Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་གསལ་བ།next

ཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་གསལ་བ།

ཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་གསལ་བ་བཞུགས།

བླང་དང་དོར་བྱའི་ཆོས་རྣམས་མ་ལུས་པ། །མངོན་སུམ་གཟིགས་ནས་གཞན་ལ་ཐུགས་བརྩེ་བས། །ལེགས་པར་འདོམས་མཛད་ཟླ་མེད་སྟོན་པ་དང་། །རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །རྒྱལ་བས་གསུངས་པའི་ཆོས་མངོན་གཞུང་ལུགས་ཀུན། །ཇི་བཞིན་གསལ་མཛད་ཐོགས་མེད་སྐུ་མཆེད་སོགས། །འཛམ་གླིང་མཁས་པ་རྣམས་ལ་གུས་བཏུད་ནས། །མངོན་པའི་གཞུང་དོན་ཆ་ཙམ་བརྗོད་པར་བྱ། །དེ་ཡང་ཐར་འདོད་ཀྱི་སྐྱེས་བུས་བདེན་བཞིའི་ནང་ཚན་གྱི་སྡུག་ཀུན་གཉིས་ཀྱི་རྣམ་གཞག་ལེགས་པར་ཤེས་དགོས་པ་ཡིན་ཏེ། སྡུག་བདེན་གྱི་རྣམ་དབྱེ་མི་ཤེས་ཤིང་མ་བསམས་ན་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་ཁྱད་པར་ཅན་མི་སྐྱེ་ཞིང་། ཀུན་འབྱུང་གི་རྣམ་དབྱེ་མི་ཤེས་ན་འཁོར་བའི་རྩ་བ་གང་ཡིན་དེར་གཅོད་ཚུལ་མི་ཤེས་པའི་ཕྱིར་ཏེ། ལམ་རིམ་བསྡུས་དོན་ལས། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ནས། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་རྣམ་གཞག་ནི་མངོན་པ་གོང་འོག་གི་གཞུང་ལས་འབྱུང་བ་ལྟར། ཕར་ཕྱིན་དང་ལམ་རིམ་སོགས་ནས་ཀྱང་ཅི་རིགས་བཤད་ཅིང་། བདག་གིས་ཀྱང་མཛོད་ཀྱི་ཊཱིཀྐ་དང་། ལས་ཀྱི་རྣམ་གཞག་སོགས་ལས་ཅི་ལྟར་རིགས་པར་བརྗོད་ཟིན་ནའང་། འདིར་ཉོན་མོངས་ཀྱི་རྣམ་གཞག་མདོར་བསྡུས་ཞིག་སྒོས་སུ་འཆད་པ་ལ་གསུམ། ཉོན་མོངས་པའི་དབྱེ་བ་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱལ་བས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེར་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལྟར་ན། ཉོན་མོངས་པའི་ཕྱོགས་ལའང་བརྒྱད་ཁྲི་བཞི་སྟོང་ཡོད་དེ། གཉེན་པོ་དང་གྲངས་མཚུངས་པར་འདོད་ཆ གས་ཀྱིས་སྡེར་གཏོགས་ཉིས་ཁྲི་ཆིག་སྟོང་། དེ་བཞིན་དུ་ཞེ་སྡང་གཏི་མུག་དང་། དུག་གསུམ་གང་རུང་ཆ་མཉམ་པའི་སྡེར་གཏོགས་ཉིས་ཁྲི་ཆིག་སྟོང་སྟེ་ཁྱོན་བརྒྱན་ཁྲི་བཞི་སྟོང་ཡོད་པའི་ཕྱིར་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་བཞི། མཚན་ཉིད། སྒྲ་བཤད། བྱེད་ལས། དབྱེ་བའོ། །དང་པོ་ནི་རང་དང་མཚུངས་ལྡན་གྱི་སེམས་རྒྱུད་མ་ཞི་བར་བྱེད་པའི་རིགས་སུ་གནས་པའི་སེམས་བྱུང་དེ། ཉོན་མོངས་པའི་མཚན་ཉིད། རིགས་གནས་སྦྱར་བའི་དགོས་པ་ཡོད་དེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཉོན་མོངས་པས་དེའི་སེམས་རྒྱུད་ལ་ཞི་བར་མི་བྱེད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་ནི་སྨན་དང་སྔགས་ཀྱིས་བཅོམ་པའི་དུག་ལྟར་ནུས་པ་ཆུང་བའི་ཕྱིར་རོ། །གཉིས་པ་ནི། སེམས་བློང་བློང་པོར་བྱེད་པའམ་མ་ཞི་བར་བྱེད་པས་ན་ཉོན་མོངས་པ་ཞེས་བྱའོ། །གསུམ་པ་ནི། ཉོན་མོངས་གཞན་དང་ལས་བསྐྱེད་ཅིང་རྒྱུན་བརྟན་པ་དང་གནས་པར་བྱེད་པ་སོགས་སོ། །བཞི་པ་དབྱེ་ན་བཞི་སྟེ། ངོ་བོའི་སྒོ་ནས་རྩ་བའི་ཉོན་མོངས་དྲུག །ཉེ་བའི་ཉོན་མོངས་ཉི་ཤུ། རྣམ་པའི་སྒོ་ནས་བཅུ། ཁམས་ཀྱི་སྒོ་ནས་གོ་བརྒྱད་དོ། །དང་པོ་རྩ་ཉོན་དྲུག་ནི། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་ཞེས་གསུངས་པ་ལྟར་རོ། །དེ་ཡང་རྩ་ཉོན་དུ་གྱུར་པའི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་ངན་དང་། ཐེ་ཚོམ་ཉོན་མོངས་ཅན་དང་དྲུག་གོ ། དང་པོ་འདོད་ཆགས་ནི། ཟག་བཅས་ཀྱི་དངོས་པོ་ལ་ཆགས་པའི་སེམས་བྱུང་ངོ་། །གཉིས་པ་ཁོང་ཁྲོ་ནི། སེམས་ཅན་ནམ་ཚེར་མ་སོགས་ཀུན་ནས་མནར་སེམས་ཀྱི་གཞི་ལ་དམིགས་པའི་སེམས་བྱུང་རྩུབ་པའི་རྣམ་པ་ཅན་ནོ། །གསུམ་པ་ང་རྒྱལ་ནི་འཇིག་ལྟ་ལ་བརྟེན་ནས་ཡུལ་མཐོ་དམའ་བར་གསུམ་ཅི་རིགས་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ངོ། །བཞི་པ་མ་རིག་པ་ནི། བདེན་བཞི་དང་ལས་འབྲས་སོགས་ལ་རྨོངས་པ་དང་རིག་པ་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་སེམས་བྱུང་རྨོངས་པའོ། །ལྔ་པ་ཐེ་ཚོམ་ཉོན་མོངས་ཅན་ནི། དཀོན་མཆོག་དང་ལས་འབྲས་སོགས་ཡོད་པའི་དོན་ལ་ཡིད་གཉིས་ཟ་བའི་སེམས་བྱུང་ངོ་། །དྲུག་པ་ལྟ་བ་ཉོན་མོངས་ཅན་ལ་ལྔ་ཡོད་པའི། དང་པོ་འཇིག་ལྟ་ནི། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །གཉིས་པ་མཐར་ལྟ་ནི། འཇིག་ལྟས་བཟུང་བའི་བདག་དེ་ལ་དམིགས་ནས་རྟག་པར་ལྟ་བའམ་འདི་ནས་ཉིང་མཚམས་སྦྱོར་བར་མེད་པའི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །གསུམ་པ་ལྟ་བ་མཆོག་འཛིན་ནི། ལྟ་བ་དམན་པ་ལ་ལྟ་བ་མཆོག་ཏུ་རློམ་ཞིང་ཞེན་པའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །བཞི་པ་ལོག་ལྟ་ནི། ཚེ་ལྔ་ཕྱི་དང་ལས་འབྲས་སོགས་ཡོད་པའི་དོན་ལ་མེད་པར་ལྟ་བའམ་མེད་པའི་དོན་ལ་ཡོད་པར་ལྟ་བའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །ལྔ་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། ཚུལ་ཁྲིམས་ངན་པ་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །སྔ་མ་དྲུག་ལ་རྩ་ཉོན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྲིད་པའི་རྩ་བའམ་རྒྱུའི་གཙོ་བོ་བྱེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། མ་རིག་པ་ལས་གཞན་རྣམས་འཁོར་བའི་རྩ་བ་དངོས་མིན་ཏེ། གཞུང་གཞན་ནས་འཁོར་བའི་རྩ་བ་ལ་མ་རིག་པས་ཁྱབ་པར་བཤད་པའི་ཕྱིར་རོ། །མ་རིག་པ་ཐམས་ཅད་ཀྱང་འཁོར་བའི་རྩ་བ་མིན་ཏེ། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་མ་གཏོགས་གཞན་ལས་འབྲས་སོགས་ལ་རྨོངས་པའི་མ་རིག་པ་ནི་འཁོར་བའི་རྩ་བར་མི་རུང་བའི་ཕྱིར་ཏེ། འཁོར་བའི་རྩ་བ་ལ་འཛིན་སྟངས་མི་མཐུན་པ་གཉིས་མེད་པའི་ཕྱིར་རོ། །གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཐམས་ཅད་ཀྱང་འཁོར་བའི་རྩ་བ་མིན་ཏེ། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་རྣམས་མ་རིག་པ་ཡིན་ཀྱང་འཁོར་བའི་རྩ་བ་མ་ཡིན་པའི་ཕྱིར་རོ། རང་རྒྱུད་པ་མན་ཆད་དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་མ་རིག་པར་མི་འདོད་ཀྱང་ཐལ་འགྱུར་བའི་ལུགས་ལ་དེ་མ་རིག་པ་ཡིན་པའི་ཚུལ་ཤེས་དགོས་སོ། །མ་རིག་པ་དང་འདོད་ཆགས་གང་རུང་ཡིན་ན། རྩ་ཉོན་ཡིན་མི་དགོས་ཏེ། བྱང་འཕགས་ཀྱི་རྒྱུད་ལ་དེ་གཉིས་ཡོད་པའི་ཕྱིར་ཏེ། བྱང་འཕགས་ཀྱིས་འདོད་གཟུགས་ཀྱི་འདོད་ཆགས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་བསྒྱུར་བར་བྱེད་པའི་ཕྱིར་རོ། །རྩ་ཉོན་གྱི་ནང་ཚན་གྱི་འདོད་ཆགས་དང་། ཁོང་ཁྲོ་དང་། མ་རིག་པ་གསུམ་ནི་དུག་གསུམ་ལ་བྱེད་པ་ཡིན་ཏེ། འདོད་ཆགས་རང་མིང་གིས་ཤེས་ལ། ཁོང་ཁྲོ་ཞེ་སྡང་དང་། མ་རིག་པ་གཏི་མུག་ཡིན་པའི་ཕྱིར། འདོད་ཆགས་ཞེས་པ་ནི་ད་ལྟ་འདོད་ཆགས་སུ་གྲགས་པའི་དབང་པོ་གཉིས་སྦྱོར་ལ་བརྟེན་པའི་འདོད་ཆགས་ཙམ་མིན་གྱི། གཟུགས་སྒྲ་སོགས་འདོད་ཡོན་རྣམས་ལ་ཆགས་པའི་སྲེད་པ་སོགས་ཟག་བཅས་ཀྱི་དངོས་པོ་ལ་སྲེད་པས་ཞེན་པའི་སེམས་བྱུང་ཐམས་ཅད་ཀྱང་འདོད་ཆགས་ཡིན་ནོ། ཁོང་ཁྲོ་ནི་གོ་སླ་ལ། གཏི་མུག་ལ་དཀོན་མཆོག་གམ་ལས་འབྲས་བདེན་བཞི་སོགས་བླང་དོར་གྱི་གནས་རགས་པ་ལ་རྨོངས་པ་དང་། ཆོས་དང་གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་གཏི་མུག་གཉིས་ཡོད་དོ། །ང་རྒྱལ་ལ་མཉམ་པའི་ང་རྒྱལ། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་མཉམ་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་དང་བདུན་ནོ། །ཉོན་མོངས་པར་ཀུན་བསླངས་ཏེ་རིགས་རུས་ལོངས་སྤྱོད་ཡོན་ཏན་སོགས་གང་རུང་གི་སྒོ་ནས་བདག་མི་འདི་དང་མཉམ། འདི་ལས་ལྷག་འདི་ལས་ཆེས་ཁྱད་པར་དུ་འཕགས། རང་གི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་པ་དང་། ཡོན་ཏན་དེ་མ་ཐོབ་ཀྱང་ཐོབ་ཟིན་ནོ་སྙམ་པ་དང་། བདག་ཁྱད་འཕགས་དེ་བས་ཅུང་ཟད་ཙམ་ཞིག་དམན་སྙམ་པ་དང་། ཡོན་ཏན་མིན་པ་ལ་ཡོན་ཏན་དུ་རློམ་པ་རྣམས་སོ། །འདི་དག་ལ་ང་རྒྱལ་དངོས་མིན་པའང་ཡོད་དོ། །ཐེ་ཚོམ་ལ་སྤྱིར་ཉོན་མོངས་ཅན་དང་མིན་པ་གཉིས་ཡོད་ཀྱང་ལས་འབྲས་རགས་པ་དང་དཀོན་མཆོག་གསུམ་དང་བདེན་བཞི་རགས་པ་ལ་ཡོད་དམ་མེད་ཕལ་ཆེར་མེད་སྙམ་དུ་ཐེ་ཚོམ་ཟ་བ་ནི་ཉོན་མོངས་ཅན་མི་དགེ་བ་ཡིན་ལ། ལས་འབྲས་ཕྲ་མོ་སོགས་བླང་དོར་གྱི་གནས་ཤིན་ཏུ་རྟོགས་དཀའ་བ་ལ་ཡོད་མེད་ཐེ་ཚོམ་ཟ་བ་ལྟ་བུ་ཐེ་ཚོམ་ལུང་མ་བསྟན་དུ་འགྱུར་ཞིང་། ལས་འབྲས་ཕྲ་མོ་རྣམས་ཡོད་མེད་གང་ཡིན་མི་ཤེས་ཀྱང་གཞན་གྱིས་ཡོད་པར་བསྟན་པ་ན་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་ནི་དགེ་བར་འགྱུར་རོ། །འཇིག་ལྟ་སོགས་ལྟ་བ་ལྔ་པོ་གཅིག་ཏུ་བསྡུས་པ་ལ་ལྟ་བ་ཉོན་མོངས་ཅན་ཞེས་རྩ་ཉོན་དུ་འདྲེན་པས་རྩ་ཉོན་དྲུག་གོ །གཉིས་པ་ཉེ་ཉོན་ལ་ཉི་ཤུ་ཡོད་པའི། དང་པོ་ཁྲོ་བ་ནི། གནོད་བྱེད་ལ་ཡིད་འཁྲུགས་པའི་སེམས་བྱུང་བཏགས་ཡོད། གཉིས་པ་འཁོན་འཛིན་ནི་སྔར་གྱི་གནོད་བྱེད་ལ་ཤ་གཉེར་བ་མི་གཏོང་བའི་སེམས་བྱུང་། གསུམ་པ་འཆབ་པ་ནི། ཁ་ན་མ་ཐོ་པ་ཟུར་གྱིས་སྦེེད་པའི་སེམས་བྱུང་། སེམས་བྱུང་ཞེས་པ་གཞན་ལའང་སྦྱར་ཏེ། བཞི་པ་འཚིག་པ་ནི། ཁྲོ་བས་རྒྱུ་བྱས་ཏེ་ཚིག་རྩུབ་འདྲེན་པ། ལྔ་པ་ཕྲག་དོག་ནི། གཞན་གྱི་ཕུན་ཚོགས་ལ་ཡིད་ཁོང་ནས་འཁྲུགས་པ། དྲུག་པ་སེར་སྣ་ནི། ཟག་བཅས་ཀྱི་དངོས་པོ་ལ་དམ་དུ་འཛིན་པ། བདུན་པ་སྒྱུ་ནི། ཉེས་པ་མི་མངོན་པར་གཞན་དུ་སྒྱུར་བར་བྱེད་པ། བརྒྱད་པ་གཡོ་ནི། ཡོན་ཏན་དེ་དང་མི་ལྡན་བཞིན་དུ་ལྡན་པ་ལྟར་སྟོན་པ། དགུ་པ་རྒྱགས་པ་ནི། རང་གི་ཡོ་བྱད་སོགས་ལ་ཆགས་ཤིང་དྲེགས་པ། བཅུ་པ་རྣམ་འཚེ་ནི། གཞན་ལ་གནོད་སེམས་བསམ་པས་ཐོ་འཚམ་བར་འདོད་པ། བཅུ་གཅིག་པ་ངོ་ཚ་མེད་པ་ནི། རང་ངམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པ། བཅུ་གཉིས་པ་ཁྲེལ་མེད་པ་ནི། གཞན་གྱིས་འཕྱ་བའི་ཉེས་པ་ལ་མི་འཛེམ་པ། བཅུ་གསུམ་པ་རྨུགས་པ་ནི། ལུས་སེམས་བློང་བློང་པོར་བྱེད་པ། བཅུ་བཞི་པ་རྒོད་པ་ནི། དམིགས་པ་རྩེ་གཅིག་པ་ལས་སེམས་འཕྲོ་ཞིང་ཞི་བར་བྱེད་པ་ཅན། བཅོ་ལྔ་པ་མ་དད་པ་ནི། ཡོན་ཏན་ཅན་ནམ་ཡོན་ཏན་དང་བླང་དོར་གྱི་གནས་སོགས་ལ་མི་གུས་པ། བཅུ་དྲུག་པ་ལེ་ལོ་ནི། དགེ་བའི་བྱ་བ་ལ་མི་སྤྲོ་བ། བཅུ་བདུན་པ་བག་མེད་ནི། རང་དགར་སྤྱོད་པ་ཕྱིན་ཅི་ལོག་ཏུ་བྱེད་པ། བཅོ་བརྒྱད་པ་བརྗེད་ངེས་ནི། དགེ་བའི་དམིགས་རྣམ་བརྗེད་པར་བྱེད་པ། བཅུ་དགུ་པ་ཤེས་བཞིན་མ་ཡིན་པ་ནི། དགེ་བའི་བྱ་བ་དེ་ལེགས་པར་མི་ཤེས་པའམ་ཤེས་ཀྱང་དྲན་པ་གཡེང་ནས་འཇུག་པ། ཉི་ཤུ་པ་རྣམ་གཡེང་ནི། དགེ་བའི་དམིགས་པ་ལས་ཡིད་ཕྱིར་འཕྲོ་བར་བྱེད་པའི་སེམས་འབྱུང་ངོ་། །འདི་དག་ལ་ཉེ་ཉོན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྩ་ཉོན་དང་ཉེ་བའི་ཉོན་མོངས་ཡིན་པས་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གཉིད་དང་། འགྱོད་པ་དང་། རྟོག་དཔྱོད་གཉིས་ཏེ་བཞི་ལ་ནི་ཉོན་མོངས་ཡིན་མིན་གཉིས་ཡོད་དོ། །རྩ་ཉོན་དང་ཉེ་ཉོན་གང་ཡིན་ཀྱང་སེམས་བྱུང་ཡིན་དགོས་པས། དེ་དག་གང་གི་འཁོར་དུ་བྱེད་པའི་སེམས་དེ་ཉོན་མོངས་ཅན་ལྟ་བུ་ཡིན་ཀྱང་ཉོན་མོངས་མིན་ནོ། །ཉེ་ཉོན་དེ་དག་ནི་གཙོ་བོར་མངོན་པ་ཀུན་བཏུས་དང་། ཕུང་པོ་ལྔའི་རབ་བྱེད་ནས་བཤད་པ་ལྟར་ཡིན་ལ། མཛོད་ལས། རྨོངས་པ་དང་། བག་མེད་དང་། ལེ་ལོ་དང་། མ་དད་པ་དང་། རྒོད་པ་སྟེ་དྲུག་ལ་ཉོན་མོངས་ཆེན་པོའི་ས་པ་དང་། ཁྲོ་བ། འཁོན་འཛིན། གཡོ། ཕྲག་དོག །འཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་པར་འཚེ་བ་སྟེ་བཅུ་ལ་མི་དགེ་བ་ཆེན་པོའི་ས་པ་དང་། ཁོང་ཁྲོ། ང་རྒྱལ། ངོ་ཚ་མེད་པ། ཁྲེལ་མེད་པ་རྣམས་ལ་ཡང་མི་དགེ་བའི་ས་པར་བཤད་དོ། །གཉིས་པ་རྣམ་པའི་སྒོ་ནས་བཅུ་ནི། སྔར་བཤད་པའི་ལྟ་བ་ལྔ་དང་། ལྟ་མིན་སྔ་སྟེ་བཅུའོ། །གསུམ་པ་ཁམས་ཀྱི་སྒོ་ནས་ཕྱེ་ན། འདོད་པའི་སས་བསྡུས་པའི་སྡུག་བསྔལ་མཐོང་སྤངས་ལྟ་བ་ལྔ་ལྟ་མིན་ལྔ་སྟེ་བཅུ་དང་། ཀུན་འབྱུང་འགོག་པ་མཐོང་སྤང་ལ་འཇིག་ལྟ་མཐར་ལྟ་ཚུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གསུམ་དོར་ནས་གཞན་བདུན་བདུན་ཏེ་ཉེར་གཅིག་དང་། ལམ་མཐོང་སྤང་ལ་འཇིག་ལྟ་མཐར་ལྟ་མ་གཏོགས་གཞན་བརྒྱད་དེ་ཁྱོན་སོ་དྲུག་གོ །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་ནི་སྒོམ་སྤང་ངོ་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་གཞན་སོ་ལྔ་རེ་ཡོད་པ་ནི་སྔར་དང་འདྲ་ཞིང་། ཐམས་ཅད་ཁྱོན་བསྡོམས་ན་གོ་བརྒྱད་དོ། །ཚུལ་འདིས་ཁམས་གོང་མ་གཉིས་ཀྱི་གང་ཟག་གི་རྒྱུད་ལའང་ཁོང་ཁྲོ་མངོན་འགྱུར་བ་མེད་པར་གོ་བར་བྱ་སྟེ། མཛོད་ལས། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་དང་གཟུགས་མེད་དེ་དང་འདྲ། །ཞེས་གསུངས་པའི་ཕྱིར། གསུམ་པ་འཕྲོས་ནི་རྒྱས་པར་བཤད་ན་མང་ཡང་། བསྡུ་ན། ཉོན་མོངས་དེ་རྣམས་ལས་མི་དགེ་བ་ནི་གང་། ལུང་མ་བསྟན་ནི་གང་ཞེ་ན། ཡོད་དེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པ། །ལྷག་མ་རྣམས་འདིར་མི་དགེའོ། །ཞེས་གསུངས་པ་ལྟར། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ཐམས་ཅད་སྒྲིབ་ལུང་མ་བསྟན་ཡིན་ཏེ། སྒྲིབ་པ་ཡིན་ཡང་ས་དེའི་ཏིང་ངེ་འཛིན་གྱི་ནུས་པས་བཏུལ་བས་རྣམ་སྨིན་འབྱིན་པའི་ནུས་པ་མེད་པའི་ཕྱིར་རོ། །འདོད་པའི་འཇིག་ལྟ་མཐར་ལྟ་གཉིས་དང་། དེ་གཉིས་དང་མཚུངས་ལྡན་གྱི་མ་རིག་པ་རྣམས་ཀྱང་སྒྲིབ་ལུང་མ་བསྟན་ཡིན་ཞིང་། དེ་གསུམ་ལས་ལྷག་མ་ཕྲ་རྒྱས་འདོད་ཆགས། ཞེ་སྡང་ཁོང་ཁྲོ། ཐེ་ཚོམ་ཉོན་མོངས་ཅན། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཞུགས་མཆོག་འཛིན། ཉེ་ཉོན་ཉི་ཤུ་པོ་ཕལ་ཆེར་ཡང་མི་དགེ་བ་ཡིན་ལ། རྩ་ཉོན་རེ་གཉིས་ལ་ཞིབ་ཆ་དབྱེ་དགོས་པའང་ཡོད་དོ། ཁམས་གོང་མ་གཉིས་ན་གཟུགས་སྒྲ་སོགས་འདོད་ཡོན་ལ་ཆགས་པའི་འདོད་ཆགས་མེད་ཅིང་། ཏིང་ངེ་འཛིན་ལ་སྲེད་པའི་འདོད་ཆགས་ཡོད་ཀྱང་མི་དགེ་བ་མིན་ཏེ་ལུང་མ་བསྟན་ནོ། །བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་རྣམས་ནི་རྣམ་སྨིན་མི་འབྱིན་པས་ལུང་མ་བསྟན་ཡིན་ལ། ལས་འབྲས་རགས་པ་ལ་རྨོངས་པའི་མ་རིག་པ་ཕལ་ཆེར་མི་དགེ་བར་སེམས་ཏེ། གོང་དུ་དྲངས་པའི་མཛོད་ཀྱི་ལུང་དེས། ལྟ་ངན་གཉིས་མཚུངས་ལྡན་གྱི་མ་རིག་པ་དེ་ལུང་མ་བསྟན་དུ་དམིགས་ཀྱིས་བཀར་ནས་བཤད་པས་གོ་བའི་ཕྱིར་རོ། །ཕྱིན་ཅི་ལོག་བཞི་དང་ལྟ་ངན་གཞན་དྲུག་ཅུ་རྩ་བཞི་ནི། འཇིག་ལྟ་མཐར་ལྟ་ལོག་ལྟ་གསུམ་ལས་ཕྱེ་བ་ཡིན་པས་ལོག་ལྟ་ལས་ཕྱེ་བ་རྣམས་ནི་མི་དགེ་བའོ། །རྩ་ཉོན་དང་ཉེ་ཉོན་དེ་དག་ལ་ཕྲ་རྒྱས་ཞེས་བྱ་སྟེ། དམིགས་པ་དང་མཚུངས་ལྡན་གཉིས་ཀྱི་སྒོ་ནས་ཉོན་མོངས་པའི་བག་ལ་ཉལ་ཕྲ་བའང་རྒྱས་པར་བྱེད་པའི་ཕྱིར། ཉོན་མོངས་དེ་དག་གིས་འཁོར་བར་འཇོག་པར་བྱེད་པའི་ཕྱིར་ཟག་པ་དང་། སྐྱེ་གནས་བཞིར་འཁྱེར་བར་བྱེད་པའི་ཕྱིར་ཆུ་བོ་དང་། དེར་འབྱར་བར་བྱེད་པའི་ཕྱིར་ཀུན་སྦྱོར་དང་། དེར་ཉེ་བར་འཛིན་པའི་ཕྱིར་ཉེ་བར་ལེན་པ་ཞེས་ངེས་ཚིག་གིས་བཤད་དོ། །གཞན་ཡང་འདོད་པ་ལ་འདུན་པ། གནོད་སེམས། འཇིག་ལྟ། ཚུལ་ཞུགས་མཆོག་འཛིན། ཐེ་ཚོམ་ཉོན་མོངས་ཅན་ལྔས་འདོད་ཁམས་ལས་འདའ་མི་ནུས་པར་བྱེད་པའི་ཕྱིར་ཐ་མའི་ཆ་མཐུན་ལྔ་ཞེས་བྱ་ལ། ཁམས་གོང་མའི་འདོད་ཆགས་གཉིས། རྒོད་པ། ང་རྒྱལ། རྨོངས་པ་ལྔས་ཁམས་གོང་མ་གཉིས་ལས་འདའ་མི་ནུས་པར་བྱེད་པའི་ཕྱིར་གོང་མའི་ཆ་མཐུན་ལྔ་ཞེས་བརྗོད། འཇིག་ལྟ། ཚུལ་ཞུགས་མ ཆོག་འཛིན། ཐེ་ཚོམ་ཉོན་མོངས་ཅན་གསུམ་ལ་ཀུན་སྦྱོར་གསུམ་ཞེས་བྱ་སྟེ། རིམ་པ་བཞིན་དུ་ཐར་བར་འགྲོ་མི་འདོད་པ་དང་། ལམ་ནོར་པ་དང་། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བའི་སྒོ་ནས་ལམ་ལོག་པར་སྦྱོར་བར་བྱེད་པའི་ཕྱིར་རོ། །ཀུན་དཀྲིས་ཞེས་པ་ནི་ཉོན་མོངས་སྤྱིའི་མིང་དུ་བཤད་ཀྱང་། མཛོད་ལས། ངོ་ཚ་མེད་པ་དང་། ཁྲེལ་མེད། ཕྲག་དོག །སེར་སྣ། རྒོད་པ། འགྱོད་པ། རྨུགས་པ། གཉིད། ཁྲོ་བ། འཆབ་པ་བཅུ་ལ་ཀུན་དཀྲིས་སོ་ཞེས་སྒེར་དུ་བཤད་དེ། སེམས་ཉོན་མོངས་པའི་ཕྱོགས་སུ་ཀུན་ནས་དཀྲི་སྟེ་འཆིང་བར་བྱེད་པའི་ཕྱིར་རོ། འོན་ཀྱང་འགྱོད་པ་ལ་གཉིས་ཏེ་དགེ་བ་ལ་འགྱོད་པ་ཉོན་མོངས་པ་དང་མི་དགེ་བ་ཡིན་གྱི། གཉིད་དུས་དགེ་བ་བྱེད་པ་ལ་དགའ་བའི་གཉིད་ལྟ་བུ་ནི་དགེ་བ་ཡིན་པས་ཁྱད་པར་དབྱེ་བར་བྱའོ། །ཉོན་མོངས་སྐྱེ་བའི་རྟེན་ནི་ཉོན་མོངས་པའི་བག་ལ་ཉལ་ལོ། །དམིགས་པ་ནི། ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཡུལ་རྣམས་སྣང་བ་དང་། སྡུག་མི་སྡུག་གི་མཚན་མ་ཡིད་ལ་བྱེད་པ་སོགས་མང་ངོ་། ཉེས་དམིགས་ནི། ཉོན་མོངས་པའི་དབང་གིས་ཚེ་འདིར་མི་འདོད་པ་དུ་མ་བསྐྱེད་ཅིང་དེས་མི་དགེ་བའི་ལས་བསགས་ནས་ཚེ་ཕྱི་མ་ལ་སྡུག་བསྔལ་སྣ་ཚོགས་ཐོབ་པར་འགྱུར་བ་སོགས་སོ། །འཁོར་བར་སྐྱེ་བའི་རྒྱུ་ལ་ལས་ཉོན་མོངས་གཉིས་ཡོད་ཀྱང་ཉོན་མོངས་གཙོ་བོ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། འཁོར་བ་འགྲུབ་པའི་རྒྱུ་ལ་ལས་དང་ཉོན་མོངས་པ་གཉིས་དགོས་ཀྱང་། ཉོན་མོངས་པ་གཙོ་བོ་ཡིན་ཏེ། ཉོན་མོངས་མེད་ན་སྔར་བསགས་ཀྱི་ལས་བགྲང་ལས་འདས་པ་ཡོད་ཀྱང་རླན་དང་ས་ལ་སོགས་པ་མེད་པའི་ས་བོན་གྱིས་མྱུ་གུ་མི་འགྲུབ་པ་བཞིན་དུ། ལས་ལ་ལྷན་ཅིག་བྱེད་རྐྱེན་མེད་པས་སྡུག་བསྔལ་གྱི་མྱུ་གུ་མི་འགྲུབ་པའི་ཕྱིར་དང་། ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་ཀྱང་དེ་མ་ཐག་གསར་དུ་བསགས་ནས་ཕུང་པོ་ཕྱི་མ་ལེན་པའི་ཕྱིར་རོ། །དེ་ལྟར་ཡང་། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་དང་། སྲེད་པ་ནི་ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་འབྱུང་བ་ལྟར་ཏེ། ཉོན་མོངས་པའི་ནང་ནས་སྲེད་པ་འཁོར་བ་འགྲུབ་པའི་གཙོ་བོ་ཡིན་པར་བཤད་དོ། །འོན་ཀྱང་། རྟེན་འབྲེལ་བསྟོད་པ་ལས། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །ཞེས་གསུངས་པ་ལྟར་དང་པོའི་རྩ་བའི་རྒྱུའི་དབང་དུ་བྱས་ན་ནི་མ་རིག་པ་གཙོ་བོ་ཡིན་ཏེ། མ་རིག་པ་ཡོད་ན་ཉོན་མོངས་པ་གཞན་དང་ལས་དང་སྲེད་ལེན་སོགས་ཡན་ལག་གཞན་རྣམས་ཀྱང་སྐྱེ་བར་འགྱུར་ཞིང་། མ་རིག་པ་མེད་ན་ལས་གསོག་པ་མེད་ལ། ལས་གསོག་པ་མེད་ན་སྲེད་ལེན་ནས་རྒ་ཤིའི་བར་མི་འབྱུང་བའི་ཀུན་བྱང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་གོ་རིམ་ངེས་པའིི་ཕྱིར་རོ། །སྤོང་ཚུལ་ལ་གཉིས་ཏེ། སོ་སོའི་དབང་དུ་བྱས་ན། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། ཞེ་སྡང་ངམ་ཁོང་ཁྲོའི་གཉེན་པོར་བྱམས་པ། གཏི་མུག་གི་གཉེན་པོར་རྟེན་འབྲེལ་བཅུ་གཉིས་ཀྱི་ལུགས་འབྱུང་ལུགས་ལྡོག་དང་། ང་རྒྱལ་ལ་གཉིས། དང་པོ་རིགས་རུས་ལོངས་སྤྱོད་སོགས་ཀྱིས་དྲེགས་པའི་ང་རྒྱལ་གྱི་གཉེན་པོར་དེ་རྣམས་མི་རྟག་ཅིང་འབྲལ་བའི་ཆོས་ཅན་དང་། ཐོས་པས་དྲེགས་པའི་ང་རྒྱལ་གྱི་གཉེན་པོར་ཤེས་བྱའི་ཁམས་ཀྱི་རྣམ་པ་དང་རབ་དབྱེ་མཐའ་ཡས་པའི་ཚུལ་སེམས་པ་དང་། ཕྲག་དོག་གི་གཉེན་པོར་འགྲན་སེམས་མེད་ཅིང་བཏང་སྙོམས་བསྒོམ་པ་དང་། ལྟ་ངན་གྱི་གཉེན་པོར་ཡང་དག་པའི་ལྟ་བ་སྒོམ་པ་སོགས་དང་། ཡང་ཉོན་མོངས་དེ་དག་གི་ཉེས་དམིགས་སེམས་པ་སོགས་མང་དུ་ཡོད་ཀྱང་། ཉོན་མོངས་སྤོང་བའི་གཉེན་པོ་ཐམས་ཅད་ཀྱི་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་ཏེ། ཤེས་རབ་དེ་ཉིད་གཙོ་བོར་བསྒོམས་ན་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་སྤོང་ནུས་ཤིང་། དེ་སྤངས་ན་ཉོན་མོངས་པ་གཞན་ཐམས་ཅད་རང་ཤུགས་ཀྱིས་ལྡོག་པར་འགྱུར་བའི་ཕྱིར་ཏེ། འདི་ལ་མདོ་བསྟན་བཅོས་ཀྱི་ཁུངས་མང་ཡང་མཚོན་ཙམ་ནི། འཕགས་པས་ཆོས་དབྱིངས་བསྟོད་པ་ལས། ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ། །དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །ཞེས་དང་། བཞི་བརྒྱ་པ་ལས། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཞེས་དང་། ལམ་གྱི་གཙོ་བོ་རྣམ་གསུམ་ལས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་བར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཞེས་དང་། རྣམ་འགྲེལ་ལས་ཀྱང་། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱིས། སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་དང་། ཤེས་རབ་དེ་གསུང་རབ་ཀུན་ལས་བསྔགས་པ་ཡིན་ཏེ། བསྡུས་དོན་ཡང་། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུང་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུག་སེལ་སྒྲོན་མེ་མཆོག་ཏུ་གྲགས། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ལས་ཉོན་མོངས་གཉིས་ཀྱི་ནང་ནས་ཉོན་མོངས་སྤོང་དགོས་པ་ཆེ་མོད། འོན་ཀྱང་བསྡུས་དོན་ལས། ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །ཞེས་གསུངས་པ་ནི། ད་ལྟའི་གང་ཟག་གིས་ཉོན་མོངས་རྩ་བ་ནས་བཅད་དེ་སྤོང་མི་ནུས། ལས་སྒྲིབ་སྦྱོང་བའི་ཚུལ་ལ་གཙོ་བོར་འབད་དགོས་པའི་དོན་ནོ། །སྨྲས་པ། རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །སྲིད་རྩེ་ནས་བཟུང་དམྱལ་བའི་བར། །མགལ་མེའི་འཁོར་ལོ་ལྟར་འཁོར་བའི། །རྒྱུ་རྐྱེན་ལས་དང་ཉོན་མོངས་སོ། །ཞེ་སྡང་སྲེད་སོགས་ཉོན་མོངས་ལ། །རྐང་ལག་ཡོད་པ་མ་ཡིན་ཞིང་། །དཔའ་འཛངས་མིན་ཡང་ཅི་ཞིག་ལྟར། །འགྲོ་འདི་རང་དབང་མེད་པར་འཁྲིད། །དེ་ཕྱིར་ཉོན་མོངས་ཆོམ་རྐུན་ནི། །གཉེན་པོའི་མདུང་གིས་བཟློག་དགོས་ཀྱི། །གཞན་དུ་མངོན་མཐོ་ངེས་ལེགས་ནོར། །འདིས་འཕྲོག་འགྱུར་བར་གདོན་མི་འཚལ། །དེ་ལ་ཉོན་མོངས་ངོ་བོ་དང་། །དབྱེ་བ་སྐྱེ་ཉེས་སྤོང་ཚུལ་སོགས། །ཤེས་དགོས་མི་ཤེས་མུན་རྡོ་ལྟར། །འགྱུར་ཕྱིར་འདིར་དེའི་རྣམ་གཞག་བྲིས།། །།ཅེས་ཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དོན་གཉེར་ཅན་རེ་གཉིས་ལ་ཕན་སྲིད་སྙམ་ནས་ཅོ་ནེའི་དགོན་ཉིད་དུ་དད་པས་སྦྱར་བ་སྟེ། དད་དང་རྣམ་དཔྱོད་ལྡན་པའི་འབོ་རའི་རབ་འབྱམས་པས་པར་དུ་བསྒྲུབས་པའི་དགེ་བས་ལས་ཉོན་ལས་གྲོལ་བར་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ། །


previousཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་གསལ་བ།next