Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དབྱངས་ནས་རྗེ་རིན་པོ་ཆེ་སོགས་ལ་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་རྗེས་གནང་།
   
   
   
   
   
   
   
   
   
   


 
previousའཇམ་དབྱངས་ནས་རྗེ་རིན་པོ་ཆེ་སོགས་ལ་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་རྗེས་གནང་།next

འཇམ་དབྱངས་ནས་རྗེ་རིན་པོ་ཆེ་སོགས་ལ་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་རྗེས་གནང་།

འཇམ་དབྱངས་ནས་རྗེ་རིན་པོ་ཆེ་སོགས་ལ་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་རྗེས་གནང་བཞུགས།

བཅོམ་ལྡན་འདས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །འདིར་རྗེ་རིན་པོ་ཆེ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་ལྔའི་མངོན་རྟོགས་རྗེས་གནང་བྱ་ཚུལ་ལ་གཉིས་ཀྱི་དང་པོ་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེས་སྤྲས་ཤིང་ལོངས་སྤྱོད་རྫོགས་པའི་རྣམ་པ་ཅན། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་བསྒོམ་པ་དང་འདྲ་བའི་ཚེ་དཔག་མེད་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཞེས་པ་ནས། སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་བླ་མ་དང་དབྱེར་མེད་པའི་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ནས། ༀ་ཨ་པ་ར་མི་ཏ་ཨཱ་ཨུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གི་ཚེ་མི་མ་ཡིན་གྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་ལ་སོགས་པ་རྣམས་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བསྡུས་ནས་སྔགས་འཕྲེང་ལ་ཐིམ། ཡང་འབྱུང་བ་དང་འབྱུང་གྱུར་རྣམས་ཀྱི་བཅུད་དང་། སྐྱེ་འཕགས་ཐམས་ཅད་ཀྱི་ཚེ་དཔལ་བསོད་ནམས་དང་། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བྱུང་བས་བུམ་པའི་ནང་གང་བས་བདུད་རྩི་དཀར་ཆིལ་གྱིས་ལུས་ནས་རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་པས། ལུས་ཀྱི་ནང་གང་། དྲི་མ་དག །འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་པར་བསམས་ལ། ཨ་མ་ར་ཎི་དང་། གཟུངས་རིང་བཟླ། མཇུག་ཏུ་ཡིག་བརྒྱ་དང་། སྔར་བཞིན་མཆོད་བསྟོད་བྱའོ། །དེ་ནས་ཚེ་དབང་བྱ་བ་ལ་མདུན་བསྐྱེད་བུམ་པ་བསྒྲུབ་པ་ནི། ཚེ་བུམ་བསངས། སྭ་བྷཱ་ཝས་སྦྱངས། ཚེ་བུམ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་བུམ་པ་དམར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་བརྒྱན་ཅིང་། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་དྭངས་ཤིང་ཐོགས་པ་མེད་པ་ཕྱི་བུམ་པ་ལ་ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་རྣམས་ཀྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོའི་རིང་ཆ་ཚེག་དྲག་དང་བཅས་པ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་ལ་སངས་རྒྱས་ཚེ་དཔག་ཏུ་མེད་པ། ཤར་དུ་འཁོར་ལོའི་རིགས་ཀྱི་ཚེ་དཔག་མེད། ལྷོར་རིན་པོ་ཆེའི་རིགས་ཀྱི་ཚེ་དཔག་མེད། ནུབ་ཏུ་པདྨའི་རིགས་ཀྱི་ཚེ་དཔག་མེད། བྱང་དུ་ལས་ཀྱི་རིགས་ཀྱི་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། །ཞེས་སོགས་སྔར་བཞིན་དང་། སྤྱན་འདྲེན་པའི་ཚེ། ཚེ་དཔག་མེད་རིགས་ལྔ་ཞེས་སྦྱར་ནས་མཆོད་བསྟོད་པར་སྔར་བཞིན་བྱ། བཟླས་པ་ནི། བུམ་པའི་ནང་གི་ཚེ་དཔག་མེད་རིགས་ལྔའི་ཕྱག་མཚན། བུམ་པའི་ནང་དུ་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྙིང་པོ་དང་གཟུངས་རིང་ནས་སློབ་མ་རྣམས་ཀྱི་ཚེ་ཡར་བ་དང་འཐོར་བ་ལ་སོགས་པ་རྣམས་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་བདུད་རྩིས་གང་བར་གྱུར་བར་བསམས་ལ། གཟུངས་གཉིས་ཅི་གྲུབ་བཟླ། ཚེ་ཆང་ནང་མཆོད་ལྟར་རྒྱས་བསྡུས་ཅི་རིགས་ཀྱིས་བྱིན་གྱིས་བརླབས་ནས་གཟུངས་གཉིས་བཟླ་ཞིང་། ཚེ་རིལ་ནི། ཧྲཱིཿལས་ཚེ་རིལ་རྣམས་སྨན་སྣ་ཚོགས་ལས་གྲུབ་པའི་རིལ་བུར་གྱུར་པའི་སྟེང་དུ་ཧྲཱིཿཡིག་དེ་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་བྱིན་རླབས་དང་སྨན་དང་རྩི་བཅུད་ལ་སོགས་པའི་ནུས་པ་ཐམས་ཅད་བདུད་རྩིའི་རྣམ་པར་བཀུག་ནས་ཚེ་རིལ་ལ་ཐིམ་པར་བསམས་ལ་གཟུངས་གཉིས་བཟླས་ཏེ་བསྒྲུབས། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གོང་གི་སྔགས་ཀྱི་མཐར་ཨི་དཾ་བ་ལིང་ཏ་ཞེས་སོགས་བཏགས་ནས་འབུལ་ཞིང་། ཨརྒྷཾ་སོགས་ཀྱིས་མཆོད་ལ་བསྟོད། དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ་མདུན་དུ་འཁོད་པ་ལ། མཎྜལ་འབུལ་དུ་འཇུག །དེ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་སོགས་ཀྱིས་གསོལ་འདེབས་ལན་གསུམ་བྱེད་དུ་གཞུག །དེ་ནས་ཆོས་བཤད་པ་སྤྱི་དང་བྱེ་བྲག་གིས་གདམས་པ་འདིའི་ལོ་རྒྱུས་བརྗོད། དེ་ནས། གནས་ཁང་འདི་ཐ་མལ་གྱི་རང་བཞིན་ཅན་མ་ཡིན་པར་དག་པའི་ཞིང་མདུན་གྱི་བུམ་པའི་ནང་དུ་ཚེ་དཔག་མེད་རིགས་ལྔ་དངོས་སུ་བཞུགས་པའི་མོས་པ་དང་། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་རྣམས་བཞུགས་པའི་མོས་པ་བྱ། དེ་ནས་བྱང་སྡོམ་འཛིན་པའི་ཆེད་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག །དེ་ནས། སློབ་དཔོན་རིན་པོ་ཆེ་བདག་ལ་མགོན་པོ་ཚེ་དཔག་མེད་རིགས་ལྔའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསུམ་གསོལ་གདབ་བྱས་ཀྱང་ལེགས། དེ་ནས་མཎྜལ་བསྟན་པ་ནི། མདུན་གྱི་བུམ་པ་འདིའི ནང་ལྷའི་གཞལ་ཡས་ཁང་དང་། དེའི་ནང་གི་དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེའི་ཚེ་དཔག་མེད། །ཞེས་པ་ནས། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་མོས། དེ་ནས་སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་གདན་ལ་སློབ་མའི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་དེ་ཡོངས་སུ་གྱུར་པ་ལས་སློབ་མ་རྣམས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཚེའི་བུམ་པ་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ༀ། ཞེས་སོགས་གནས་གསུམ་བྱིན་བརླབ་བྱ། དེ་ནས་དབང་བསྐུར་བ་དངོས་ལ། ཚེ་བུམ་ལ་བརྟེན་ནས་དབང་བསྐུར་བ། ཚེ་ཆང་ལ་བརྟེན་ནས༴ ཚེ་རིལ་ལ་བརྟེན་ནས༴ ཚེ་སྤེལ་བ་དང་བཞི་ལས། དང་པོ་ལ་ཚེ་ཡར་བ་འགུག་པ། ཉམས་པ་གསོ་བ། ཚེ་བསྟིམ་པ་དང་གསུམ། དང་པོ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཕྱག་མཚན་བུམ་པའི་ནང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་ཧྲཱིཿཡིག་གི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་གཤིན་རྗེ་དང་རྒྱལ་པོ་ལ་སོགས་པ་མི་མ་ཡིན་རྣམས་ཀྱི་འཕྲོག་པ་དང་། བརྐུས་པ། ཡར་བ། འཐོར་བ་ཐམས་ཅད་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་གང་ཕྱི་ཐམས་ཅད་བཀྲུས་པས། ལུས་གནོད་པ་གང་གིས་མི་ཚུགས་པའི་རྡོ་རྗེའི་རང་བཞིན་ཅན་དུ་གྱུར་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ནས་ཌཱ་མ་རུ་དང་དྲིལ་བུའི་སྒྲ་དང་བཅས། སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །ཚེའི་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུ་དྲུང་དུ་གྱུར་ཅིག །མི་གཞིག་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་གཏོར། རྒྱལ་མཚན་རྩེ་མོ་དབང་གིས་ཞེས་སོགས་ལྟ་བུའི་བཀྲ་ཤིས་བྱའོ། ། གཉིས་པ་ཉམས་པ་གསོ་བ་ལ། ཚེ་ཉམས་པ་གསོ་བ། སྟོབས་དང་བསོད་ནམས་ཉམས་པ་གསོ་བ། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་གསུམ་ལས། དང་པོ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཕྱག་མཚན་བུམ་པའི་ནང་གི་ཞེས་པ་ནས། འོད་ཟེར་འཕྲོས། འབྱུང་བ་ནམ་མཁའ་རླུང་མེ་དང་ཆུ་དང་སའི་བཅུད་ཐམས་ཅད་བདུད་རྩི་ལྗང་ཁུ་དང་སྔོན་པོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་རྣམ་པར་ནམ་མཁའི་ཁམས་གང་བར་བཀུག་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་ཞེས་པ་ནས། དག་པར་བཀྲུས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུ་ཡང་འབྱུང་བའི་སྒོ་ནས་ཚེ་ཉམས་པའི་ཉེས་སྐྱོན་སྦྱངས་ནས་ཚེ་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །སྔགས་རིང་ཐུང་གཉིས་ཀའམ། ཨ་མ་ར་ཎི་གཉིས་ཀ་བརྗོད་དེ། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །སོགས་སྔར་བཞིན་དང་ཆོས་སྐུ་ནམ་མཁའ་བཞིན་དུ་ཞེས་སོགས་ལྟ་བུའི་བཀྲ་ཤིས་བྱའོ། ། གཉིས་པ་སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཞེས་པ་ནས། འོད་ཟེར་འཕྲོོས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་ཚེ་རིང་པོ་རྣམས་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་མི་ཚེ་རིང་པོ་རྣམས་དང་། དགའ་བོ་དང་ཉེ་དགའ་ལ་སོགས་པའི་ཀླུ་ཚེ་རིང་པོ་རྣམས་དང་། བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་ཚེ་བསོད་ནམས་དང་། འགྲོ་བ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། དེ་རྣམས་ཀྱི་བཀྲག་མདངས་གཟི་བརྗིད་ཐམས་ཅད། བཀྲ་ཤིས་པའི་རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་ཞེས་པ་ནས། སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུ་ཡང་སྟོབས་དང་བསོད་ནམས་ཉམས་པའི་ཉེས་སྐྱོན་སྦྱངས། སྟོབས་དང་བསོད་ནམས་ཉམས་པ་སོར་ཆུད། ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་སྐལ་བ་མཉམ་པའི་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་དང་། ཨ་མ་ར་ཎི་དང་། སྐལ་ལྡན་རིགས་ཀྱི་བུ་ཞེས་སོགས་དང་། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །ཞེས་སོགས་བཀྲ་ཤིས་བྱའོ། །གསུམ་པ་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཞེས་པ་ནས། འོད་ཟེར་འཕྲོས། རྒྱལ་བ་ཚེ་དཔག་མེད་ལ་སོགས་པ་ཚེ་འཁྲིད་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ལྷ་མིའི་རིག་འཛིན་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱིི་བྱིན་རླབས་ནུས་མཐུ་ཐམས་ཅད་སྐུ་གཟུགས་དང་ཡིག་འབྲུ་དང་ཕྱག་མཚན་གྱི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཞེས་པ་ནས། སྡིག་སྒྲིབ་དག །ཁྱད་པར་དུ་ཡང་དམ་ཚིག་དང་སྡོམ་པ་ཉམས་པའི་ཉེས་སྐྱོན་སྦྱངས། དམ་ཚིག་དང་སྡོམ་པ་ཉམས་པ་སོར་ཆུད། འཆི་མེད་ནས། སྙམ་པའི་མོས་པ་མཛོད་ཅིག །ཨ་མ་ར་ཎི་དང་། སྐལ་ལྡན་རིགས་ཀྱི་བུ་ཞེས་སོགས་དང་། མི་འགྱུར་ལྷུན་པོ་སྐུ་ཡི་ཞེས་སོགས་བཀྲ་ཤིས་བྱའོ། །གསུམ་པ་ཚེ་བསྟིམ་པ་ནི། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་ལ་ཚེ་འཁྲིད་བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། བུམ་ནང་གི་ཚེ་དཔག་མེད་རྣམས་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཐིམ། ཁྱེད་རྣམ་པའི་ལུས་ངག་ཡིད་གསུམ་དང་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ནས་ཚེ་བུམ་སློབ་མའི་སྤྱི་བོར་བཞག་ནས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད། རྗེ་བཙུན་འཇམ་པའི་དབྱངས། སློབ་དཔོན་དཔའ་བོ་རྡོ་རྗེ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། གྲུབ་མཆོག་ཆོས་ཀྱི་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས། རྡོ་རྗེ་འཆང་བློ་བཟང་སྦྱིན་པའི་བར་གྱི་དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱིས་བྱིན་གྱིས༴ ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་དག་ལ་གནོད་པའི་ནད་གདོན་བགེགས་བར་དུ་གཅོད་པའི་གནོད་པ་ཐམས་ཅད་དང་། ཁྱད་པར་དུ་ཚེ་ལ་བར་དུ་གཅོད་པའི་མི་མ་ཡིན་གྱི་གནོད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག །སྐྱོབས་ཤིག །ཅེས་དང་། གཟུངས་རིང་ཐུང་གཉིས་ཚར་གཅིག་བཟླའོ། །ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ནི། ཚེ་ཆང་འདི་ཉིད་བདུད་རྩི་ལྔའི་ངོ་བོར་བྱིན་གྱིས་བརླབས་ཤིང་། དེའི་སྟེང་དུ་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་རྣམས་བཀུག་ནས་དེ་ལ་ཐིམ་པར་གྱུར། དེ་ལྟ་བུའི་བདུད་རྩི་དེ་ཉིད་གསོལ་བས་ལུས་ཀྱི་རྩ་རླུང་ཐིག་ལེ་ཉམས་པ་སོར་ཆུད། འཆི་མེད་ནས། མོས་པ་མཛོད་ཅིག །དམ་རྫས་འཆི་མེད་བདུད་རྩིའི་ཟས། །དེ་རིང་བུ་ཡིས་བཏུང་བར་བགྱིས། །ང་ཡིས་བསྒོས་པའི་བཀའ་མ་བཅག །སྒྲུབ་ལ་ནན་ཏན་གཅེས་སུ་གྱིས། །ཞེས་ཚེ་ཆང་སྦྱིན། གསུམ་པ་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། ཚེ་རིལ་འདི་ཉིད་ཀྱང་བྱང་སེམས་ཀྱི་བྱིན་རླབས་དང་། སྨན་དང་རྩི་བཅུད་ཀྱི་ནུས་པ་རྣམས་བཀུག་ནས་བསྟིམས་ནས་བྱིན་གྱིས་བརླབས་པ་ཡིན་པས། འདི་གསོལ་བས་གདོན་དང་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་ཐམས་ཅད་ཞི་ནས་འཆི་མེད་ནས་མཛོད་ཅིག །བཀྲ་ཤིས་ཚེ་བརྟན་དཔལ་གྱིས་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བགྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བསྟེན་ན་ནད་ཀུན་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། ། བཞི་པ་ཚེ་སྤེལ་བ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁར་རྒྱལ་བ་ཚེ་དཔག་མེད་ལ་ཚེ་འཁྲིད་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་དང་། ལྷ་མིའི་རིག་འཛིན་གྱི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་དང་། རོལ་མོའི་སྒྲ་སྒྲོགས་པ་དང་། བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་དང་། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཞེས་སོགས་སོ་སོར་རམ། ཡང་ན། ཕྱིན་དྲུག་སྟོབས་ཀྱིས་ཞེས་སོགས་ཐུན་མོང་དུ་བྱ་ཞིང་། གཞན་ཡང་བཀྲ་ཤིས་ཅི་རིགས་དང་། དེ་ནས་གཏང་རང་གི་མཎྜལ་དང་། མཇུག་ཆོག་རྣམས་སྤྱི་ལྟར་བྱའོ། །ཞེས་པ་འདི་ཡང་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་དམ་པ་སྔ་མའི་བཤད་སྲོལ་ལྟར་བགྱིས་སོ།། །། མངྒལཾ།། ཡང་གྲུབ་རྒྱལ་མའི་ལུགས་ཀྱི་རྗེས་གནང་ལ་ཚེ་དཔག་མེད་ལྷ་ལྔའི་སྣོན་མ་བཏབ་ནས་དབང་བསྐུར་བའི་ཚུལ་ཞིག་འབྱུང་བ་འདི་སྒོས་སུ་བྱས་ནའང་ལེགས་འདུག་པས་འདི་ལྟར་བྱ་སྟེ། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་དེ་ཡོངས་སུ་གྱུར་པ་ལས། རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པད་མ་འདབ་མ་བཞི་ཟླ་གདན་དང་བཅས་པ། དེའི་དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ནས། སྐྱིལ་ཀྲུང་གིས་བཞུགས་པར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧྲཱིཿའམ་ཧཱུཾ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་རིགས་ལྔའི་ལྷ་ཚོགས་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ནས་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ནས། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ། ༀ་ཨཱརྱ་ཨ་པ་ར་མི་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ ཧཱ། ནས་ཤཔྟའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཞེས་སོགས་ཀྱིས་བསྟོད་ལ། ཨ་མ་ར་ཎི་དང་། ༀ་བུདྡྷ་ཨཱ་ཡུ་ཛྙཱ་ན་སིདྡྷི་ས་མ་ཡེ་སྭཱཧཱ། ཞེས་པ་གཉིས་དང་། བཛྲ་དང་། རཏྣ་ཨཱ་ཡུ་ཛྙཱ་ན་དང་། པདྨ་ཨཱ་ཡུ་ཛྙཱ་ན་དང་། ཀརྨཱཿཨཱ་ཡུ་ཛྙཱ་ན་ཞེས་སྦྱར་བ་བཟླས་ནས་ཡིག་བརྒྱ་བརྗོད་ཅིང་། མཆོད་བསྟོད་བྱ། དེ་ནས་བུམ་པའི་ནང་དུ་ཚེ་དཔག་མེད་རིགས་ལྔ་བསྐྱེད་རྒྱུ་བྱུང་ན་ལེགས་མོད། འདིར་མ་བསྐྱེད་ཀྱང་སློབ་མ་བསངས་སྦྱངས། །སྟོང་པའི་ངང་ལས་པད་ཟླའི་གདན་ལ་སློབ་མ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར་པའི་སྙིང་ཁར་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་པདྨ་དམར་པོ་དང་ཟླ་བའི་གདན་རེ་རེ། །ཞེས་བརྗོད་དེ། སློབ་དཔོན་རིན་པོ་ཆེ་བདག་ལ་ཚེ་དཔག་མེད་རིག་ལྔའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་འདེབས་སུ་གཞུག །དེ་ནས། རང་གི་སྙིང་ཁར་བཞུགས་པའི་ཚེ་དཔག་མེད་རིགས་ལྔ་ལས་རང་འདྲ་གཉིས་པ་རེ་ཆད་ནས་སློབ་མའི་སྙིང་ཁར་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་བཞུགས་པར་གྱུར་པ་ནི། དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞལ་གཅིག་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ཟླ་གདན་ལ་ཧྲཱིཿ ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར། དེ་ནས། རང་གི་སྙིང་ཁའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྣམ་སྣང་དང་རྣམ་སྣང་གི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་རྣམ་སྣང་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། སློབ་མའི་ལུས་ཀྱི་ཆ་ཐམས་ཅད་ནས་ཞུགས་སྙིང་ཁའི་རྣམ་སྣང་ཚེ་དཔག་མེད་ལ་ཐིམ་པས། ལུས་ཀྱི་ནང་གང་། ཉོན་མོངས་པ་གཏི་མུག་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་ལ་སོགས་པ་ཡོན་ཏན་ཐམས་ཅད་རྒྱས་ཤིང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། །ཅེས་བརྡ་སྤྲད་ནས། ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་རྒྱལ་ཏེ། བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ཅེས་བརྗོད་དེ་རྡོ་རྗེ་སློབ་མའི་སྙིང་ཁར་བཞག །བུམ་པ་ཆུ་ཡོད་ན་གཏོར་བཞིན་པར། ༀ་བུདྡྷ་ཨཱ་ཡུ་ཛྙཱ་ན་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་རྡོ་རྗེ་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། འཕྲོས་པས་མི་བསྐྱོད་པ་དང་དེའི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། རྡོ་རྗེ་ཚེ་དཔག་མེད་ལ་ཐིམ་པས། ཞེས་པ་ནས། ཉོན་མོངས་པ་ཞེ་སྡང་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་ཞེས་པ་ནས། ལུས་ལ་རྡོ་རྗེ་ཚེ་དབང་བསྐུར། ཞེས་པ་ནས། རྡོ་རྗེ་སྙིང་ཁར་འཇོག་པ་དང་། ༀ་བཛྲ་ཨཱ་ཡུཿཛྙཱ་ན་ཞེས་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་རིན་ཆེན་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། རིན་ཆེན་དང་རིན་ཆེན་གྱི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་རིན་ཆེན་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། རིན་ཆེན་ཚེ་དཔག་མེད་ལ་ཐིམ་པས། ཞེས་པ་ནས། ཉོན་མོངས་པ་སེར་སྣ་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་ཞེས་པ་ནས། ལུས་ལ་རིན་ཆེན་ཚེ་དབང་བསྐུར། ཞེས་པ་ནས། ༀ་རཏྣ་ཨཱ་ཡུ ཿཛྙཱ་ན་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་པདྨ་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། པདྨ་དང་པདྨའི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་པདྨ་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། པདྨ་ཚེ་དཔག་མེད་ལ་ཐིམ་པས། །ཞེས་པ་ནས། ཉོན་མོངས་པ་འདོད་ཆགས་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་ཞེས་པ་ནས། ལུས་ལ་པདྨའི་ཚེ་དབང་བསྐུར། །ཞེས་པ་ནས། ༀ་པདྨ་ཨཱ་ཡུཿཛྙཱ་ན་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་ལས་ཀྱི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། འཕྲིན་ལས་དང་འཕྲིན་ལས་ཀྱི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་ལས་ཀྱི་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། ལས་ཀྱི་ཚེ་དཔག་མེད་ལ་ཐིམ་པས། ཞེས་པ་ནས། ཉོན་མོངས་པ་ཕྲག་དོག་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་ཞེས་པ་ནས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ལུས་ལ་ལས་ཀྱི་ཚེ་དབང་བསྐུར། །ཞེས་པ་ནས། ༀ་ཀརྨཱཿཨཱ་ཡུ་ཛྙ་ན་ཞེས་སོགས་ཀྱི་སྔགས་བརྗོད། དེ་ནི་རྒྱས་པའི་ལུགས་ཡིན་ལ། བསྡུ་ན། །སྙིང་ཁའི་ཚེ་དཔག་མེད་རིགས་ལྔའི་ཐུགས་ཀའི་ཧྲཱིཿ་ལས་འོད་ཟེར་ཕྱོགས་བཅུར་འཕྲོོས་པས། རིགས་ལྔ་དང་དེའི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཚེ་དཔག་མེད་རིགས་ལྔའི་རྣམ་པར་སྤྱན་དྲངས། ཚེ་དཔག་མེད་རིགས་ལྔ་ལ་ཐིམ་པས། སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་སློབ་མའི་ལུས་ཀྱི་ནང་གང་། ཉོན་མོངས་པ་དུག་ལྔ་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། ཡེ་ཤེས་ལྔའི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ལུས་ལ་རིགས་ལྔའི་ཚེ་དབང་བསྐུར། །ཞེས་སོགས་བརྗོད་ཅིང་། རྡོ་རྗེ་འཇོག་པ་དང་། སྔགས་དེ་རྣམས་བརྗོད། འདི་གྲུབ་རྒྱལ་མའི་རྗེས་གནང་དང་སྦྱར་ནས་བྱེད་ན། བཀའ་བསྒོའི་གོང་དེར་བྱ་བར་བཤད་ལ། སྒོས་སུ་བྱེད་ན། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཞེས་སོགས་ཀྱི་བཀྲ་ཤིས་དང་། ཡང་ན། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཞེས་སོགས་ཅི་རིགས་བྱའོ།། །། ཞེས་པ་འདི་ཡང་བླ་མ་བརྒྱུད་པའི་གསུང་གི་མན་ངག་ལ་བརྟེན་ནས་གཞན་རེ་གཉིས་ལ་ཕན་ཤས་ཆེ་སྙམ་སྟེ་བཤད་སྒྲུབ་མིང་ཅན་གྱིས་བསྒྲིགས་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །


previousའཇམ་དབྱངས་ནས་རྗེ་རིན་པོ་ཆེ་སོགས་ལ་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་རྗེས་གནང་།next