Nitartha Digital Library
Tibetan
 
previousསྐབས་གཉིས་པ་དང་གསུམ་པའི་སྤྱི་དོན་གྱི་སྙིང་པོ་བསྡུས་པ།next

སྐབས་གཉིས་པ་དང་གསུམ་པའི་སྤྱི་དོན་གྱི་སྙིང་པོ་བསྡུས་པ།

སྐབས་གཉིས་པ་དང་གསུམ་པའི་སྤྱི་དོན་གྱི་སྙིང་པོ་བསྡུས་པ་བཞུགས།

གཉིས་པ་ལམ་ཤེས་བཤད་པ་ལ་གཉིས། རྒྱུ་མཚན་དང་། སྤྱི་དོན་གྱི་སྒོ་ནས་བཤད་པའོ། །དང་པོ་ནི། རྣམ་མཁྱེན་མཚོན་བྱེད་དང་བཅས་པ་བཤད་ཟིན་པའི་རྗེས་སུ་ལམ་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་མཁྱེེན་ཐོབ་པ་ལ་ལམ་ཤེས་རྫོགས་པར་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་ལམ་ཤེས་པ་ཉིད། ཅེས་གསུངས་པའི་ཕྱིར། གཉིས་པ་ནི། སྐབས་འདིར་ལམ་ཤེས་འཆད་ན་དེ་མཚོན་བྱེད་ཀྱི་ཆོས་དུ་ཞིག་གི་སྒོ་ནས་འཆད་པ་ཡིན་ཞེ་ན། ཡོད་དེ། ལུས་རྣམ་གཞག་ཏུ། མོག་མོག་པོར་བྱེད་ལ་སོགས་དང་། ཞེས་སོགས་ཀྱིས་བཤད་པ་ལྟར་ཆོས་བཅུ་གཅིག་གི་སྒོ་ནས་གཏན་ལ་འབེབས་པའི་ཕྱིར། བཅུ་གཅིག་པོ་དེ་རྣམས་བསྡུ་ན་གཉིས་སུ་འདུ་བ་ཡིན་ཏེ། ལམ་ཤེས་སྒོམ་པ་པོའི་རྟེན་གྱི་གང་ཟག་དང་། དེས་ལམ་ཤེས་སྒོམ་པའི་ཚུལ་གཉིས་སུ་འདུ་བའི་ཕྱིར། སྐབས་འདིར་བསྟན་པའི་ཁྱད་ཆོས་ལྔ་ཡོད་དེ། གེགས་མངོན་པའི་ང་རྒྱལ་མངོན་འགྱུར་བ་དང་བྲལ་བ། མཐུ་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། རང་བཞིན་གནས་རིགས་ཀྱིས་ཁྱབ་པ། ཉོན་མོངས་སྤངས་བྱའི་གཙོ་བོར་མི་བྱེད་པའི་རང་བཞིན་ཅན་ཡིན་པ། གཞན་དོན་སྒྲུབ་པ་ལ་འབད་ཅིང་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པ་ལ་མཁས་པའི་བྱེད་ལས་དང་ལྔ་ཡོད་པའི་ཕྱིར་རོ། །ཁྱབ་པ་དང་། ཞེས་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པར་བསྟན་པའི་ཚུལ་གྱིས་སེམསཅན་ཐམས་ཅད་འཚང་རྒྱ་བར་བསྟན་པ་ལ། འོ་ན། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་སྟོན་པའི་མདོ་དང་འགལ་ལོ་ཞེ་ན། མི་འགལ་ཞེས་འཆད་པ་ལ་འགྲེལ་པ་ལས། ཐེག་པ་གསུམ་རྣམ་པར་བཞག་པ་ནི་དགོངས་པ་ཅན། ཞེས་སོགས་གསུངས། འདིའི་སྐབས་སུ། མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ལུགས་དགོད་པ། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ། འཁོར་བ་ལ་མཐའ་ཡོད་མེད་དཔྱད་པ། ཉན་རང་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་ལམ་གང་ནས་འཇུག་པར་དཔྱད་པ་དང་བཞི། དང་པོ་ཡོད་དེ། ཉན་ཐོས་སྡེ་གཉིས་དང་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་རྣམས་ཀྱིས་ནི་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད་པའི་ཕྱིར། དེར་ཐལ། བྱེ་བྲག་སྨྲ་བས། ཉན་ཐོས་ཀྱི་སྦྱོར་ལམ་དྲོད་རྩེ་ནས་སངས་རྒྱས་ཀྱི་ཐེག་པ་ལ་འཇུག་པ་ཡོད། དྲོད་རྩེ་བཟོད་པ་གསུམ་ལ་གནས་པ་རང་རྒྱལ་ལམ་དུ་འཇུག་པ་ཡོད་ཀྱང་། ཉན་རང་འཕགས་པ་སངས་རྒྱས་ཀྱི་ལམ་དུ་འཇུག་པ་མི་འདོད། ཉན་ཐོས་སེ་འདའ་བ་ཁ་ཅིག་རྒྱས་འབྲིང་བསྡུས་གསུམ་སངས་རྒྱས་ཀྱི་བཀར་མི་འདོད་ཅིང་། ཉན་ཐོས་ཀྱི་ལྷག་མེད་མྱང་འདས་ཀྱི་ཚེ་བེམ་རིག་རྒྱུན་ཆད་པར་འདོད། ལུང་གི་རྗེས་འབྲང་གི་སེམས་ཙམ་པ་རྣམས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་ལུང་རིགས་གཉིས་ཀྱིས་སྒྲུབ་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཡུམ་གྱི་མདོ་ལས། གང་ཡང་དག་པར་སྐྱོན་མེད་པ་ལ་ཞུགས་པར་གྱུར་པ་དེ་དག་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ། །ཞེས་པ་ལྟ་བུའི་ལུང་དུ་མ་དང་། སེམས་ཅན་རྣམས་ཀྱི་རྒྱུ་ལ་ཁམས་མི་འདྲ་བ་བདེན་གྲུབ་གསུམ་དང་། མོས་པ་མི་འདྲ་བ་བདེན་གྲུབ་གསུམ་དང་། འབྲས་བུ་བྱང་ཆུབ་མི་འདྲ་བ་བདེན་གྲུབ་གསུམ་འབྱུང་བའི་རིགས་པ་སོགས་ཀྱིས་སྒྲུབ་པར་བྱེད་པའི་ཕྱིར། འོ་ན། མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པའི་མདོ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་འགྲེལ་པའི་ཕྱིར། དགོངས་གཞི་ཡོད་དེ། ཐེག་གསུམ་གང་ཟག་གི་རྒྱུད་ཀྱི་ཆོས་དབྱིངས་ཀྱི་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་པ་སོགས་རྣམ་པ་བདུན་ལ་དགོངས་པའི་ཕྱིར། དགོས་པ་ཡོད་དེ། ཐེག་དམན་དུ་རིགས་མ་ངེས་ཁ་ཅིག་ཐེག་ཆེན་དུ་ཁ་དྲངས་པ་དང་། ཐེག་ཆེན་དུ་རིགས་མ་ངེས་པ་ཁ་ཅིག་ཐེག་དམན་ལམ་དུ་མི་ལྟུང་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ཡོད་དེ། མཐར་ཐུག་ཐེག་པ་གསུམ་དུ་སྟོན་པའི་ལུང་རིགས་རྣམས་དང་། གཞན་དབང་བདེན་གྲུབ་ཏུ་སྟོན་པའི་ལུང་རིགས་རྣམས་ཀྱིས་ཀྱང་གནོད་པའི་ཕྱིར། གཉིས་པ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། མཐར་ཐུག་ཐེག་པ་གཅིག་ཏུ་ལུང་གིས་འགྲུབ་སྟེ། ཡུམ་གྱི་མདོ་ལས། འོན་ཀྱང་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ། །ཞེས་སོགས་དང་། ལང་གཤེགས་དང་། དཔལ་འཕྲེང་གིས་ཞུས་པ་དང་། དམ་ཆོས་པད་དཀར་སོགས་ཀྱི་ལུང་དུ་མས་འགྲུབ་པའི་ཕྱིར། གཉིས་པ་རིགས་པའི་སྒྲུབ་བྱེད་ཡོད་དེ། སེམས་ཅན་གྱི་སེམས་བདེན་པས་སྟོང་པས་དེ་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་དང་། ཆགས་སོགས་ཉོན་མོངས་པའི་གཞི་རྩ་བདེན་འཛིན་གྱི་རྩ་བ་མི་བརྟན་པས་དྲི་མ་རྣམས་གཉེན་པོས་སྤོང་རུང་ཡིན་པ་སོགས་ཀྱི་རིགས་པས་འགྲུབ་པའི་ཕྱིར། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་སྟོན་པའི་མདོ་དང་མི་འགལ་ཏེ། དགོངས་གཞི་དགོས་པ་དང་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་འགྲེལ་པའི་ཕྱིར་ཏེ། དགོངས་གཞི་ནི་གནས་སྐབས་ཐེག་པ་གསུམ་ལ་དགོངས། དགོངས་པ་དེས་གདུལ་བའི་ཆེད་དང་། གནོད་བྱེད་ནི་སྔར་གྱི་ལུང་རིགས་རྣམས་ཀྱིས་གནོད་པའི་ཕྱིར་རོ། །གསུམ་པ་འཁོར་བ་ལ་མཐའ་ཡོད་མེད་དཔྱད་པ་ལ། དོགས་པ་དགོད་པ་དང་། དེའི་ལན་ནོ། །དང་པོ་ལ། ཁ་ཅིག་ན་རེ། འཁོར་བ་མཐའ་མེད་དེ། འཁོར་བ་ལ་ཐོག་མའི་མཐའ་མེད་ཅིང་། ཕྱི་མའི་མཐའ་ཡང་མེད་པའི་ཕྱིར། ཐོག་མའི་མཐའ་མེད་དེ། ཡོད་ན་སྔོན་གཏན་ནས་མ་བྱུང་པའི་སེམས་ཅན་ཡོད་པ་དང་། སེམས་ཅན་རྒྱུ་མེད་པར་འབྱུང་བར་ཐལ་བའི་ཕྱིར། ཕྱི་མའི་མཐའ་མེད་དེ། དུས་འདི་ཙ་ན་སེམས་ཅན་གཅིག་ཀྱང་གཏན་ནས་མེད་ཅེས་མཚམས་འཛིན་མི་ནུས་པའི་ཕྱིར་དང་། གལ་ཏེ་ནུས་སྲིད་ནའང་སངས་རྒྱས་ཕྱི་མ་དེ་དག་གི་དོན་བྱ་ཡུལ་གྱི་སེམས་ཅན་ཉུང་བའམ་གཏན་མེད་དུ་འགྱུར་བའི་ཕྱིར། སེམས་ཅན་གྱི་ཟད་མཐའ་ཡང་མེད་དེ། ནམ་མཁའི་ཁྱོན་ཅི་ཙམ་ཡོད་པ་དེ་ཙམ་དུ་སེམས་ཅན་གྱིས་ཁྱབ་པའི་ཕྱིར་ཏེ། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཞེས་གསུངས་པའི་ཕྱིར་ཞེ་ན། གཉིས་པ་ལན་ནི། སེམས་ཅན་ཐམས་ཅད་འཚང་རྒྱ་བར་ལུང་རིགས་ཀྱིས་འགྲུབ་པས་འཁོར་བ་ལ་མཐའ་ཡོད་པར་གྲུབ་སྟེ། སེམས་ཅན་ཐམས་ཅད་ནམ་སངས་རྒྱས་པ་ན་འཁོར་བ་གཏན་ནས་སྤངས་པའི་འཁོར་བ་ལ་ཕྱི་མཐའ་ཡོད་པར་གྲུབ་པའི་ཕྱིར་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བའི་ཚུལ་གྱིས་འཁོར་བ་ཡང་སྤོང་བར་བྱེད་པའི་ཕྱིར། འཁོར་བ་ལ་ཐོག་མའི་མཐའ་མེད་ཀྱང་ཕྱི་མཐའ་ཡོད་པ་མི་འགལ་ཏེ། དཔེར་ན། ས་བོན་སོགས་ཀྱི་ཐོག་མཐའ་མེད་ཀྱང་། མེས་བསྲེགས་པ་སོགས་ཀྱིས་ཕྱི་མཐའ་ཡོད་པར་མཐོང་བའི་ཕྱིར་ཏེ། ས་པཎ་གྱིས། ས་བོན་ཐོག་མཐའ་ཡོད་མིན་ཡང་། །མེས་བསྲེགས་པ་ན་ཕྱི་མཐའ་མཐོང་། །དེ་བཞིན་འཁོར་བ་ཐོག་མེད་ཀྱང་། །བདག་མེད་མཐོང་ན་ཕྱི་མཐའ་མཐོང་། །ཞེས་གསུངས་པའི་ཕྱིར། འོན་ཀྱང་འཁོར་བ་ལ་ཕྱི་མཐའ་ཡོད་པས་འཁོར་བ་ལ་མཐའ་ཡོད་པའི་གོ་མི་ཆོད་ཅེས་བཞེད་པའང་ཡོད་དོ། ། བཞི་པ་ཉན་རང་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་ལམ་གང་ནས་འཇུག་པའི་ཚུལ་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ཉིད་ནས་འཇུག་དགོས་པའི་ཕྱིར། དེའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཤིང་། ཚོགས་སྦྱོར་གྱི་སྐབས་སུ་གྲངས་མེད་དང་པོའི་ངོ་སྐལ་གྱི་ཚོགས་གསོག་དགོས་པ་དང་། མཐོང་ལམ་གྱི་སྐབས་སུ་ཤེས་སྒྲིབ་ཀུན་བཏགས་སྤོང་དགོས་པ་སོགས་ཡིན་པའི་ཕྱིར། ཉན་རང་དགྲ་བཅོམ་ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པའི་ཚོགས་ལམ་པ་དེ་ཚོགས་ལམ་པ་ཡིན་ནམ་མིན་ཞེ་ན། ཁ་ཅིག་དེ་ཐེག་ཆེན་ཚོགས་ལམ་པ་ཡིན་ཀྱང་ཚོགས་ལམ་པ་མིན། ཐེག་ཆེན་སོ་སྐྱེ་ཡིན་ཀྱང་སོ་སྐྱེ་མིན་ཞེས་གསུངས། དེ་སོ་སྐྱེ་མིན་ཡང་ཐེག་ཆེན་སོ་སྐྱེ་དང་ཚོགས་ལམ་པར་ཁས་བླངས་པར་བྱ་སྟེ། དེ་ལྟར་ཡིན་ན་དེ་ཐེག་ཆེན་མཐོང་ལམ་དུ་ཞུགས་པའི་ཚེ་མཐོང་ལམ་པ་མིན་པ་དང་། ཐེག་ཆེན་སྒོམ་ལམ་དུ་ཞུགས་པའི་ཚེ་སྒོམ་ལམ་པ་མིན་ཞེས་འདོད་པའི་སྐྱོན་དུ་འགྱུར་བའི་ཕྱིར། དེ་འདྲའི་ཚོགས་ལམ་པ་དེ་ཐེག་ཆེན་འཕགས་པ་དང་ཐེག་དམན་འཕགས་པ་གང་རུང་མིན་ཡང་འཕགས་པ ་ཡིན་ཏེ། འཕགས་པ་ཕུང་གསུམ་པ་ཡིན་པའི་ཕྱིར། དེ་ཐེག་ཆེན་དང་ཐེག་དམན་དགྲ་བཅོམ་གང་རུང་མིན་ཡང་དགྲ་བཅོམ་ཡིན་ཏེ། ཉོན་མོངས་སྤངས་པའི་གང་ཟག་ཡིན་པའི་ཕྱིར། ཐེག་ཆེན་དགྲ་བཅོམ ་མ་ཡིན་ཏེ། སངས་རྒྱས་འཕགས་པ་མིན་པའི་ཕྱིར། ཐེག་དམན་དགྲ་བཅོམ་མིན་ཏེ། ཐེག་ཆེན་པ་ཡིན་པའ་ིཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་ཉོན་མོངས་པ་ཞེས་སོགས་ཀྱི་སྐབས་སུ། ཁ་ཅིག་ན་རེ། འདིར་བཤད་པའི་ཉོན་མོངས་དེ། ཉོན་མོངས་བཏགས་པ་བ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་འཚོལ་བའི་མི་ངོམས་པ་སོགས་བརྒྱད་པོ་དེ་ལ་ཉོན་མོངས་པའི་མིང་གིས་བཏགས་པ་ཙམ་ཡིན་པའི་ཕྱིར་ཞེས་ཟེར་ཡང་། དེ་ནི་མི་འཐད་དེ། སྐབས་འདིར་བསྟན་པའི་ཉོན་མོངས་དེ་ཉོན་མོངས་མཚན་ཉིད་པ་ཡིན་པའི་ཕྱིར། དེར་ཐལ། དེ་བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པ་ལ་ཉེ་བར་མཁོ་བའི་ཉོན་མོངས་ཞིག་ལ་བྱེད་པའི་ཕྱིར། དེར་ཐལ། བྱང་འཕགས་འདོད་ཁམས་སུ་འཁོར་ལོ་བསྒྱུར་རྒྱལ་ལྟ་བུར་སྐྱེ་བ་བཞེས་ནས་སྲས་སྟོང་སོགས་སྐྱེད་པ་ལ་ནི་འདོད་པའི་འདོད་ཆགས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར། གཟུགས་ཁམས་སུ་སྐྱེ་བ་བླངས་ནས་གཟུགས་ཀྱི་འདོད་ཆགས་ཀྱིས་གཞན་དགའ་བར་བྱས་པ་སོགས་ཀྱི་སྒོ་ནས་གཞན་དོན་གྲུབ་པའི་ཡན་ལག་ཏུ་སྒྱུར་བར་མཛད་པའི་ཕྱིར། དེས་ན་འདོད་པ་དང་གཟུགས་ཀྱི་འདོད་ཆགས་ལྟ་བུ་ནི་འདིར་བསྟན་པའི་ཉོན་མོངས་ཡིན་ཏེ། དེ་གཉིས་བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བར་བྱར་ཡོད་ཅིང་། ཉོན་མོངས་གཞན་མ་རིག་ཞེ་སྡང་ང་རྒྱལ་ཐེ་ཚོམ་འཇིག་ལྟ་ལོག་ལྟ་སོགས་ནི་བྱང་ཆུབ་སེམས་དཔས་དོན་གཉིས་སྒྲུབ་པ་ལ་ཉེ་མཁོ་མེད་པའི་ཕྱིར། དེ་ལྟར་ཡིན་ཀྱང་འདོད་གཟུགས་ཀྱི་འདོད་ཆགས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བ་དེ་བྱང་ཆུབ་སེམས་པའི་བླང་བྱར་མཛད་ཀྱི། འདོད་གཟུགས་ཀྱི་འདོད་ཆགས་ཉིད་བླང་བྱར་མི་མཛད་དེ། དེ་བྱང་ཆུབ་སེམས་དཔའི་སྤང་བྱ་ཡིན་པའི་ཕྱིར། དེ་བྱང་སེམས་ཀྱི་སྤང་བྱ་ཡིན་པས་སྤོང་པར་མཛད་ཀྱང་སྤང་བྱའི་གཙོ་བོར་བྱས་ཤིང་ཆེད་དུ་གཉེར་ནས་མི་སྤོང་སྟེ། འགྲེལ་ཆེན་ལས། མ་རིག་པ་དང་ལྟ་བས་བསྡུས་པའི་བག་ལ་ཉལ་ནི་སྤོང་ གི །འདོད་པ་དང་སྲིད་པའི་ཟག་པ་ནི་མིན་ཏེ། བསམ་བཞིན་དུ་སྲིད་པ་སྐྱེ་བ་ལེན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་གསུངས་པ་ནི་བྱང་སེམས་ཉོན་མོངས་མ་སྤངས་པ་དག་གི་དབང་དུ་མཛད་པ་ཡིན་གྱི། བྱང་འཕགས་ཉོན་མོངས་སྤངས་པ་དག་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འདོད་ཁམས་སུ་སྐྱེ་བ་བླངས་ནས་སྲས་བསྐྱེད་པའི་སྒོ་ནས་གཞན་དོན་སྒྲུབ་པ་ལ་ནི་ཉོན་མོངས་གྲོགས་སུ་མི་དགོས་ཏེ། དེ་དག་འདོད་ཁམས་སུ་སྐྱེ་བ་བླངས་ནས་བཙུན་མོ་དང་སྲས་བསྐྱེད་པའི་འགྲེལ་པ་ནི་འཕྲུལ་དང་བྱིན་རླབས་དང་སྨོན་ལམ་སོགས་ཀྱིས་འབྱུང་བའི་ཕྱིར། དཔེར་ན། རྒྱལ་པོ་དོན་འགྲུབ་དང་། སྲོང་བཙན་སྒམ་པོ་སོགས་བཞིན་ནོ། །ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་ཀྱི་སྐབས་སུ། འདིར་བསྟན་ཤེས་བྱའི་ལམ་ངོས་བཟུང་ནས་དེ་ཇི་ལྟར་ཤེས་པར་བྱེད་ཚུལ་དང་། ཤེས་པའི་དགོངས་པ་གང་ཡིན་དང་། ལམ་ཤེས་ཀྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ཡོད་དེ། མི་རྟག་ལ་སོགས་བཅུ་དྲུག་མངོན་དུ་རྟོགས་པའི་ཡེ་ཤེས་དེ་ནི། འདིར་བསྟན་ཤེས་བྱའི་ཉན་ཐོས་ཀྱི་ལམ་ཡིན་པའི་ཕྱིར་ཏེ། དེ་བྱང་སེམས་ཀྱིས་སེམས་བསྐྱེད་བསྔོ་བ་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་རང་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱེད་དགོས་པའི་ཕྱིར། དེར་ཐལ། སྦྱོར་བའི་དུས་སུ་སེམས་བསྐྱེད། དངོས་གཞིའི་དུས་སུ་བདེན་པར་མི་དམིགས་པར་རྟོགས་པའ་ིཤེས་རབ། རྗེས་ཀྱི་སྐབས་སུ་རྫོགས་བྱང་དུ་བསྔོ་བའི་བསྔོ་བས་ཟིན་པའི་སྒོ་ནས་རང་གི་བློ་ངོར་བསྐྱེད་ནས་ཤེས་པར་བྱ་དགོས་པའི་ཕྱིར་ཏེ། རྩ་བར། འཕགས་པའི་བདེན་པ་བཞི་དག་གི ། རྣམ་པ་མི་དམིགས་སྒོ་ནས་ནི། །ཞེས་པས་མི་རྟག་སོགས་བཅུ་དྲུག་མངོན་སུམ་རྟོགས་པའི་ཡེ་ཤེས་དང་། བདེན་མེད་རྟོགས་པའི་ཟིན་བྱེད་བཅས་དངོས་སུ་བསྟན་ནས། ཟིན་བྱེད་གཞན་གཉིས་ཤུགས་ལ་བསྟན་པའི་ཕྱིར། གཉིས་པ་དེ་ལྟར་ཤེས་པ་ལ་དགོས་པ་ཡོད་དེ། ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་འཛིན་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོངས་པའི་ལམ་གྱི་རིམ་པའི་བློ་སྤྱོང་བ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། གསུམ་པ་སྐབས་འདིར་དངོས་སུ་བསྟན་པའི་ཉན་ཐོས་ཀྱི་ལམ་ཤེས་པ་ནི་ཐེག་ཆེན་གྱི་མཐོང་ལམ་ལ་བྱེད་ཀྱང་། སྤྱིར་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་འཇོག་ཚུལ་ཡོད་དེ། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་དེའི་ངོ་བོར་འཇོག་པའི་ཕྱིར། འཕགས་པ་ཉན་ཐོས་ལམ་ལ་ནི། ཞེས་སོགས་ཀྱིས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཟིན་བྱེད་དང་བཅས་པ་བསྟན་པ་ཡིན་ཏེ། དེས་མི་རྟག་སོགས་བཅུ་དྲུག་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་བཞི་དེའི་རྒྱུ་ངེས་འབྱེད་ཆ་མཐུན་དུ་བསྟན་ནས། དེ་བཞི་སྟོང་ཉིད་རྟོགས་པའི་སྦྱོར་བཞིས་ཟིན་དགོས་པར་བཤད་པའི་ཕྱིར་རོ། །རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་སོགས་ཀྱི་སྐབས་སུ། རང་རྒྱལ་གྱི་རྣམ་གཞག་ལ། སྤྱིར་རང་རྒྱལ་ཞེས་པ་ནི་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་བ རྟེན་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པ་དང་བྱས་པའི་ཐེག་པ་འབྲིང་པོའི་གང་ཟག་ཞིག་ལ་བརྗོད་ཅིང་། དེ་ལ་དབྱེ་ན་གསུམ་ཡོད་དེ། བསེ་རུ་ལྟ་བུའི་རང་རྒྱལ། ཚོགས་སྤྱོད་ཆེ་ཆུང་གི་རང་རྒྱལ་གཉིས་དང་གསུམ་ཡོད་པའི་ཕྱིར། དེ་དག་ཁྱད་ཆོས་བདུན་གྱི་སྒོ་ནས་ཤེས་པར་བྱ་བ་ཡིན་ཏེ། རིགས་དང་དབང་པོའི་ཁྱད་པར། དེ་བཞིན་དུ་ལམ་བསྒྲོད་ཚུལ། ཚོགས་གསོག་ཚུལ། འབྲས་བུ་ཐོབ་ཚུལ། གནས་པ་དང་རྒྱུ་ཚུལ། ཆོས་སྟོན་ཚུལ། སྒྲ་དོན་དང་བདུན་གྱིས་ཤེས་པར་བྱ་བའི་ཕྱིར། དེ་རྣམས་བསྡུས་ཏེ་བརྗོད་ན། བདུན་གྱི་དང་པོ་ཡོད་དེ། དེ་དག་འདུ་འཛི་ལ་མི་དགའ་ཞིང་གཅིག་པུར་གནས་པ་ལ་དགྱེེས། གཞན་དོན་རྒྱ་ཆེན་པོ་ལ་མི་དགའ་བར་ནང་དུ་ཡང་དག་འཇོག་ལ་དགའ། ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤོང་ཕྱིར་དུ་བརྩོན་པ་དང་ལྡན་པའི་ཕྱིར། གཉིས་པ་ཡོད་དེ་བསེ་རུ་ལྟ་བུའི་རང་རྒྱལ་དེས་སྐྱེ་བ་གཅིག་ཐོགས་མན་ལ་བསྐལ་བརྒྱར་སངས་རྒྱས་ཡོངས་འཛིན་དུ་ལེགས་པར་བསྟེན་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པ་བྱས་ནས་སྨོན་ལམ་ཆེན་པོ་གསུམ་བཏབ། སྐྱེ་བ་ཕྱི་མ་སྲིད་པ་ཐ་མའི་ཚེ་སྦྱོར་ལམ་དྲོད་ཡན་ཆད་རྟེན་ཐོག་གཅིག་ལ་སྒྲོད་པར་བྱེད། ཚོགས་སྤྱོད་ཆེན་པོ་བ་དེས་སྐྱེ་བ་གཅིག་ཐོགས་མན་ཆད་དུ་སྦྱོར་ལམ་བཟོད་འབྲིང་མན་ལ་གནས་ནས་སྔར་བཞིན་བྱས་ཏེ། སྐྱེ་བ་ཕྱི་མ་སྲིད་པ་ཐ་མའི་ཚེ་སྦྱོར་ལམ་བཟོད་ཆེན་ཡན་ཆད་སྔར་ལྟར་རྟེན་ཐོག་གཅིག་ལ་སྒྲོད་པར་བྱེད། ཚོགས་སྤྱོད་ཆུང་ངུ་བ་དེས་སྐྱེ་བ་གཅིག་ཐོགས་ཀྱི་ཚེ་མཐོང་ལམ་མན་ཆད་ལ་གནས་ནས་སྔར་བཞིན་བྱས་ཏེ། སྐྱེ་བ་ཕྱི་མའི་ཚེ་སྒོམ་ལམ་ཡན་ཆད་རྟེན་ཐོག་གཅིག་ཏུ་སྒྲོད་པར་བྱེད་པའི་ཕྱིར། མཁས་བྱའི་དངོས་པོ་དྲུག་ཡོད་དེ། ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་བདེན་གནས་དང་གནས་མིན་ལ་མཁས་པ་རྣམས་ཡིན་པའི་ཕྱིར། སྨོན་ལམ་ཆེན་མོ་གསུམ་ཡོད་དེ། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་སྐྱེ་བ་དང་། སྲིད་པ་ཐ་མའི་ཚེ་གཞན་གྱི་གདམས་ངག་ལ་མ་བལྟོས་པར་བྱང་ཆུབ་མངོན་དུ་བྱེད་ནུས་པ་དང་། སྒྲས་མ་བརྗོད་པར་གཞན་ལ་ཆོས་སྟོན་ནུས་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གསུམ་པོ་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། བསེ་རུ་ལྟ་བུ་ཕལ་ཆེར་གྱིས་བསྐལ་པ་བརྒྱ་དང་། གཞན་གཉིས་ཀྱིས་བསྐལ་པ་བརྒྱའམ་དེ་ལས་མང་བའི་བསྐལ་པ་དག་ཏུ་ཚོགས་གསོག་པར་བྱེད་པའི་ཕྱིར། བཞི་པ་ཡོད་དེ། གསུམ་ཀས་ཀྱང་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་བལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པར་མཚུངས་པའི་ཕྱིར། ལྔ་པ་ཡོད་དེ། གསུམ་གས་ཐུགས་ཀྱི་གནས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་དང་། རྣམ་ཐར་སྒོ་གསུམ་ལ་གནས། སྐུའི་གནས་སྐབས་བསེ་རུ་ལྟ་བུ་གཅིག་པུར་གནས་པ་དང་། གཞན་གཉིས་ཚོགས་ནང་དུ་གནས་པ་གཙོ་ཆེ་བའི་ཕྱིར། གང་དུ་འགྲོ་ཞིང་རྒྱུ་བའི་ཁྱད་པར་ཡོད་དེ། བསོད་སྙོམས་སོགས་ལ་རྒྱུ་བའི་ཚེ་དབང་པོའི་སྒོ་བསྡོམས་པ་དང་། རྫུན་འཕྲུལ་སྣ་ཚོགས་སྟོན་པ་སོགས་ཀྱི་སྒོ་ནས་རྒྱུ་བའི་ཕྱིར། དྲུག་པ་ཡོད་དེ། ངག་གི་ཆོས་སྟོན་པ་སྲིད་ཀྱང་གཙོ་ཆེར་སྒྲ་མེད་སྤྲུལ་བསྒྱུར་ཡ་མ་ཟུང་བསྟན་པའི་སྒོ་ནས་གཞན་རྒྱུད་ལ་ལམ་གྱི་རྟོགས་པ་བསྐྱེད་པར་བྱེད་པའི་ཕྱིར། བདུན་པ་ཡོད་དེ། དང་པོ་དེ་རི་དྭགས་བསེ་རུ་ལྟར་གཅིག་པུར་གནས་པ་ལ་དགའ་བ་དང་། གཞན་གཉིས་གྲོགས་མང་པོ་དང་ལྷན་ཅིག་ཏུ་ཚོགས་ཤིང་སྤྱོད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ༈ གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་སོགས་ཀྱི་སྐབས་སུ། འདིར་བསྟན་ཤེས་བྱའི་ལམ་ངོས་བཟུང་ནས་ཤེས་པར་བྱེད་ཚུལ། ཤེས་པའི་དགོས་པ། དེའི་ལམ་ཤེས་ཀྱི་ཁྱད་པར་དང་གསུམ། དང་པོ་ཡོད་དེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཉིད། འདིར་བསྟན་ཤེས་བྱའི་རང་རྒྱལ་གྱི་ལམ་ཡིན་པའི་ཕྱིར་ཏེ། དེ་བྱང་ཆུབ་སེམས་དཔས་སེམས་བསྐྱེད་བསྔོ་བ་བསྔོ་བ་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་རང་རྒྱུད་ཀྱི་བློ་ངོར་བསྐྱེད་ནས་ཤེས་པར་བྱ་བའི་ལམ་ཡིན་པའི་ཕྱིར། གཉིས་པ་དེ་ལྟར་ཤེས་པ་ལ་དགོས་པ་ཡོད་དེ། རང་རྒྱལ་གྱི་རིགས་ཅན་རྗེས་སུ་འཛིན་པ་དང་རང་རྒྱུད་ཀྱི་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤོང་བ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། གསུམ་པ་སྐབས་འདིའི་དངོས་བསྟན་གྱི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ནི་ཐེག་ཆེན་གྱི་མཐོང་ལམ་ཡིན་ཡང་། སྤྱིར་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་འཇོག་ཚུལ་ཡོད་དེ། རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། དེའི་ངོ་བོར་འཇོག་པའི་ཕྱིར། བཏགས་པའི་ཆོས་ཉིད་མི་འགལ་བར། ཞེས་སོགས་ཀྱིས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཟིན་བྱེད་དང་བཅས་པ་བསྟན་པ་ཡིན་ཏེ། དེས་གཟུགས་སོགས་ཀྱི་ཕྱི་རོལ་དོན་གྱིས་སྟོང་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐེག་ཆེན་གྱི་སྦྱོར་བ་བཞི་པོ་དེ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་དུ་བསྟན་ནས་དེ་སྟོང་ཉིད་རྟོགས་པའི་སྦྱོར་ལམ་བཞིས་ཟིན་དགོས་པར་བཤད་པའི་ཕྱིར་རོ། །མདོར་ན་བྱང་སེམས་ཀྱིས་ཉན་རང་གི་ལམ་ཤེས་རྒྱུ་དང་བཅས་པ་སྒོམ་ཚུལ་ཡོད་དེ། དེས་ཉན་རང་གི་བྱང་ཆུབ་ཏུ་བགྲོད་པའི་ལམ་གྱི་གཙོ་བོར་ཇི་ལྟ་བུ་ཡིན་པ་དེ་བཞིན་དུ་ཤེས་པར་བྱས་ནས་དེ་དང་མཐུན་པའི་ལམ་སྒོམ་པ་ཡིན་པའི་ཕྱིར་རོ། །བདེན་དང་བདེན་ལ་བཟོད་པ་དང་། ཞེས་སོགས་ཀྱི་སྐབས་སུ། མཐོང་ལམ་གྱི་རྟེན་དང་། བརྟེན་པ་མཐོང་ལམ་བཤད་པ་གཉིས། དང་པོ་ལ་གཉིས་ཡོད་དེ། ལུས་རྟེན་དང་སེམས་རྟེན་གཉིས་ཡོད་པའི་ཕྱིར། དང་པོ་ལུས་རྟེན་ཡོད་དེ། ངན་སོང་གསུམ་དང་། མཚམས་མེད་སྟོབས་ཆེན་བསགས་པ་དང་། ཟ་མ་དང་མ་ནིང་དང་སྒྲ་མི་སྙན་པ་དང་གཟུགས་དང་གཟུགས་མེད་ཁམས་པ་མ་གཏོགས། གླིང་གསུམ་གྱི་མི་དང་འདོད་ལྷའིི་རྟེན་ལ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། མཐོང་ལམ་སྐྱེ་བའི་རྟེན་ལ་སྐྱོ་ཤས་ཆེ་བ་ཞིག་དགོས་ཏེ། ཁམས་གོང་མའི་རྟེན་ལ་ཚོར་བ་སྡུག་བསྔལ་མངོན་འགྱུར་བ་མེད་པས་སྐྱོ་ཤས་ཆུང་བའི་དོན་གྱིས་མཐོང་ལམ་གསར་དུ་མི་སྐྱེ་བའི་ཕྱིར་ཏེ། མཛོད་ལས། གོང་ན་མཐོང་ལམ་མེད་མི་སྐྱོ་ཞེས་གསུངས་པའི་ཕྱིར། གོང་མའི་རྟེན་ལ་གསར་དུ་སྐྱེས་པའི་མཐོང་ལམ་ནི་ཡོད་དེ། ཁམས་གོང་དུ་སྐྱེས་པའི་མཐོང་ལམ་པ་ཡོད་པའི་ཕྱིར། གཉིས་པ་སེམས་རྟེན་ཡོད་དེ། སྤྱིར་མཐོང་ལམ་ནི་བསམ་གཏན་ས་དྲུག་ལ་བརྟེན་ནས་སྐྱེ་བ་ཡོད་ཀྱང་། ཐེག་ཆེན་གྱི་མཐོང་ལམ་ནི་རབ་མཐའི་བསམ་གཏན་བཞི་པའི་དངོས་གཞི་ཁོ་ན་ལ་བརྟེན་ནས་སྐྱེ་བའི་ཕྱིར། གཉིས་པ་ལ་མཐོང་ལམ་བཤད་པ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། དབུ་མ་པའི་ལུགས་བཤད་པ་གཉིས། དང་པོ་ནི། མཛོད་ལས་བཤད་པ་ལྟར་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་རིམ་ཅན་ཁོ་ནར་སྐྱེ་སྟེ། དང་པོར་འདོད་པའི་སས་བསྡུས་ཀྱི་མཐོང་སྤང་ཉོན་མོངས་ཀྱི་དངོས་གཉེན་སྡུག་བསྔལ་ཆོས་བཟོད་དང་། དེ་ནས་དེས་དྲངས་པའི་ཆོས་ཤེས། དེ་རྗེས་ཁམས་གོང་མའི་སས་བསྡུས་ཀྱི་མཐོང་སྤངས་ཉོན་མོངས་ཀྱི་དངོས་གཉེན་གྱི་སྡུག་བསྔལ་ཆོས་བཟོད། དེ་ནས་དེས་དྲངས་པའི་རྗེས་ཤེས་སྐྱེ་བ་དེ་བཞིན་དུ་ལྷག་མ་གསུམ་ལ་ཡང་སྦྱོར་བ་ཡིན་པའི་ཕྱིར། སྐད་ཅིག་བཅོ་ལྔ་པོ་རྣམས་མཐོང་ལམ་ཡིན་ཀྱང་བཅུ་དྲུག་པ་ལམ་རྗེས་ཤེས་ནི་མཐོང་ལམ་མིན་ཏེ། དེ་སྒོམ་ལམ་དུ་འཇོག་དགོས་པའི་ཕྱིར། གཉིས་པ་དབུ་མ་པའི་ལུགས་བཤད་པ་ལ། མཐོང་ལམ་གྱི་ངོ་བོ། དབྱེ་བ། འདའ་བྱ་འདའ་བྱེད་ཀྱི་མཐོང་ལམ་གཉིས་ཀྱི་སྐྱེ་རིམ། སྒོམ་ལམ་དུ་འཕོ་མཚམས་དང་བཞི། དང་པོ་ཡོད་དེ། ཐེག་ཆེན་གྱི་བདེན་པ་མངོན་རྟོགས། ཐེག་ཆེན་གྱི་མཐོང་ལམ་གྱི་འཇོག་བྱེད་དང་། སྐབས་འདིའི་དངོས་བསྟན་གྱི་མཐོང ལམ་ལ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེ ན་གྱི་མཐོང་ལམ་ཞིག་དགོས་པའི་ཕྱིར། གཉིས་པ་དབྱེ་ན་གཉིས་ཡོད་དེ། དེར་གྱུར་པའི་མཉམ་རྗེས་གཉིས་ཡོད་པའི་ཕྱིར། མཉམ་བཞག་ཡེ་ཤེས་དེ་ལ་གཉིས་ཡོད་དེ། ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེས་ཤེས་གཉིས་ཡོད་པའི་ཕྱིར། ཇི་ལྟ་བ་རྟོགས་པའི་ཡེ་ཤེས་དེ་ལ་ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་ཅིང་། དེ་ཡང་བཟོད་པ་བརྒྱད་ངོ་བོ་གཅིག་དང། ཤེས་པ་བརྒྱད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་དེ། ཤེས་པ་བརྒྱད་མཐོང་ལམ་བར་ཆད་མེད་ལས་ཕྱེ་ཞིང་། ཤེས་པ་བརྒྱད་མཐོང་ལམ་རྣམ་གྲོལ་ལམ་ལས་ལྡོག་པས་ཕྱེ་བ་ཙམ་ཡིན་པའི་ཕྱིར། བཟོད་པ་བརྒྱད་དུ་འབྱེད་ཚུལ་ཡོད་དེ། ཡུལ་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་བཟོད་བཞི་དང་། ཡུལ་ཅན་ཆོས་བཟོད་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་བཟོད་བཞིར་བཞག་པའི་ཕྱིར། དེ་དག་ལ་ཆོས་བཟོད་དང་རྗེས་བཟོད་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིམ་པ་བཞིན་རང་གི་ཡུལ་དང་ཡུལ་ཅན་དེ་དག་གི་ཆོས་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ན་སྐྲག་རིགས་པ་ལས་མི་སྐྲག་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། ཆོས་ཤེས་དང་རྗེས་ཤེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིམ་པ་བཞིན་དུ་བདེན་བཞི་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་སྤངས་པའི་སྒོ་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པ་དང་། དེ་སྤངས་པའི་ཆོས་ཤེས་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱི་དེ་ལྟར་དུ་བརྗོད་པའི་ཕྱིར། ཆོས་བཟོད་དང་ཆོས་ཤེས་ཞེས་པའི་ཆོས་ནི་ཡུལ་སྟོང་པ་ཉིད་དེ་ཡིན་ལ། སྟོང་ཉིད་དེ་ལ་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་ཀྱི་མཆོག་གམ་དམ་པ་དང་རྟོགས་བྱའི་མཆོག་ཡིན་པས་དེ་ལྟར་དུ་བརྗོད་པའི་ཕྱིར། རྗེས་བཟོད་དང་རྗེས་ཤེས་ཡང་ཆོས་དེ་རྟོགས་པ་ལྟོས་པའི་གོ་རིམ་བསྟན་པ་ཡིན་ཏེ། ཡུལ་དང་ཡུལ་ཅན་གྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་རྟོགས་པའི་གོ་རིམ་གྱི་ཐ་སྙད་ཡིན་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ནི་བྱ་རྫོགས་ཀྱི་མཉམ་བཞག་ཐུན་ཅིག་ཡིན་ཀྱང་བྱ་བ་བྱེད་ཚུལ་ལ་མི་འདྲ་སྟེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་བདེན་འཛིན་ཀུན་བཏགས་དངོས་སུ་སྤོང་བའི་བྱ་བ་བྱེད། རྣམ་གྲོལ་ལམ་གྱིས་ནི་སྤངས་པ་ལ་དབང་བའི་བྱ་བ་བྱེད་པའི་ཕྱིར། བཅུ་དྲུག་པོ་བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་སུ་ངེས་ཀྱང་། བཅུ་དྲུག་ཏུ་གསུངས་པ་དང ་མི་འགལ་ཏེ། མཉམ་བཞག་ལས་ལངས་པའི་རྗེས་ཐོབ་ཏུ་བདེན་པའི་རྣམ་པ་བཅུ་དྲུག་ལ་ངེས་ཤེས་མི་འདྲ་བ་བཅུ་དྲུག་འདྲེན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། སྐབས་འདིར་རྣམ་བཤད་ཀྱི་སྒྲས་ཟིན་ལྟར་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་དང་རྣམ་གྲོལ་ལམ་པ་བ་གཉིས་ཀྱི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་མངོན་གྱུར་དུ་མེད་ཀྱང་ཡོད་ཅེས་འདོད་དགོས་པ་ལྟར་སྣང་ཡང་། རྣམ་བཤད་དགོངས་པ་རབ་གསལ་དང་སྟོོང་མཐུན་ཆེན་མོ་ལས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་རྒྱུད་ལ་ཟག་བཅས་ཀྱི་ཤེས་པ་མེད་པར་གསུངས་པ་ལ་བ རྟེན་ནས་རྗེ་བཙུན་བསྟན་དར་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་མེད་པར་བཤད་པ་ལྟར་འདོད་པར་བྱ་དགོས་ལ། འོན་ཀྱང་ཁ་ཅིག་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སློབ་པའི་རྒྱུད་ལ་ཡང་ཐེག་ཆེན་སེམས་བསྐྱེད་མེད་ཅེས་འདོད་པ་དེ་ནིི་བརྟག་པར་བྱ་བའི་གནས་ཡིན་ཏེ། དེ་ལས་སྟོང་ཉིད་བསྒོམས་བྱུང་གིས་རྟོགས་པའི་མཉམ་བཞག་གི་དུས་སུ་དེ་ལྟར་དུ་རིགས་པ་ཙམ་སྣང་ཡང་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་དེ་རྟོགས་པའི་ཚེ་དེ་ལྟར་འདོད་པ་མི་རིགས་པའི་ཕྱིར། དེར་ཐལ། ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས་པའི་ཚེ་གཉིས་སྣང་ཤིན་ཏུ་རགས་པ་དང་བཅས་པའི་ཕྱིར། གཞན་དུ་ན་གཉིད་མཐུག་པོ་ལོག་པ་དང་རྒྱལ་བ་ལ་སོགས་པའི་སྐབས་སུ་ཡང་ཐེག་ཆེན་སེམས་བསྐྱེད་མེད་ཅེས་འདོད་དགོས་ན་ཧ་ཅང་ཐལ་ཏེ། སྤྲོས་པས་ཆོ ག་མོད་བཞག་གོ །གསུམ་པ་འདའ་བྱ་འདའ་བྱེད་ཀྱི་མཐོང་ལམ་གཉིས་རིམ་ཅན་དུ་སྐྱེ་བ་ཡིན་ཏེ། དང་པོར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འདའ་བྱེད་ཀྱི་མཐོང་ལམ་སྐྱེས་ནས། དེའི་རྗེས་སུ་མི་རྟག་སོགས་བཅུ་དྲུག་མངོན་དུ་རྟོགས་པའི་འདའ་བྱའི་མཐོང་ལམ་སྐྱེ་བ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་མཐོང་ལམ་ཐོག་མར་ཐོབ་པའི་ཚེ། སྟོང་ཉིད་མངོན་སུམ་དུ་རྟོོགས་དགོས་པའི་ཕྱིར། བཞི་པ་མཐོང་ལམ་ནས་ཐེག་ཆེན་སྒོམ་ལམ་དུ་འཕོ་མཚམས་ཡོད་དེ། བདེན་འཛིན་ལྷན་སྐྱེས་གཙོ་བོར་སྤོང་ཕྱིར་དུ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་མི་འཇོག་ཚུན་ཆད་མཐོང་ལམ་དང་། དེ་ལྟར་མཉམ་པར་བཞག་པ་ན་སྒོམ་ལམ་དུ་འཕོས་པར་འཇོག་པའི་ཕྱིར། འོན་ཀྱང་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་ལས་རྗེས་སུ་སྒོམ་ལམ་མ་ཐོབ་ཀྱི་བར་དང་སྒོམ་ལམ་ཐོབ་ནས་ས་གཉིས་པ་མ་ཐོབ་ཀྱི་བར་དུ་ཡང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གོམས་པ་བརྟན་པ་དང་། མཐོང་ཆོས་ལ་བདེར་གནས་ཀྱི་ཆེད་དུ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་རིགས་པར་གསལ་ཏེ། དེ་ལྟར་མཛད་པ་ལ་ཉེས་པ་མེད་ཅིང་དགོས་པ་ཡོད་པ་དང་། ས་དང་པོ་དེ་བསྐལ་པ་ལ་སོགས་པ་ཡུན་རིང་པོ་ནས་རྫོགས་པར་བྱེད་དགོས་པའི་ཕྱིར། སྒྲིབ་པ་སྤོང་ཕྱིར་མིན་ཡང་སྟོང་ཉིད་ལ་མཉམ་པར་འཇོག་པ་མི་འགལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་རྟག་ཏུ་སྟོང་ཉིད་ལ་མཉམ་པར་བཞག་པ་ལྟ་བུ་ཡིན་པའི་ཕྱིར།༈ ཐེག་ཆེན་གྱི་སྒོམ་ལམ་བཤད་པ་ལ་གཉིས། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་མོ། དང་པོ་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ་ཡོད་དེ། ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་དེ། ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན་དྲུག་ཡོད་དེ། དེར་གྱུར་པའི་སྐྱེས་བུ་བྱེད་པའི་འབྲས་བུ་བཞི། རྒྱུ་མཐུན་པའི་འབྲས་བུ་གཅིག །བདག་པོའི་འབྲས་བུ་གཅིག་ཡོད་པའི་ཕྱིར། དེར་ཐལ། བྱང་སེམས་སྒོམ་ལམ་པ་རང་རྒྱུད་ཀྱི་རྟོགས་པ་གོང་འཕེལ་དུ་བྱེད་པའི་མཐུན་རྐྱེན་གྱི་རྒྱུ་ལས་གྲུབ་པ་གཉིས་དང་། འགལ་རྐྱེན་སེལ་བའི་རྒྱུ་ལས་བྱུང་བ་གཉིས་ཏེ་བཞི་དང་། རང་རྒྱུད་ཀྱི་རྟོགས་པའི་ཉེར་ལེན་ལས་གྲུབ་པ་གཅིག་དང་། བདག་པོའི་འབྲས་བུས་ཕྱོགས་མཆོག་གནས་སུ་གྱུར་པ་གཅིག་དང་དྲུག་ཡོད་པའི་ཕྱིར། གཉིས་པ་ལ། སྒོམ་ལམ་གྱི་རྟེན་དང་། བརྟེན་པ་སྒོམ་ལམ་བཤད་པ་གཉིས། དང་པོ་ལ་གཉིས་ཡོད་དེ། ལུས་རྟེན་དང་སེམས་རྟེན་གཉིས་ཡོད་པའི་ཕྱིར། དང་པོ་ལུས་རྟེན་ནི་མཐོང་ལམ་དང་ཕལ་ཆེར་འདྲ་ཡང་མི་འདྲ་བ་ཡོད་དེ། ཉན་ཐོས་ཀྱི་སྒོམ་ལམ་ཁམས་གསུམ་ཀའི་རྟེན་ལ་སྐྱེ་བ་ཡོད། རང་རྒྱལ་གྱི་སྒོམ་ལམ་འདོད་པའི་རྟེན་ཁོ་ན་ལ་བརྟེན་ནས་སྐྱེ། བྱང་སེམས་ཀྱི་སྒོམ་ལམ་ནི་འདོད་གཟུགས་ཀྱི་ལྷའི་རྟེན་ལ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། དེ་གཟུགས་མེད་ཀྱི་རྟེན་ལ་གསར་དུ་སྐྱེ་བ་མེད་དེ། དེ་ན་གཞན་རྒྱ་ཆེན་པོ་མི་འབྱུང་བའི་ཕྱིར། གཉིས་པ་སེམས་རྟེན་ཡོད་དེ། ཉན་རང་གི་སྒོམ་ལམ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་དང་། བསམ་གཏན་གྱི་དངོས་གཞི་ཅི་རིགས་ལ་བརྟེན་ནས་སྐྱེ། བྱང་སེམས་ཀྱི་སྒོམ་ལམ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་གསར་དུ་སྐྱེ་བའི་ཕྱིར། འགྲེལ་ཆེན་དང་རྣམ་བཤད་སོགས་ལས་བྱང་སེམས་ཐབས་ལ་མཁས་པས་འདོད་སེམས་ལ་བརྟེན་ནས་སྐྱེ་བར་ཡོད་པ་ལྟ་བུ་ཞིག་བཤད་ཀྱང་དེ་ནི་མཛད་པའི་ལུགས་དང་བསྟན་པ་འདྲ་སྟེ། ཐེག་ཆེན་སྒོམ་ལམ་གསར་དུ་སྐྱེ་བའི་ཚེ་ཐེག་ཆེན་གྱི་མཐོང་ལམ་གྱི་མཐར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ལ་བརྟེན་ནས་སྐྱེ་བ་འདིར་ཁས་ལེན་དགོས་པ་གང་ཞིག །བར་ཆད་མེད་ལམ་དང་འདོད་སེམས་ཀྱི་གཞི་མཐུན་མེད་པའི་ཕྱིར་དཔྱད་དོ། །གཉིས་པ་བརྟེན་པ་བསྒོམ་ལམ་བཤད་པ་ལ། ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ་དང་ག སུམ། དང་པོ་ཡོད་དེ། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། ཐེག་ཆེན་གྱི་སྒོམ་ལམ་གྱི་ངོ་བོར་འཇོག་པའི་ཕྱིིར། གཉིས་པ་དེ་ལ་དབྱེ་ན་གཉིས་ཡོད་དེ། དེར་གྱུར་པའི་ཟག་བཅས་ཟག་མེད་ཀྱི་སྒོམ་ལམ་ཡོད་པའི་ཕྱིར། གསུམ་པ་ཕྱེ་བ་སོ་སོའི་དོན་ལ། འདིར་སྒོམ་ལམ་ལ་ཟག་བཅས་ཟག་མེད་ཀྱི་སྒོམ་ལམ་གཉིས་སུ་འབྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཡོད་དེ། གཟུགས་སྐུ་དང་ཆོས་སྐུའི་ལག་རྗེས་འཇོག་བྱེད་ཀྱི་དབང་དུ་བྱས་ནས་རིམ་པ་བཞིན་དུ་ཟག་བཅས་ཟག་མེད་ཀྱི་སྒོམ་ལམ་གཉིས་བཞག་པའི་ཕྱིར། ཟག་བཅས་ཟག་མེད་ཀྱི་དོན་ལ་སྤྱིར་མི་འདྲ་བ་དུ་མ་ཡོད་ཀྱང་འདིར་འཇོག་ཚུལ་ཡོད་དེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་དང་བཅས་མ་བཅས་ཀྱི་སྒོ་ནས་དེ་ལྟར་འཇོག་པའི་ཕྱིར་རོ། །ཟག་བཅས་སྒོམ་ལམ་དེ་ལ་གསུམ་ཡོད་དེ། མོས་པ་སྒོམ་ལམ། བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་གསུམ་ཡོད་པའི་ཕྱིིར། དང་པོ་མོས་པ་སྒོམ་ལམ་ནི། མོས་པ་རང་གི་དོན་དང་ནི། །ཞེས་སོགས་ཀྱིས་འཆད་ཅིང་། འདི་ལ་གཉིས། དངོས་དང་། ཕན་ཡོན་བཤད་པའོ། །དང་པོ་ལ། མོས་ཡུལ། ངོ་བོ། དབྱེ་བ། ས་མཚམས་དང་བཞི། དང་པོ་ནི། སྤྱིར་ནི་ལུང་རིགས་རྣམ་དག་གིས་གཏན་ལ་ཕབ་པའི་དོན་ནི་མོས་པའི་ཡུལ་ཡིན་ལ། འདིར་ནི་གཙོ་བོ་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ལ་བྱེད་པ་ཡིན་ཏེ། ཤེས་རབ་ཕ་རོལ་ཕྱིན་པ་ལ། མོས་པའི་གནས་སྐབས་རྣམས་ལ་ནི། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། མོས་པ་སྒོམ་ལམ་གྱི་ངོ་བོ་ཡོད་དེ། ཡུམ་རང་འབྲས་དོན་གསུམ་པོ་གང་རུང་གི་འབྱུང་གནས་སུ་ཡིད་ཆེས་པའི་ཐེག་ཆེན་ཀྱི་ཟག་བཅས་སྒོམ་ལམ་དེ། དེའི་ངོ་བོར་འཇོག་པའི་ཕྱིར། གསུམ་པ་དེ་ལ་དབྱེ་ན་གསུམ་ཡོད་དེ། རང་དོན་མོས་པ་སྒོམ་ལམ། གཞན་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ་དང་གསུམ་ཡོད་པའི་ཕྱིར། དེ་གསུམ་སོ་སོའི་ངོ་བོ་ཡོད་དེ། དེ་ལྟར་ཡིད་ཆེས་པའི་སྒོ་ནས་རང་དོན་གྱི་བྱ་བ་ལ་འཇུག་པ་དང་། དེ་བཞིན་དུ་གཞན་དོན་གྱི་བྱ་བ་ལ་འཇུག་པ་དང་། རང་གཞན་གཉིས་ཀའི་དོན་གྱི་བྱ་བ་ལ་འཇུག་པའི་བྱེད་ལས་ཅན་གྱི་མོས་པ་སྒོམ་ལམ་གསུམ་རིམ་པར་འཇོག་པའི་ཕྱིར། དེ་གསུམ་བྱེད་ལས་ཐ་དད་པའ་ིསྒོ་ནས་གཞག་པ་ཙམ་ཡིན་གྱི་མི་འགལ་ཏེ། དེ་གསུམ་ཀ་ལ་གཙོ་ཆེ་ཆུང་ཡོད་ཀྱང་སྤྱིར་ཡིན་ཁྱབ་མཉམ་དུ་རིགས་པའི་ཕྱིར། ཁ་ཅིག་རང་དོན་གཙོ་བོར་བྱེད་པ་ལ་འཇུག་པ་སོགས་ཀྱི་སྒོ་ནས་འཇོག་པར་མཛད་ཀྱང་མི་འཐད་དེ། བྱང་འཕགས་ཀྱིས་རང་དོན་གཙོ་བོར་མི་བྱེད་པའི་ཕྱིར། བཞི་པ་ལ། ཁ་ཅིག་མོས་པ་སྒོམ་ལམ་སོགས་གསུམ་ས་དང་པོ་ན་མེད་ཅེས་འདོད་པ་ནི་མི་འཐད་དེ། རྣམ་བཤད་ལས་དེ་གསུམ་མ་དག་ས་བདུན་ན་ཡོད་པར་བཤད་པ་ལྟར་རིགས་པས་ཀྱང་འགྲུབ་པའི་ཕྱིར། དེར་ཐལ། ས་དང་པོ་དེ་བསྐལ་པ་ལ་སོགས་པའི་ཡུན་གྱིས་རྫོགས་དགོས་པའི་ཕྱིར། གཉིས་པ་ཕན་ཡོན་ཡོད་དེ། མོས་པ་སྒོམ་ལམ་བསྒོམ་པའི་བྱང་སེམས་ལ་སངས་རྒྱས་སོགས་ཀྱི་ཐུགས་དགྱེས་པའི་ཆ་དང་དོན་གནས་ཀྱི་ཡོན་ཏན་བརྗོད་པའི་ཆ་གང་རུང་དུ་དམིགས་པ་དེ། དེའི་ཕན་ཡོན་ཡིན་པའི་ཕྱིར། འདིར་དགུ་གསུམ་ཉི་ཤུ་རྩ་བདུན་ཡོད་དེ། བསྟོད་པ་དགུ །བཀུར་བ་དགུ །བསྔགས་པ་དགུ་ཡོད་པའི་ཕྱིར། ༈ གཉིས་པ་བསྔོ་བ་སྒོམ་ལམ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། ཞེས་སོགས་ཀྱིས་འཆད་དེ། འདི་ལ་གཉིས། དངོས་དང་། བསྔོ་བ་སྤྱིའི་ཁྱད་པར་རོ། ། དང་པོ་ལ་གཉིས། ངོ་བོ་དང་། དབྱེ་བའོ། །དང་པོ་ཡོད་དེ། རང་གཞན་གང་རུང་གི་དགེ་རྩ་རྫོགས་བྱང་དུ་རབ་ཏུ་སྒྱུར་བར་བྱེད་པའི་ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་དེ། དེའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན་བཅུ་གཉིས་ཡོད་དེ། ཇི་སྐད་བཤད་པའི་བྱེད་པ་ཁྱད་པར་ཅན་དང་ལྡན་པའི་བསྔོ་བ་སྒོམ་ལམ་ནས། བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་སྒོམ་ལམ་གྱི་བར་བཅུ་གཉིས་ཡོད་པའི་ཕྱིར། བཅུ་གཉིས་པོ་ཐམས་ཅད་ཀྱང་སེམས་བསྐྱེད་བསྔོ་བ་ཤེས་རབ་གསུམ་གྱིས་ཟིན་པ་ཡིན་ཏེ། སྤྱིིར་བྱང་སེམས་ཀྱི་སྒོམ་ལམ་ལ་དེ་གསུམ་གྱིས་མ་ཟིན་པ་མེད་པའི་ཕྱིར་དང་། དེ་གསུམ་གྱིས་དངོས་སུ་མ་ཟིན་པ་ཡོད་ཀྱང་འདིར་དངོས་སུ་བསྟན་པ་ལ་དེ་གསུམ་པོ་གང་རུང་གིས་དངོས་སུ་ཟིན་པ་ཞིག་དགོས་པའི་ཕྱིར། དགེ་རྩ་གསོག་པ་པོ་རང་ཉིད་ཀྱིས་རྫོགས་བྱང་དུ་མ་བསྔོས་པར་གཞན་གྱིས་བསྔོས་པ་ཙམ་གྱིས་མི་ཆོག་སྟེ། བྱང་སེམས་ཀྱིས་གཞན་གྱི་དགེ་རྩ་རྫོགས་བྱང་དུ་བསྔོ་བ་ཡོད་ཀྱང་དེ་ཙམ་གྱིས་དེ་ཉིད་རྫོགས་བྱང་དུ་བསྔོས་པའི་དགེ་རྩར་འགྱུར་དཀའ་བའི་ཕྱིར། གཉིས་པ་བསྔོ་བ་སྤྱིའི་ཁྱད་པར་བཤད་པ་ལ། བསྔོ་བའི་རྫས་དང་ས་དང་ཆེད་དུ་བྱ་བ་དང་གྲོགས་དང་ངོ་བོ་དང་དགོས་པ་དང་བསྔོ་སྨོན་གྱི་ཁྱད་པར་བཤད་པ་དང་བདུན། དང་པོ་ཡོད་དེ། རང་གཞན་གྱི་དགེ་བ་ཐམས་ཅད་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྤྱིར་མང་དུ་ཡོད་ཀྱང་འདིར་དེ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། སྤྱིར་གནས་སྐབས་ཀྱི་རྐྱེན་སེལ་བ་དང་རང་འདི་ངན་སོང་དང་འཁོར་བ་ལས་ཐར་བའི་ཆེད་ཙམ་དུ་བསྔོ་བ་ཡོད་ཀྱང་སྐབས་འདིར་ནི་སེམས་ཅན་ཐམས་ཅད་ཐུན་མོང་དུ་རྫོགས་བྱང་ཐོབ་ཕྱིར་དུ་བསྔོ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྔོ་བའི་ཕྱིར། ལྔ་པ་ཡོད་དེ། དགེ་རྩ་ཡུལ་ཁྱད་པར་ཅན་གྱི་རྒྱུར་སྒྱུར་བར་བྱེད་པའི་སེམས་པ་ཁྱད་པར་ཅན་ཞིག་ལ་འཇོག་པའི་ཕྱིར། དྲུག་པ་ཡོད་དེ། འབྲས་བུ་ཕྱུང ་བ་མི་འཛད་པ་དང་རྒྱ་ཆེན་པོར་འགྱུར་བའི་ཆེད་ཡིན་པའི་ཕྱིར། བདུན་པ་བསྔོ་སྨོན་གཉིས་ཀྱི་ཁྱད་པར་ཡོད་དེ། བསྔོ་རྒྱུའི་རྫས་ཡོད་མེད་ལ་བལྟོས་པ་མེད་པར་སྨོན་ཡུལ་དེ་འགྲུབ་པའི་ཆེད་དུ་རེ་བའི་སེམས་པ་ནི་སྨོན་ལམ་ཡིན་ལ། བསྔོ་རྒྱུའི་རྫས་དང་ལྡན་པའི་དགེ་རྩ་དེ་ཡུལ་ཁྱད་པར་ཅན་གྱི་རྒྱུར་སྒྱུར་བར་བྱེད་པའི་སེམས་པ་ནི་བསྔོ་བ་ཡིན་པའི་ཕྱིར། དེ་གཉིས་མི་འགལ་ཏེ། བསྔོ་རྒྱུའི་རྫས་དང་ལྡན་པའི་སྒོ་ནས་སྨོན་པའི་སེམས་པ་ནི་བསྔོ་སྨོན་གཉིས་ཀ་ཡིན་པའི་ཕྱིར། བསྔོ་སྨོན་གྱི་ཚིག་བརྗོད་པ་ཙམ་བསྔོ་སྨོན་མིན་ཏེ། སྐྱབས་འགྲོའི་ཚིག་བརྗོད་པ་ཙམ་གྱི་སྐྱབས་འགྲོ་མ་ཡིན་པའི་ཕྱིར་རོ། ། གསུམ་པ་ཐབས་དང་མི་དམིགས་པ་དག་གིས། ཞེས་སོགས་ཀྱི་སྐབས་སུ་བསྔོ་བ་སྒོམ་ལམ་ལ། ངོ་བོ། དབྱེ་བ། དགོས་པ་དང་གསུམ། དང་པོ་ཡོད་དེ། རང་གཞན་གང་རུང་གི་དགེ་རྩ་དགའ་བ་སྒོམ་པའི་ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་དེ་དེའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དབྱེ་ན་གཉིས་ཡོད་དེ། གྲོགས་ཐབས་ཤེས་ཁྱད་པར་ཅན་སོ་སོས་ཟིན་པའི་སྒོ་ནས་གཉིས་ཡོད་པའི་ཕྱིར། གསུམ་པ་དགོས་པ་ཡོད་དེ། གཞན་གྱི་དགེ་རྩ་ལ་དགའ་བ་བསྒོམ་པས་བསོད་ནམས་ཐོབ་མཉམ་དང་། རང་གི་དགེ་རྩ་ལ་དགའ་བ་བསྒོམ་པས་དགེ་བ་གོང་འཕེལ་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར། གཞན་གྱི་དགེ་རྩ་ལ་དགའ་བ་བསྒོམས་པས་དེ་དང་མཉམ་དུ་རང་གིས་ཀྱང་བསོད་ནམས་ཐོབ་མཉམ་འོང་ཡང་། ཆེ་ཆུང་མཉམ་ཐོབ་འབྱུང་བར་ནི་མ་ངེས་ཏེ། སངས་རྒྱས་འཕགས་པའི་དགེ་བ་ལ་དགའ་བ་བསྒོམས་པས་དེའི་དགེ་རྩ་དང་བསོད་ནམས་ཆེ་ཆུང་མཉམ་ཐོབ་མི་འགྱུར་བའི་ཕྱིར། ཆེ་ཆུང་མཉམ་པ་དང་། ཆེ་བའང་ཐོབ་པ་སྲིད་དེ། འགའ་ཞིག་གིས་མི་འདོད་བཞིན་དུ་དང་ཕྲག་དོག་དང་། འགྲན་སེམས་ཀྱིས་དགེ་རྩ་བྱས་པ་ལ་གཞན་གྱི་སྙིང་ཐག་པ་ནས་དགའ་ཞིང་ཡི་རང་བ་ན་དེ་ལྟར་དུ་འོང་སྲིད་པའི་ཕྱིར་རོ། །གཉིས་པ་ཟག་མེད་སྒོམ་ལམ་ལ། ངོ་བོ། །དབྱེ་བ། ཕྱེ་བ་སོ་སོའི་དོན་དང་གསུམ། དང་པོ་ངོ་བོ་ཡོད་དེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བྲལ་བའི་ཐེག་ཆེན་གྱི་སྒོམ་ལམ་དེ། དེའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དེ་ལ་བྱེ་ན་གཉིས་ཡོད་དེ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་དང་པོ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཞེས་སོགས་ཀྱིས་འཆད། གཉིས་པ་ནི། སངས་རྒྱས་བསྟན་དང་སྦྱིན་སོགས་དང་། །ཞེས་སོགས་ཀྱིས་འཆད་པར་བྱེད་པའི་ཕྱིར། གསུམ་པ་ལ་དེ་གཉིས་ཀྱི་འཇོག་ཚུལ་ཡོད་དེ། བྱེད་ལས་གཉིས་ལས། གཙོ་བོར་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་སྒོ་ནས་སྒྲུབ་པ་སྒོམ་ལམ་དང་། གཙོ་བོར་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་སྒོ་ནས་རྣམ་དག་སྒོམ་ལམ་བཞག་པའི་ཕྱིར། དེར་ཐལ་སྔ་མས་རྣམ་མཁྱེན་འགྲུབ་པའི་བྱ་བ་བྱེད། ཕྱི་མས་ངོ་བོ་ཉིད་སྐུ་འགྲུབ་པའི་བྱ་བ་བྱེད་པའི་ཕྱིར་རོ། །དེ་གཉིས་མི་འགལ་ཏེ། ཡིན་ཁྱབ་མཉམ་དུ་འདོད་རིགས་པའི་ཕྱིར། དང་པོ་ལ་དབྱེ་ན་ལྔ་ཡོད་དེ། སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་ཉིད་ལ་སོགས་པ་ལྔ་ཡོད་པའི་ཕྱིར། རྣམ་དག་སྒོམ་ལམ་ནི་ཁྱད་པར་ལྔ་འཆད་དེ། སངས་རྒྱས་བསྟན་དང་ནས་སྡིག་པའི་གྲོགས་པོས་ཡོང་ཟིན་པའོ། །ཞེས་པའི་བར་གྱིས་རྒྱུའི་ཁྱད་པར། འབྲས་བུ་དག་པ་གཟུགས་ལ་སོགས། །ནས་བཅད་དུ་མེད་པར་དག་པར་བརྗོད། ། ཅེས་པའི་བར་གྱིས་ཡུལ་གྱི་ཁྱད་པར། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ནས། སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། ཞེས་པའི་བར་གྱིས་འབྲས་བུའི་ཁྱད་པར། ས་དགུ་ལ་ནི་ཆེན་པོ་ཡི། ། ནས། སོགས་པའི་ལམ་ནི་དག་པ་ཡིན། །ཞེས་པའི་བར་གྱིས་ངོ་བོ་ཁྱད་པར། དེ་ལ་ཀླན་ཀ་སྤངས་པ་ཡི། ཞེས་སོགས་ཀྱི་རྩོད་སྤོང་དང་བཅས་པའི་གཞལ་བྱའི་ཁྱད་པར་དེ་བསྟན་པའི་ཕྱིར། ཡུལ་གྱི་སྐབས་སུ་ཁ་ཅིག་ས་གཉིས་པའི་རྣམ་གྲོལ་ལམ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུར་བྱས་ནས། དེ་བདེན་གྲུབ་ཀྱིས་རྣམ་པར་དག་པ་ན་དེའི་ཡུལ་གཟུགས་སོགས་ཀྱང་བདེན་གྲུབ་ཀྱི་རྣམ་པར་དག་པའི་དོན་དུ་འཆད་པ་ནི་མི་འཐད་དེ། ས་གཉིས་པའི་རྣམ་གྲོལ་ལམ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་མིན་ལ། དེའི་དངོས་ཡུལ་དུ་གྱུར་པའི་གཟུགས་སྒྲ་སོགས་ཀྱང་མེད་པའི་ཕྱིར། དེ་བདེན་གྲུབ་ཀྱིས་དག་ཀྱང་འདིའི་དོན་མིན་ཏེ། འདིར་ནི་དྲི་མས་དག་ཚུལ་དང་སྦྱོར་དགོས་པའི་ཕྱིར། དེས་ན། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཏགས་པ་བ་མཚོན་བྱ་དོན་གྱི་དགེ་སྦྱོང་ཚུལ་གྱི་དབང་དུ་མཛད་པ་ལྟར། ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་དྲི་མས་རྣམ་པར་དག་པའི་ཚེ། ཁྱོད་ཀྱི་དམིགས་ཡུལ་གཟུགས་སོགས་ཀྱང་ཁྱོད་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ཡིན་ཏེ། དེ་འདྲའི་དག་པ་དེ་གཉིས་དག་བྱ་གཅིག་གིས་དབེན་པའི་དག་པ་རིགས་གཅིག་ཡིན་པའི་ཕྱིར་ཞེས་བྱའོ། །མཁས་པའི་གསུང་ལས་ས་གཉིས་པའི་རྣམ་གྲོལ་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་དོན་དུ་མཛ ད་ཀྱང་མི་བདེ་སྟེ། དེའི་རྣམ་གྲོལ་གྱི་ངོ་སྐལ་གྱི་དྲི་མ་འཇོག་དཀའ་བའི་ཕྱིར། འོ་ན་ས་གཉིས་པའི་རྣམ་གྲོལ་ལམ་ལྟ་བུ་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པ་དག་པ་དེའི་ཚེ། དེའི་དམིགས་ཡུལ་གཟུགས་སོགས་ཀྱི་ཀྱང་དེ་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་ངོ་སྐལ་གྱི་དྲི་མས་དག་པའི་དོན་གང་ཡིན། དེའི་ཚེ་དེའི་དམིགས་ཡུལ་མ་རིག་པ་དེ་ཡང་དེ་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མ་དག་གམ་མ་དག །དག་ན་མ་རིག་པ་དེ་དྲི་མ་དང་མ་བཅས་པར་འགྱུར་བས་མི་འཐད་ལ། མ་དག་ན་རྩ་བར་གཟུགས་ལ་སོགས། ཞེས་པའི་སོགས་སྒྲས་ཆོས་ཐམས་ཅད་སྡུད་པ་བཤད་པ་དང་འགལ་བས་ཇི་ལྟར་བྱ་སྙམ་ན། སྐྱོན་མེད་དེ། སྐབས་འདིའི་རྣམ་པར་དག་པའི་དོན་ནི། སྤྱིར་གཟུགས་སོགས་དྲི་མས་རྣམ་པར་དག་པའི་དོན་མིན་གྱི། ས་གཉིས་པའི་རྣམ་གྲོལ་ལམ་ལྟ་བུ་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་དེའི་ཚེ་དེ་སྤངས་པ་ཡིན་པས། དེ་ཕྱིན་ཆད་རྣམ་གྲོལ་ལམ་དེའི་རིགས་འདྲ་ཕྱི་མས་གཟུགས་སོགས་གང་ལ་དམིགས་ཀྱང་སྔར་རང་གི་སྤངས་ཚོད་ཀྱི་བདེན་འཛིན་སླར་སྐྱེ་མི་རུང་དུ་སོང་བའི་ཚུལ་གྱིས་རྣམ་པར་དག་པ་ཡིན་པས། དེ་ཕྱིན་མ་རིག་པ་ལྟ་བུ་ལ་ཡང་དམིགས་ནས་དེ་འདྲའི་བདེན་འཛིན་རང་རྒྱུད་ལ་མི་སྐྱེ་བའི་ཆ་དེ་རྣམ་དག་ཏུ་འཇོག་པའི་དོན་ཡིན་ནོ། །འདིར་དག་པ་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། ཞེས་སོགས་ཀྱི་སྐབས་སུ་བཤད་པ་ལྟར་འགོག་བདེན་ལ་བྱེད་ཅིང་། དེ་ལ་བཞི་ཡོད་དེ། ཉན་རང་བྱང་སེམས་སངས་རྒྱས་ཀྱི་རྣམ་དག་བཞི་ཡོད་པའི་ཕྱིར། སངས་རྒྱས་ཀྱི་འགོག་བདེན་དེ་ནི་རྣམ་དག་ཤིན་ཏུ་བ་ཡིན་ཏེ། སྒྲིབ་པ་ཀུན་རྩ་བ་ནས་ཤིན་ཏུ་རྣམ་པར་དག་པའི་རྣམ་དག་ཡིན་པའི་ཕྱིར། ས་དགུ་ལ་ནི་ཆེན་པོ་ ཡི། །ཞེས་སོགས་ཀྱིས་སངས་རྒྱས་ཀྱི་རྣམ་དག་དེ་རྣམ་དག་ཤིན་ཏུ་བར་བཤད་པ་ཡིན་ཏེ། རྣམ་དག་དེ་ཉིད་ཐེག་ཆེན་གྱི་སྒོམ་ལམ་དགུ་རིམ་གྱིས་སྐྱེ་སྟོབས་ཀྱིས་ཁམས་གསུམ་ས་དགུས་བསྡུས་པའི་བདེན་འཛིན་ལྷན་སྐྱེས་ཆུང་འབྲིང་ཆེན་པོ་དགུ་རིམ་གྱིས་སྤངས་པའི་རྣམ་དག་མཐར་ཐུག་ཏུ་བཤད་པའི་ཕྱིར། དགུར་ཕྱེ་ནས་གང་གིས་ཇི་ལྟར་སྤོང་བའི་ཚུལ་ཡོད་དེ། བདེན་འཛིན་ལྷན་སྐྱེས་ལ་ཆུང་འབྲིང་ཆེན་པོ་གསུམ་དང་། དེ་རེ་རེ་ལ་ཡང་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་ནས། ས་གཉིས་པའི་ཐ་མའི་བར་ཆད་མེད་ལམ་ནས་བཅུ་པའི་ཐ་མའི་བར་ཆད་མེད་ལམ་དགུ་དང་སྤང་གཉེན་དུ་སྦྱོར་བ་ཡིན་ལ། འོན་ཀྱང་ས་དང་པོའི་ངོ་བོའི་གྱུར་བའི་སྒོམ་བར་ཆད་མེད་ལམ་དང་ཡང་སྦྱོར་དགོས་པའི་དེའི་ཚེ་བདེན་འཛིན་ལྷན་སྐྱེས་ཆེན་པོའི་ཆེན་པོ་ལ་ཕྲ་རགས་གཉིས་སུ་ཕྱེ་བའི་རགས་པ་དང་སྦྱོར་བའི་ཕྱིར། ཡང་བཅོ་བརྒྱད་དང་བཅུ་དགུ་དང་ཉི་ཤུ་ཡང་སྦྱོར་ཚུལ་ཡོད་དེ། སྔར་གྱི་དགུ་པོ་དེ་རེ་རེ་ལའང་ཕྲ་རགས་གཉིས་རེ་ཕྱེ་ནས་ས་དགུའི་ཐོག་ཐ་གཉིས་རེ་དང་སྦྱར་བའི་བཅོ་བརྒྱད་དང་། བཅོ་བརྒྱད་ཀྱི་དང་པོ་ལ་ཕྲ་རགས་གཉིས་སུ་ཕྱེ་ནས་ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་དང་སྤང་གཉེན་སྦྱོར་ཞིང་། བཅུར་ཕྱེ་ནས་རེ་རེ་ལ་ཕྲ་རགས་གཉིས་རེ་བྱས་ནས་བཅུའི་སྒོམ་ལམ་ཐོག་ཐ་དང་སྤང་གཉེན་སྦྱོར་རིགས་པའི་ཕྱིར། ལྷག་མ་ནི་གཞན་དུ་བཤད་ཟིན་པ་ལས་ཤེས་པར་བྱ་སྟེ། འདིར་མང་དུ་དོགས་པས་མ་བྲིས་སོ།། །།མདྒལཾ། །


previousསྐབས་གཉིས་པ་དང་གསུམ་པའི་སྤྱི་དོན་གྱི་སྙིང་པོ་བསྡུས་པ།next