Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
སྤྱོད་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱོད་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་བདེ།next

སྤྱོད་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་བདེ།

སྤྱོད་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་བདེ་བཞུགས།

བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་པ་བདེ་བ་ཞིག་བཤད་པར་བྱ་སྟེ། བདེ་དགྱེས་སྤྱོད་རྒྱུད་སོགས་དང་། དེ་དག་གི་དགོངས་འགྲེལ་གྱི་རྒྱ་བོད་ཀྱི་གཞུང་དུ་མ་ལས་རང་གཞན་གྱི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ཆེད་དུ། དཔལ་མགོན་དོན་ལྔ་པོ་ཐམས་ཅད་དང་། དེ་དག་ལས་སྡེ་ཚན་ཅི་རིགས་བླངས་ནས་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་བཤད་པ་མང་ཞིང་། ད་ལྟ་གསང་བ དེ་འཇིགས་གསུམ་དང་ཀུན་རིག་སོགས་ཀྱི་ཆོ་གའི་སྔོན་འགྲོར་ཕྱོགས་སྐྱོང་ལ་མཆོད་གཏོར་བྱ་ཚུལ་དང་། གདུགས་དཀར་བཟློག་ཆེན་དང་སྣང་བརྒྱད་དང་། ཆ་གསུམ་གྱི་ཆོ་གར་ཡང་འདི་དག་ལ་མཆོད་གཏོར་དང་འཕྲིན་ལས་བཅོལ་ཚུལ་བཤད་པ་ལྟར་ཏེ། ཕྱག་ལེན་བྱེད་ཚུལ་ལ་མི་འདྲ་བར་འགའ་རེ་སྣང་ཡང་འདིར་ཕྱོགས་གཅིག་ཏུ་བྱས་ནས་མཆོད་ཚུལ་གྱི་དབང་དུ་བྱས་ན། ཕོ་བྲང་གྲུ་བཞི་སྒོ་བཞིའི་པའི་དབུས་ནས་ལྟེ་བའི་མཐར་ཟླུམ་སྐོར་རིམ་པ་བདུན་བྱས་པའི་དང་པོ་ལ་པད་འདབ་བཞི། གཉིས་པ་ལ་བཅུའམ་བརྒྱད། གསུམ་པ། བཞི་པ། ལྔ་པ་རྣམས་བརྒྱད་རེ། དྲུག་པ་ལ་ཉེར་བརྒྱད་དམ་བཞི། བདུན་པ་དགུའམ་བརྒྱད་བྱ་ཞིང་། པདྨ་མ་གྲུབ་ན་ཐམས་ཅད་ལ་ཐིག་ལེ་རེ་བྱས་ཏེ་མདུན་དུ་སྟེགས་ཀྱི་ཁར་བཞག་ནས་ཚོམ་བུ་དགོད། ཤིན་ཏུ་བསྡུས་ན་གཙོ་བོའི་གནས་སུ་ཐིག་ལེ་དང་ཚོམ་བུ་དགོད་ཅིང་། གནས་གཞན་རྣམས་སུ་གྲོ་ནས་སོགས་ཀྱི་མེ་ཏོག་བཀྲམ། དབུས་སུ་ཕྱག་རྡོར་གྱི་ཙག་ལི་ཡོད་ན་ལེགས་ཤིང་། མཐར་དར་ཤོག་སོགས་ཀྱི་ཡོལ་བ་དང་། འཕན་དར་སོགས་ཀྱི་རྣམ་པ་བྱ། མདུན་ནམ་མཐར་ཉེར་སྤྱོད་སོགས་ཀྱི་མཆོད་པ་དང་། ཟླུམ་གཏོར་ལྟོ་བ་ཅུང་ཟད་ལྡིར་བ་རྒྱན་དང་ལྡན་པའི་མཐར་གཏོར་ཕྲན་བདུན་བརྒྱད་སོགས་མཐེབ་ཀྱུ་རིལ་བུ་དང་བཅས་པ་དང་། འབྲུ་སྣ། དྲི་སྨན། ཟས་སྣ། ཤིང་ཏོག །དཀར་གསུམ། མངར་གསུམ། འབྲས་ཆན། དར་ཚོན། རིན་པོ་ཆེ་སོགས་ཅི་འབྱོར་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས་བདག་བསྐྱེད་ནི། ༀ་སྭ་བྷཱ་ཝས་སྟོང་བར་སྦྱངས། །སྟོང་པའི་ངང་ལས་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། སྤྲུལ་དང་རིན་པོ་ཆེས་བརྒྱན་ཅིང་དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་གསང་བའི་བདག་པོ་ཡེ་ཤེས་པ་སྤྱན་དྲངས། ཨེ་ཧྱ་ཧི། ཛ་ཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་སརྦ་ཏ་ཐཱ་ག་ཏ་ནས། ཤྲཱིཿཡེ་ཧཱུཾ། ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷ་གམ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས། མཆོད་ཡོོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། གིས་བར་གྱིས་བྱིན་བརླབས་བྱས་ལ། ༀ་བཛྲ་པཱ་ཎི་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད་དེ། ལྕང་ལོ་ཅན་གྱི་གནས་མཆོག་ཞེས་སོགས་ཀྱིས་བསྟོད་ལ། ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་པའམ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཞེས་པ་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོད་དེ་མཆོག་བསྟོད་བྱའོ། ། ༈ དེ་ནས་མདུན་བསྐྱེད་ནི། སྒྲུབ་གཞི་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་ཕོ་བྲང་གྲུ་བཞི། སྒོ་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་དཔལ་ཕྱག་ན་རྡོ་རྗེ་གཡས་གསེར་གྱི་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བསྟེན་པ། སྤྱན་གསུམ་པ། དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། དེའི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝང་། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་མི་མིག་བཟང་དམར་པོ་སྦྲུལ་ཞགས། བྱང་དུ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ། དེའི་ཕྱི་རོལ་ཀྱི་ཤར་དུ་བརྒྱ་བྱིན་དཀར་པོ་གླང་པོ་ཆེ་ལ་ཞོན་པ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ་གཡས་དབྱུག་པ་དང་གཡོན་སྡིགས་མཛུབ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་གཡས་སྦྲུལ་ཞགས་དང་གཡོན་པདྨ། བྱང་དུ་གནོད་སྦྱིན་སེར་པོ་མི་ལ༴ གཡས་བི་ཛི་པཱུ་ར་ཀ་དང་གཡོན་ནེའུ་ལེ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ༴ བགྲང་འཕྲེང་དང་སྤྱི་བླུག །ལྷོ་ནུབ་ཏུ་སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ། རལ་གྲི་དང་ཐོད་པ། ནུབ་བྱང་དུ་རླུང་ལྷ་དུད་ཁ་ཤ་བ་ལ༴ རླུང་རས་དང་ཞགས་པ། བྱང་ཤར་དུ་དབང་ཕྱུག་ཆེན་པོ་དཀར་པོ་ཁྱུ་མཆོག་ལ་ཞོན་པ། རྩེ་གསུམ་དང་གོ་རི་ལ་འཁྱུད་པ། བརྒྱ་བྱིན་གྱི་གཡས་སུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ། སྤྱི་བླུགས་དང་བགྲང་འཕྲེང་། ཆུ་ལྷའི་གཡས་སུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། གཡས་དམ་བཅའ་བའི་ཕྱག་རྒྱ་དང་། གཡོན་བུམ་པ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་དབང་པོ་དཀར་པོ་གཡས་རྡོ་རྗེ། ལྷོར་ཚངས་པ་སེར་པོ་གཡས་སྤྱི་བླུགས། ནུབ་ཏུ་ཁྱབ་འཇུག་ནག་པོ་གཡས་འཁོར་ལོ། །བྱང་དུ་ལྷ་ཆེན་ཐལ་མདོག་གཡས་རྩེ་གསུམ། ཤར་ལྷོར་ཚོགས་བདག་དཀར་པོ་ལ་ཕུག །ལྷོ་ནུབ་ཏུ་བྷྲིང་གི་རི་ཏི་ནག་པོ་རིན་པོ་ཆེ། ནུབ་བྱང་དུ་དགའ་རབ་དབང་ཕྱུག་དམར་པོ་མདའ་གཞུ། བྱང་ཤར་དུ་གདོང་དྲུག་དཀར་པོ་དགྲ་སྟ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་སྟོབས་རྒྱུ་ལྗང་ཁུ། ལྷོར་དུང་སྐྱོང་སེར་པོ། ནུབ་ཏུ་མཐའ་ཡས་སྔོན་པོ། བྱང་དུ་ནོར་རྒྱས་དཀར་པོ། ཤར་ལྷོར་འཇོག་པོ་དམར་པོ། ལྷོ་ནུབ་ཏུ་རིགས་ལྡན་ལྗང་ཁུ། ནུབ་བྱང་དུ་པདྨ་ཆེན་པོ་དཀར་པོ། བྱང་ཤར་དུ་པདྨ་དཀར་པོ་སྟེ་ཐམས་ཅད་ཀྱང་སྟོད་མི་དང་སྨད་སྦྲུལ་མཇུག་ཅན་སྦྲུལ་ཞགས་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཟླ་བ་དཀར་པོ་ཀུནྡ། ལྷོར་ཉི་མ་དམར་པོ་པདྨ། ནུབ་ཏུ་མིག་དམར་དམར་པོ་མདུང་ཐུང་། བྱང་དུ་ལྷག་པ་ལྗང་ཁུ་མདའ་གཞུ། ཤར་ལྷོར་ཕུང་བུ་སེར་པོ་བགྲང་འཕྲེང་། ལྷོ་ནུབ་ཏུ་པ་སངས་དཀར་པོ་ཕྲེང་བ། ནུབ་བྱང་དུ་སྤེན་པ་ནག་པོ་དབྱུག་པ། བྱང་ཤར་དུ་སྒྲ་གཅན་དམར་ནག་ཉི་ཟླ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཐ་སྐར་དཀར་པོ། བྲ་ཉེ་ལྗང་ཁུ། སྨིན་དྲུག་ལྗང་སེར། སྣར་མ་དམར་སྐྱ། མགོ་ནག་པོ། ལག་དཀར་པོ། ནབ་སོ་དཀར་པོ་དང། ལྷོར་རྒྱལ་ལྗང་ཁུ། སྐག་དཀར་པོ། མཆུ་དམར་པོ། གྲེ་ལྗང་སེར། དབོ་ལྗང་ཁུ། མེ་བཞི་དཀར་པོ། ནག་པ་ལྗང་ཁུ། ནུབ་ཏུ་ས་རི་དཀར་པོ། ས་ག་ནག་པོ། ལྷ་མཚམས་ལྗང་ཁུ། སྣྲོན་དཀར་པོ། སྣུབས་དཀར་པོ། ཆུ་སྟོད་ནག་པོ། ཆུ་སྨད་སྔོན་པོ་དང་། བྱང་དུ་བྱི་བཞིན་ལྗང་ཁུ། གྲོ་བཞིན་དམར་སྐྱ། མོན་གྲུ་ནག་པོ། མོན་གྲེ་སེར་པོ། ཁྲུམས་སྟོད་ལྗང་ཁུ། ཁྲུམས་སྨད་སེར་པོ། ནམ་གྲུ་སེར་སྐྱ་སྟེ། ཐམས་ཅད་ཀྱང་བུད་མེད་ཀྱི་རྣམ་པ་ཅན། ལག་པ་གཉིས་ཐལ་མོ་སྦྱར་བའོ། །དེའི་ཕྱི་རོལ་གྱི་ཤར་དུ་འཇིགས་བྱེད་དྲག་པོ་མདོགས་ནག་པོ། གཡས་ཁ་ཊྭཾ་ག །ལྷོར་བྷཻ་ར་ཝ་སྔོ་ནག་རྩེ་གསུམ། ནུབ་ཏུ་གནོད་སྦྱིན་དམར་ནག་དབྱུག་ཏོ། བྱང་དུ་ཡེ་ཤེས་བྷཻ་ར་ལྗང་ནག་འཁོར་ལོ། ཤར་ལྷོར་ཁྱབ་འཇུག་ནག་པོ་མདའ་ཆེན། ལྷོ་ནུབ་ཏུ་བི་ཏི་སྔོན་ནག་ཤཀྟི། ནུབ་བྱང་དུ་ཀཱ་ལ་བྷཻ་ར་དུད་ཁ་རལ་གྲི། བྱང་ཤར་དུ་ག་ཎ་པ་ཏི་སྔོན་ནག་རྡོ་རྗེ། ཤར་གྱི་དྲག་པོའི་གཡས་སུ་དེད་དཔོན་པྲ་མ་ཏི་དཀར་པོ་གཡས་རིན་པོ་ཆེ་བསྣམས་པ་སྟེ། རྒྱུ་སྐར་མ་གཏོགས་ཐམས་ཅད་ཀྱང་རང་རང་གི་ཆུང་མའི་ཚོགས་དང་བཅས་པའོ། །སྒོ་བཞིའི་ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོར་རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་རྡོར་དྲིལ་འཛིན་པའོ། །དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས། རི་རབ་ལྷུན་པོའི་སྟེང་འོག་ཕྱོགས་མཚམས་རྣམས་དང་། རྒྱ་མཚོ་ཆེན་པོ་ལ་སོགས་པའི་རང་རང་སོ་སོའི་གནས་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད་དེད་དཔོན་དགུ་སྟེ་དཔལ་མགོན་དོན་ལྔའི་ཚོགས་དང་། སྒོ་བཞི་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་རང་རང་གི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སྤོས་བཟུང་སྟེ། ཏིང་ཤག་གམ། དྲིལ་བུ་དཀྲོལ་ཏེ། ཛཿ རྒྱལ་བ་ཀུན་གྱི་མཐུ་སྟོབས་དཔུང་། །གཅིག་བསྡུས་ཕྱག་ན་རྡོ་རྗེ་དང་། །བཀའ་མཉན་དཔལ་མགོན་ཚོགས་དང་བཅས། །མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ། །རྒྱལ་ཆེན་བཞི་པོ་འཁོར་དང་བཅས། །མཆོད་སྦྱིན༴ ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །མཆོད་སྦྱིན༴ ལྷ་ཆེན་བརྒྱད་པོ༴ ཀླུ་ཆེན་བརྒྱད་པོ༴ གཟའ་ཆེན་བརྒྱད་པོ༴ རྒྱུ་སྐར་ཉེར་བརྒྱད༴ འཇིགས་བྱེད་དགུ་པོ༴ སྒོ་མ་བཞི་པོ༴ ཡུལ་ལྷ་གཞི་བདག་འཁོར་དང་བཅས། མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ། །མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ༀ་བཛྲ་པ་ཎི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོཿ རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པའི་ཚུལ་གྱིས་སོ་སོའི་གདན་ལ་བཞུགས་པར་གྱུར། དེ་ནས་མཆོད་པ་བྱིན་རླབས་ལ། ཉེར་སྤྱོད་རྣམས་སྔར་ལྟར་དང་། དེའི་མཇུག་ཏུ་ༀ་རཱུ་པ་ཨཱཿཧཱུཾ། ཞེས་སོགས་འདོད་ཡོན་ལྔ་བྱིན་གྱིས་བརླབས་ལ། མཆོད་རྫས་གཞན་དང་གཏོར་མ་རྣམས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ་བྱའམ། ཅུང་ཟད་བསྡུ་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ཨོ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ཁཾ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་བྱིན་བརླབས་བྱས་ནས། བདག་གི་བསམ་པའི་སྟོབས་དང་ནི། ཞེས་སོགས་བརྗོད་ལ། འཇིག་རྟེན་ཁམས་ཀྱི་མཆོད་ཚོགས་དང་། །བདག་གིས་ཕུལ་པའི་མཆོད་ཡོན་འདི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །དཔལ་མགོན་དོན་ལྔའི་ཚོགས་ལ་འབུལ། །བཞེས་ནས་བར་ཆད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ༀ་བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་གཞན་ལ་སྦྱར་ནས་ཤཔྟའི་བར་དང་། གཟུགས་མཆོག །སྒྲ་མཆོག་སོགས་དང་། རཱུ་པ་སོགས་སྦྱར་ནས་འབུལ་ཞིང་། གཞན་ཡང་འབྲུ་སྨན་རིན་ཆེན་དང་། །དྲི་དར་གོས་དང་ཟས་མཆོག་དང་། །དཀར་གསུམ་མངར་གསུམ་ལ་སོགས་དང་། །རིན་ཆེན་བདུན་དང་རི་རབ་གླིང་། །ཉི་ཟླ་ལ་སོགས་མཆོད་ཚོགས་ཀུན། །བཅོམ་ལྡན༴ དཔལ༴ བཞེས༴ དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ༀ་བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པ་རི་ཝ་ར་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་སྭཱཧཱ། དེ་ནས་ལྕང་ལོ་ཅན་གྱི་གནས་མཆོག་སོགས་དང་། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རང་རང་འཁོར་འདུལ་ཕྱོགས་བཞི་བསྲུང་། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད༴ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། མ་མོའི་རྒྱལ་པོ༴ ལྷོ་ཕྱོགས་གཤིན་རྗེའི༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ༴ ལྷོ་ནུབ་སྲིན་པོའི༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །གླུ་ཡི་རྒྱལ་པོ༴ ནུབ་ཕྱོགས་ཆུ་ལྷའི༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིན་འཛིན་རྒྱལ་པོ༴ ནུབ་བྱང་རླུང་ལྷའི༴ མཆོད་ཅིང་༴ གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་གདོན༴ བྱང་ཕྱོགས་གནོད་སྦྱིན༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ༴ བྱང་ཤར་དབང་ལྡན༴ མཆོད་ཅིང་༴ སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ་དང་། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད༴ འོག་གི་ཀླུ་སྟེ་ས་ཡི་ལྷ༴ ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱ་མཚོར་གནས་པའི་ཀླུ་རྒྱལ་དང་། །འཇིགས་བྱེད་དགུ་དང་སྒོ་མ་བཞི། །འཇིག་རྟེན་སྐྱོང་བ་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཁྱེད་རྣམས་མཆོད་ཅིང་བསྟོད་བྱས་པས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ཐམས་ཅད་སྒྲུབ་པར་མཛོད། །དེ་ནས་བཛྲ་པཱ་ཎི་དང་། སྔགས་གཞན་མི་འདྲ་བ་མང་དུ་སྣང་ཡང་། སྦྱོད་རྒྱུད་ལས་གསུངས་པའི་བསྡུས་པ་ནི། རྒྱལ་ཆེན་བཞི་ལ། ༀ་བཱཻ། ༀ་དྷྲི། ༀ་བི། ༀ་ཀྵ། ཞེས་དང་། ཕྱོགས་སྐྱོང་བཅུ་ལ། ༀ་ཨཱི། ༀ་ཨི། ༀ་ཨ། ༀ་ཡ། ༀ་ཏི། ༀ་བ། ༀ་ཡ། ༀ་ཀུ། ༀ་ཨཱ། ༀ་བ། ཞེས་དང་། ལྷ་ཆེན་བརྒྱད་ལ། ༀ་ཨ། ༀ་བྷི། ༀ་རུ། ༀ་ཨི། ༀ་ཀཾ ༀ་ག །ༀ་གྷཱི། ༀ་ཀ །ཞེས་དང་། ཀླུ་ཆེན་བརྒྱད་ལ། ༀ་ཕུ། ༀ་ཕ། ༀ་ཕུཾ། ༀ་ཕཾ། ༀ་ཕི། ༀ་ཕེ། ༀ་ཕཻ། ༀ་ཕཽ། ཞེས་དང་། གཟའ་དང་རྒྱུ་སྐར་ལ། ༀ་ཨ། ༀ་སོ། ༀ་ཨཾ། ༀ་བུ། ༀ་བྲི། ༀ་ཤུ། ༀ་ཤི། ༀ་ར། ཞེས་དང་། འཇིགས་བྱེད་དགུ་ལ། ༀ་བྷཻ་ར་ཝ་བྷེ་སྭཱཧཱ། ༀ་བྷ་སྭཱཧཱ། ༀ་བྷི་སྭཱཧཱ། ༀ་བྷུ་སྭཱཧཱ། ༀ་བྷོ་སྭཱཧཱ། ༀ་བྷཻ་སྭཱཧཱ། ༀ་བྷཽ་སྭཱཧཱ། ༀ་བྷ་སྭཱཧཱ། ༀ་བྷཾ་སྭཱཧཱ། ཞེས་ཅི་འགྲུབ་བཟླའོ། །དེ་ནས་གཏོར་མ་འབུལ་བ་ནི། མགྲོན་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ༀ་བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལི་ཾཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དང་། ཨ་ཀཱ་རོ་ལན་གསུམ་གཅིག་གམ་བདུན་དང་། ན་མཿས་མནྟ་བུདྡྷཱ་ནཾ། ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་གསུམ་སོགས་ཀྱིས་འབུལ་ཞིང་། རྒྱས་པར་ན། ༀ་རུ་ཏྲ་ཡེ་ཞེས་སོགས་དང་། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །ཞེས་སོགས་བརྗོད་ཅིང་ཞུ་ཡང་ལེགས། གཞི་བདག་གཏོར་མ་ཡང་སྤྱི་འགྲོ་ལྟར་བསྔོ། དེ་ནས་མཆོད་རྫས་བསྔོ་བ་དང་ལྷན་ཅིག་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། ཧཱུཾ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་ཚོགས། །གཅིག་བསྡུས་རིག་སྔགས་འཆང་བའི་རྗེ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི། །གཙོར་གྱུར་རྡོ་རྗེ་འཛིན་ལ་འདུད། །རི་རབ་ལྷུན་པོའི་ཕྱོགས་བཞི་ན། །གནས་བཅས་རྒྱལ་པོ་ཆེན་པོ་བཞི། །རང་རང་འཁོར་ཚོགས་འབུམ་དང་བཅས། །མཆོད་སྦྱིན་རྒྱ་མཚོ་འདི་ཞེས་ནས། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །བརྒྱ་བྱིན་དཀར་པོ་གླང་ཆེན་ཞོན། །ཕྱག་གཡས་རྡོ་རྗེ་རྩེ་བརྒྱ་འཛིན། །བརྒྱ་བྱིན་འབུམ་གྱི་ཚོགས་དང་བཅས། །མཆོད་སྦྱིན༴ བདག༴ ནད༴ འདོད༴ གཤིན་རྗེ་ནག་པོ་མ་ཧེ་བཅིབས། །ཕྱག་གཡས་རྡོ་རྗེའི་དབྱུག་པ་འཛིན། །གཤིན་རྗེ་འབུམ་གྱི༴ མཆོད་༴ བདག༴ ནད༴འདོད༴ ཆུ་ལྷ་དཀར་པོ་ཆུ་སྲིན་བཅིབས། །ཕྱག་གཡས་སྤྲུལ་གྱི་ཞགས་པ་འཛིན། །ཆུ་ལྷ་འབུམ་གྱི༴ མཆོད༴ བདག༴ ནད༴ འདོད༴ གནོད་སྦྱིན་སེར་པོ་མི་ལ་ཞོན། །ཕྱག་གཡས་ས་བོན་གྲོང་ཁྱེར་འཛིན། །གནོད་སྦྱིན་འཁོར་ཚོགས་འབུམ་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །མེ་ལྷ་དམར་པོ་ར་ལ་ཞོན། །ཕྱག་གཡས་བགྲང་ཕྲེང་སྤྱི་བླུག་འཛིན། །མེ་ལྷ་འབུམ་གྱི་ཚོགས་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །སྲིན་པོ་ནག་པོ་རོ་ལ་ཞོན། །ཕྱག་གཡས་རལ་གྲི་འབར་བ་འཛིན། །སྲིན་པོ་འཁོར་ཚོགས་འབུམ་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །རླུང་ལྷ་དུད་ཁ་ཤ་བ་བཅིབས། །ཕྱག་གཡས་རླུང་གི་བ་དན་འཕྱར། །རླུང་ལྷ་འཁོར་ཚོགས་འབུམ་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །དབང་ཕྱུག་དཀར་པོ་གླང་ལ་ཞོན། །ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་འཛིན། །འབྱུང་པོ༴ མཆོད་ཚོགས༴ བདག་དང༴ ནད་གདོན༴ འདོད་རྒུའི༴ ཚངས་པ་སེར་པོ་ངང་པ་བཅིབས། །ཕྱག་གཡས་སྦྱི་སླུག་བགྲང་འཕྲེང་འཛིན། །ཚངས་པ་འབུམ༴ མཆོད་ཚོགས༴ བདག་དང༴ ནད་གདོན༴ འདོད་རྒུའི༴ ས་ལྷ་སེར་པོ་པདྨར་གནས། །ཕྱག་གཡས་དམ་བཅའི་ཕྱག་རྒྱ་ཅན། །ས་བདག༴ མཆོད་ཚོགས༴ བདག་དང་སྦྱི༴ ནད་གདོན༴ འདོད་རྒུའི༴ ཀྱེ། སྲིད་པ་གསུམ་ན་མཐུ་ཆེ་བའི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་དམ་རྫས་འདི་བཞེས་ནས། །བདག་དང༴ ནད་གདོན༴ འདོད་རྒུའི༴ རྒྱ་མཚོ་ཆེ་ལ་དབང་བསྒྱུར་བའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན༴ བདག་དང༴ ནད་གདོན༴ འདོད་རྒུའ༴ ནམ་མཁའི་ཁམས་ལ་དབང་བསྒྱུར་བའི། །གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱིས། །མཆོད་སྦྱིན་༴ བདག་དང༴ ནད་གདོན༴ འདོད་རྒུའ༴ སྡེ་བརྒྱད་ཚོགས་ལ་དབང་བསྒྱུར་བའི། །འཇིགས་བྱེད་དགུ་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་རྒྱ་མཚོ་འདི་བཞེས་ནས། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །དཔལ་མགོན་དོན་ལྔ་སྒོ་མ་བཞི། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས། །མཆོད་སྦྱིན་རྒྱ་མཚོ་འདི་བཞེས་ནས། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །ཀྱེ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །བཀའ་ཉན་དཔལ་མགོན་ཚོགས་ཀུན་ཀྱང་། །རྫུ་འཕྲུལ་ལྡན་ཅིང་སྟོབས་དང་ལྡན། །སྲིད་གསུམ་འདི་ན་གྲགས་པ་ཆེ། །འཇིག་རྟེན་ཁམས་ཀུན་བསྲུང་ཞིང་སྐྱོང། །གཞན་གྱིས་མི་ཐུབ་མཐུ་རྩལ་ལྡན། །ཕ་རོལ་རྒོལ་བའི་དཔུང་འཇོམས་བྱེད། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་། །གནོད་བྱེད་དགྲ་བགེགས་ཚར་གཅོད་མཛད། །ལས་དང་མཐུན་པའི་ཕན་གནོད་དང་། །ཆ་ལུགས་མ་ངེས་ཅི་ཡང་སྟོན། །གང་གིས་མཆོད་ཅིང་བསྐུལ་བ་དེའི། །ཞི་རྒྱས་དབང་དྲག་འཕྲིན་ལས་སྒྲུབ། །འཇིག་རྟེན་པ་ཡི་ཚུལ་འཛིན་ཡང་། །དམ་པའི་སྤྲུལ་པ་ཉིད་དུ་ངེས། །དེ་སླད་ཁྱེད་རྣམས་མཆོད་བྱས་པ། །དོན་ལྡན་དངོས་གྲུབ་འབྱུང་བའི་གནས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །དཔལ་མགོན་འཁོར་བཅས་མཆོད་བྱས་པས། ཁྱེད་རྣམས་མཉེས་ཤིང་ཚིམ་གྱུར་ཅིག །མཉེས་ཤིང་ཚིམ་ནས་བདག་ཅག་ལ། །གནོད་པའི་མི་མཐུན་ཕྱོགས་ཀུན་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །གོད་ཁ་གོད་འདྲེ་ཐམས་ཅད་ཟློག །ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །ཕུན་ཚོགས་ཐམས་ཅད་རྒྱས་པར་མཛོད། །ཞེས་བྱའོ། །འདི་ལོ་རིམ་ལ་བྱེད་ན། བདག་དང་སྦྱིན་བདག་འཁོར་བཅས་ཀྱི། ཞེས་སོགས་རྐང་པ་གཉིས་ལ། ཡུལ་འདིའི་ལོ་ཏོག་འབྲུ་བཅུད་ལ། །གནོད་པའི་ཐན་སེར་ཞི་བ་དང་། །ཞེས་བསྒྱུར་བ་དང་། ཀླུ་དང་ས་བདག་གི་གནོད་པ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །འཚེ་བའི་ཀླུ་དང་ས་བདག་གི །གནོད་པ་ཐམས་ཅད་ཞི་བ་དང་། །ཞེས་དང་། རིགས་རྒྱུད་འཕེལ་བ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རིགས་བརྒྱུད་འཕེལ་ཞིང་རྒྱས་པ་ལ། །གནོད་པའི་བར་ཆད་ཞི་བ་དང་། །ཞེས་བྱ། གོད་ཁ་ཆེ་ན། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གནོད་པའི་གོད་ཁ་ཞི་བ་དང་། །ཞེས་དང་། ལོངས་སྤྱོད་འཕེལ་བ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་དཔལ་ལོངས་སྤྱོད་ཕུན་ཚོགས་སོགས། །འདོད་རྒུའི་འབྱོར་བ་མ་ལུས་པ། ཡར་ངོའི་ཟླ་ལྟར་རྒྱས་པར་མཛོད། །ཅེས་པ་སྒྱུར་བ་སོགས་རིགས་འགྲེ་བྱའོ། །མཇུག་ཏུ་སླར། བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་སོགས་ཀྱིས་མཆོད་ལ། རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་པ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །བཀའ་ཉན་དཔལ་མགོན་དོན་ལྔའི་ཚོགས། །འཁོར་དང་བཅས་ལ་གུས་པས་བསྟོད། །དེ་ནས་ཡིག་བརྒྱ་བཟླས་ཏེ། ཀྱཻ། གསང་བདག་དཔལ་མགོན་ཁྱེད་རྣམས་ལ། །མཆོད་བསྟོད་འཕྲིན་ལས་བཅོལ་སྐབས་འདིར། །མཆོད་པ་ངན་ཞིང་བཤམས་ཉེས་དང་། །མ་འབྱོར་མ་གུས་མ་རིག་པས། །ཆོ་ག་ལྷག་ཆད་གྱུར་པ་དང་། ཁྱེད་རྣམས་མཉེས་པར་མ་གྱུར་པའི། །ཉེས་པ་ཐམས་ཅན་བདག་འཆགས་སོ། །བརྩེ་བས་དགོངས་ནས་བཟོད་བཞེས་ཏེ། །མགོན་སྐྱབས་དཔུང་གཉེན་གཡེལ་མེད་མཛོད། །ད་ནི་མགྲོན་དུ་འོས་པ་རྣམས། །སྟེང་འོག་ཕྱོགས་མཚམས་གང་དག་ནས། །བྱོན་པའི་རང་རང་གནས་རྣམས་སུ། །གཤེགས་སུ་གསོལ་ལོ་བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར་པར་བསམས་ལ་སེལ་གོལ་གདབ། དེ་ནས་ཕོ་བྲང་མཆོད་པ་སོགས་བསྡུས་ནས་མདོ་ཟློག་དང་། བཀྲ་ཤིས་རྒྱས་བསྡུས་ཅི་རིགས་བྱའོ། །དཔལ་མགོན་འདི་དག་ཕལ་ཆེར་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་དུ་འདུག་པས་མཐུ་ནུས་བསམ་གྱིས་མི་ཁྱབ་ཅིང་། རྒྱུད་དང་དགོངས་འགྲེལ་དག་ལས་འདི་དག་གི་སྐུ་མདོག་ཕྱག་མཚན་སོགས་མི་འདྲ་བར་དུ་མ་བཤད་པ་མཐོང་བ་ལས། ལུགས་གཅིག་གི་དབང་དུ་བྱས་ནས་འདི་རྣམས་ཀྱི་ཞབས་ཏོག་དང་གཞན་རེ་གཉིས་ལ་ཕན་སྲིད་སྙམ་པའི་འདུན་པས། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བསྒྲིགས་པ་སྟེ། སྒོ་བཞིར་རྒྱལ་ཆེན་བཞི་དང་སྒོ་མ་བཞི་འགོད་པའི་ཚུལ་གཉིས་སྣང་བ་ལས་གང་བྱས་ཀྱང་མི་འགལ་མོད་འདིར་ཕྱི་མའི་དབང་དུ་བྱས་སོ། །པར་གྱི་ཡི་གེ་བ་ནི་ཁྲུ་ཤའི་དགེ་སློང་ཀུན་དགའ་ནོར་བུའོ།། །།མངྒ་ལཾ།།


previousསྤྱོད་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་བདེ།next