Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
སྒྲ་རྒྱན་གྱི་རྣམ་གཞག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲ་རྒྱན་གྱི་རྣམ་གཞགnext

སྒྲ་རྒྱན་གྱི་རྣམ་གཞག

གཉིས་པ་སྒྲ་རྒྱན་གྱི་རྣམ་གཞག

ན་མོ་སྭ་ར་སྭ་སྟྱཻ། གཉིས་པ་སྒྲ་རྒྱན་གྱི་རྣམ་གཞག་ལ་གསུམ། ཟུང་ལྡན་གྱི་རྣམ་གཞག །བྱ་དཀའ་བའི་ཁྱད་པར་གཞན། དབྱངས་གསལ་ངེས་པའི་བྱ་དཀའ་བཤད་པའོ། །དང་པོ་ལ་དྲུག །བྱ་སླ་བ་རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན། བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་དུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་ནོ། །དང་པོ་ལ་གསུམ། བར་དུ་མ་ཆོད་པ། བར་དུ་ཆོད་པ། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནོ། །དང་པོ་ལ་བཅོ་ལྔ་སྟེ། རྐང་དང་པོའི་ཐོག་མ་ན་ཡོད་པ། གཉིས་པ་དང་། གསུམ་པ་དང་། བཞི་པའི་ཐོག་མ་ན་ཡོད་པ་དང་། དང་པོ་གཉིས་ཀྱི་ཐོག་མ་ན་ཡོད་པ། དང་པོ་དང་གསུམ་པའི་ཐོག་མ་ན་ཡོད་པ། དང་པོ་དང་བཞི་པའི་ཐོག་མ་ན་ཡོད་པ། གཉིས་པ་དང་གསུམ་པའི་ཐོག་མ་ན་ཡོད་པ། གཉིས་པ་དང་བཞི་པའི་ཐོག་མ་ན་ཡོད་པ། གསུམ་པ་དང་བཞི་པའི་ཐོག་མ་ན་ཡོད་པ། དང་པོ་གསུམ་གྱི་ཐོག་མ་ན་ཡོད་པ། སྔ་མ་གཉིས་དང་བཞི་པའི་ཐོག་མ་ན་ཡོད་པ། ཕྱི་མ་གཉིས་དང་དང་པོའི་ཐོག་མ་ན་ཡོད་པ། ཕྱི་མ་གསུམ་གྱི་ཐོག་མ་ན་ཡོད་པ། བཞི་ཀའི་ཐོག་མ་ན་ཡོད་པའི་ཟུང་ལྡན་ནོ། །འདི་དག་ཐམས་ཅད་བཀོད་ན་མང་དུ་དོགས་པས་མཚོན་ཙམ་ལ་དང་པོའི་ཐོག་མ་ན་ཡོད་པ་ནི། འཛུམ་འཛུམ་ཞལ་གྱི་སྒོ་ཁྱིམ་ལས། །བགྲང་ཡས་སྤྲོས་པའི་འོད་ཟེར་གྱིས། །ཉི་འོད་ཟིལ་མནན་འདོད་གཟུགས་ལྷའི། །མངོན་རློམ་འཇོམས་མཛད་ཤཱཀྱའི་རྒྱལ། །ཞེས་དང་། དང་པོ་དང་གཉིས་པའི་ཐོག་མ་ན་ཡོད་པ་ནི། །གསལ་གསལ་ཟླ་བའི་དཀྱིལ་འཁོར་སྟེང་། །སྙན་སྙན་རྒྱུད་མང་སྦྲེང་མཛད་ཅིང་། །འཇོ་སྒེག་ཉམས་ཀྱིས་རོལ་པ་ཅན། །ཚངས་སྲས་ལྷ་མོ་རྒྱལ་བའི་ཡུམ། །ཞེས་དང་། དང་པོ་གསུམ་གྱི་ཐོག་མ་ན་ཡོད་པ་ནི། བཟང་བཟང་རྒྱལ་བ་སྲས་བཅས་ཀྱིས། །ཡང་ཡང་མགྲིན་གཅིག་རབ་བསྔགས་པ། །མང་མང་རྒྱལ་ཀུན་མཁྱེན་པའི་གཏེར། །རྗེ་བཙུན་བརྟན་པའི་འཁོར་ལོར་འདུད། །ཅེས་དང་། བཞི་ཀའི་ཐོག་མར་ཡོད་པ་ནི། ཟབ་ཟབ་ལུང་རིགས་བརྒྱ་ཕྲག་གིས། །བླུན་བླུན་གཞན་གྱི་གྲུབ་པའི་མཐའ། །ངེས་ངེས་ཚར་གཅོད་ཆོས་ཀྱི་རྗེ། །མཁས་མཁས་རྒྱལ་བ་གཉིས་པར་གྲགས། །ཞེས་དང་། ཐོག་མཐའ་གཉིས་ན་ཡོད་པ་ནི། བཟང་བཟང་ཐུབ་པའི་མདོ་སྔགས་བསྟན། །རྒྱལ་བའི་དགོངས་པ་ཇི་བཞིན་དུ། །ས་གསུམ་འགྲོ་ན་ཉི་མ་ལྟར། །ལྷང་ལྷང་གསལ་མཛད་ཀླུ་སྒྲུབ་ཞབས། །ཞེས་དང་། བར་པ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། བྱ་དཀའི་སྤྱོད་པས་བཅུ་གཉིས་ལོར། །དུང་དུང་དད་ཤུགས་དྲག་པོ་ཡིས། །མང་མང་འགྲོ་མགོན་བྱམས་པ་ཉིད། །བསྒྲུབས་པས་ཞལ་གཟིགས་ཐོགས་མེད་བསྔགས། །ཞེས་པ་ལྟ་བུའོ། །༈ གཉིས་པ་ཆོད་པའི་ཟུང་ལྡན་ལ་བཅུ་གསུམ་སྟེ། དང་པོ་གཉིས་ཀྱི་ཐོག་མ་ན་ཡོད་པ། དང་པོ་དང་གསུམ་པའི་ཐོག་མ་ན་ཡོད་པ། དང་པོ་དང་བཞི་བའི་ཐོག་མ་ན་ཡོད་པ། གཉིས་པ་དང་གསུམ་པའི་ཐོག་མ་ན་ཡོད་པ། གཉིས་པ་དང་བཞི་པའི་ཐོག་མ་ན་ཡོད་པ། ཕྱི་མ་གཉིས་ཀྱི་ཐོག་མ་ན་ཡོད་པ། སྔ་མ་གསུམ་གྱི་ཐོག་མ་ན་ཡོད་པ། དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མ་ན་ཡོད་པ། ཕྱི་མ་གསུམ་གྱི་ཐོག་མ་ན་ཡོད་པ། བཞི་ཀའི་ཐོག་མ་ན་ཡོད་པ། བཞི་ཀ་ལ་ཡོད་ཀྱང་ཕྱེད་སྔ་ཕྱི་མི་གཅིག་པ། མི་མཉམ་གཉིས་དང་མཉམ་པ་གཉིས་འདྲ་བའི་ཐོག་མ་ན་ཡོད་པ། ཐོག་མཐའ་གཉིས་དང་བར་པ་གཉིས་འདྲ་བའི་ཐོག་མ་ན་ཡོད་པའོ། །འདི་དག་ལས་མཚོན་བྱེད་ཙམ་ལ་དང་པོ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། ཀུན་མཁྱེན་རྒྱལ་བའི་བསྟན་འདི་ལ། །ཀུན་མཁྱེན་གཉིས་པར་རབ་གྲགས་ཤིང་། །འཕགས་ཡུལ་པཎ་ཆེན་ཀུན་གྱི་རྗེ། །རྒྱལ་སྲས་མཁས་པ་དབྱིག་གི་གཉེན། །ཞེས་དང་། དང་མཐའ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། མཁས་མིན་མུ་སྟེགས་གྲུབ་པའི་མཐའ། །དངོས་སྟོབས་རིགས་པའི་རལ་གྲི་ཡིས། །ཚར་བཅད་ཐར་ལམ་གསལ་མཛད་མཁན། །མཁས་མཆོག་ཨཱརྱ་དེ་བའི་ཞབས། །ཞེས་དང་། བར་པ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། མཁྱེན་པའི་གཏེར་གྱིས་རྗེས་བཟུང་ཞིང་། །ཟབ་བརླིང་རིགས་པའི་གཞུང་གི་སྲོལ། །ཟབ་གསལ་དག་པའི་བློ་གྲོས་ཀྱིས། །འབྱེད་མཛད་མཁས་དབང་ཕྱོགས་ཀྱི་གླང་། །ཞེས་དང་། །བཞི་ཀའི་ཐོག་མ་ན་ཡོད་པ་ནི། །རབ་འབར་རིགས་ཚུལ་བརྒྱ་ཕྲག་གིས། །རབ་མང་མུ་སྟེགས་གྲུབ་མཐའི་མུན། །རབ་བཅོམ་རྣམ་དག་རྒྱལ་བའི་བསྟན། །རབ་དཀར་གསལ་མཛད་ཆོས་ཀྱི་གྲགས། །ཞེས་དང་། བཞི་ཀའི་ཐོག་མ་ན་ཡོད་ཀྱང་ཕྱེད་སྔ་ཕྱིར་མི་མཉམ་པ་ནི། །རྒྱལ་བས་གསུངས་པའི་འདུལ་བའི་དོན། །རྒྱལ་བའི་དགོངས་པ་བཞིན་རྟོགས་ནས། །སྟོན་ལ་མཁས་པའི་ཕུལ་བྱུང་བ། །སྟོན་པ་གཉིས་པ་ཡོད་ཏན་འོད། །ཅེས་དང་། ཡང་མི་མཉམ་པ་གཉིས་དང་མཉམ་པ་གཉིས་འདྲ་བ་ནི། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པས། །ཀླུ་སྒྲུབ་དགོངས་དོན་ཐུགས་ཆུད་ཚེ། །འཇམ་དཔལ་ཉིད་ཀྱི་ཐུགས་རྗེ་ལས། །ཀླུ་སྒྲུབ་ལུགས་གསལ་ཟླ་བ་གྲགས། །ཞེས་པ་ལྟ་བུའོ། །༈ གསུམ་པ་ཆོད་ཅིང་མ་ཆོད་པ་ལ་གསུམ་སྟེ། དང་པོ་ཕྱེད་སྔ་མ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ་ནི། གསལ་གསལ་ཉིན་བྱེད་ཤར་བ་ན། །གསལ་གསལ་གཟུགས་ཀྱི་བཀོད་པ་མཐོང་། །ཆིལ་ཆིལ་ཆར་པ་འབབ་པའི་ཚེ། །ཆིལ་ཆིལ་རྒྱ་མཚོ་རླབས་ཕྲེང་གཡོ། །ཞེས་དང་། གཉིས་པ་ཐོག་མཐའ་གཉིས་འདྲ་བ་ནི། །སིལ་སིལ་གདུབ་བུའི་སྒྲ་འཁྲོལ་བཞིན། སྙན་སྙན་རྒྱུད་མང་སྦྲེང་བ་ན། །སྙན་སྙན་གླུ་དབྱངས་ལེན་པ་དང་། །སིལ་སིལ་འོག་པག་སྒྲ་ཡང་འཁྲོལ། །ཞེས་དང་། གསུམ་པ་བཞི་ཀ་འདྲ་བ་ནི། དཀར་དཀར་ཟླ་བའི་གདན་སྟེང་ན། །དཀར་དཀར་དུང་ལྟར་མཛེས་པའི་སྐུ། །དཀར་དཀར་ཞལ་དཀྱིལ་རྒྱས་པ་དང་། །དཀར་དཀར་ཚེམས་ཀྱི་འཕྲེང་བས་མཛེས། །ཞེས་པ་ལྟ་བུའོ། །༈ གཉིས་པ་བྱ་དཀའ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ་དྲུག་སྟེ། རྐང་པ་བཞི་ཀའི་དབུས་ན་ཡོད་པ། མཐའ་ན་ཡོད་པ། བར་མཐའ་གཉིས་ན་ཡོད་པ། ཐོག་བར་གཉིས་ན་ཡོད་པ། ཐོག་མཐའ་གཉིས་ན་ཡོད་པ། གནས་གསུམ་ན་ཡོད་པའི་དང་པོ་ལ་གཉིས་ལས། དང་པོ་ཆོད་ཅིང་མ་ཆོད་པ་ནི། འདུལ་བའི་གཞུང་ལ་མཁས་ཚེ་མཁས་ཞེས་གྲགས། །མངོན་པའི་ཆོས་ལ་མཁས་ཚེ་མཁས་པར་གྱུར། །མདོ་སྡེའི་དོན་ལ་མཁས་ཚེ་མཁས་པའི་དབང་། །མདོ་སྔགས་ཀུན་ལ་མཁས་ཚེ་མཁས་རྩེར་སོན། །ཞེས་དང་། གཉིས་པ་ཆོད་པ་ནི། སྨོན་ལམ་ཕུལ་བྱུང་རྣམ་དག་གིས་བསྐྲུན་ཞིང་མཆོག་ཕུལ་བྱུང་བདེ་ལྡན་དུ། །རྣམ་དཀར་ཕུལ་བྱུང་ཚོགས་གཉིས་ལས་འཁྲུངས་སྟོན་པ་ཕུལ་བྱུང་འོད་དཔག་མེད། །རྒྱལ་སྲས་ཕུལ་བྱུང་སྤྱན་རས་གཟིགས་སོགས་འཁོར་ཚོགས་ཕུལ་བྱུང་གིས་བསྐོར་ནས། །དམ་ཆོས་ཕུལ་བྱུང་ཐེག་ཆེན་ལམ་སྟོན་གོ་འཕང་ཕུལ་བྱུང་མཆོག་ལ་འགོད། །ཅེས་དང་། གཉིས་པ་མཐའ་ན་ཡོད་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། རྒྱལ་བས་ལྷ་ནང་བརྒྱ་བྱིན་ལྟ་བུར་སྟོན། །ལྷ་མིན་གནས་སུ་སྒྲ་གཅན་རྣམ་པ་སྟོན། །མི་ཡི་ཡུལ་དུ་འཁོར་སྒྱུར་སོགས་སུ་སྟོན། །གང་ལ་གང་འདུལ་དེ་ཡི་གཟུགས་སུ་སྟོན། །ཞེས་དང་། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། དབྱངས་ཅན་མཛེས་སྐུ་དཀར་གསལ་གསལ། །རིན་ཆེན་རྒྱན་མང་འོད་འཁྱུག་འཁྱུག །ཞལ་གྱི་པདྨོ་འཛུམ་མུལ་མུལ། །ཨུཏྤལ་སྤྱན་ཟུར་གཡོ་ཧྲིག་ཧྲིག །ཅེས་དང་། གསུམ་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། གསལ་བྱེད་ཟླ་བས་ཨུཏྤལ་རྒྱས་པར་བྱེད། །མཛེས་བྱེད་གོས་ཀྱི་སྐྱེས་བུའི་གཟུགས་མཛེས་བྱེད། །ཕན་བྱེད་ཆོས་ཀྱི་སྡུག་བསྔལ་ལས་གྲོལ་བྱེད། །དག་བྱེད་ཆུ་ཡིས་དྲི་མ་སེལ་པར་བྱེད། །ཅེས་དང་། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། འཇིགས་འཇིགས་རྒ་དང་ན་བས་ཟིན་ཅིང་འཇིགས་འཇིགས་འཆི་བའི་དུས་བྱུང་ཚེ། །འཇིགས་འཇིགས་བར་དོའི་སྣང་བ་ཤར་དུས་འཇིགས་འཇིགས་འབྱུང་བའི་དགྲ་བཞི་དང་། །འཇིགས་འཇིགས་སྣང་བ་རྣམ་པ་གསུམ་སོགས་འཇིགས་འཇིགས་འཁྲུལ་སྣང་སྣ་ཚོགས་བཅས། །འཇིགས་འཇིགས་གཤིན་རྗེས་ཆོ་འཕྲུལ་བསྟན་ལ་འཇིགས་འཇིགས་བྲོས་ཀྱང་ཐར་བ་དཀའ། །ཞེས་དང་། བཞི་པ་ལ་གཉིས་ལས། དང་པོ་ཆོད་པ་ཙམ་ནི། ངག་ལ་དབང་བསྒྱུར་ངག་ཀུན་སྨྲ་བའི་རྒྱན། །ངག་གི་འདོད་འཇོ་ངག་ཚིག་དོན་གཉེར་ལ། །ངག་དབང་ལྷ་མོས་ངག་གི་དངོས་སྩལ་ནས། །ངག་གི་དབང་ཕྱུག་ངག་བཞིན་འགྲུབ་པར་མཛོད། །ཅེས་དང་། གཉིས་པ་ཐོག་མཐའ་གཉིས་ན་ཡོད་པ་མི་མཉམ་པའི་ཆོད་པ་ནི། །མཛེས་མཛེས་བཞིན་རས་སོ་ཕྲེང་དཀར་མཛེས་མཛེས། །མཛེས་མཛེས་ལང་ཚོའི་དཔལ་འཆང་མཛེས་མཛེས་ལྡན། །མཛེས་མཛེས་སྤྱོད་ཚུལ་མིག་ཟུང་གཡོ་མཛེས་མཛེས། །མཛེས་མཛེས་འཇོ་སྒེག་དལ་འགྲོས་མཛེས་མཛེས་བྱེད། །ཅེས་དང་། ལྔ་པ་ལ་གཉིས་ལས་དང་པོ་ཆོད་པ་ནི། དཀར་འཁྱིལ་ཟླ་བའི་དཀྱིལ་འཁོར་དཀར། །དཀར་གསལ་དུང་གི་མདོག་ཀྱང་དཀར། །དཀར་མཛེས་མེ་ཏོག་ཀུནྡ་དཀར། །དཀར་མཐོ་གངས་རིའི་མདོག་ཉིད་དཀར། །ཞེས་དང་། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། ལྡེམ་ལྡེམ་དཔག་བསམ་ཤིང་ལྡེམ་ལྡེམ། །ལྡེམ་ལྡེམ་ལྕགས་ཕྲན་ལྗོན་ལྡེམ་ལྡེམ། །ལྡེམ་ལྡེམ་དབྱངས་ཅན་སྐུ་ལྡེམ་ལྡེམ། །ལྡེམ་ལྡེམ་རལ་པའི་ཅོག་ལྡེམ་ལྡེམ། །ཞེས་དང་། དྲུག་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། བློ་ལྡན་རྒྱལ་རྣམས་བློ་གྲོས་མཐའ་ཡས་བློ། །བློ་གསལ་འཇམ་དབྱངས་བློ་གྲོས་ཐོགས་མེད་བློ། །བློ་གྲོས་ཟླ་མེད་བློ་བཟང་རྒྱ་མཚོའི་བློ། །བློ་རྨོངས་དབང་རྟུལ་བློ་ཆུང་བྱིས་པའི་བློ། །ཞེས་དང་། གཉིས་པ་ཆོད་ལ་མ་ཆོད་པ་ནི། དཀར་དཀར་གངས་ཀྱི་རི་དབང་ཇི་བཞིན་དཀར་དཀར་དབྱངས་ཅན་སྐུ་དཀར་དཀར། །དཀར་དཀར་ཟླ་བ་ཉ་བའི་མདོག་ལྟར་དཀར་དཀར་སྤྱན་རས་གཟིགས་དཀར་དཀར། །དཀར་དཀར་ཀུནྡའི་རྩ་བ་ཇི་བཞིན་དཀར་དཀར་རྣམ་རྒྱལ་མ་དཀར་དཀར། །དཀར་དཀར་འོ་མའི་རྒྱ་མཚོའི་འཁྱིལ་ལྟར་དཀར་དཀར་ཚེ་སྦྱིན་སྒྲོལ་དཀར་དཀར། །ཞེས་པ་ལྟ་བུའོ། །༈ གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ནི། དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་མཛད་ཡུམ། །ཡུམ་མཆོག་རྗེ་བཙུན་གཙུག་ཏོར་རྣམ་རྒྱལ་མ། །མ་གཅིག་ཁྱོད་ལ་བདག་གིས་གསོལ་བཏབ་ཚེ། །ཚེ་དང་ཡེ་ཤེས་དཔག་ཡས་དངོས་གྲུབ་སྩོལ། །ཞེས་པ་ལྟ་བུའོ། །༈ བཞི་པ་ཀུན་དུ་ཟུང་ལྡན་ལ་གསུམ། རྐང་པ་བཟླས་པ། ཚིག་བཅད་བཟླས་པ། ཟུང་ལྡན་ཆེན་པོའོ། །དང་པོ་ལ་གསུམ། དང་པོ་དང་གསུམ་པ་བཟླས་པ། ཕྱེད་ཕྱེད་བཟླས་པ། དང་པོ་བཞི་པ་དང་གཉིས་པ་གསུམ་པ་དང་བཟླས་པའོ། །འདི་དག་ཉེ་མཁོ་ཆུང་བས་མཚོན་བྱེད་ཙམ་ལ་དང་པོ་ནི། ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་མཁན། །འཛམ་གླིང་མཁས་པའི་དབུས་ན་གྲགས། །ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་མཁན། །འཛམ་གླིང་མཁས་པའི་དབུས་ན་གྲགས། །ཞེས་པ་ལྟ་བུ་སྟེ་ཀླུ་སྒྲུབ་དང་ཐོགས་མེད་དང་སྦྱོར། །དེ་བཞིན་དུ་གཞན་གཉིས་ལའང་རིགས་འགྲེའོ། །གཉིས་པ་གཞན་རྐང་པ་བཟླས་པ་ལ་གསུམ། ལན་གཅིག་དང་གསུམ་དང་བཞི་བཟླས་པའོ། །དང་པོ་ལ་དྲུག་ཡོད་ཀྱང་མཚོན་བྱེད་དང་པོ་གཉིས་བཟླས་པ་ཙམ་ནི། གནས་ལྔ་རིག་པའི་མཁས་དབང་མཆོག །གནས་ལྔ་རིག་པའི་མཁས་དབང་མཆོག །དབྱངས་ཅན་བཞད་པའི་རྗོ་རྗེ་ཡི། །སྙན་ཚིག་ལ་ནི་སུ་ཞིག་འགྲན། །ཞེས་པ་ལྟ་བུ་སྟེ་གཞན་རྣམས་ལའང་སྦྱོར། གཉིས་པ་ལན་གསུམ་བཟླས་པ་ལ་གསུམ་སྟེ་དང་པོ་གསུམ་བཟླས་པ་ཙམ་ནི། མཛེས་ཤིང་ཡིད་ལ་དགའ་བ་སྐྱེད། །མཛེས་ཤིང་ཡིད་ལ་དགའ་བ་སྐྱེད། །མཛེས་ཤིང་ཡིད་ལ་དགའ་བ་སྐྱེད། །དབྱངས་ཅན་ཟླ་བ་དུང་མདོག་དཀར། །ཞེས་པ་ལྟ་བུ་སྟེ་གཞན་གསུམ་ལའང་མཚོན་ནོ། གསུམ་པ་ལ་ལན་བཞི་བཟླས་པ་ནི། འོད་ཀྱིས་རྣམ་པར་གསལ་བར་བྱེད། །ཅེས་པ་ལན་བཞི་བཟླས་ཏེ་ཉི་མ་ཟླ་བ་རྒྱུ་སྐར་སྒྲོན་མེ་བཞི་དང་སྦྱར་བ་ལྟ་བུའོ། །༈ གཉིས་པ་ཚིགས་བཅད་བཟླས་པ་ནི། རབ་དཀར་མཛེས་པའི་ཆ་རྫོགས་ཤིང་། །ལྟ་ན་སྡུག་ཅིང་མཐོང་བས་ཀྱང་། །ཡིད་ལ་དགའ་བའི་དཔལ་སྟེར་བ། །གང་དེ་འཇིག་རྟེན་འདི་ན་གྲགས། །ཞེས་དབྱངས་ཅན་མ་དང་སྦྱར་ནས་སླར་ཡང་རབ་དཀར་མཛེས་པའི་ཆ་རྫོགས་ཤིང་། ཞེས་སོགས་ཟླ་བ་དང་སྦྱར་ནས་བརྗོད་པ་ལྟ་བུའོ། །༈ གསུམ་པ་ཟུང་ལྡན་ཆེན་པོ་ནི། དྲི་མེད་རབ་གསལ་དྲི་མེད་གསལ། །ཞེས་པ་ལན་བཞི་བཟླས་ནས་རྐང་པ་དང་པོ་རྒྱལ་བའི་ཐུགས་དང་དབྱངས་ཅན་མའི་སྐུ་དང་སྦྱར་ཞིང་། གཉིས་པ་ནམ་མཁའ་དང་དྭངས་པའི་མཚོ། གསུམ་པ་ཟླ་བ་དང་ཤེལ། བཞི་པ་སྤྱན་རས་གཟིགས་དང་མེ་ལོང་སྦྱར་བ་ལྟ་བུའོ། །ལྔ་པ་བསྲེས་པའི་ཟུང་ལྡན་ནི། འཛད་པ་མཆོག་གིས་མཆོག་དམན་འགྲོ་དོན་མཛད། །མཛད་པ་སྟོན་མཁས་མཁས་པའི་ཕུལ་བྱུང་ཡང་། །ཡང་ཡང་ཐོས་བསམ་ཚུལ་ལ་བརྩོན་བྱས་ཚེ། །ཚེ་འདིར་མཁས་པའི་ཕ་མཐར་ཕྱིན་པར་འགྱུར། །ཞེས་པ་ལྟ་བུའོ། །༈ དྲུག་པ་ལྡོག་པའི་ཟུང་ལྡན་ལ་གསུམ་སྟེ། རྐང་པ་ཕྱེད་ལྡོག་པ། ཚིགས་བཅད་ཕྱེད་ལྡོག་པ། ཚིགས་བཅད་ལྡོག་པའོ། །དང་པོ་ལ་རྐང་པ་ཕྱེད་ལྡོག་པ་དང་རྐང་པ་ལྡོག་པ་གཉིས་ལས། དང་པོ་ནི། བློ་བཟང་གྲགས་པ་གྲགས་བཟང་བློ། །ངེས་པར་མཁྱེན་ལྡན་མཁྱེན་པར་ངེས། །མཁས་མཆོག་འདྲེན་པ་འདྲེན་མཆོག་མཁས། །གྲུབ་བཟང་མཛད་པས་མཛད་བཟང་གྲུབ། །ཅེས་པ་ལྟ་བུའོ། །གཉིས་པ་ནི། དཀར་མོ་ལྷ་མཆོག་ལྷ་ཡི་ལྷ། །ལྷ་ཡི་ལྷ་མཆོག་ལྷ་མོ་དཀར། །དད་ཚེ་མཐོང་བས་དགེ་ལེགས་ཐོབ། །ཐོབ་ལེགས་དགེ་བས་མཐོང་ཚེ་དད། །ཅེས་པ་ལྟ་བུའོ། །གཉིས་པ་ཚིགས་བཅས་ཕྱེད་ལྡོག་པ་ནི། དཀར་གསལ་མདངས་ལྡན་བཞིན་བཟང་གཟུགས། །གདོང་པའི་མཛེས་ཆགས་འདོད་པའི་གནས། །གནས་པའི་འདོད་ཆགས་མཛེས་པའི་གདོང་། །གཟུགས་བཟང་བཞིན་ལྡན་མདངས་གསལ་དཀར། །ཞེས་པ་ལྟ་བུའོ། །གསུམ་པ་ཚིགས་བཅད་ལྡོག་པ་ནི། །རྒྱས་ཞིང་དར་བ་བཟང་ལེགས་ཆོས། །བདེ་དང་ཕན་པས་ལེགས་པ་འབྱུང་། །དགེ་ཞིང་བདེ་ལྡན་བཟང་སྤྱོད་བྱ། །ཐོབ་ཕྱིར་བརྩོན་པས་འཇུག་ཅིང་འབད། །འབད་ཅིང་འཇུག་པས་བརྩོན་ཕྱིར་ཐོབ། །བྱ་སྤྱོད་བཟང་ལྡན་བདེ་ཞིང་དགེ །འབྱུང་བ་ལེགས་པས་བདེ་དང་ཕན། །ཆོས་ལེགས་བཟང་བ་དར་ཞིང་རྒྱས། །ཞེས་པ་ལྟ་བུའོ། །༈ གཉིས་པ་བྱ་དཀའ་བའི་ཁྱད་པར་གཞན་ལ་གཉིས། བ་ལང་གཅིན་དང་། འཁོར་བའི་བྱ་དཀའ་བའོ། དང་པོ་ནི། ཡི་གེ་རྣམས་རེ་རེ་བར་དུ་ཆོད་ཅིང་སྟེང་མ་དཀྱུས་སུ་བཀླགས་པ་དང་། འོག་མ་འཕར་ཏེ་བཀླགས་པ་གཉིས་གཟུགས་གཅིག་པ་ཞིག་ཡིན་ལ། གཉིས་པ་འཁོར་བའི་བྱ་དཀའ་ལ་ཕྱེད་འཁོར་དང་ཀུན་འཁོར་གཉིས་ལས། དང་པོ་ནི། ཚིགས་བཅད་གཅིག་གི་ཕྱེད་སྔ་མ་དང་པོ་དཀྱུས་དང་ཐུར་དུ་བཀླགས་པ་འདྲ་ཞིང་། ཕྱེད་ཕྱི་མ་དཀྱུས་དང་ཐུར་དུ་བཀླགས་པ་འདྲ་བ་ཞིག་གོ །གཉིས་པ་ཀུན་འཁོར་ལ་གཞུང་གིས་དངོས་སུ་བསྟན་པ་དང་། མ་བསྟན་པ་གཉིས་ཀྱི་དང་པོ་ནི། ཕྱེད་སྔ་མའི་དང་པོ་སྟེང་ནས་དཀྱུས་དང་ཐུར། འོག་ནས་གྱེན་དང་ཡར་ལྡོག་པ་ཞིག་སྟེ། ཀུན་བཟང་འཁོར་ལོ་ཞེས་གྲགས་སོ། །འདི་དང་སྔ་མ་གཉིས་བཅས་དགོས་པ་མི་ཆེ་བས་བཞག་གོ །༈ གཉིས་པ་ལ་བཻ་དརྦྷ་དང་། ཁ་ཆེའི་ལུགས་གཉིས་ཀྱི་དང་པོ་ལ་སྒོར་མོ་དང་། ཕྱི་མའི་ལུགས་ཀྱི་ཀུན་འཁོར་ནི་གྲུ་བཞིར་གཞུང་ལས་འབྱུང་བ་བཞིན་ཡིན་ཏེ། གཉིས་ཀ་ཉམས་ཚར་དུ། མཁས་པའི་དགོངས་པ་དང་མི་འགལ་བས་རང་བློས་གང་ཐོན་ཞིག་འཇུག་ཏུ་འགོད་པར་བྱའོ། གསུམ་པ་ལ་དབྱངས་དང་གནས་དང་ཡི་གེ་ངེས་པ་གསུམ་གྱི་དང་པོ། དབྱངས་ངེས་པའི་ཚུལ་བསྡུས་ཏེ་མཚོན་ཙམ་ནི། མཐའ་ཡས་སངས་རྒྱས་སྲས་བཅས་ལ། །ཉིན་བཞིན་འདི་ཕྱི་གཉིས་ཀྱི་ཕྱིར། ལུས་བཏུད་གུས་འདུད་དུས་ཀུན་དུ། །གཡེལ་མེད་བཤེས་གཉེན་ལེགས་བསྟེན་ཏེ། །མཆོད་དོ་བསྟོད་དོ་འདོད་དོན་སྩོལ། །ཞེས་པ་ལྟ་བུའོ། །གཉིས་པ་གནས་ངེས་པ་ལ་བཞི་ཡོད་ཅིང་། དེ་ནི་རྒྱ་གར་གྱི་ཡི་གེའི་དབང་དུ་བྱས་ནས་ཨ་ཨཱ་དང་ཀ་ཁ་ག་གྷ་ང་ལྟ་བུ་མགྲིན་པའི་གནས་ལས་སྐྱེས་པ་ལྟར་གཞན་རྣམས་ཀྱང་རང་རང་གི་སྐྱེ་གནས་གང་ཡིན་ལས་སྐྱེས་པར་མཚུངས་པའི་ཡི་གེ་རྣམས་བསྒྲིགས་པ་ཡིན་ལ། བོད་ཡིག་ལ་ནི་ཀ་ཁ་ག་ང་རྣམས་ཀྱང་མགྲིན་པའི་གནས་ལས་སྐྱེས་བར་འཇོག་པས། དེ་འདྲ་ཕྱོགས་གཅིག་བསྒྲིགས་པ་ལྟ་བུ་དང་། དེ་བཞིན་དུ་ཏ་ཐ་ད་ན་རྣམས་ནི་ལྕེ་རྩེ་དང་སོ་ལས་སྐྱེས་ལ། པ་ཕ་བ་མ་རྣམས་ནི་མཆུ་ལས་སྐྱེས་པ་ལྟ་བུ་སྟེ། དང་པོ་ནི། ད་ལྟ་འདི་ན་དད་ལྡན་མཐོང་། །ཞེས་དང་། ཕྱི་མ་ནི། ཕ་མ་མི་ཕམ་བུ་མོ་སྤངས། །ཞེས་པ་ལྟ་བུའོ། །གསུམ་པ་ཡི་གེ་ངེས་པ་ལ་ཡང་བཞི་སྟེ། མཚོན་ཙམ་ནི། ཀང་ཀང་ཀིང་ཀིང་ཀུང་ཀུང་ཀུང་། །ཏང་ཏང་ཏིང་ཏིང་ཏོག་ཏོག་ཏོག །ཤང་ཤང་ཤིབ་ཤིབ་ཤིང་ཤོག་ཤུབ། །རང་རང་རེ་རེ་རི་རུའི་རྭ། །ཞེས་པ་ལྟ་བུའོ། །གཞན་ལྷག་མ་གབ་ཚིག་གི་སྐོར་དང་། སྐྱོན་བཅུ་སྤོང་ཚུལ་སོགས་ནི་མང་དུ་དོགས་ནས་བཞག་གོ ། ༈ འཕྲོས་དོན་མེ་ལོང་མ་འདིའི་ལེའུ་དང་པོ་ནས་འབྱུང་བ་འགའ་ཞིག་ཞར་བྱུང་དུ་བརྗོད་ན། སྡེབ་སྦྱོར་གྱི་སྒོ་ནས་ཡི་གེ་བགྲང་བ་བྲྀཏྟ་དང་། ཕྱི་མོ་བགྲང་བ་ཛཱ་ཏི་ཞེས་པ་གཉིས་ཡོད་ཅིང་། དེ་ཡང་རྒྱ་སྐད་ཀྱི་དབང་དུ་མཛད་ལ། དམར་སེར་ཅན་དང་རྒྱལ་བའི་ལྷ་གཉིས་ཀྱིས་མཛད་པའི་སྡེབ་སྦྱོར་དང་། ཁྱད་པར་དུ་པཎ་ཆེན་ཤནྟི་པས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ནི་འཕགས་ཡུལ་དུ་གྲགས་ཆེ་ཞིང་། དེ་ནི་དབྱངས་གསལ་གྱི་ཡི་གེ་ལྕི་ཡང་བསྒྲིགས་པའི་སྒོ་ནས་སྦྱོར་ཞིང་ཡི་གེ་ལྕི་ཡང་རགས་རྩིས་སམ་དམིགས་བསལ་མ་གཏོགས་འཐུག་པོ་དང་རིང་ཆ་ཅན་དང་མཐའ་རྟེན་ཅན་དང་ཨཽ་ལྟ་བུ། སྲོག་ཞུགས་ལྟ་བུ་ནི་ལྕི་ལ། དེ་ལྟ་བུ་མིན་པའི་ཡི་གེ་རེ་རེ་བ་ནི་ཡང་བ་སྟེ། ལྕི་བ་ལ་རྟག་འཁྱོག་པོ་དང་ཡང་བ་ལ་དྲང་པོ་ཡོད་དོ། །བོད་ཡིག་ལ་དེ་ལྟ་བུའི་སྡེབ་སྦྱོར་བྱ་ཚུལ་ཇི་བཞིན་མེད་ཀྱང་མཚོན་བྱེད་ཙམ་ལ་འཕུལ་རྟེན་ཡོད་པའི་ཡི་གེ་རྣམས་ནི་ལྕི་ལ། དེ་མེད་པ་ཕལ་ཆེར་ནི་ཡང་བའོ། །འོན་ཀྱང་བོད་སྐད་ལ་དག་ཡིག་དང་སྙན་ངག་ནས་འབྱུང་བ་ལྟར་གྱི་སྡེབ་སྦྱོར་ནི་ཡོད་དེ། ཚིག་སྦྱོར་དེ་དག་ནས་འབྱུང་བ་དང་མཐུན་པར་སྦྱོར་བ་ནི་བོད་སྐད་ཀྱི་སྡེབ་སྦྱོར་བྱ་ཚུལ་ཡིན་པའི་ཕྱིར་རོ། །སྙན་ངག་ལ་རིགས་ཀྱི་སྒོ་ནས་གྲོལ་བ་དང་རིགས་དང་མཛོད་དང་འདུས་པ་སྡེ་བཞི་ཡོད་པའི་དང་པོ་ནི། ཤོ་ལོ་ཀ་གཅིག་གིས་བརྗོད་བྱའི་དོན་དེ་རྫོགས་པར་སྟོན་ནུས་པ་ཞིག་སྟེ། པད་དཀར་བསིལ་ཟེར་རྒྱས་པའི་སྟེང་། །ཚངས་སྲས་ལྷ་མོ་ཡིད་འཕྲོག་མ། །རྒྱུད་མང་སྒྲ་ལས་ངག་གི་དཔལ། །སྟེར་མཛད་རྒྱལ་བའི་ཡུམ་དེར་འདུད། །ཅེས་པ་ལྟ་བུ། རིགས་ནི། བསྔགས་བརྗོད་ཀྱི་ཡུལ་གཅིག་ལ་ཤོ་ལོ་ཀ་དུ་མ་ཡོད་ཅིང་བྱ་བའི་ཚིག་གཅིག་གིས་ཐམས་ཅད་གསལ་ནུས་པ་ཞིག་སྟེ། འགྲེལ་པ་ལྟར་ན། འཇམ་གཉེན་ཆུ་སྐྱེས་གཞོན་ནུ་ཡི། །བརྟན་པ་ཅི་ཡང་འཕྲོག་བྱེད་པའི། ཁྱོད་བཞིན་ཟླ་བ་གསར་པ་འདི། །གཞན་ཡིད་འགུགས་པའི་ལྕགས་ཀྱུ་བཞིན། །འཇའ་ཚོན་ལྟ་བུའི་མིག་གི་དཀྱུས། །ཟུར་གྱིས་རིང་པོར་བསྟན་པ་ནི། །རྣ་རྒྱན་ཨུཏྤལ་གཞོན་ནུ་ལ། །འགྲན་པའི་ཆེད་དུ་འོང་པ་བཞིན། །སོ་ཕྲེང་ཟེའུ་འབྲུ་རྒོད་པ་ཅན། །མཆུ་སྒྲོས་བིམ་པ་ལྟར་དམར་བའི། །དགའ་མས་སྲེད་ལྡན་དགའ་བ་བསྐྱེད། །ཅེས་པ་ལྟ་བུ་མཛེས་མའི་གདོང་ལ་བསྟོད་པ་ལ་དགའ་བ་བསྐྱེད་ཅེས་བྱ་ཚིག་གཅིག་གིས་གསལ་བ་ལྟ་བུའོ། །དེ་བཞིན་དུ་མཛོད་ནི། གཅོད་མཚམས་སྣ་ཚོགས་པའི་ངོས་ནས་ཤོ་ལོ་ཀ་དུ་མ་ལ་བྱ་ཚིག་སོགས་མང་ཉུང་ངེས་པ་མེད་ཅིང་བརྗོད་བྱ་དུ་མ་དང་ལྡན་པའོ། །འདུས་པ་ནི། བརྗོད་བྱའི་དོན་གཅིག་ལ་ཤོ་ལོ་ཀ་དུ་མ་དང་བྱ་ཚིག་དུ་མ་ཡོད་པ་ཞིག་གོ །སྙན་ངག་ཆེན་པོ་ལ་སྔོན་དུ་ཤིས་བརྗོད་དང་། དེ་ནས་ཕྱག་བྱ་བ་དང་། དེ་ནས་བརྩམས་བྱ་དང་མཐུན་པར་དམ་བཅའ་བརྗོད་པའི་དངོས་པོའི་ངེས་བསྟན་རྣམས་སྔོན་དུ་འགྲོ་བས་རྩོམ་པ་དངོས་ལ་འཇུག་གོ །གཞུང་དུ་སྙན་ངག་གི་ལུས་སྲོག་ཅེས་ཐ་སྙད་བྱས་པའི་ལུས་ནི་བཅད་ལྷུག་སྤེལ་མ་གསུམ་ཡིན་ལ། སྲོག་ལ་སྡེ་བཞི་ཞེས་བཤད་པའི་སྡེ་བཞི་ནི། ཆོས་དང་དོན་དང་འདོད་པ་དང་ཐར་པ་བཞིའོ། །དེ་ལ་ཆོས་ནི། མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་རྒྱུ། དོན་ནི་རིག་བྱེད་སོགས་མང་དུ་ཐོས་པ་དང་དགོས་དོན་རིན་པོ་ཆེ་སོགས་སྲུང་བ་དང་སྤེལ་བ། འདོད་པ་ནི། ལྷ་མིའི་ཡུལ་དང་ཡོ་བྱད་ལ་ལོངས་སྤྱོད་པ། ཐར་པ་ནི། བྱང་ཆུབ་སྒྲུབ་པ་ལྟ་བུའོ། །སྙན་ངག་སྨྲ་བ་ལ་སྐད་རིགས་བཞི་ཡོད་ཀྱང་ལེགས་སྦྱར་མ་གཏོགས་གཞན་གསུམ་ཟུར་ཆག་ཏུ་འགྱུར་ཞིང་། ཁྱད་པར་དུ་གྲོང་ཚིག་རྣམས་སྙན་ངག་ལ་ཟུར་ཆག་ཏུ་འགྲོ་ཡང་བརྗོད་ཚུལ་མཁས་ན་ནི་མི་འགལ་ལོ། །གཞུང་དུ་སྐབས་འདིར་རྒྱ་གར་ལྷོ་ཕྱོགས་བཻ་དརྦྷ་དང་། ཤར་ཕྱོགས་གོ་ཌ་པའི་ལུགས་ཀྱི་ཡོན་ཏན་བཅུ་ལ་འདོད་ཚུལ་མི་འདྲ་བའི་བཤད་པ་མང་དུ་འབྱུང་བ་ནི་འདིར་དགོས་པ་ཆུང་བས་བཞག་གོ །འོན་ཀྱང་སྒྲའི་ཉམས། དོན་གྱི་ཉམས། གཉིས་ཀ་ལ་གྲོང་ཚིག་སྤོང་ཚུལ་དང་གསུམ་བཤད་པའི་དང་པོ་ནི། རྒྱ་གར་གྱི་དབང་དུ་བྱས་པའི་ཡི་གེ་ལ་བསྐོར་བ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་ལ་སྐོར་བ་ཞིག་སྟེ། དེ་ཡང་ཚིག་རྐང་བཞིའི་ཐོག་མ་ཀ་ཡིག་སོགས་ལ་སྐོར་བ་དང་། ཐོག་མཐའ་བར་གསུམ་གང་ཡང་རུང་བར་ཡི་གེ་ལ་སྐོར་བ་དང་། ཚིག་རྐང་བཞིའི་ཐོག་ཐའི་ཡི་གེ་འདྲ་བར་སྐོར་བ་སོགས་ལ་རྗེས་འཁྲིད་ཅེས་པའི་ཐ་སྙད་མཛད་དོ། །འདི་དག་ལེའུ་གཉིས་པ་ནས་འབྱུང་བའི་རྒྱན་དང་འདྲ་བར་བཤད་ཀྱང་ཁྱད་པར་ནི་ཡོད་དོ། །གཉིས་པ་སྒྲ་རྒྱན་ཙམ་དུ་མ་ཟད་དོན་རྒྱན་གྱི་ཉམས་ཁྱད་པར་ཅན་དང་ལྡན་པ་ཞིག་གོ །གསུམ་པ་ལ་དོན་གྱི་གྲོང་པ་སྤོང་བ་དང་། སྒྲའི་གྲོང་པ་སྤོང་བ་གཉིས་ཀྱི་དང་པོ་ལ། སྤང་བྱ་དང་། སྤོང་བྱེད་གཉིས་ཀྱི་དང་པོ་ནི་འགྲེལ་པར་འགྱུར་བ་ལྟར་བཀོད་ན་འཁྲིག་པ་འདོད་པ་ལྟ་བུའི་ཚེ། ཡིད་དུ་འོང་བའི་བུ་མོ་ཁྱོད། །འབོལ་ཞིང་འཇམ་པའི་མལ་སྟན་ལ། བདག་དང་ལྷན་ཅིག་ཉལ་བྱས་ནས། འཁྲིག་པའི་བདེ་ལ་དགའ་མགུར་སྤྱོད། །ཅེས་པ་ལྟ་བུ་གྲོང་ཚིག་གིས་མི་མཛེས་པར་སྨྲ་བའོ། །གཉིས་པ་སྤོང་བྱེད་ནི་འཁྲིག་པའི་ཆེད་ཡིན་ཀྱང་དེ་མཛེས་པར་བརྗོད་པ་ཞིག་སྟེ། འདྲེན་བྱེད་ཟུར་གྱིས་ལྟ་བའི་འོད། །བདག་ཡིད་འདབ་བརྒྱ་ཅི་ཡང་བཞད། །དབང་པོའི་བུང་བ་ཆུ་སྐྱེས་ཀྱི། །རྩེད་འཇོར་རོལ་ཅིག་སྨིན་ལེགས་མ། །ཞེས་པ་ལྟ་བུའོ། །གཅོད་མཚམས་ཉམས་པའི་གྲོང་ཚིག་ནི། གྲུབ་ཆེན་ཉམས་ལེན་བྱེད་འདོད་བློ། །ཆུང་ཆུང་ཕུག་པར་ཉལ་བར་དགའ། །ཕྱག་ཆེན་བསྒོམས་པས་ཉོན་མོངས་ཀུན། །འཕེལ་བྱེད་མཐའ་དག་ཞི་བར་བྱེད། །ཅེས་པ་ལྟ་བུའོ། །དེ་བཞིན་དུ་ལེའུ་གསུམ་པ་ནས་བཤད་པའི་སྐྱོན་བཅུ་ཅི་རིགས་སྤོང་དགོས་ཤིང་། འདིའི་ཚིག་རྐང་ཕྱི་མ་གསུམ་གྱི་འགོའི་ཚིག་རྣམས་སྔ་མ་སྔ་མ་དང་སྦྱོར་ཚུལ་མི་ལེགས་པས་གཅོད་མཚམས་ཉམས་པ་ཡིན་ལ། དམིགས་བསལ་ཀཱ་ལ་རཱུ་པ་རབ་བརྗིད་དྲག་པོའི་སྐུ། །ཞེས་སོགས་ཀྱི་རྐང་པ་བར་པ་གཉིས་ཐོག་མ་སྔ་མ་དང་སྦྱོར་ཚུལ་མི་བདེ་བ་ལྟར་སྣང་ཡང་། དོན་ལ་ནི་ཀ་འཕྲེང་དང་སྦྱོར་བའི་ཆེད་ཡིན་པས་མི་འགལ་སྟེ་དེ་འདྲ་གཞན་ཡང་མང་ངོ་། །ཚིག་གི་ཉམས་འདོན་ཚུལ་ལ་རྣམ་གྲངས་མང་ཡང་འདིའི་འགྲེལ་བའི་མཆོད་བརྗོད་དང་འཇུག་གི་ཚིགས་བཅད་རྣམས་ཉམས་འདོན་ཚུལ་ཤིན་ཏུ་ལེགས་ལ་མཛེས་པའི་ཉམས་ནི། རྗེས་མཛད་པའི་བདེ་མཆོག་གི་མཆོད་ཕྲེང་དུ། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། ཞེས་སོགས་ལྟ་བུའོ། །ཡང་གྲོང་ཚིག་གམ་ཕལ་སྐད་དུ་བརྗོད་ན་མི་མཛེས་པས་གཟུགས་ཅན་གྱི་རྒྱན་དང་སྦྱར་བའི་གབ་ཚིག་གི་སྒོ་ནས་ཉམས་འདོན་ཚུལ་ནི། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། གསང་འདུས་ཀྱི་མཆོད་པའི་སྐབས་གསང་བའི་འཁོར་ལོར་ཨིནྡྲ་ནཱི་ལ་ལྟར། ཞེས་སོགས་ལྟ་བུ་སྟེ་མང་ངོ། །འཇིགས་བྱེད་ཤིས་བརྗོད་ཀྱི་འགོར། འཆི་མེད་ལམ་ཀུན་ཁྱབ་པའི་ཆུ་འཛིན་ནི། །བགྲང་ཡས་ཉི་འོད་རྩེ་དགས་རོལ་པ་བཞིན། །ཞེས་པ་ལྟ་བུ་ནི་བརྗིད་པའི་ཉམས་འདོན་ཚུལ་ལེགས་ཤིང་། དེ་ལ། ནམ་མཁའི་ཁམས་ཀུན་ཁྱབ་པའི་སྤྲིན་ཕུང་ལ། །གྲངས་མེད་ཉི་མའི་འོད་ཀྱིས་འཕོགས་པ་བཞིན། །ཞེས་སྦྱར་ནའང་ཉམས་ཡོད་ཀྱང་སྔོན་མ་ཉིད་བཟང་ངོ་། །ཚིག་གི་ཉམས་འདོན་ཚུལ་རྒྱན་ཀུན་ལ་ཡོད་ཀྱང་གཟུགས་ཅན་གྱི་རྒྱན་དང་སྦྱོར་ཤེས་ན་མཛེས་ཤིང་། །འདིར་མཚོན་པ་ཙམ་ཏེ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྤྱིར་བྱམས་མགོན་གྱིས། རིག་པའི་གནས་ལྔ་ལ་སྦྱངས་དགོས་ཤིང་མ་སྦྱངས་ན་འཕགས་པ་ཡིན་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་ནུས་ཞེས་བཤད་པ་ལྟར་ཡིན་ལ། མདོ་ལས་ཀྱང་། དཔེའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱའོ། །གཞན་ཡང་དཀོན་མཆོག་གསུམ་ལ་བསྟོད་པ་བྱའོ། །དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་དང་། སངས་རྒྱས་ཆོས་དང་དགེ་འདུན་ལ་བསྟོད་པ། །གསལ་བར་འགྱུར་བའི་སྙན་ངག་འབད་པར་བྱ། །ཞེས་གསུངས་པ་ལྟར་སྙན་ངག་ལ་ནི་འདོད་གཏམ་གཙོ་བོར་མ་བརྗོད་པར་དཀོན་མཆོག་གསུམ་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་བསྟོད་པ་ཕུལ་ཞིང་། ལས་འབྲས་དང་མཐུན་པའི་ཚིག་བརྗོད་ན་ནི་ནང་རིག་པའི་གཞུང་དུ་འགྱུར་བས་ཕན་ཡོན་ཀྱང་ཆེ་ལ། ཁྱད་པར་དུ་རྗེས་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་མཁས་པའི་རྒྱན་རིན་པོ་ཆེ་རྣམ་པ་གསུམ་གསུངས་པའི་ཕྱི་མ་ཚིག་སྦྱོར་ལ་མཁས་པའི་རྒྱས་བཤད་དུ། ཚིགས་བཅད་ལྷུག་པ་གཉིས་ལ་སྤེལ་བའི་ལུས། །དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི། །མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ། །སྙན་ངག་གཞུང་བཞིན་ལེགས་པར་སྦྱར་བ་ན། །བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །ཅེས་སྙན་ངག་ལ་སྦྱང་དགོས་པར་གསུངས་པས་དེ་ཤེས་དགོས་ལ་ཤེས་ན་གསུང་རབ་ཀྱི་དོན་མང་པོ་ཤེས་པའི་རྐྱེན་བྱེད་ཅིང་། ཁྱད་པར་དུ་རྩོམ་པའི་ཚིག་རྒྱན་ལ་མི་རྨོངས་སོ། །དེས་ན་སྙན་ངག་ཤེས་པའི་དགོས་པའི་གཙོ་བོ་དེ་ལྟར་དུ་གོ་བར་བྱ་ཡི། ཡི་གེ་བསྐུར་བ་ལ་སྙན་ངག་ཤེས་དགོས་པ་ནི་དེའི་དགོས་དོན་ཕལ་པའོ། །༈ སྨྲས་པ། ཐ་སྙད་རིག་གནས་རིག་པའི་མཁས་མང་ཡང་། །མེ་ལོང་དགོངས་དོན་དགོངས་པ་བཞིན་གཟིགས་ནས། །གཞན་ལ་སྟོན་མཁས་སྟོན་པའི་ཆེད་འབད་པ། །རིན་ཆེན་དོན་འགྲུབ་དོན་གྱི་པཎྜི་ཏ། །གང་གིས་ལེགས་བཤད་བདུད་རྩིའི་བཅུད་མྱངས་པས། །བློ་གྲོས་ལུས་སྟོབས་རྒྱས་པའི་བུང་བ་ཞིག །སྙན་ཚིག་སྒྲ་དབྱངས་སྒྲོག་དང་ལྷན་ཅིག་ཏུ། །རྨད་བྱུང་དགའ་བའི་གར་གྱིས་མཁའ་ལ་བྲེལ། །སྙན་ངག་རྒྱ་མཚོ་རླབས་འཕྲེང་གཡོ་བ་དེར། །བློ་དམན་ཟླ་བའི་མཚན་མས་བརྒལ་དཀའ་ཡང་། །དབྱངས་ཅན་བཞད་པའི་དེད་དཔོན་ལ་བརྟེན་ནས། །སྙན་ཚིག་ཆུ་གཏེར་དབུས་སུ་ཕྱིན་ནམ་སྙམ། །ཚུལ་འདིར་འབད་པའི་འོ་མཚོ་ལས་འཁྲུངས་པའི། །ཀུནྡའི་མདོག་དང་མཚུངས་པའི་རྣམ་དཀར་ཟླས། །བློ་གསལ་ཚོགས་ཀྱི་རྨོངས་མུན་རབ་བསལ་ནས། །ཀུན་མཁྱེན་ལྷ་ལམ་དབྱིངས་སུ་འཇུག་གྱུར་ཅིག །སྙན་ངག་གི་རྒྱན་གཉིས་སོ་སོའི་དབྱེ་བའི་དཔེ་བརྗོད་བློ་ལྡན་དགའ་བྱེད་ཅེས་བྱ་བ་འདི་ནི། ཅོ་ནེའི་མདོ་སྔགས་ཀྱི་བསྟན་པའི་མངའ་བདག་མདོ་སྔགས་རིགས་གནས་ཀུན་ལ་སྦྱངས་པའི་མཁས་དབང་མཁན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་སྐུ་ཞབས་རྒྱལ་ཁབ་ཆེན་པོ་ཕོ་བྲང་དུ་བྱོན་ནས་བཞུགས་པའི་སྐབས་གསུང་ཤོག་གནང་སྦྱིན་དང་བཅས་ཏེ། ཁྱེད་ཀྱིས་དགོན་པའི་ཁྲི་པ་སོགས་དཀའ་རམ་འདི་རྣམས་ལ་སྙན་ངག་འཁྲིད་དགོས་ཞེས་བསྐུལ་བའི་བཀའ་གྱེན་དུ་བཟློག་མ་ནུས་པར། རང་གིས་གང་ཤེས་འཁྲིད་པའི་ཚེ་ཁོང་རྣམས་ཀྱིས་སྙན་ངག་སོ་སོའི་དཔེ་བརྗོད་རྒྱས་པ་ཞིག་བྱུང་ན་ལེགས་ཞེས་བསྐུལ་བ་ལ་བརྟེན་ནས། །ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་དོན་གཉེར་ཅན་འགའ་ལའང་ཕན་སྲིད་སྙམ་པའི་འདུན་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། དེ་ནས་སྙན་ངག་དང་མདོ་སྔགས་ཀྱི་གཞུང་དོན་དུ་མ་ལེགས་པར་མཁྱེན་ཅིང་དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཅོ་ནེའི་ཁྲི་པ་སངས་རྒྱས་དཔལ་བཟང་ནས་བསྟན་པའི་མངའ་བདག་མཁན་རིན་པོ་ཆེའི་བཞེད་པ་སྐོང་བ་དང་། གཞན་ལའང་ཕན་ཐོགས་འདོད་པའི་ཐུགས་འདུན་གྱིས་བར་དུ་བརྐོ་བར་བཞེད་པའི་ཚེ། པར་གྱི་ཡི་གེ་པ་ནི་སྙན་ངག་ཡིག་སྡེབ་སོགས་ཀྱི་རིག་གནས་ལ་བརྩོན་པ་ཆེ་བའི་དཀའ་བཅུ་བློ་བཟང་དབང་ཕྱུག་གོ། །།མངྒ་ལཾ།།


previousསྒྲ་རྒྱན་གྱི་རྣམ་གཞགnext