Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
བདེ་གཤེགས་བདུན་གྱི་སྨོན་ལམ་འདོན་ཚུལ་འཇུག་པ་བདེ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབདེ་གཤེགས་བདུན་གྱི་སྨོན་ལམ་འདོན་ཚུལ་འཇུག་པ་བདེ་བར་བཀོད་པ།next

བདེ་གཤེགས་བདུན་གྱི་སྨོན་ལམ་འདོན་ཚུལ་འཇུག་པ་བདེ་བར་བཀོད་པ།

བདེ་གཤེགས་བདུན་གྱི་སྨོན་ལམ་འདོན་ཚུལ་འཇུག་པ་བདེ་བར་བཀོད་པ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། གང་གིས་མཚན་ཐོས་དྲན་ཅིང་བརྗོད་པས་ཀྱང་། །འདི་ཕྱིའི་མི་མཐུན་རྒུད་པའི་ཕྱོགས་རྣམས་དང་། །སྡིག་སྒྲིབ་ཉེས་བརྒྱའི་མུན་པ་ཀུན་སེལ་བ། །བདེ་གཤེགས་ཉི་མ་མཆེད་བདུན་ལ་ཕྱག་འཚལ། །འདིར་སྨན་བླའི་མདོ་དང་དེའི་ཆོ་ག་རྒྱས་པ་ནས་འབྱུང་བའི་སྨོན་ལམ་ཁྱད་པར་ཅན་རྣམས་ཟུར་དུ་བཀོལ་ནས་རང་གཞན་གྱི་དོན་དུ་འཇུག་པ་བདེ་ཞིང་ཕན་ཡོན་ཆེ་བར་མ་ཟད། སྨན་བླའི་མདོ་དང་ཆོ་གའི་དོན་གྱི་སྙིང་པོ་ཉམས་སུ་བླང་བར་འགྱུར་བས། ས་གཞི་བྱིན་རླབས་དང་སྤྱན་དྲངས་ནས་ཡན་ལག་བདུན་པ་རྣམས་ཕྱོགས་གཅིག་དང་། སྨོན་ལམ་རྣམས་ཀྱང་ཕྱོགས་གཅིག་ཏུ་འདོན་ཚུལ་ནི། རྟེན་ཡོད་ན་བཀྲམ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། མཆོག་གསུམ་རྒྱལ་བར་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་མཆོད་ཚོགས་ཀུན་དང་ལྷན་ཅིག་ཏུ། །བདེ་ལྡན་ཞིང་གི་བཀོད་པ་ལྟར་གྱུར་ཅིག །མདུན་གྱི་ནམ་མཁར་གཞལ་མེད་ཁང་ཆེན་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་ལ་སོགས། །བདེ་གཤེགས་རྣམས་དང་བྱང་སེམས་ཆོས་སྐྱོང་བའི། །བཞུགས་གནས་ཕུན་ཚོགས་མཛེས་པར་གྲུབ་གྱུར་ཅིག །ཤར་ཕྱོགས་གངྒཱའི་བྱེ་སྙེད་འདས་གྱུར་པའི། །སངས་རྒྱས་ཞིང་ནས་བདེ་གཤེགས་མཆེད་བདུན་དང་། །ཐུབ་དབང་བྱང་སེམས་ཉན་རང་བཀའ་སྡོད་ཚོགས། །འཁོར་བཅས་བརྩེ་བས་གནས་འདིར་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་ཞེས་སོགས་ཚིགས་བཅད་གཅིག་དང་། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་སོགས་ཚིགས་བཅད་གཅིག་གི་འཇུག་ཏུ་མཁན་ཆེན་ཞི་འཚོ་ལ་སོགས་བླ་མ་དང་། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇལ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་ཕྱག་བྱས་ནས། མཎྜལ་འབུལ་བར་འདོད་ན་ཕུལ་ལ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་སྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་དུ་གཞན་དྲུག་ལའང་སྦྱར་ཏེ། སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་རྣམས་ལན་བདུན་བརྗོད། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དམ་པའི་ཆོས་རྣམས་དང་། འཇལ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཕགས་པའི་ཚོགས་རྣམས་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ལའང་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་མམ་གཅིག །དེ་ནས་འཕགས་པའི་ཚོགས་དེ་དག་ལ་མཆོད་ཡོན་དང་ཞེས་སོགས་ལྟར་རམ། བསྡུ་ན། རྒྱལ་བ་སྲས་བཅས་ཐམས་ཅད་ལ་བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་པའི་ཚོགས་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་པར་བགྱིའོ། །སྡིག་ལྟུང་ཉེས་པའི་ཚོགས་ཐམས་ཅད་མཐོལ་ལོ་བཤགས་སོ། །རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་གྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། །འདི་ལྟར་བགྱིས་པའི་དགེ་བ་ཀུན་ཀྱང་བདག་གཞན་མ་ལུས་པ་བླ་ན་མེད་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །དེ་ནས་དེང་རྒྱལ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་བདུན་དང་། སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་པ་དང་། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས་དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་། ཤ་བཀྲ་དང་ནད་ཚབ་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ་དམ་པའི་ཆོས་སྤོང་བ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པའི་བར་དུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་རྡེག་པ་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་པ་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་རྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེངྒེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་རྩོད་ཅིང་འགྱེད་པར་གྱུར་ཏེ་འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ་སྲོག་འདོད་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་རྒལ་བར་གྱུར་ཅིག །ཅེས་མཚན་ལེགས་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་ཀྱི་ལས་ཀྱིས་མཐའ་དང་ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ་འཁོར་བ་ན་འཁྱམས་ཞིང་སོ་སོར་འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བཟའ་བ་དང་བགོ་བ་དང་བཏུང་བ་དང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་རྣམས་འབྱུང་ཞིང་འབྱོར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པ་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུང་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་དེ་ཡང་མཐའ་མར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་སེམས་ཅན་གང་དག་བཙལ་བའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་མཐའ་མར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང་དགྲ་དང་དགོན་པའི་གནོད་པས་གཙེས་པ་དང་ཕན་ཚུན་ཕ་མ་དང་སྲིང་མོ་དང་མཛའ་བཤེས་དང་ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང་མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང་སྡུག་བསྔལ་ཐམས་ཅད་བྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ་སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པ་དང་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུར་ཅིག །མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་བ་དྲན་པ་རྨོངས་ཏེ་དགེ་བའི་ཆོས་རྣམས་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་དང་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་དྲན་པ་དང་སྟོབས་དང་གཟུངས་ཀྱི་སྒོ་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་བ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བ་འཁྲུགས་པར་གྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ་སྔོན་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་འབྱུང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་མྱ་ངན་དང་བྲལ་བར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །ཅེས་སྒྲ་དབྱངས་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་སྲོག་གཅོད་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ་སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པའི་ལས་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་ཆུ་དང་དུག་དང་མཚོན་དང་མེ་དང་ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །སུ་ཡང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ། གཞན་གྱི་རྫས་བརྐུས་ཕྲོགས་པས་དབུལ་པོར་སྐྱེས་ཏེ་སྒྲེན་མོ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུང་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་འཐབ་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་ཏེ་ཚུལ་ཁྲིམས་འཆལ་བར་གྱུར་ནས་སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབ་པ་བྲལ་ལ་དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ཞིང་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཞིང་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཏདྱ་ཐཱ། སིདྡྷི་སིདྡྷི་སུ་སིདྡྷི་མོ་ཙ་ནི། མོཀྵ་ནི་མུཀྟེ་བི་མུཀྟེ། ཨ་མ་ལེ་བི་མ་ལེ་མཾ་ག་ལྱེ། ཧི་རནྱ་གརྦྷེ་རཏྣ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། བ་ར་མཱརྠ་སཱ་དྷ་ནི། མ་ན་སི། མ་ཧཱ་མ་ན་སི། ཨདྦྷཱུ་ཏེ། ཨ་ཏྱདྦྷཱུ་ཏེ། བྷཱི་ཏ་བྷ་ཡེ་སུ་བརྞེ་པྲཧྨ་གྷོ་ཥེ། པྲཧྨཱ་དྷྱུ་ཥི་ཏེ། སརྦྦ་ཨཪྠེ་ཥུ་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུཿཥ་ཥྛི་པུདྡྷ་ཀཽ་ཊི་བྷཱ་ཥི་ཏེ། ན་མཿསརྦྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ་སེམས་ཅན་འདོད་ཆགས་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ་འཆི་བ་དང་དགྲ་དང་དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་པར་ཐུབ་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་གཟིགས་ནས་དེ་དག་གི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་བཟླས་པའི་བྱིན་གྱིས་བརླབས་ཀྱིས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་དགོངས་པ་གྱུར་ཅིག །ཅེས་གསེར་བཟང་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་མང་བ་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་ཀྱི་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་མང་བ་དེ་དག་རབ་ཏུ་ཞི་བར་གྱུར་ཅིག །སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག་ཚེ་རིང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ་སྐྱེས་པ་དེ་དག་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་བྱུང་བས་རེག་ཅིང་མཐོང་བར་གྱུར་ཏེ་དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །སྡུག་བསྔལ་གྱི་ཚོར་བ་མྱོང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ་གཞན་གྱི་རྫས་ཕྲོགས་པས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས་གོས་དང་བཟའ་བ་དང་བཏུང་བ་དང་མལ་ཆ་དང་རྒྱན་མི་བདོག་པ། གྲང་བ་དང་ཚ་བའི་སྡུག་བསྔལ་མྱོང་བ་དང་བཀྲེས་པ་སྐོམ་པས་ལུས་གཟིར་ཞིང་མདོག་ངན་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང་བཟའ་བ་དང་བཏུང་བ་དང་མལ་ཆ་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཅིག །ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ་ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་འཕྲོག་པ་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིག །ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུར་ཅིག །ཅེས་མྱ་ངན་མེད་མཆོག་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲགས་པ། ཆོས་ཀྱི་སྒྲ་མི་གྲགས་པ། དགེ་འདུན་གྱི་སྒྲ་མི་གྲགས་པ་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ་མི་དགེ་བའི་བཤེས་གཉེན་གྱི་རྒྱུས་སྡིག་པའི་ལས་བྱེད་པ་དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྟུང་ཞིང་དགེ་བའི་ཆོས་རྣམས་ལས་ཉམས་པར་འགྱུར་བ་དེ་དག་ལ་དེ་བཞིན་གཤེགས་པ་ཆོས་སྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲགས་པར་གྱུར་ཏེ་ཆོས་ཀྱི་སྤྲིན་དང་རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག །དེ་དག་གི་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གོས་དང་རྒྱན་དང་སྤོས་དང་འཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་གོས་དང་རྒྱན་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་ལོངས་སྤྱོད་རྣམས་བསམ་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་འཐབ་པ་དང་རྩོད་པ་དང་འགྱེད་པར་གྱུར་ཏེ་གཅིག་ལ་གཅིག་གནོད་པར་བྱ་བ་དང་གསད་པར་བྱ་བའི་ཕྱིར་རྟུལ་བ་མཚོན་དང་མདའ་དང་དབྱིག་པ་དག་གིས་བསྣུན་ཏེ་སྡུག་བསྔལ་བར་གྱུར་པ་དེ་དག་མདའ་དང་མཚོན་དང་དབྱིག་པ་ལ་སོགས་པ་ལས་སླར་ལོག་པར་གྱུར་ཅིག །ཕྱིར་ཕྱོགས་པར་གྱུར་ཅིག །དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །ཅེས་ཆོས་སྒྲགས་རྒྱ་མཚོ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་དང་ས་བོན་འདེབས་པ་དང་ཚོང་བྱེད་པ་དང་འཐབ་མོ་དང་རྩོད་པ་ལ་སོགས་པ་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམ་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་བར་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །རྟག་ཏུ་དགེ་བའི་ཆོས་བྱེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ་ཆད་པ་བཅད་པ་དང་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་གསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིངས་པ་དང་རྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིག །བླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཚེ་ཐུང་བར་གྱུར་པའི་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་འཆི་བར་གྱུར་པ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས་ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག །འཆི་ཁར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བས་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲགས་ཞིང་རྗེས་སུ་དྲན་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །ཅེས་ཆོས་རྒྱ་མཚོ་དང་། བདག་བཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ་བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་གིས་མི་ལང་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་དྲི་མ་མེད་ལ་འོད་གསལ་བ་དང་ཁོ་ལག་ཡངས་ཤིང་རྒྱ་ཆེ་བ་དང་དཔལ་དང་གཟི་བརྗིད་འབར་བ་དང་ལེགས་པར་གནས་པ་དང་ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཏེ་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་ཐམས་ཅད་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་ཞིང་ལས་རྣམས་ཀྱང་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ་སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྡོམ་པ་གསུམ་གྱིས་བསྡམས་པ་དང་ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་བེམ་པོ་དང་ཡན་ལག་སྐྱོན་ཅན་དང་རྒུར་པོ་དང་ཤ་བཀྲ་ཅན་དང་ཞར་བ་དང་ལོང་བ་དང་འོན་པ་དང་སྨྱོན་པ་དང་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་སྐྱབས་མེད་པ་མགོན་མེད་པ་འཚོག་ཆས་དང་སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ་སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་ཅིག །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པ་གྱུར་པ་བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་པར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་པར་གྱུར་ཅིག །ལྟ་བ་ཐ་དད་པ་མི་མཐུན་པ་ཟང་ཟིང་པས་མི་མཐུན་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིངས་པ་དང་རྡེག་པ་དང་གོ་རར་གཞུག་པ་དང་གསད་པར་འོས་པ་རྒྱུ་དུ་མས་ཀུན་ཏུ་གཙེས་པ། ང་རྒྱལ་དང་བྲལ་བ་ལུས་དང་ངག་དང་སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ་སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ་ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ་སྡུག་བསྔལ་བ་གྲང་བ་དང་ཚ་བ་དང་སྦྲང་བུ་དང་ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་སྣ་ཚོགས་སུ་ཁ་བསྒྱུར་པ་དག་དང་རིན་པོ་ཆེའི་རྒྱན་དང་སྤུད་པ་དང་འཕྲེང་བ་དང་བྱུག་པ་དང་རོལ་མོའི་སྒྲ་དང་སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་གདུང་བས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཅེས་སྨན་བླའི་སྨོན་ལམ་རྣམས་བརྗོད་ནས། མཐར་ཐུན་མོང་དུ། བཅོམ་ལྡན་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་ཚེ་སྨོན་ལམ་ཁྱད་འཕགས་མང་བཏབ་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཐུབ་པའི་བསྟན་དར་སྐྱེ་རྒུ་བདེ་ཞིང་སྐྱིིད། ཁྱད་པར་བདག་ཅག་རྣམས་ཀྱི་གཙོ་བྱས་པའི། །འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་པོ། །རབ་རྫོགས་བྱང་ཆེན་མྱུར་དུ་ཐོབ་བྱིན་རློབས། །སྦྱིན་བདག་གི་དོན་ཡིན་ན། ཁྱད་པར་སྦྱིན་པའི་བདག་པོས་ཞེས་སམ། ཚེ་འདས་སམ། དམིགས་ཡུལ་འདི་ཡིས་ཞེས་སྦྱར་བས་བརྗོད། དེ་ནས་སྤྲོ་ན། གྷུ་མེ་གྷུ་མེ་སོགས་གཟུངས་རིང་ཐུང་ཅི་འགྲུབ་བཟླས་ནས་འཇུག་བསྡུ་བར་བྱའོ། །ཡང་ན་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་མཆེད་བདུན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་ལན་བདུན་སོགས་བརྗོད་པས་ཐམས་ཅད་ཀྱི་སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་དེ་ནས་རང་གི་སྙིང་གར་ཞུགས་ནས་བྱིན་གྱིས་རློབས་བར་བསམ། ཚུལ་འདི་ནི་ཚོགས་ཞིང་ལྟ་བུ་ཡིན་གྱིས། ཆོ་ག་དངོས་མིན་པས་བརྟན་བཞུགས་དང་གཤེགས་གསོལ་སོགས་བཏང་སྙོམས་ལས་མ་བྱས་ཀྱང་རུང་ལ། འདོད་ན། མ་རྙེད་ཞེས་སོགས་ཀྱིས་བཟོད་གསོལ་དང་། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་གཤེགས་གསོལ་དང་། སྨོན་ལམ་དང་ཤིས་བརྗོད་ཀྱང་བྱའོ། །འདི་ནི་རས་བྲིས་སམ་ཕོ་བྲང་ཡོད་པ་ལ་བལྟོས་པའི་ལུགས་ཡིན་ཀྱང་། ཕོ་བྲང་བཀྲམ་ནས་མཆོད་ཅིང་སྨོན་པར་འདོད་ནའང་རུང་ཞིང་མདོ་ཆོག་གི་སྙིང་པོ་བསྡུས་པའི་ཉམས་ལེན་དུ་འགྱུར་པས་སྨན་བླ་རྒྱས་པ་མ་ལྕོགས་པ་དག་གམ། གཞན་གྱིས་ཀྱང་རྒྱུན་པའི་ཞལ་འདོན་བྱེད་པ་ལ་འཇུག་པ་བདེ་ཞིང་ལེགས་པ་ཡིན་ནོ། །ཆེར་སྙིགས་འགྲོ་ལ་རྗེས་བརྩེ་འགྲོ་བའི་མགོན། །སྟོན་པ་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་ཚེ་སྨོམ་ལམ་ཇི་ལྟར་མཛད་པའི་དོན། །དེང་འདིར་བདག་སོགས་རྣམས་ལ་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་དག་ལ་ཕན་འདོད་ཀྱི་འདུན་པས་ཅོ་ནེའི་དགོན་ཉིན་དུ་བསྒྲིགས་སོ།། །། ༈ ༀ་སྭ་སྟི། གང་གིས་མཚན་བརྗོད་སྨོས་པའི་ཉི་འོད་ཀྱིས། །སྡིག་ལྟུང་ཉེས་པའི་མུན་སྟུགས་ཀུན་བཅོམ་ནས། །མངོན་མཐོ་ངེས་ལེགས་ཕན་བདེའི་སྣང་བ་མཆོག །སྟེར་མཛད་བདེ་གཤེགས་བདུན་ལ་སླར་ཕྱག་འཚལ། །སྟོན་པ་ཉིད་ཀྱིས་མདོ་སྡེ་བརྒྱད་བརྒྱ་བར། །བདེ་གཤེགས་མཆེད་བདུན་སྔོན་གྱི་སྨོན་ལམ་ཀུན། །ཇི་སྐད་བཤད་དེ་དོན་གྱི་སྙིང་པོ་རྣམས། །ཚང་བའི་སྨོན་ལམ་ཁྱད་འཕགས་འདི་ན་མཆིས། །གང་གིས་དལ་འབྱོར་རྟེན་འདིར་རང་རྒྱུད་ལ། །བག་ཆགས་བཟང་པོ་འཇོག་ཕྱིར་མཚན་ཉིད་ཀྱི། །བཤད་གྲྭར་མཚན་གདགས་མཛད་དུས་རང་གཞན་ལ། །ཕན་ཕྱིར་སྨོན་ལམ་འདི་ཉིད་པར་དུ་བསྐྲུན། །དེ་ལྟར་བསྒྲུབ་པའི་དགེ་བས་བདག་གཞན་ཀུན། །གནས་སྐབས་མི་མཐུན་རྒུད་པའི་ཕྱོགས་ཞི་ཞིང་། །ཕྱི་མ་ལྷ་མིའི་རྟེན་རྙེད་དག་ཞིང་དུ། །སྐྱེས་ནས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ཐེ་བོ་སྟོད་ཀྱི་དཔོན་ཆུང་གི་ཚ་བོ་བློ་བཟང་བསྟན་འཛིན་གྱིས་གྲྭ་ཚང་དུ་རབ་འབྱམས་སྨྲ་བའི་མཚན་གདགས་མཛད་པའི་ཚེ། འདི་རང་གཞན་ལ་ཕན་ཐོགས་པར་བསམས་ནས་པར་དུ་བརྐོ་བའི་སྐབས་སུ་པར་བྱང་དགོས་ཞེས་བསྐུལ་བ་ལྟར་བྲིས་སོ། །མངྒ་ལཾ།། །།


no previousབདེ་གཤེགས་བདུན་གྱི་སྨོན་ལམ་འདོན་ཚུལ་འཇུག་པ་བདེ་བར་བཀོད་པ།next