Nitartha Digital Library
Tibetan
 
previousགཞི་ཤེས་ཀྱི་ཡན་ལགnext

གཞི་ཤེས་ཀྱི་ཡན་ལག

གཞི་ཤེས་ཀྱི་ཡན་ལག་བཞུགས།

གསུམ་པ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། སྤྱིར་བསྟན་པ་དང་། གཞུང་གི་དོན་བཤད་པ་གཉིས། དང་པོ་ལ། སྐབས་འདིར་གཞི་ཤེས་འཆད་པའི་རྒྱུ་མཚན་དང་། བསྟན་བྱའི་གཞི་ཤེས་ཀྱི་གཙོ་བོ་ངོས་བཟུང་བ་གཉིས། དང་པོ་ནི། སྐབས་གཉིས་པར་ལམ་ཤེས་བཤད་ཟིན་པའི་འོག་ཏུ་སྐབས་འདིར་གཞི་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། ལམ་ཤེས་རང་རྒྱུད་ལ་སྐྱེ་བ་ལ་གཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་གཞི་ཤེས་ཀྱི་རྣམ་པ་སྒོམ་པ་སྔོན་དུ་འགྲོ་དགོས་ཤིང་། མེད་ན་མི་འབྱུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པ་ཐམས་ཅད་ཤེས་པ་ཉིད། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཁ་ཅིག་སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱིས་ཁྱ བ་སྟེ། སྐབས་གཉིས་པའི་དངོས་བསྟན་ཀྱི་གཙོ་བོའི་ལམ་ཤེས་ལ་རྒྱུ་ལམ་ཤེས་ཀྱིས་ཁྱབ་པའི་ཕྱིར་ཟེར། དེ་ནི་མི་འཐད་དེ། གཞི་ཤེས་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོའི གཞི་ཤེས་ཡིན་པའི་ཕྱིར། དེར་ཐལ། ལམ་ཤེས་དེ་སྐབས་གཉིས་པའི་བསྟན་བྱའི་གཙོ་བོའི་ལམ་ཤེས་ཡིན་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་གཞི་ཤེས་དེ། སྐབས་གསུམ་པའི་བསྟན་བྱའི་གཙོ་བོའི་གཞི་ཤེས་ཡིན་པའི་ཕྱིར། དེར་ཐལ། སྐབས་གཉིས་པར། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །ཞེས་པའི་བཤད་བྱ་རྩ་བའི་མདོ་ལས། གཟུགས་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ་ཞེས་སོགས་བདེན་བཞིའི་རྣམ་པར་སྟོན་པའི་གཞུང་གིས་དོན་གྱིས་འཕངས་པའི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་གཞི་ཤེས་དེ། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་པའི་ཕྱིར། དེར་ཐལ། འགྲེལ་ཆེན་ལས། དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པས་འཕངས་པ་རྣམས་ཀྱིས་གཞི་མ་ལུས་པ་ཡོངས་སུ་ཤེས་པ་ཡིན་པའི་དོན་དུ་ཐམས་ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་བཤད་པར་བཟུང་ངོ་། །ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ལྟར་ཡིན་པར་ཐལ། དེ་འདྲའི་གཞི་ཤེས་དེ་མཆོད་བརྗོད་ཀྱི་ཚིག་རྐང་དང་པོའི་བསྟན་བྱའི་གཙོ་བོའི་གཞི་ཤེས་གང་ཞིག །དེ་འདིར་ཡང་གཙོ་བོར་སྟོན་པ་སྐབས་སུ་བབ་པའི་ཕྱིར། དེར་ཐལ། དེ་བྱང་ཆུབ་སེམས་དཔས་ཉན་རང་གི་རིགས་ཅན་རྗེས་སུ་འཛིན་པ་དང་རང་རྒྱུད་ཀྱི་ཉོན་མོངས་སྤོང་བའི་ཆེད་དུ་བསྒོམ་དགོས་པའི་གཞི་ཤེས་ཀྱི་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་གཞུང་དོན་བཤད་པ་ལ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱི་སྐབས་སུ། འདིར་བསྟན་གཞི་ཤེས་པའི་ཤེར་ཕྱིན་དང་། དེ་གང་ལ་མི་གནས་པའི་སྲིད་ཞིའི་མཐའ་ངོས་བཟུང་བ། དེ་ལ་མི་གནས་པའི་ཚུལ། དེ་དག་བརྟེན་ནས་ལམ་ཤེས་གཉིས་ཀྱི་ཁྱད་པར་བཤད་པ་དང་བཞི། དང་པོ་ལ་ཁ་ཅིག་འདིའི་དངོས་བསྟན་གྱི་གཞི་ཤེས་པའི་ཤེར་ཕྱིན་དེ་ཉིད་དུས་གསུམ་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེར་ཕྱིན་ལ་འདོད་པ་ནི་མི་འཐད་དེ། འདིའི་དངོས་བསྟན་གྱི་གཞི་ཤེས་པའི་ཤེར་ཕྱིན་སྔར་བཤད་པའི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དེ་ཉིད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་ཤིང་། དུས་གསུམ་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཞི་ཤེས་པའི་ཤེར་ཕྱིན་དུ་བཞག་པ་ཡིན་པའི་ཕྱིར། དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཞེས་གསུངས་པ་དང་མི་འགལ་ཏེ། དེ་ནི་ཟིན་བྱེད་ལ་དགོངས་པའི་ཕྱིར། དེར་ཐལ། གཞུང་དེ་དག་གིས་མཐའ་གཉིས་དང་དབུས་ལ་མི་གནས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་ལམ་ཤེས་ཞིག་གཞི་ཤེས་པའི་ཤེར་ཕྱིན་ཏུ་འགྱུར་བར་བསྟན་པའི་ཕྱིར། གཉིས་པ་ལ། འདིར་བསྟན་སྲིད་མཐའ་དང་། རྟག་མཐའ་དང་། ཚུ་རོལ་གྱི་མཐའ་གསུམ་དོན་གཅིག་ཅིང་སྲིད་མཐའ་ལ་རྣམ་གྲངས་ཀྱིས་གཉིས་ཡོད་དེ། གཞི་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་དང་། བྱང་སེམས་ལམ་ལ་ལྟོས་པའི་སྲིད་མཐའ་གཉིས་ཡོད་པའི་ཕྱིར། གཞི་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ནི་སྲིད་མཐའ་དངོས་ཡིན་ཏེ། འཁོར་བ་དང་དོན་གཅིག་པའི་ཕྱིར། འདིར་བསྟན་བྱང་སེམས་ལམ་ལ་ལྟོས་པའི་སྲིད་ཞི་གཉིས་ཀྱི་མཐའི་ཁྱད་པར་ཡོད་དེ། འཁོར་བར་སྐྱེ་བ་ལེན་པ་མཐའ་གཅིག་ཏུ་དོར་བྱར་འཛིན་པའི་བློ་དེ། དེ་ལ་ལྟོས་པའི་སྲིད་མཐའ་དང་། འཁོར་བ་སྐྱེ་བ་ལེན་པ་ཆད་ཙམ་གྱི་མྱང་འདས་ཐོབ་བྱའི་གཙོ་བོར་བྱས་ནས་དོན་དུ་གཉེར་བའི་བློ་དེ། དེ་ལ་ལྟོས་པའི་ཞི་མཐའ་ཡིན་པའི་ཕྱིར། དེ་ཉིད་སྲིད་ཞིའི་མཐའ་དངོས་གནས་པ་མིན་ཏེ། འཁོར་བ་དང་མྱང་འདས་མ་ཡིན་པའི་ཕྱིར། ལས་ཉོན་གྱི་དབང་གིས་འཁོར་བ་ཉིང་མཚམས་སྦྱོར་བ་དེ་རྟག་མཐའ་དངོས་མིན་ཡང་། རྟག་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལས་ཉོན་གྱི་དབང་གིས་འཁོར་བ་སྐྱེ་བ་ལེན་ན་དེར་ཡུན་རིང་གནས་དགོས་པས་ཐར་དཀའ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེ་ལ་ཚུ་རོལ་གྱི་མཐའ་ཞེས་བྱ་སྟེ། ཚུ་རོལ་སོ་སྐྱེ་ལ་ལྟོས་པའི་དོགས་ན་ཡོད་པའི་ཕྱིར། འདིར་བསྟན་ཞི་མཐའ་དང་ཆད་མཐའ་དང་ཕ་རོལ་གྱི་མཐའ་གསུམ་དོན་གཅིག་ཅིང་། ཞི་མཐའ་ལ་རྣམ་གྲངས་ཀྱིས་གཉིས་ཡོད་དེ། གཞི་ཀུན་རྫོབ་ལ་ལྟོས་པའི་དེ་དང་། བྱང་སེམས་ལམ་ལ་ལྟོས་པའི་ཞི་མཐའ་གཉིས་ཡོད་པའི་ཕྱིར། དམན་པའི་མྱང་འདས་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་དང་ཆད་མཐའ་དང་ཕ་རོལ་གྱི་མཐའ་ཞེས་བྱ་སྟེ། ཞི་བ་ཕྱོགས་གཅིག་པ་ཙམ་དང་། ལས་ཉོན་གྱིས་སྐྱེ་བ་ལེན་པ་ཆད་ཙམ་དང་། འཁོར་བ་སྤངས་པའི་ཕ་རོལ་ན་ཡོད་པའི་ཕྱིར། འཁོར་བར་སྐྱེ་བ་ལེན་པ་མཐའ་གཅིག་ཏུ་དོར་བྱར་འཛིན་པའི་བློ་དང་། འཁོར་བར་སྐྱེ་བ་ལེན་པ་ཆད་ཙམ་གྱི་མྱང་འདས་ལ་མཐའ་གཅིག་ཏུ་ཐོབ་བྱར་བྱེད་པའི་བློ་གཉིས་ཀྱི་སྔ་མ་ལ་རྟག་མཐའ་དང་ཕྱི་མ་ལ་ཆད་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་བྱས་ན་རིམ་པ་བཞིན་རྫོགས་བྱང་ཐོབ་པར་བྱེད་པ་ལ་དུས་ཤིན་ཏུ་རིང་བ་དང་། འཁོར་བའི་གནས་སུ་སྐྱེ་བ་བླངས་ནས་གཞན་རྒྱ་ཆེན་པོ་བྱེད་པ་རྒྱུན་ཆད་པ་བཞིན་འགྱུར་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། དོན་དམ་ལ་ལྟོས་པའི་སྲིད་ཞི་གཉིས་ཀྱི་མཐའི་ཁྱད་པར་ཡོད་དེ། འཁོར་བ་བདེན་པར་འཛིན་པའི་བདེན་འཛིན་དེ་དེ་ལ་ལྟོས་ཏེ་སྲིད་མཐའ་དང་། མྱང་འདས་བདེན་པར་འཛིན་པའི་བདེན་འཛིན་དེ་ལ་ལྟོས་པའི་ཞི་མཐའ་ཡིན་ལ། རྣམ་པ་གཅིག་ཏུ་ན་འཁོར་བ་བདེན་འགྲུབ་དེ་དང་པོ་དང་། མྱང་འདས་བདེན་འགྲུབ་དེ་གཉིས་པར་འཇོག་པའི་ཕྱིར། གསུམ་པ་ལ། བྱང་སེམས་ཀྱི་གཞི་ཤེས་མཐའ་གཉིས་དང་བར་གསུམ་ལ་མི་གནས་པའི་ཚུལ་དང་། ཉན་རང་གི་གཞི་ཤེས་དེ་གསུམ་ལ་གནས་པའི་ཚུལ་གཉིས། དང་པོ་ནི། འདིར་བསྟན་གཞི་ཤེས་པའི་ཤེར་ཕྱིན་དེ་ཉིད་ཆོས་ཅན། ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ལ་ཉེ་བ་ཡིན་ཏེ། དེ་རྣམས་ཀྱི་རྒྱུད་ལ་སྐྱེས་ཟིན་དང་སྐྱེ་འགྱུར་ཅི་རིགས་ཀྱིས་བསྡུས་ཤིང་། དུས་གསུམ་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཉིད་ཀྱིས་ཟིན་པའི་དེ་ཡིན་པའི་ཕྱིར། སྤྱིར་བྱང་འཕགས་ཀྱི་ལམ་ཀུན་གྱིས་མཐའ་གཉིས་འགོག་ཀྱང་ལག་རྗེས་སོ་སོར་འཇོག་ཚུལ་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་དུ་རྟོགས་པའི་ཤེས་རབ་ཆོས་ཅན་ཚུ་རོལ་སྲིད་མཐའ་འགོག་བྱེད་ཡིན་ཏེ། འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་ཤེས་པ་དང་དེའི་སྨིན་བྱེད་ཅི་རིགས་ཀྱིས་བསྡུས་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་པ་བཅུ་དྲུག་ལས། བདག་མེད་རྟོགས་པའི་ཤེས་རབ་ནི་འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་དངོས་དང་། གཞན་རྣམས་ནི་དེའི་སྨིན་བྱེད་ཀྱི་ལམ་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ཀྱི་ལྷག་བསམ་རྣམ་དག་ཆོས་ཅན། ཕ་རོལ་ཞི་མཐའ་འགོག་བྱེད་ཡིན་ཏེ། ཁྱོད་བྱང་འཕགས་འཁོར་བའི་གནས་སུ་ཡང་དང་ཡང་སྐྱེ་བ་བླངས་ནས་གཞན་དོན་རྒྱ་ཆེན་པོ་སྒྲུབ་པ་ལ་འཇུག་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར། བྱང་འཕགས་ཆོས་ཅན། སྲིད་ཞིའི་མཐའ་དང་དེ་གཉིས་ཀྱི་བར་ན་དོན་དམ་པར་མི་གནས་ཏེ། དུས་གསུམ་བདེན་སྟོང་དུ་ཤེས་པའི་སྟོབས་ཀྱིས་དེ་དག་འགོག་པ་པོ་ཡིན་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། དེ་ལྟར་མི་གནས་པ་ཡིན་ཏེ། མཐའ་དེ་དག་འགོག་བྱེད་ཀྱི་ལམ་དངོས་ཡིན་པའི་ཕྱིར། བཞི་པ་ལམ་ཤེས་གཉིས་ཀྱི་ཁྱད་པར་ཡོད་དེ། གཞི་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་ཀྱི་ངོ་བོ་ཡིན་ལ། མཚན་གཞི་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུ། གཞི་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། སྙིང་རྗེ་ཞི་ལ་མི་གནས་པའི་ལམ་ཤེས་ཀྱི་ངོ་བོ་ཡིན་ཞིང་། མཚན་གཞི་ནི་བྱང་འཕགས་ཀྱི་རྒྱུད་ཀྱི་ལྷག་བསམ་རྣམ་དག་ལྟ་བུ་ཡིན་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་དེ་ཤེས་པ་སྲིད་ལ་མི་གནས་པའི་ལམ་ཤེས་ཡིན་ཏེ། དེས་བདག་མེད་ཤེས་སྟོབས་ཀྱིས་འཁོར་བ་སྤོང་བའི་ཕྱིར། དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་དེ་ཡང་སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས་ཡིན་ཏེ། དེ་དང་སྙིང་རྗེའི་དབང་གིས་དམན་པའི་མྱང་འདས་དོན་གཉེར་གྱི་བློ་འགོག་པའི་ཕྱིར། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་ཀྱི་སྐབས་སུ་འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་བཤད་པ་ལ། དངོས་དང་། ཉེ་རིང་དུ་འགྱུར་ཚུལ་གཉིས། དང་པོ་ཡོད་དེ། བདེན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མཁྱེན་པ་དེ། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་ངོ་བོ་དང་། འབྲས་ཡུམ་སྒྲུབ་པའི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་ཅིང་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར། དང་པོ་ཐེག་དམན་འཕགས་པའི་མཁྱེན་པ་གཉིས་དོན་གཅིག་སྟེ། སྐབས་འདིར་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་མི་འདོད་པའི་ཕྱིར། ཕྱི་མ་དང་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་གཞི་ཤེས་གཉིས་དོན་གཅིག་སྟེ། ཐེག་ཆེན་འཕགས་རྒྱུད་ཀྱི་གཞི་ཤེས་ཡིན་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཁྱབ་པའི་ཕྱིར། བདེན་འཛིན་གྱིས་བཅིངས་པའི་དོན་ཡོད་དེ། བདེན་འཛིན་རྒྱུད་ལ་ཡོད་པ་ཙམ་མིན་གྱི་གཟུགས་སོགས་ཀྱི་ཆོས་གང་ལ་ཡང་བདེན་པར་གྲུབ་མ་གྲུབ་དཔྱད་པ་ཞུགས་ཀྱང་རེ་ཞིག་བདེན་འཛིན་དེའི་ཞེན་ཡུལ་སུན་འབྱིན་མི་ནུས་པའི་ཚུལ་གྱིས་མི་འདའ་བའི་དོན་ཡིན་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ལ་བདེན་འཛིན་གྱིས་བཅངས་པའི་གཞི་ཤེས་མེད་དེ། བྱང་འཕགས་ལ་སྟོང་ཉིད་རྟོགས་མ་མྱོང་བ་མེད་པའི་ཕྱིར། གཉིས་པ་ལ། ཁ་ཅིག །ཐེག་དམན་འཕགས་པའི་མཁྱེན་པ་ལ་བདེན་འཛིན་གྱིས་བཅིངས་པའི་མ་ཁྱབ་པར་ཐལ། དེ་ལ་སྟོང་ཉིད་རྟོགས་མྱོང་བ་ཡོད་པའི་ཕྱིར། དེར་ཐལ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་རིགས་རྩ་འགྲེལ་གྱི་སྐབས་སུ་ཐེག་དམན་འཕགས་པ་ལ་སྟོང་ཉིད་ཕྲ་མོ་རྟོགས་པར་ཡོད་པར་བཤད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ལྟར་བཤད་ཀྱང་སྐབས་འདིར་ཚུལ་དེ་མི་འདོད་པའི་ཕྱིར། དེར་ཐལ། སྐབས་འདིར་ཐེག་དམན་གྱི་རིགས་ཅན་ལ་སྟོང་ཉིད་ཕྲ་མོ་རྟོགས་མི་ནུས་པ་མང་བ་དེའི་དབང་དུ་མཛད་ནས་ཐེག་དམན་པ་ལ་སྟོང་ཉིད་རྟོགས་པ་མེད་པའི་ལན་མཛད་པའི་ཕྱིར་ཏེ། དེའི་ཕྱིར་ཐེག་དམན་འཕགས་པའི་མཁྱེན་པ་ལ་བདེན་འཛིན་གྱིས་བཅིངས་པས་ཁྱབ་པས་འབྲས་ཡུམ་ལ་རིང་བ་དང་། བྱང་འཕགས་ཀྱི་གཞི་ཤེས་རྣམས་ཐབས་ཤེས་ཁྱད་པ་ཅན་གཉིས་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་ཉེ་བའི་གཞི་ཤེས་སུ་བཞག་པའི་ཕྱིར། དེར་ཐལ། དེ་ནི་མཚན་མར་དམིགས་སྒོ་ནས། ། ཐབས་མ་ཡིན་པར་རིང་བ་སྟེ། ཞེས་པའི་མཚན་མར་དམིགས་པ་ནི་བདེན་འཛིན་གྱིས་བཅིངས་པའི་དོན་ཏེ་དེའི་དབང་གིས་འབྲས་ཡུམ་རིང་བ་དང་། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་ཐབས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་འབྲས་ཡུམ་ལ་ཉེ་བར་བཞག་པའི་ཕྱིར། དེར་ཐལ། འདིའི་དངོས་བསྟན་གྱི་ཐབས་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱེད་པ ་གཙོ་བོའི་དོན་ཡིན་པའི་ཕྱིར། ། ༈ གཟུགས་སོགས་ཕུང་པོ་སྟོང་ཉིད་དང། ཞེས་སོགས་ཀྱི་སྐབས་སུ། གཞི་ཤེས་ཀྱི་ངོ་བོ་དང་། མི་མཐུན་པ་དང་གཉེན་པོར་འགྱུར་ཚུལ་གཉིས། དང་པོ་ཡོད་དེ། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་སྒོ་ནས་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་ངོ་བོ་དང་། དེ་དང་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་གཉིས་དོན་གཅིག་ཅིང་། མཚན་གཞི་ནི་བྱང་འཕགས་ཀྱི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་མཁྱེན་པ་དང་། ཐར་པ་དོན་གཉེར་གྱི་བློ་ལྟ་བུ་ཡིན་ལ། ཐབས་ཤེས་ཁྱད་པར་ཅན་གཉིས་དང་བྲལ་བའི་ཐེག་དམན་འཕགས་པའི་མཁྱེན་པ་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་ངོ་བོ་དང་། དེ་དང་འབྲས་ཡུམ་ལ་རིང་བའི་གཞི་ཤེས་གཉིས་དོན་གཅིག་པའི་ཕྱིར། མཚན་གཞི་ནི། ཉན་རང་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ལྟ་བུ་ཡིན་ལ། ཐེག་དམན་གྱི་གཞི་ཤེས་ཡིན་ན། ཕྱི་མ་དེ་གཉིས་ཀ་ཡིན་པས་ཁྱབ་སྟེ། དེ་གཉིས་དོན་གཅིག་ལ་ལྡོག་པ་ཐ་དད་དུ་ཕྱེ་བ་ཙམ་ཡིན་པའི་ཕྱིར། དེར་ཐལ། འབྲས་ཡུམ་ལ་རིང་བ་ནི་བདེན་འཛིན་གྱིས་བཅིངས་པའི་སྒོ་ནས་བཞག །མི་མཐུན་ཕྱོགས་ཀྱི་གཞི་ཤེས་ནི་ཐབས་ཤེས ་ཁྱད་པར་ཅན་དང་བྲལ་བའི་སྒོ་ནས་བཞག་པའི་ཕྱིར། གཉིས་པ་ལ་གཟུགས་སོགས་བདེན་པར་འཛིན་པའི་བདེན་འཛིན་གྱིས་བཅིངས་པའི་ཉན་ཐོས་ཀྱི་གཞི་ཤེས་ཆོས་ཅན། ཁྱོད་བྱང་སེམས་ལ་མ་ལྟོས་པའི་མི་མཐུན་ཕྱོགས་ཡིན་ཏེ། མྱུར་དུ་འཚང་རྒྱ་བར་འདོད་པའི་བྱང་སེམས་རྣམས་ཀྱིས་རང་རྒྱུད་ལ་བསྐྱེད་པ་ངེས་པར་འདོར་དགོས་པའི་ཕྱིར། དེར་ཐལ། མྱུར་དུ་འཚང་རྒྱ་བར་འདོད་པ་ཉན་རང་གི་ལམ་དུ་འཇུག་པ་མི་རུང་ཞིང་། ཞུགས་ན་འཚང་རྒྱ་བ་ལ་རིང་དུ་འགྱུར་བའི་ཕྱིར། དེར་ཐལ། ཉན་རང་གི་ལམ་དེའི་འཚང་རྒྱ་བའི་རིང་ལམ་དངོས་ཡིན་པའི་ཕྱིར། དེར་ཐལ། དམན་པའི་ལམ་དུ་ཞུགས་པའི་རིང་ལམ་འགྱུར་བ་ལྟ་བུ་ནི་ངན་འགྲོར་སྐྱེས་པས་ཀྱང་མི་བྱེད་པའི་ཕྱིར། བྱང་འཕགས་ཀྱི་གཞི་ཤེས་ཆོས་ཅན། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཡིན་ཏེ། འབྲས་ཡུམ་སྒྲུབ་པའི་གེགས་བྱེད་ཀྱི་གཙོ་བོ་བདེན་འཛིན་གྱིས་མ་བཅིངས་ཤིང་བདེན་མེད་རྟོགས་པའི་ཤེས་རབ་དང་ལྷག་བསམ་དང་སྙིང་རྗེ་ཆེན་པོ་རྣམས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་རྒྱུད་ཀྱི་གཞི་ཤེས་ཡིན་པའི་ཕྱིར། མི་མཐུན་ཕྱོགས་དང་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་གཉིས་ཀ་སྤྱིར་མཐུན་ཕྱོགས་དང་གཉེན་པོ་ཙམ་ཡིན་པ་འདྲ་ཡང་ཁྱད་པར་ཡོད་དེ། སྔ་མ་ནི་བྱང་སེམས་ལམ་གྱི་གོལ་ས་ཡིན་པས་མི་མཐུན་ཕྱོགས་སུ་བཞག་ལ། ཕྱི་མ་ནི་ཐབས་ཁྱད་པར་ཅན་ལྷག་བསམ་དང་ལྡན་པའི་སྒོ་ནས་བདེན་འཛིན་ལ་དངོས་སུ་གནོད་བྱེད་ཀྱི་གཉེན་པོ་ཡིན་པའི་གཉེན་པོའི་ཕྱོགས་སུ་བཞག་པའི་ཕྱིར། ཉན་རང་གི་རྒྱུད་ཀྱི་རང་ཉིད་གཅིག་པུ་ཞི་བདེ་དོན་གྱི་བློ་ཆོས་ཅན། ཁྱོད་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་ཡིན་ཏེ། དེའི་གོལ་ས་མི་མཐུན་ཕྱོགས་ཀུན་གྱི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། ཉན་རང་གི་མི་རྟག་སོགས་རྟོགས་པའི་ལམ་གཞན་གྱི་རིགས་མཐུན་ནི། བྱང་སེམས་ཀྱིས་བསྒོམ་དུ་རུང་ཡང་། ཁྱོད་ཀྱི་རྗེས་མཐུན་ནི་གཏན་ནས་གཉེན་པོར་བསྒོམ་པར་བྱར་མི་རུང་བའི་ཕྱིར། འོན་ཀྱང་སྤང་བྱ་མིན་ཏེ། བླང་བྱ་ཡིན་པའི་ཕྱིར། དེར་ཐལ། ལམ་ཡིན་པའི་ཕྱིར། དེར་ཐལ། ཐར་པ་དོན་གཉེར་གྱི་ལམ་ཡིན་པའི་ཕྱིར། དེས་ན། དེ་ཆོས་ཅན། བྱང་སེམས་ཀྱི་སྤང་བྱ་ཡིན་པས་དེའི་སྤང་བྱ་ཤེས་ཀྱང་དེས་སྤང་བྱར་མ་རྟོགས་ཏེ་སྤང་བྱ་མ་ཡིན་པའི་ཕྱིར་དང་། དེ་བཞིན་དུ་བྱང་སེམས་ལམ་གྱིས་སྤང་བྱར་མ་རྟོགས་ཞེས་ཁྱད་པར་དབྱེ་དགོས་པའི་ཕྱིར། གཟུགས་སོགས་དེ་མི་རྟགས་སོགས་དང་། ཞེས་སོགས་ཀྱི་སྐབས་སུ། སེམས་དཔའི་གཞི་ཤེས་སྦྱོར་བ་དང་། ཞར་ལ་མཚན་ཉིད་གསུམ་གྱི་རྣམ་གཞག་ཅུང་ཟད་བཤད་པ་གཉིས། དང་པོ་ལ་ངོ་བོ་དང་། དབྱེ་བ་གཉིས། དང་པོ་ཡོད་དེ། ཡུལ་བཅུ་ལ་བདེན་ཞེན་བཀག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་དམན་གྱི་རྟོག་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་དེ། སྐབས་འདིར་བསྟན་གྱི་སེམས་དཔའི་གཞི་ཤེས་སྦྱོར་བའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དེ་ལ་ཟིན་བྱེད་ཀྱི་སྒོ་ནས་བཅུ་ཡོད་དེ། དེར་གྱུར་བའི་ཡུལ་གྱི་སྒོ་ན ས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་ལས་ཀྱི་སྒོ་ནས་གཉིས། དཔེའི་སྒོ་ནས་གཅིག་རྣམས་སུ་ཡོད་པའི་ཕྱིར། དཔེའི་སྒོ་ནས་ཤེས་ཚུལ་ལ་བདུན་ཡོད་དེ། རྨི་ལམ་གྱི་དཔེ་སོགས་བདུན་གྱི་སྒོ་ནས་ཤེས་པར་བྱེད་པའི་ཕྱིར། དེ་ཡང་གཟུགས་སོགས་ཀྱི་དངོས་པོ་ཆོས་ཅན། བདེན་པར་སྣང་ཡང་བདེན་པར་མ་གྲུབ་ཏེ། མངོན་ཞེན་གྱི་བག་ཆགས་འགྱུར་བའི་རྐྱེན་གྱིས་སྣང་བ་ཙམ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་བཞིན། ཆོས་ཅན་དང་། བསྒྲུབ་བྱའི་ཆོས་སྔར་བཞིན་ལ། རྐྱེན་ལ་རག་ལས་པའི་སྣང་བ་ཙམ་ཡིན་པའི་ཕྱིར། སྒྲ་བརྙན་བཞིན། རྒྱུ་རྐྱེན་དུ་མ་ཚོགས་པའི་སྣང་བ་ཙམ་ཡིན་པའི་ཕྱིར། སྒྱུ་མ་བཞིན། བག་ཆགས་འཇོག་བྱེད་ཀྱི་རྣམ་པ་ལས་བྱུང་བའི་སྣང ་བ་ཙམ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན། བདེན་པར་ཡོད་པ་དང་འགལ་བའི་སྣང་བ་ཙམ་ཡིན་པའི་ཕྱིར། སྨིག་རྒྱུ་བཞིན། བདེན་པར་གྲུབ་པའི་རྟེན་མེད་པའི་སྣང་བ་ཙམ་ཡིན་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་བཞིན། བྱེད་པ་པོ་བདེན་པར་མེད་པ་ལས་བྱུང་བའི་སྣང་བ་ཙམ་ཡིན་པའི་ཕྱིར། སྤྲུལ་པ་བཞིན་ནོ། །གཉིས་པ་མཚན་ཉིད་གསུམ་གྱི་རྣམ་གཞག་ལ། མྱུ་གུ་བདེན་སྟོང་སྒྱུ་མ་ལྟ་བུ་དང་མྱུ་གུ་བདེན་སྟོང་གཉིས་ཆོས་ཅན། ཡོན་ཏན་གྱི་རྟེན་དུ་རྫོགས་ཏེ། ཁྱོད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པ་ལ་བརྟེན་ནས་རྟོགས་པའི་ཡོན་ཏན་གོང་ནས་གོང་འཕེལ་དུ་འགྱུར་བའི་ཕྱིར། མྱུ་གུ་བདེན་འཛིན་དང་བདེན་གྲུབ་ཆོས་ཅན། ཡོན་ཏན་གྱི་རྟེན་དུ་མ་རྫོགས་ཏེ། རིམ་པ་བཞིན་ཡོན་ཏན་སྐྱེ་བ་ལ་གེགས་བྱེད་པ་དང་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཕྱིར། མཚན་ཉིད་གསུམ་སོ་སོའི་ངོ་བོ་ཡོད་དེ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་གཞན་དབང་དང་། རང་འཛིན་རྟོགས་པས་སྒྲོ་བཏགས་ཙམ་ཀུན་བཏགས་དང་། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དེ་ཡོངས་གྲུབ་ཀྱི་ངོ་བོ་ཡིན་ལ། མཚན་གཞི་རིམ་པ་བཞིན་དུ། མྱུ་གུ་སོགས་ཀྱི་དངོས་པོ་རྣམས་དང་། ཀ་བུམ་སོགས་ཀྱི་གཅིག་དང་ཐ་དད་སོགས་དང་། མྱུ་གུ་བདེན་སྟོང་ལྟ་བུ་ཡིན་པའི་ཕྱིར། གཟུགས་སོགས་ཀྱི་སྟེང་གི་གཞན་དབང་སོགས་འཇོག་ཚུལ་ཡོད་དེ། གཟུགས་གཟུགས་ཀྱི་གཞན་དབང་། གཟུགས་རང་ཉིིད་རྣམ་བཏགས་ཀྱི་གཟུགས། གཟུགས་བདེན་སྟོང་ཆོས་ཉིད་ཀྱི་གཟུགས། གཟུགས་བདེན་གྲུབ་ཀུན་བཏགས་ཀྱི་གཟུགས་སུ་འཇོག་པ་དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར། གཟུགས་ལ་སོགས་པ་རློམ་མེད་པ། ཞེས་སོགས་ཀྱི་སྐབས་སུ་སེམས་དཔའི་གཞི་ཤེས་སྦྱོར་བ་མཉམ་ཉིད་ལ་ངོ་བོ་དང་། དབྱེ་བ་གཉིིས། དང་པོ་ཡོད་དེ། སེམས་དཔའི་གཞི་ཤེས་སྦྱོར་བའི་ཡུལ་ཡུལ་ཅན་བདེན་སྟོང་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་དེ། དེའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན་བཞི་ཡོད་དེ། གཟུགས་སོགས་ཀྱི་ངོ་བོ་དང་མཚན་མ་དང་དབྱེ་བ་དང་ཡུལ་དང་ཡུལ་ཅན་ལ་དམིགས་པའི་དེ་བཞིན་ཡོད་པའི་ཕྱིར། གཞུང་འདིའི་དངོས་བསྟན་ནི་ཐེག་ཆེན་གྱི་སྦྱོར་ལམ་གྱི་དབང་དུ་བྱས་ནས་ཟིན་བྱེད་སྟོང་ཉིད་རྟོགས་པའི་སྦྱོར་ལམ་དང་བཅས་པ་དངོས་སུ་བསྟན་པ་ཡིན་ཏེ། འདིའི་དངོས་བསྟན་གྱི་གཙོ་བོ་ནི་སེམས་དཔའི་གཞི་ཤེས་སྦྱོར་བ་ཡིན་ཡང་རློམ་མེད་པ་ཞེས་པས་ཟིན་བྱེད་སྦྱོར་ལམ་ཡང་དངོས་སུ་བསྟན་པའི་ཕྱིར། དེ་ནས་འདའ་བྱེད་མཐོང་ལམ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། ཞེས་སོགས་ཀྱིས་མདོར་བསྟན་ནས་གཟུགས་རྟག་མ་ཡིན་མི་རྟག་མིན། ཞེས་སོགས་ཀྱིས་རྣམ་པའི་སྒོ་ནས་རྒྱས་པར་འཆད་པ་ཡིན་ཏེ། སྡུག་བདེན་གྱིས་བསྡུས་པའི་གཟུགས་སོགས་དོན་དམ་པར་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ནས། ལམ་བདེན་གྱི་ངེས་འབྱིན་དང་ངེས་འབྱིན་མ་ཡིན་པའི་བར་དོན་དམ་པར་མ་གྲུབ་པའི་ཚུལ་རྒྱས་པར་བསྟན་པའི་ཕྱིར། དེར་ཐལ། གཞུང་དེ་དག་གིས་རྣམ་པ་བཅུ་དྲུག་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་འདའ་བྱེད་ཀྱི་མཐོང་ལམ་དངོས་སུ་བསྟན་ནས། ཤུགས་ལ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་འདའ་བྱའི་མཐོང་ལམ་ཀྱང་བསྟན་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱི་སྔ་མ་གང་གི་འདའ་བྱེད་དང་། ཕྱི་མ་གང་ལས་འདའ་བྱ་ཡིན་པའི་ཚུལ་གྱིས་བསྟན་པའི་ཕྱིར། སྤྱིར་མི་རྟགས་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་འདའ་བྱེད་ཀྱི་ལམ་ཡང་ཡིན་ཏེ། དེ་དམན་པའི་ལམ་ལས་འདའ་བྱེད་ཀྱི་ལམ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་ལམ་ཡིན་པའི་ཕྱིར། དེས་ན་འདའ་བྱེད་གཉིས་མི་འགལ་ཏེ། བྱང་སེམས་ཀྱི་ལམ་རྣམས་གནས་ནས་འདའ་བྱ་ཡིན་ཡང་དེས་ཉན་རང་གི་ལམ་རྣམས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་ནི་མ་ཡིན་པས་སྒོམ་པའི་ལམ་མ་བསྟན་ཏོ། །ཞེས་པའི་སྐབས་སུ་ཁ་ཅིག ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། ཞེས་པས་མཐོང་ལམ་བསྟན་ནས་རྫོགས་པ་དང་། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་སོགས་ཀྱི་གཞུང་མ་བརྩམས་པའི་བར་དེར་མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱིས་གཙོ་བོར་སྒོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་སྟོན་བྱེད་ཀྱི་གཞུང་ཞིག་འབྱུང་རིགས་པ་ལས་མི་འབྱུང་བ་ཅི་ཞེ་ན། སྐབས་དེར་དེ་འདྲ་བའི་སྒོམ་ལམ་དངོས་སུ་སྟོན་པའི་གཞུང་མི་འབྱུང་བའི་རྒྱུ་མཚན་ཡོད་དེ། དེ་བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་འདའ་བའི་ལམ་དུ་སྟོན་མི་དགོས་ཤིང་། གནས་ནས་འདའ་བའི་ལམ་དུ་སྟོན་མི་རིགས་པའི་ཕྱིར། དང་པོ་དེར་ཐལ། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས་ཀྱིས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་མཐོང་ལམ་དེ། དེ་ལྟར་དུ་བསྟན་པ་ལ་བསྟན་ནས་དེའི་རིགས་རྒྱུན་དུ་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་དེ་ཡང་བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་འདའ་བའི་ལམ་དུ་གོ་ནུས་པའི་ཕྱིར། གོང་གི་ཕྱི་མ་དེར་ཐལ། བྱང་ཆུབ་སེམས་དཔས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་བསྒོམ་བྱའི་གཙོ་བོར་མི་བྱེད་པས་དེ་འདྲའི་སྒོམ་ལམ་མེད་པའི་ཕྱིར། སྒོམ་ལམ་ཡིན་ན་སྐབས་དེར་མི་སྟོན་རྒྱུའི་སྒོམ་ལམ་ཡིན་དགོས་ཏེ། གཞུང་དེ་གཉིས་ཀྱི་བར་དུ་སྒོམ་ལམ་སྟོན་བྱེད་ཀྱི་གཞུང་ཚིག་མེད་པའི་ཕྱིར་རོ། །དེ་ལྟར་འདི་དང་ཡང་འདི་དང་། །ཞེས་སོགས་ནི་མཁྱེན་གསུམ་གྱི་འཇུག་སྡུད་སྟོན་པའི་གཞུང་ཡིན་ཏེ། རྩ་བར་ལྟར་ན། གཞི་ཤེས་ལམ་ཤེས་རྣམ་མཁྱེན་སྟོན་པའི་མཇུག་སྡུད་དང་རིམ་པར་སྦྱོར་བ་ཡིན་ལ། འགྲེལ་པ་ལྟར་ན་རྣམ་མཁྱེན་ལམ་ཤེས་གཞི་ཤེས་སྟོན་པའི་མཇུག་སྡུད་རིམ་པ་སྦྱོར་བ་ཡིན་པའི་ཕྱིར། དེ་གཉིས་གང་བྱས་ཀྱང་མི་འགལ་ཏེ། རྩ་བའི་དེ་ཡུམ་བར་མ་དང་། སློབ་དཔོན་གྱིས་བརྒྱད་སྟོང་པའི་མཁྱེན་གསུམ་གྱི་མཇུག་སྡུད་སྟོན་ཚུལ་དང་མཐུན་པར་མཛད་པ་ཡིན་པའི་ཕྱིར་རོ།། །།མདྒ་ལཾ། །


previousགཞི་ཤེས་ཀྱི་ཡན་ལགnext