Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ།
   
   
   
   
   
   
   
   
   
   
   
   


 
previousབསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ།next

བསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ།

བསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ་བཞུགས།

ན་མོ་ཤཱཀྱ་མུ་ནེ་ཡེ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྡུག་ཀུན་ཉེས་བྲལ་འགོག་ལམ་དམ་པའི་ཆོས། །དེ་ཉིད་ཚུལ་ལ་སྒྲུབ་མཛད་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་གུས་ཕྱག་འཚལ། །མཆོག་གསུམ་རྟེན་གྱི་གཟུགས་བརྙན་རྣམ་གསུམ་ཡང་། །བསོད་ནམས་གསོག་པའི་ཞིང་དུ་དེ་དག་དང་། །དབྱེར་མེད་བཀུར་ཕྱག་མཆོད་པའི་གནས་ཉིད་དུ། །གསུངས་ཕྱིར་མི་ཕྱེད་དད་པས་གུས་པས་འདུད། །མཆོག་དམན་བར་མའི་འགྲོ་ཀུན་གྱིས། །དགེ་བ་བསྒྲུབ་པའི་ཚུལ་མང་མོད། །འདིར་ནི་གཞན་ལ་སྤྲོ་འཕེལ་ཕྱིར། །སྐོར་བའི་ཕན་ཡོན་གྲངས་བཅས་བྲི། །འདི་ལ་གཉིས། བསྐོར་བའི་ཕན་ཡོན་དང་། གྲངས་ཚད་སོགས་བཤད་པའོ། །དང་པོ་ནི། འདུལ་བ་ལུང་གཞི་ལས། མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམྦུའི་ཆུ་བོ་གསེར་ཀྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་ཡིན། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱི་བཏུད། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་དང་། མེ་ཏོག་བརྩེགས་པའི་མདོ་ལས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཞེས་པ་ནས། མར་མེ་ཕུལ་ཏེ་ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞེས་སྨྲ་བ་དེ་དག་ནི། སེངྒེ་རྣམ་པར་རྩེ་བ་བསྐལ་པ་བརྒྱའམ་བསྐལ་པ་སྟོང་ངམ་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ལོག་པར་ལྟུང་པའི་གནས་སུ་འགྱུར་བ་དེའི་གནས་མེད་དོ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱའི་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗོད་པ་དང་། གསོལ་བ་དང་། བསྔགས་པ་དང་། སྐོར་བ་བྱེད་པ་དེས་ཕན་ཡོན་ལྔ་ཡོངས་སུ་འཛིན་པར་འགྱུར་ཏེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་བསྐྱེད་པར་འགྱུར་བ་སྟེ། ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང་། དེ་ཡང་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་དང་། བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ། བཞི་པོ་དེ་དག་གོ །ཞེས། ཡང་དེ་ཉིད་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱ་བ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚེ་རབས་དག་ནི་ཐམས་ཅད་ནི། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །ཞེས་པ་ནས། །མཆོད་རྟེན་བསྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་། །དབང་ཆེར་གྲགས་པའི་ཁྱིམ་བདག་དང་། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལ་ཆེ་བ་དང་། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་། །རྒྱལ་རིགས་སཱ་ལ་ཆེ་འདྲ་དང་། །ཕྱུག་ཅིང་ནོར་ཆེར་ལྡན་པར་འགྱུར། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། །གླིང་བཞི་དག་གི་དབང་ཕྱུག་ཟླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་བསྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ལྷ་དབང་ཤིན་ཏུ་འཐབ་བྲལ་དང་། །དེ་བཞིན་དུ་ནི་དགའ་ལྡན་དང་། །ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང་། །དབང་བསྒྱུར་འཇིགས་པ་མེད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་། །ལྷ་རྣམས་བྱེ་བས་མཆོད་པར་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་སྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མངོན་དུ་བསྐོར་བ་བྱེད་པ་ནི། །བུང་བ་སྔོན་པོ་མཛེས་འདྲ་ཡི། །རྣམ་པར་དག་པའི་མིག་ཐོབ་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དེ་ནི་ངེས་པར་རྟག་ཏུ་ཡང་། །མཐུན་པའི་དོན་མཐུན་ཐོབ་འགྱུར་ཞིང་། །དོན་མིག་རྣམས་ནི་སྤངས་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །དེ་ནི་ལེ་ལོ་མེད་འགྱུར་ཞིང་། །རྟག་ཏུ་བག་ཡོད་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟན་ཅིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང་། །དེ་ནི་མྱུར་དུ་མཁས་པར་འགྱུར། །མེ་དང་དུག་དང་མཚོན་གྱིས་དེ། །ནམ་ཡང་འཆི་བུས་བྱེད་མི་འགྱུར། །མཁས་པའི་ཚེ་ནི་རྫོགས་རྫོགས་སུ། །ཟད་པར་བྱས་ནས་འཆི་དུས་བྱེད། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཕོ་བྲང་འཁོར་དང་ཡུལ་འཁོར་དང་། །གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་། །གཟུགས་ཀྱིས་ཁྱད་པར་འཕགས་པར་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དེ་ནི་འདོད་པ་མི་བསྟེན་ཞིང་། །ལུས་ཀྱང་གཙང་ལ་གོས་གཙང་ཞིང་། །གཙང་མའི་ཆོས་ལ་གནས་པར་འགྱུར། །ཞེས་དང་། མཆོད་རྟེན་བསྐོར་བའི་ཚིགས་བཅད་ཀྱི་མདོ་ལས། ཤེས་རབ་ཆེན་པོ་ཤཱ་རིའི་བུས། སྟོན་པ་ལ་ནི་ཞུ་བ་ཞུས། །མཆོད་རྟེན་བསྐོར་བ་བགྱིས་པ་ཡི། །རྣམ་པར་སྨིན་པ་ཅི་འགྱུར་བ། །བསྐལ་པ་ཆེན་པོའི་འཇིག་རྟེན་མཆོག །རྣམ་པར་འདྲེན་པས་བདག་ལ་གསུངས། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྟོན་པས་དེ་ལས་བཀའ་སྩལ་པ། །མཆོད་རྟེན་བསྐོར་བ་བྱས་པ་ཡི། །ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན། །མཆོད་རྟེན་བསྐོར་བ་བྱས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་རྣམས་ཀྱིས་མཆོད་པར་འགྱུར། །དལ་པ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པ་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་དང་ལྡན་ཅིང་བློ་གྲོས་ལྡན། ཁ་དོག་ལྡན་ཞིང་འཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱི། །ཚེ་རིང་བ་ཡང་དེ་ཡིས་ཐོབ། །གྲགས་པ་ཆེན་པོའང་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམྦུའི་གླིང་དུ་རུས་ཀྱི་མཆོག །ཆོ་རིགས་ཡོངས་སུ་དག་པར་ཡང་། །བློ་ལྡན་དེ་ནི་སྐྱེ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕྱུག་ཅིང་ནོར་ཡང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དཔའ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཡིད་དུ་འོང་ཞིང་ལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདུ་བྱེད་སྟོང་པར་མཐོང་ནས་ཀྱང་། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དགའ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར། །བུད་མེད་འཁོར་དང་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིག་བྱེད་གསང་སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་དང་། །ནོར་དང་འབྲུ་རྣམས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམྦུའི་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདི་ནས་འཕོས་ཏེ་མཐོ་རིས་འགྲོ། །སངས་རྒྱས་བསྟན་ལ་དགའ་བ་དང་། །རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་ཡུལ་དག་ནས་འཕོས་ནས་ཀྱང་། །དེ་ནི་མི་ཡི་ནང་དུ་སྐྱེ། །རྨོངས་པ་མེད་པར་མངལ་དུ་འཇུག །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངལ་གྱི་སྐྱོན་གྱི་དྲི་མ་ཡིས། །དེ་ལ་གོས་པར་མི་འགྱུར་ཏེ། །དེ་ནི་ནོར་བུ་དག་པ་བཞིན། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མ་ལྟོར་བདེ་བར་གནས་པར་འགྱུར། །དེ་ནི་བདེ་བར་བཙའ་བ་དང་། །བདེ་བར་ནུ་ཞོ་འཐུང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕས་ཀྱང་འཁོར་གཡོག་མང་པོ་ཡིས། །དེ་ལ་གསོ་ཞིང་གནས་པར་འགྱུར། །མ་མས་རྟག་ཏུ་རིམ་གྲོ་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཉེ་དུ་རྣམས་ཀྱི་སྙིང་དུ་སྡུག །དེ་བཞིན་ཕ་མ་ལྷག་པར་བྱམས། །སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་འགྱུར་རོ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་གྲུམ་པོར་ཡོང་མི་འགྱུར་། །ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མིག་ཀྱང་རྣམ་པར་དག་པར་འགྱུར། །དཀྱུས་རིང་མཐོན་མཐིང་སྡུག་པ་དང་། །ལྷ་ཡི་མིག་ཀྱང་དེ་ཡིས་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལུས་བདེ་སེམས་ཀྱང་བརྟན་པ་དང་། །དེ་བཞིན་བརྩོན་འགྲུས་བརྟན་པ་དང་། །དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས། །ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས། །ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེན་པོ་བརྒྱ་བྱིན་དུ། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་། །དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་དང་། ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་། །ཤེས་རབ་ལྡན་པས་རྟག་ཏུ་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་ཏུ། །ལུས་གཙང་གོས་ཀྱང་གཙང་བ་དང་། །དཀར་པོའི་ཆོས་དང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང་། །ཤིན་ཏུ་བསྒྲུབ་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བརྩོན་འགྲུས་བརྟན་ཅིང་མཐུ་ཡང་བརྟན། །རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་། །དོན་རྣམས་མྱུར་དུ་འགྲུབ་པར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །གདངས་སྐད་གསང་ཡང་མཐོ་བ་དང་། །ཡིད་དུ་འོང་བའི་ང་རོ་ཅན། །གནོད་པ་མེད་ཅིང་ནད་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ང་ཉིད་ཀྱིས་ནི་བསྟན་པ་ཡི། །གནས་དེར་མྱུར་དུ་དེ་འགྲོ་ཞིང་། །ཤས་ཆེར་སྐྱེ་བ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །དྲན་པ་ཉེ་བར་གཞག་པ་བཞི། །སེམས་གྱི་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པའི་དབང་ཡང་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངོན་ཤེས་དྲུག་ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡིན། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདོད་ཆགས་ཞེ་སྡང་སྤངས་པ་དང་། །འཁོར་བ་རྣམས་ནི་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་འཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པ་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིས། །བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉེ་ཚེ་ཡིས། །ལེགས་པར་བསྟན་པ་མི་ནུས་སོ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཤཱ་རིའི་བུ་ཡིས་ཞུས་ནས་ཀྱང་། །མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །རྟ་བརྒྱ་དང་ནི་གསེར་སྲང་བརྒྱ། །དྲེ་མོའི་ཤིང་རྟ་བརྒྱ་དག་དང་། །རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས། །རིན་ཆེན་སྣ་ཚོགས་བཀང་པ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །གངས་ཀྱི་གླང་ཆེན་བརྒྱ་རྟེན་དག །ལུས་ཆེན་ནམ་ཚོད་ཡངས་པ་དང་། །སྣ་ཡང་གཤོལ་མདའ་འདྲ་བའི་གླང་། །གསེར་དང་ནོར་བུས་བརྒྱན་པ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམྦུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། གཙུག་ཏོར་དྲི་མེད་ལས། རིང་བསྲེལ་ཀྱི་སྙིང་པོའམ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་ཆེན་འདི་གཉིས་ཀྱང་དུས་གཅིག་ཏུ་དྲན་པར་བྱའོ། །དེས་ནི་གངྒཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་མ་ལུས་པ་ཡང་བྱང་བར་འགྱུར་རོ། །ཞེས་དང་། གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། ཐལ་མོ་སྦྱར་རམ། མེ་ཏོག་ཕུལ་ལམ། བྱུག་པ་དང་བདུག་པས་ཕུལ་ལམ། དྲིལ་བུ་དང་བ་དན་དང་གདུགས་འགའ་ཞིག་ཕུལ་ན་ཡང་དེ་བཞིན་གཤེགས་པ་དགུ་ཁྲི་དགུ་སྟོང་གི་མཆོད་རྟེན་ལ་ཕུལ་པའི་བསོད་ནམས་དང་མཉམ་པ་ཡིན་ནོ། །ཞེས་དང་། གསང་བ་རིང་བསྲེལ་ཀྱི་ཟ་མ་ཏོག་ལས་སེམས་ཅན་གང་དག་མཆོད་རྟེན་དེ་ལ་བསྐོར་བ་གཅིག་གམ། ཕྱག་འཚལ་བ་གཅིག་གིས་མནར་མེད་པ་ལ་ཐུག་པའི་བར་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཞེས་གསུངས་པ་སོགས་མང་ངོ་། །མདོར་ན་སངས་རྒྱས་ཀྱི་ཡུངས་འབྲུའི་རིང་བསྲེལ་དང་། ཆོས་སྐུའི་རིང་བསྲེལ་གཟུངས་ཆེན་སྡེ་ལྔར་གྲགས་པ་སོགས་རྟེན་དུ་སོང་བའི་སྐུའམ། དེ་ལྟ་བུའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱས་ན་སྔར་བཤད་པ་ལྟར་གྱི་ཕན་ཡོན་རྣམས་འཐོབ་བར་འགྱུར་ཏེ། ཇི་སྐད་དུ། རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་བྱང་བར་འགྱུར་རོ། །ངན་སོང་དུ་སྐྱེ་བར་མི་འགྱུར་རོ། །སྐྱེ་བ་ཕྱི་མ་མངལ་གྱི་དྲི་མས་མི་གོས་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་འགྱུར་རོ། །ཞེས་འབྱུང་བ་ལྟར་རོ། །དེ་དག་ནི་བསྐོར་བའི་ཕན་ཡོན་གཙོ་བོར་བཤད་པ་ཡིན་ལ། སངས་རྒྱས་ཀྱི་སྐུ་དངོས་སམ། སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་འཚལ་བ་དང་། བསྟོད་པ་དང་། མཆོད་པ་འབུལ་བ་དང་། གསོལ་བ་འདེབས་པ་དང་། སྐྱབས་སུ་འགྲོ་བ་སོགས་ཀྱི་ཕན་ཡོན་མང་དུ་བཤད་པ་རྣམས་ནི་འདིར་མང་དུ་དོགས་ནས་མི་འཆད་དེ། གཞན་དུ་ཡང་ཅུང་ཟད་བྲིས་ཟིན་ཅིང་མཚོན་ཙམ་ནི། རྒྱལ་བའི་བློ་གྲོས་ཞེས་བྱ་བའི་མདོ་ལས། ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་དང་། སའི་སྙིང་པོའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས། །ཞེས་སོགས་དང་། གཞན་ཡང་། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཞེས་པ་ནས། བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། ཞེས་པའི་རྐང་པ་ཕྱི་མ་གཉིས་ནི་བསམ་མི་ཁྱབ་ལ་མཆོད་བྱས་ན། རྣམ་པར་སྨིན་པའང་བསམ་མི་ཁྱབ། ཞེས་དང་། བསྟོད་པ་དང་གསོལ་འདེབས་སོགས་ལ་བསྒྱུར་བའི་ཕན་ཡོན་འབྱུང་བར་གསུངས་སོ། ཁྱད་པར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕྱིར་དེ་ལ་མཆོད་པ་སོགས་ཀྱི་ཕན་ཡོན་ཀྱང་ལྷག་པར་བསམ་ཀྱིས་མི་ཁྱབ་སྟེ། སྤྱན་རས་གཟིགས་ཀྱི་མདོ་ལས། བློ་གྲོས་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། ཕྲེང་བ་དང་། སྤོས། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ་དེའི་མཐའ་ནི་ཐེག་པ་གསུམ་པོ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོའི་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །དཔག་གིས་མི་ལང་ངོ་། །བརྗོད་དུ་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེ་དག་ལ་དད་པ་གལ་ཆེ་སྟེ། མདོ་སྡེ་ཐར་ཆེན་ལས། ཀུན་ནས་ཉོན་མོངས་སྤངས་པ་དང་། །དགེ་བ་ཀུན་གྱི་ལམ་བསྒྲུབས་ཏེ། །སངས་རྒྱས་རང་བཞིན་མཐོང་བ་ལ། །རྣམ་དག་དད་པའི་དབང་གིས་སོ། །ཞེས་དང་། དཀོན་མཆོག་ཏ་ལ་ལས། དད་པ་གཏེར་དག་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང་། ཆོས་བཅུ་པའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ནི་འདྲེན་རྣམས་ངེས་པར་འབྱུང་། །དེ་ཕྱིར་བློ་གྲོས་ལྡན་པའི་མིས། །དད་པས་རྗེས་འབྲང་ཉིད་ལ་བརྟེན། །ཞེས་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། དད་པ་མེད་པའི་སྐྱེ་བོ་ལ། །དཀའ་པོའི་ཆོས་རྣམས་ཀྱི་མི་སྐྱེ་སྟེ། །ས་བོན་ཚ་སྒོར་བཏབ་པ་ལས། །མྱུ་གུ་སྐྱེ་བ་མེད་པ་བཞིན། །དད་པའི་རྩ་བ་རྟག་ཏུ་ཆོས། །ཆོས་དོན་གཟིགས་པས་གསུངས་པ་སྟེ། ཞེས་གསུངས་སོ། །གཉིས་པ་ལ་གཉིས་། བསྐོར་བའི་གྲངས་ཚད་དང་། བསྐོར་བ་བྱ་ཚུལ་ལོ། །དང་པོ་ནི། བསྐོར་བའི་གྲངས་ཚད་རྫོགས་མ་རྫོགས་ཀྱི་ཁྱད་པར་འདི་ཇི་ལྟར་ཡིན་ཞེ་ན། འདི་ལ་ཞིབ་ཏུ་ཕྱེ་ན་མང་ཡང་མདོར་བསྡུས་ཞིག་བརྗོད་པར་བྱ་སྟེ། སྤྱིར་བསྐོར་བའི་གྲངས་ཀྱི་མཐའ་ཚད་ནི་མེད་དེ། བསྐོར་བ་གྲངས་མེད་པ་ཞིག་བྱས་ནའང་ཆོག་པའི་ཕྱིར་ཏེ། དཔེར་ན། ཕྱག་དང་མཆོད་པ་ཅི་ཙམ་ཞིག་མང་དུ་བྱས་ཀྱང་རུང་བ་བཞིན་དང་། ལྷའི་བསྙེན་གྲངས་ཅི་ཙམ་ཞིག་མང་དུ་བྱས་ཀྱང་རུང་ཞིང་ཕན་ཡོན་ལྷག་པར་ཆེ་བ་བཞིན་ནོ། །འོན་ཀྱང་འདིར་བསྐོར་བའི་གྲངས་ཀྱི་ཚད་བཟུང་བ་ནི། དཔེར་ན་སྒྲུབ་ཐབས་གཞུང་དག་ཏུ་ལྷའི་བསྙེན་པའི་གྲངས་ཚད་ལ་མི་འདྲ་བ་མང་དུ་བཤད་ཀྱང་འབུམ་དང་སུམ་འབུམ་སོགས་སུ་གསུངས་པ་མང་བ་ལས། འདིར་འབུམ་དུ་གསུངས་པ་ལྟར་རིགས་འགྲེ་བར། བསྐོར་བའི་གྲངས་ཚད་ཀྱང་འབུམ་གྱི་དབང་དུ་མཛད་པ་སྟེ། དེ་ཡང་དགོན་སྡེ་གང་ཡིན་ཀྱང་རང་རང་གི་རྟེན་གྱི་གཙོ་བོ་གང་ལ་བྱེད་པ་དེའི་བཞུགས་ཁྲིའམ། པད་གདན་ནམ། སྐྱིལ་ཀྲུང་ལྟ་བུའི་མཐར་མཐོ་ཚད་ཀྱིས་གཞལ་བར་བྱས་ནས་མཐོ་ཚད་གང་ལོངས་ཀྱང་། མཐར་དཀྲིས་གཅིག་འཁོར་བའི་ཚད་དེ་སྐོར་ལམ་དུ་ཅི་ཙམ་ཞིག་འཁོར་ནས་འབུམ་ལོངས་པ་ན་སྐོར་ཚད་རེ་རྫོགས་པར་འཇོག་གོ །དེ་ནི་རྟེན་གྱི་གཙོ་བོ་གང་ཡིན་དེ་ལ་སྐོར་བ་འབུམ་སོང་བའི་དབང་དུ་བཏང་ཡང་། དེར་མ་ཟད། རྟེན་གྱི་གཙོ་བོ་དེ་དད་ཚད་མཉམ་པ་རྣམས་སོ་སོ་ལ་ཡང་འབུལ་རེ་འགྲོ་ཞིང་། གཙོ་བོ་ལས་ཆུང་བ་རྣམས་ལ་ནི་གྲངས་དེ་ལས་མང་བར་འགྲོའོ། །དེ་ཡང་ཅོ་ནེའི་དགོན་འདིའི་རྟེན་གྱི་གཙོ་བོ་གསང་འདུས་ཁང་གི་དབུས་མ་སྟོན་པའི་དབང་དུ་བྱས་པའི་སྐོར་ཚད་ད་ལྟ་ཉིས་སྟོང་ལྷག་ཙམ་ཞིག་འབྱུང་བ་འདི་བཞིན་ཏེ་དེ་བཞིན་དུ་དགོན་སྡེ་རང་རང་གི་རྟེན་གྱི་གཙོ་བོ་གང་ཡིན་བ་དེ་ལ་སྐོར་བ་འབུམ་འགྲོ་བའི་དབང་དུ་བཏང་ནས། བསྐོར་ལམ་གང་ཡིན་པ་དེར་འཇལ་དགོས་པ་ཡིན་ནོ། །བསྐོར་བའི་གྲངས་ཚད་མང་ཉུང་ནི་རྟེན་འགངས་ཆེ་མི་ཆེ་དང་གྲགས་མང་ཉུང་གི་དབང་མིན་གྱི། རྟེན་གྱི་གཙོ་བོ་དེ་ཆེ་ན་བསྐོར་གྲངས་མང་ཞིང་ཆུང་ན་ནི་གྲངས་ཉུང་བར་འགྱུར་ལ། འོན་ཀྱང་བ སྐོར་ལམ་ཐག་རིང་མི་རིང་གི་ཁྱད་པར་ལས་ཀྱང་མང་ཉུང་འབྱུང་སྲིད་དོ། །དེས་ན་དགོན་གང་ཡིན་ཀྱང་དེ་ཉིད་ཡོངས་རྫོགས་ལ་བསྐོར་ཚད་རེ་འགྲུབ་པར་བྱེད་ན་ནི་དགོན་དེའི་མཐར་བསྐོར་བ་འབུལ་འགྲོ་དགོས་སོ། །བསྐོར་བའི་གྲངས་ཚད་བཤད་པ་ལྟར་བྱེད་རྒྱུ་བྱུང་ན་རབ་ཡིན་མོད། །དེ་མིན་གྲངས་ཚད་ཙམ་རྫོགས་པ་ལ་མ་བལྟོས་ཏེ། ནམ་བསྐོར་བ་དང་གྲགས་ཅི་ཙམ་བྱས་ཀྱང་ཆོག་ཅིང་ཕན་ཡོན་འབྱུང་བ་ནི་གོང་དུ་དྲངས་པའི་ལུང་རྣམས་ཀྱིས་ཤེས་སོ། །འོ་ན། བསྐོར་བ་འདི་མཆོད་པ་ཡིན་ནམ་མིན་སྙམ་ན། མཆོད་པ་ཡིན་ཏེ་ལུས་ཀྱི་བཀུར་བསྟིའི་མཆོད་པ་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། ཕྱག་འཚལ་བ་དང་སྐོར་བ་བྱེད་པ་སོགས་ནི་བཀུར་སྟིས་མཆོད་པའོ། །ཞེས་གསུངས་པའི་ཕྱིར། མདོ་སྔགས་ཀྱི་གསུང་རབ་དུ་མ་ལས་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས་ཞེས་སོགས་ལྟ་བུ་བསྐོར་བའི་གྲངས་ཙམ་གསུངས་ཡང་། གྲངས་ཀྱི་ཚད་འདི་ཙམ་མོ་ཞེས་གསལ་བར་བཤད་པ་མ་མཐོང་ཡང་། ད་ལྟ་བསྐོར་བའི་གྲངས་ཚད་འདི་ནི་མཁས་པ་བརྒྱུད་པའི་མན་ངག་ལས་འབྱུང་བ་ལྟར་བཀོད་པའོ། །གཉིས་པ་བསྐོར་བ་བྱ་ཚུལ་ནི། གསང་སྔགས་རྙིང་མའི་གཞུང་འགའ་ཞིག་ནས་དུ་མ་ཞིག་བཤད་ཀྱང་འདིར་མི་འཆད་ལ། གསར་མའི་གཞུང་ནས་གསལ་བར་བཤད་པ་མ་མཐོང་ཡང་། ཕྱག་འཚལ་བའི་ཚེ་རང་ལུས་མང་པོར་སྤྲུལ་ནས་ཕྱག་འཚལ་བ་དང་རང་གཞན་ཐམས་ཅད་ཀྱིས་ཕྱག་འཚལ་བར་མོས་པ་དང་། སྔགས་བཟླ་བའི་ཚེ་དང་གཞན་ཐམས་ཅད་ཀྱིས་བཟླ་བར་བསམ་ན་འགྱུར་ཆེ་བར་བཤད་པ་ལྟར། བསྐོར་བ་བྱ་བའི་ཚེ་ལུས་མང་པོར་མོས་པའམ། རང་གཞན་སེམས་ཅན་ཐམས་ཅད་ལྷན་ཅིག་བསྐོར་བ་བྱེད་པར་མོས་ན་ཕན་ཡོན་དང་འགྱུར་ཆེ་བར་གསལ་ལོ། །བསྐོར་བའི་དུས་སུ་ཁ་ཏོན་བྱས་གང་ཀྱང་རུང་ཡང་ལྷག་ཏུ་སྒྲིབ་པ་སྦྱོང་བ་ལ་ཡིག་བརྒྱ། ལྟུང་བཤགས། མི་འཁྲུགས་པའི་གཟུངས་སོགས་དང་། མ་ཎི་བཟླ་བ་སོགས་ཅི་རིགས་བྱའོ། །གཞན་བསྐོར་བའི་འགྱུར་སྔགས་བཟླ་བར་གསུངས་ཏེ་རྟེན་ལ་བསྐོར་བ་བྱེད་པའི་ཚེ། ན་མོ་ད་ཤ་དིཀྵི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་བཾ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བཟླ་ཞིང་བསྐོར་བས་སྡིག་པ་འདག་པར་གསུངས་སོ། །རྟེན་ལ་ཕྱག་བྱ་བའི་སྔགས་ནི། ༀ་ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུཤྲཱི་རིི་ཡེ། ན་མཿཨུ ཏྟ་མ་ཤྲཱི་ཡེ་སྭཱཧཱ། ཞེས་བརྗོད་ནས་ཕྱག་བཙལ་ན་ཕན་ཡོན་དང་འགྱུར་ལྷག་པར་ཆེ་བར་བཤད་དོ། །གསུང་རབ་དག་ལས་མཆོད་རྟེན་ལ་བསྐོར་བ་བྱ་ཞེས་མང་དུ་འབྱུང་བ་ནི། སྒྲ་དོགས་པའི་དབང་དུ་བྱས་ན་ད་ལྟ་མཆོད་རྟེན་དུ་གྲགས་པ་རྣམས་ལ་བསྐོར་བ་བྱ་བའི་དོན་ཡིན་ཀྱང་། སྒྲ་ཡངས་པའི་དབང་དུ་བྱས་ན་མཆོད་པའི་རྟེན་དུ་གྱུར་བའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་མཆོད་རྟེན་ཞེས་སྒྲ་བསྡུས་ནས་བརྗོད་པ་ལ་བྱ་སྟེ། དེ་ལྟ་ན་མཆོད་རྟེན་དངོས་ཀྱིས་མཚོན་ནས་སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་ལ་མཆོད་རྟེན་ཞེས་བྱར་རུང་བར་སེམས་སོ། །བསམ་པ་ཇི་ལྟ་བུས་བསྐོར་བ་ནི། སྤྱིར་སྒོ་གསུམ་ཀྱི་སྒྲིབ་པ་སྦྱོང་བའི་ཆེད་དང་། ཁྱད་པར་དུ་ངན་སོང་ལས་ཐར་འདོད་དང་། འཁོར་བ་སྤྱི་ལས་ཐར་འདོད་དང་། སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་བསྐོར་བ་བྱ་སྟེ། སྔ་མ་ལས་ཕྱི་མ་ཕན་ཡོན་ལྷག་པར་ཆེ་བའི་ཕྱིར་རོ། །གལ་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་གཅིག་ཙམ་ལ་བསྐོར་བ་བྱེད་ནའང་དེ་ལ་སྐྱབས་གནས་ཐམས་ཅད་འདུས་པ་དང་། དེ་ན་རྟེན་ཐམས་ཅད་བཞུགས་པའམ། ཀུན་གྱིས་བསྐོར་བར་བསམས་ཏེ་བསྐོར་བ་བྱས་ན་ནི་ཕན་ཡོན་ལྷག་པར་ཆེའོ། །བསམ་པ་འཛིན་ཚུལ་གྱི་དབང་གིས་ཕན་ཡོན་ཆེ་ཆུང་འོང་བས་དད་སོགས་ཀྱི་བསམ་པ་རྒྱ་ཆེ་དགོས་ལ། འོན་ཀྱང་བསམ་པ་ལེགས་པོ་འཛིན་མི་ཤེས་པར་རྩེད་མོའི་ཚུལ་གྱིས་བསྐོར་བ་བྱས་ནའང་ཕན་ཡོན་འབྱུང་སྟེ། སངས་རྒྱས་ཀྱི་སྟོབས་སྐྱེད་པའི་ཆོ་འགྲུལ་གྱི་མདོ་ལས། གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ། བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱེད་པའམ། འཇིམ་པ་ལས་མཆོད་རྟེན་བྱེད་ན་དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དང་། དམ་ཆོས་པད་དཀར་ལས། བྱིས་པས་རྩེར་མོར་དེ་དག་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེར་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་གསུངས་ཤིང་། ཚུལ་དེ་ཕྱག་མཆོད་བསྐོར་བ་སོགས་ལའང་མཚུངས་པའི་ཕྱིར་དང་། སྔོན་སྲོག་ཆགས་སྦུར་བ་གཅིག་ཆུ་རླབས་ཀྱིས་འཁྱེར་ནས་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ལ་སྟེས་དབང་གིས་བསྐོར་བ་གཅིག་བྱས་པའི་དགེ་བས། ཕྱིས་སངས་རྒྱས་ཀྱི་འཁོར་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བཤད་པས་ཀྱང་འགྲུབ་པའི་ཕྱིར་རོ། །བཟང་བཟང་སྟོན་པ་བླ་ན་མེད་པ་དེས། །ལེགས་ལེགས་ཆོས་ཚུལ་བསྟན་པ་མཐའ་ཡས་ཀྱང་། །མང་མང་མཆོག་དམན་བར་མའི་འགྲོ་ཀུན་ལ། །ངེས་ངེས་ཕན་པ་ཕྱག་མཆོད་སྐོར་བར་གྲགས། །སྐུ་གསུང་ཐུགས་རྟེན་བསྐོར་བའི་བྱིན་རླབས་ཉིས། །ཐོག་མེད་ནས་བསགས་སྒོ་གསུམ་སྒྲིབ་པའི་མུན། །ལེགས་པར་བསལ་ནས་མངོན་མཐོ་ངེས་ལེགས་ལམ། །མངོན་སུམ་མཐོང་བར་འགྱུར་བས་སྐལ་བ་བཟང་། །ཚུལ་འདིར་སྒོ་གསུམ་འབད་པའི་ཆུ་འཛིན་ལས། །དགེ་ལེགས་ཆར་རྒྱུན་གང་ཞིག་བསྐྲུན་པ་དེ། །དུས་གསུམ་དགེ་བའི་ཀླུང་དང་ལྷན་ཅིག་ཏུ། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་ཕྱིར་བསྔོ།། །། ཞེས་བསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ་དད་པའི་གཟུགས་བརྙན་འཆར་བའི་མེ་ལོང་ཞེས་བྱ་བ་འདི་ཡང་། །ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་གཞན་རེ་གཉིས་ལ་ཕན་ཐོགས་སྲིད་སྙམ་སྟེ་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ངག་དབང་བཀྲ་ཤིས་ཏེ་དད་ལྡན་སྒོམ་པ་བྱམས་ཀྱིས་དད་པས་པར་དུ་བརྐོས་སོ།། །།


previousབསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ།next