ངོ་བོ་ཡོད་དེ། མཐོང་སྤང་དངོས་སུ་འཇོམས་བྱེད་ཀྱི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ། དང་པོའི་ངོ་བོ་དང་། རང་གི་ངོ་སྐལ་གྱི་སྒོམ་སྤང་དངོས་སུ་འཇོམས་བྱེད་ཀྱི་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དེ། གཉིས་པའི་ངོ་བོ་ཡིན་པའི་ཕྱིར། དེ་གཉིས་སོ་སོའི་སྤང་བྱ་ལ་བཞི་བཞི་ཡོད་དེ། མཐོང་སྒོམ་གྱི་སྤང་བྱའི་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་བཞི་ཡོད་པའི་ཕྱིར། །༈ བཞི་པ། ཆེད་དུ་བྱ་དང་མཉམ་ཉིད་དང་། །ཞེས་སོགས་ཀྱི་སྐབས་སུ་ངེས་འབྱུང་སྒྲུབ་པ་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ་ཡོད་དེ། རང་འབྲས་རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པ ་བྱེད་པའི་དག་སའི་ཡེ་ཤེས་དེ། ངེས་འབྱུང་སྒྲུབ་པའི་ངོ་བོ་དང་འཇོག་བྱེད་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་བརྒྱད་ཡོད་དེ། ངེས་པར་འབྱུང་བ་བརྒྱད་ཀྱི་སྒོ་ནས་ཕྱེ་བ་བརྒྱད་ཡོད་པའི་ཕྱིར། དེ་ཡང་ཡིན་ཏེ། ཆེན་པོ་གསུམ་གཅིག་ཏུ་བྱས་པ་དང་། སེམས་ཆེན་པོའི་ཁྱད་པར་གསུམ། སྤོང་པ་ཆེན་པོའི་ཁྱད་པར་གཉིས། རྟོགས་པ་ཆེན་པོ་སྒྲུབ་བྱེད་ཀྱི་ཁྱད་པར་གཉིས་དང་བཅས་པའི་བརྒྱད་ཡོད་པའི་ཕྱིར། །༈ ཡུམ་གསུམ་བརྗོད་བྱའི་སྐྱེད་ཚལ་དུ། །མཁྱེན་གསུམ་དཔག་བསམ་ལྗོན་པ་ལ། །སྦྱོར་བཞིའི་ཡལ་འདབ་རྒྱས་པའི་ རྩེར། །སྐུ་བཞིའི་འབྲས་བུའི་ཁུར་གྱིས་བརྗིད། །རྒྱལ་ཡུམ་རྒྱན་གྱི་ལུས་བཟང་པོར། །མཛེས་བྱེད་ཆོས་བཅུས་སྤྲས་པ་ནི། །གསལ་བྱེད་དང་པོའི་སྤྱི་དོན་འདིར། །སྣང་བས་བློ་གསལ་དགའ་བ་སྐྱེད། ། ཅེས་བྱའོ། །སྐབས་དང་པོའི་སྤྱི་དོན་འདི་ཡང་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེ་དགོན་ཉིད་དུ་དད་པས་སྦྱར་བའོ།། །། མངྒ་ལཾ། །


no previousམངོན་རྟོགས་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་སྒྲོན་མེ་རབ་གསལ།next