Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀར་ཆག་དུ་མའི་མཆོད་བརྗོད་སྙན་ངག་དང་སྦྱར་བ་འགའ་ཞིག་ལོགས་སུ་བཀོད་པ།
   
   
   
   
   
   
   


 
previousདཀར་ཆག་དུ་མའི་མཆོད་བརྗོད་སྙན་ངག་དང་སྦྱར་བ་འགའ་ཞིག་ལོགས་སུ་བཀོད་པ།next

དཀར་ཆག་དུ་མའི་མཆོད་བརྗོད་སྙན་ངག་དང་སྦྱར་བ་འགའ་ཞིག་ལོགས་སུ་བཀོད་པ།

དཀར་ཆག་དུ་མའི་མཆོད་བརྗོད་སྙན་ངག་དང་སྦྱར་བ་འགའ་ཞིག་ལོགས་སུ་བཀོད་པ་བཞུགས།

ༀ་བདེ་ལེགས་སུ་གྱུར་ཅིག །ལྷན་སྐྱེས་བདེ་ཆེན་ཡེ་ཤེས་ཆོས་སྐུ་དབྱིངས་དང་རོ་གཅིག་བརྟན་གཡོ་ཀུན་སོན་ནམ་མཁའ་བཞིན། །ཟག་མེད་སྒྱུ་དྲྭའི་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་གསལ་ལྡན་དབང་པོའི་གཞུ་འམ་ཉིན་བྱེད་བཞིན། །གདུལ་བྱའི་མོས་མཚོར་སྣ་ཚོགས་སྤྲུལ་སྐུ་ཐེར་འབུམ་ཅིག་ཅར་མིག་འཕྲུལ་ཆུ་ནང་ཟླ་གཟུགས་བཞིན། །ཅི་ཡང་འཆར་མཛད་རིགས་ཀུན་ཁྱབ་བདག་ཟུང་འཇུག་རྡོ་རྗེ་འཆང་ཞབས་སྙིང་དབུས་དྷུ་ཏིར་རྟག་རོལ་ཞིང་། །རྒྱ་ཆེན་ཚོགས་གཉིས་ཟུང་འབྲེལ་གྲུར་ཞུགས་བྱང་ཆུབ་སྤྱོད་པའི་རྒྱ་མཚོ་ཆེར། །བརྩོན་པའི་ལུང་གིས་ཐབས་ཤེས་དར་བསྐུལ་སྐུ་གསུམ་ནོར་བུའི་གླིང་ཕྱིན་ནས། དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་བརྙེས་འགྲོ་ལ་དམ་ཆོས་འདོད་རྒུའི་དངོས། །ཀུན་ནས་སྩོལ་མཛད་ལྷ་མིའི་འདྲེན་མཆོག་ཤཱཀྱའི་རྒྱལ་པོའི་ཞབས་པད་མཆོད། །རྒྱལ་བའི་མདོ་སྔགས་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པ་ཡིས། །རྒྱལ་བསྟན་ཕྱོགས་མཐར་སྦེལ་བའི་མཛད་པ་ཅན། །རྒྱལ་ཚབ་མི་ཕམ་འཇམ་པའི་དབྱངས་ལ་འདུད། །ཅེས་པ་ནི་དཔོན་གྱིས་བཞེངས་པའི་དངུལ་གྱི་མཆོད་རྟེན་ཆེན་པོའི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་བྲིས་པའོ།། །།ༀ་སྭ་སྟི། འགྲོ་བ་ཀུན་ལ་ཀུན་ནས་རབ་ཏུ་བརྩེ་བའི་ཐུགས་མཆོག་མཆོག་ཏུ་རྟག་གོམས་ཤིང་། །བསྐལ་པར་རབ་དཀར་རབ་འབྱམས་དགེ་ལེགས་ཚོགས་གཉིས་གཉིས་ཆར་ཉམས་སུ་བཞེས་ནས་ཀྱང་། །གྲངས་མེད་ཇི་ལྟ་ཇི་སྙེད་ཆོས་རྣམས་མངོན་གཟིགས་གཟིགས་པའི་ཡེ་ཤེས་མཆོག་བརྙེས་པ། །སྟོན་པ་ལྷ་ཡི་ལྷ་ཁྱོད་བདག་སོགས་མ་ལུས་ལུས་ཅན་ཀུན་གྱི་མགོན་སྐྱབས་ཕུལ། །རབ་བརྟན་བརྩོན་པའི་མགྱོགས་འགྲོའི་ཤུགས་ཀྱིས་སྤངས་རྟོགས་ཤར་རིའི་རྩེ་ནས་འཕགས། །མཛད་མཆོག་འོད་དཀར་འཕྲེང་བ་ཡིས་ནི་ཐུབ་བསྟན་ཀུནྡ་ཅི་ཡང་འཛུམ། །གདུལ་བྱའི་ཁམས་ཀྱི་མུན་པ་གཏན་སེལ་བྱང་ཆུབ་སྤྱོད་པའི་མཁའ་ལ་རྩེན། །སྨྲ་བའི་ཟླ་བ་རྒྱལ་སྲས་ཐུ་བོ་མི་ཕམ་འཇམ་པའི་དབྱངས་ལ་འདུད། །མཐའ་བྲལ་ཆོས་དབྱིངས་རྒྱ་མཚོར་རྟག་རོལ་ཞིང་། །རྟེན་འབྱུང་ཟབ་མོའི་ཕུད་སྒྲ་དྲག་ཏུ་འབྱིན། །རྟག་ཆད་ལྟ་བའི་ཚ་གདུང་སེལ་མཛད་པ། །ནཱ་གཱ་རྫུ་ན་ཀླུ་ཡི་དབང་པོར་འདུད། །རྒྱལ་སྲས་སྤྱོད་པའི་མཁའ་ལ་རབ་འཕགས་ཏེ། །རྒྱལ་བའི་དམ་ཆོས་པདྨོའི་ཚལ་བརྒྱ་འབྱེད། །རྒྱལ་བས་ལུང་བསྟན་ཐོགས་མེད་སྐུ་མཆེད་སོགས། །རྒྱལ་སྲས་འཛམ་གླིང་རྒྱན་རྣམས་ཕྱག་གི་ཡུལ། །བློ་ཆེན་རྒྱལ་བའི་མདོ་རྒྱུད་གཞུང་བཟང་ཐོགས་པ་མེད་པའི་ཚུལ་གྱིས་མཁྱེན། །མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས་སྤྲུལ་རྒྱལ་བ་གཉིས་པར་རབ་ཏུ་གྲགས། །གྲགས་པ་དོན་ལྡན་དམ་ཆོས་མ་ལུས་ངེས་པར་འཛིན་པ་ཆོས་ཀྱི་རྗེ། །རྗེ་བཙུན་བླ་མ་ཙོང་ཁ་པ་ཁྱོད་མཐའ་ཡས་འགྲོ་བ་ཀུན་གྱི་སྐྱབས། །ཐེག་མཆོག་ལྷ་ཡི་ལམ་ལ་རྟག་རྒྱུ་ཞིང་། །གསུང་རབ་རྒྱ་མཚོའི་གོས་ཅན་མཐའ་དག་ཀྱང་། །རབ་འབར་རིགས་པའི་ཟེར་གྱིས་སྣང་བྱེད་པའི། །སྲས་ཀྱི་ཐུ་བོ་གཉིས་ལའང་མགོས་ཕྱག་འཚལ། །མང་ཐོས་ཆུ་གཏེར་དབུས་སུ་གནས་བཅས་ཏེ། །ལུང་དང་རིགས་པའི་གཟི་བྱིན་འོད་དུ་འབར། །ཡོན་ཏན་རིན་ཆེན་གཞི་ཡི་རང་བཞིན་ཅན། །བཤེས་གཉེན་ལྷུན་པོ་དེ་ཡང་རྟག་ཏུ་བསྔགས། །མདོ་སྔགས་གཞུང་བརྒྱའི་ས་འཛིན་དབང་པོའི་རྩེར། །ཐོས་བསམ་ས་སྲུང་སྟེང་གནས་རྨོངས་པའི་མགོར། །རྣམ་དཔྱོད་རྡོ་རྗེ་རྩེ་བརྒྱ་གདེངས་བྱེད་པའི། །བཤེས་གཉེན་ལྷ་དབང་ཚོགས་ལ་གུས་པས་འདུད། །ཐུགས་མཆོག་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུང་འདུལ་ཕྱིར་དྲག་ཏུ་ཁྲོོས་པའི་སྐུར། །མངོན་བསྟན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །གུས་པས་འདུད་ཀྱིས་འདུས་པའི་སྡེ་འདི་སྐྱོངས། །ཞེས་པ་ནི་མཚན་ཉིད་གྲྭ་ཚང་གི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་ཕྱུང་བའོ།། །།ༀ་སྭ་སྟི། མཁའ་ལྟར་དག་པའི་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ལྷན་སྐྱེས་བདེ་ཆེན་དང་། །མཁའ་ལ་ཤར་བའི་དབང་པོའི་གཞུ་བཞིན་རྣམ་བཀྲའི་སྒྱུ་འཕྲུལ་དྲྭ་བ་ལས། །མཁའ་ཁྱབ་བརྟན་གཡོའི་དཀྱིལ་འཁོར་ཀུན་ཀྱང་ཆུ་ཟླ་ཇི་བཞིན་ཡོངས་འཆར་བ། །དཔལ་ལྡན་རིགས་རྣམས་ཀུན་གྱི་བདག་པོ་ཟུང་འཇུག་རྡོ་རྗེ་འཆང་དེ་རྒྱལ། །རྣམ་དག་རྣམ་དཀར་དགེ་ཚོགས་ལས་འཁྲུངས་མཐོང་ན་མི་མཐུན་མེད་པའི་སྐུ། །རབ་སྙན་རབ་མང་འགྲོ་བའི་སྐད་བཞིན་མཐུན་པར་སྟོན་པ་དྲུག་ཅུའི་དབྱངས། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ཀུན་མངོན་སུམ་གཟིགས་པའི་ཐུགས་མངའ་བ། །ལྷ་ཡི་ལྷ་མཆོག་ཁམས་གསུམ་བླ་མ་ཤཱཀྱ་སེངྒེས་དགེ་ལེགས་སྩོལ། །དྲི་མེད་མཁྱེན་རབ་ཡངས་པའི་མཁའ་ལ་བརྩེ་བའི་ཆུ་འཛིན་ཕུང་པོ་འཁྲིགས། །ཟབ་གསལ་གསུང་གི་འབྲུག་སྒྲའི་དཔལ་མཛེས་ལེགས་བཤད་ཆར་ཆེན་ཅི་ཡང་འབེབས། །ཕན་བདེའི་ལོ་ཏོག་ཀུན་ནས་རྒྱས་མཛད་རྒྱལ་སྲས་སྤྱོད་པའི་ཟློས་གར་ཅན། །རྒྱལ་ཚབ་མི་ཕམ་འཇམ་པའི་དབྱངས་ཀྱི་ཞབས་པད་སྤྱི་བོའི་གཙུག་གིས་བསྟེན། །རྒྱལ་བའི་ཡབ་གྱུར་འཇམ་པའི་དབྱངས་གང་རྒྱལ་བའི་དམ་ཆོས་མ་ལུས་པ། །རྒྱལ་ཀུན་དགོངས་པ་ཇི་བཞིན་འཛིན་ཕྱིར་རྒྱལ་སྲས་གཟུགས་ཀྱི་རྣམ་རོལ་ཞེས། །རྒྱལ་བ་ཀུན་གྱི་མགྲིན་གཅིག་རབ་བསྔགས་རྒྱལ་བ་མ་ལུས་གཅིག་བསྡུས་པ། །རྒྱལ་བའི་དབང་པོ་ཙོང་ཁ་པ་ཁྱོད་རྒྱལ་བ་ཉིད་ལས་ལྷག་པར་ངེས། །ཞེས་པ་ནི་རྗེའི་གསུང་འབུམ་གསེར་བྲིས་ཀྱི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་བཀོད་པ་སྟེ། མཇུག་ཏུ། ཁྱད་པར་ཐུབ་བསྟན་བསྟན་པའི་སྙིང་པོ་ངེས་དོན་དོན་བཞིན་གསལ་མཛད་པ། །མདོ་རྒྱུད་ཀུན་མཁྱེན་མཁྱེན་རབ་དབང་ཕྱུག་མ་ལུས་ལུས་ཅན་ཀུན་གྱི་སྐྱབས། །རྒྱལ་བའི་ཆོས་ཚུལ་ཚུལ་བཞིན་འཛིན་མཛད་འཇམ་དཔལ་དཔལ་ལྡན་བླ་མ་མཆོག །གང་དེའི་ལེགས་བཤད་བཤད་སྲོལ་བཟང་པོ་ཇི་སྲིད་སྲིད་མཐར་རྒྱས་གྱུར་ཅིག །ཞེས་སོ།། །། ན་མོ་གུ་རུ། ཆོས་སྐུའི་རང་བཞིན་མཁའ་ལྟར་རྣམ་དག་སྐྱེ་འགག་སྤྲོས་དང་བྲལ་བ་ལས། །ཚོགས་གཉིས་རླུང་གི་ཤིང་རྟས་ཉེར་དྲངས་ལོངས་སྤྱོད་རྫོགས་སྐུ་ཉིན་མོར་བྱེད། །སྣ་ཚོགས་གདུལ་བྱའི་ཁམས་དང་མོས་མཚོར་སྤྲུལ་སྐུའི་སྣང་བརྙན་འབུམ་འཆར་བ། །དཔག་ལས་འགྲོ་བ་ཀུན་གྱི་གཉེན་གཅིག་ཟས་གཙང་སྲས་པོས་དགེ་ལེགས་སྩོལ། །རབ་འབྱམས་ཞིང་དུ་རབ་འབྱམས་རྒྱལ་བའི་དྲུང་། བྱང་ཆུབ་ཆེད་དུ་བྱང་ཆུབ་སྤྱོད་པའི་གར། །གྲངས་མེད་འགྲོ་ལ་གྲངས་མེད་རབ་སྟོན་པ། །མི་ཕམ་འཇམ་པའི་དབྱངས་ལ་གུས་ཕྱག་འཚལ། །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་ཀུན། །ཀུན་ནས་འགྲུབ་ཕྱིར་གསུང་རབ་གྲངས་ངེས་ཚུལ། །ཚུལ་བཞིན་འགྲེལ་མཛད་ཤིང་རྟ་ཆེན་པོ་སོགས། །འཕགས་ཡུལ་མཁས་པའི་ཚོགས་རྣམས་སྤྱི་བོས་བསྟེན། །ཕན་བདེའི་འབྱུང་གནས་རྒྱལ་བའི་ལུང་རྟོགས་བསྟན། །ཐོས་བསམ་བསྒོམ་པའི་ཚུལ་གྱིས་ལེགས་བཟུང་ནས། །ཇི་བཞིན་འགྲོ་ལ་གསལ་མཛད་ཆོས་ཀྱི་རྗེ། །བཤེས་གཉེན་རིམ་པར་བྱོན་རྣམས་ཕྱག་གི་གནས། །རིང་ནས་ལེགས་སྤྱད་མཆོད་སྦྱིན་བརྒྱས་བསྐྲུན་ཐུབ་བསྟན་རྣམ་པར་རྒྱལ་བའི་རྩེར། །མཁས་བཙུན་བཟང་པོའི་ས་སྲུང་ལ་ཞོན་འཆད་རྩོད་རྩོམ་པའི་རྡོ་རྗེ་ཡིས། །ལོག་རྟོག་ལྷ་མིན་དཔུང་ཚོགས་ཀུན་བཅོམ་ཆོས་ཀྱི་རྒྱལ་མཚན་མཆོག་བསྒྲེང་བ། །སྐལ་ལྡན་ལྷ་རྣམས་ཀུན་གྱི་བླ་མ་ཀུན་མཁྱེན་ཙོང་ཁ་པ་ཁྱོད་རྒྱལ། །ཞེས་པ་ནི་ཇོ་བོའི་ལྷ་ཁང་གི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་བཀར་བའོ།། །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དཔག་མེད་ལེགས་ཚོགས་ཚོགས་གཉིས་རྒྱ་མཚོ་བརྩོན་པའི་དཔུང་གིས་བསྲུབས་ལས་འཁྲུངས། །གྲངས་མེད་ཆོས་ཀུན་ཀུན་ནས་མངོན་གཟིགས་མཁྱེན་པའི་ཆ་ཤས་ཡོངས་སུ་རྫོགས། །དམིགས་མེད་རབ་བརྩེ་བརྩེ་བ་ཆེན་པོའི་བསིལ་བའི་རླན་གྱིས་རྟག་བརླན་པ། །མཚུངས་མེད་རྣམ་འདྲེན་འདྲེན་པ་མཆོག་གྱུར་ཐུབ་དབང་སྨྲ་བའི་ཟླ་བར་འདུད། །སྟོབས་བཅུའི་གོ་འཕང་རིང་ནས་མངོན་གྱུར་ཀྱང་། །ས་བཅུའི་དབང་ཕྱུག་ཟོལ་བསྟེན་ཞིང་ཀུན་ཏུ། །རྒྱལ་སྲས་སྤྱོད་པའི་གར་གྱིས་རྣམ་རོལ་བ། །རྒྱལ་ཚབ་འཇམ་པའི་དབྱངས་ལ་གུས་ཕྱག་འཚལ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་ནས། །རབ་མང་འགྲོ་བའི་བློ་མུན་སེལ་ཕྱིར་དུ། །རབ་བྱོན་བརྟན་པའི་འཁོར་ལོ་ལ་འགྲན་པ། །རབ་མཆོག་རྗེ་བཙུན་ཙོང་ཁ་པ་ཁྱོད་བསྔགས། །གསུང་རབ་ཀུན་གྱི་དྲང་ངེས་མ་ལུས་པ། །ཇི་བཞིན་གཟིགས་ནས་འགྲོ་ལ་རྗེས་བརྩེ་བས། །ཚུལ་བཞིན་འདོམས་པའི་གཏམ་ལ་དབང་འབྱོར་བ། །བཤེས་གཉེན་ཚོགས་ཀྱི་བཀའ་དྲིན་དྲན་པས་དད། །ཅེས་པ་ནི་དགོན་པའི་བླ་རབས་ཀྱི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་ཕྱུང་བའོ།། །།ན་མོ་གུ་རུ་མ་ཧཱ་བཛྲ་དྷཱ་ར་ཡེ། གཅིག་མིན་འགྲོ་ལ་གཅིག་ཏུ་བརྩེ་བའི་ཟླ་མེད་སྐྱབས་གཅིག་ཀུན་གྱི་དཔུང་གཉེན་གཅིག་གྱུར་ཅིང་། །ཚོགས་གཉིས་ཡོངས་རྫོགས་སྒྲིབ་གཉིས་ཀུན་སྦྱངས་དོན་གཉིས་མཐར་ཕྱིན་ཆོས་གཟུགས་སྐུ་གཉིས་རབ་བརྙེས་ནས། །ཐེག་གསུམ་འགྲོ་ལ་རྣམ་གསུམ་འཁོར་ལོ་ལན་གསུམ་བསྐོར་ནས་སྐུ་གསུམ་གོ་འཕང་ལ་འགོད་པ། །བསམ་གཏན་བཞི་དང་ཚད་མེད་བཞི་རྫོགས་རྫུ་འཕྲུལ་རྐང་བཞི་མི་འཇིགས་བཞི་ལྡན་དེ་ལ་འདུད། །རྒྱལ་བས་རབ་མཛེས་རིན་ཆེན་ཅོད་པན་ཉིད་ཀྱི་དབུ་ལ་ལེགས་བཅིངས་ཏེ། །རང་གི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར་ཤེར་ཕྱིིན་རྒྱ་མཚོའི་ཁོང་ཟབ་ནས། །སྦས་དོན་ཡིད་བཞིན་རིན་ཆེན་ནོར་བླངས་ལེགས་བཤད་རྒྱལ་མཚན་རྩེ་མོ་རུ། །མངོན་མཆོད་སྐལ་ལྡན་རེ་བ་ཡོངས་སྐོང་རྒྱལ་ཚབ་མི་ཕམ་མགོན་དེ་རྒྱལ། །གང་གི་མཁྱེན་པའི་སྐད་ཅིག་གིས་ཀྱང་བགྲང་ཡས་ཤེས་བྱའི་དཀྱིལ་འཁོར་ཀུན། །ཇི་བཞིན་གཟིགས་ལ་མཚུངས་པའི་དཔེར་འོས་འཇིག་རྟེན་འདི་ན་གཞན་མེད་པས། །རྒྱལ་བ་ཀུན་གྱིས་གསུང་དབྱངས་མགྲིན་གཅིག་ཁྱོད་ལ་མཁྱེན་པའི་གཏེར་ཆེན་ཞེས། །ལན་ཅིག་མིན་པར་ཡང་དང་ཡང་བསྔགས་འཇམ་པའི་དབྱངས་ཀྱི་ཞབས་ལ་འདུད། །གཞུང་ལུགས་གངས་རིའི་སུལ་ལ་གནས་བཅས་ལེགས་བཤད་གཡུ་རལ་མཆོག་གིས་མཛེས། །རྟེན་འབྱུང་ཟབ་མོའི་ང་རོ་དྲག་པོ་ས་ཆེན་འདི་ལ་ཆེར་བསྒྲགས་པས། །རྟག་ཆད་སྨྲ་བའི་ལག་ལྡན་སྙིང་འགས་རིགས་པའི་མཆེ་སྡེར་འབར་བ་ཅན། །སྨྲ་བའི་སེངྒེ་ཀླུ་སྒྲུབ་ཟླ་བ་ཞི་བ་ལྷ་ཡི་ཞབས་ལ་འདུད། །དམ་ཆོས་འཛིན་པའི་སྨོན་ལམ་རླུང་ཤུགས་ཀྱིས། །གསུང་རབ་ཡངས་པའི་མཁར་འཕགས་རྣམ་དཔྱོད་ཆ། །ཡོངས་རྫོགས་ཐུབ་བསྟན་ཀུནྡ་རྒྱས་མཛད་པ། །རྒྱལ་སྲས་ཐོགས་མེད་སྐུ་མཆེད་ཞབས་ལ་འདུད། །མགོན་ཁྱོད་འཇམ་དབྱངས་དབྱངས་ཅན་ལ་སོགས་ལྷག་པའི་ལྷ་ཡིས་རྗེས་བཟུང་བས། །རྒྱལ་བའི་གསུང་རབ་རབ་འབྱམས་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་ཐོགས་མེད་ཅིང་། །གཞུང་ལུགས་འདབ་སྟོང་སྟོང་ཕྲག་དག་ཀྱང་ཅིག་ཅར་ཉིད་དུ་གསལ་མཛད་པ། །བསྟན་པའི་ཉི་མ་མ་རིག་མུན་སེལ་རྗེ་བཙུན་ཙོང་ཁ་པ་ཁྱོད་བསྔགས། །ངེས་པའི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས། །ངེས་དོན་མདོ་སྔགས་བསྟན་པ་སྤེལ་བའི་ཕྱིར། །ངེས་པར་བཤེས་གཉེན་གར་གྱིས་རྣམ་རོལ་པར། །ངེས་པ་ཤུགས་དྲག་ཐོབ་ལས་གཞན་དུ་ཅི། །མགོན་དེའི་ལེགས་བཤད་མདོ་སྔགས་གཞུང་ལུགས་ཀུན། །ཀུན་ནས་ཐུགས་ཆུད་མཁས་པ་ཀུན་གྱི་རྗེ། །རྗེ་བཙུན་བླ་མ་ཉིད་མཚུངས་རྒྱལ་བའི་སྲས། །སྲས་ཀྱི་ཐུ་བོ་གསུམ་ལའང་གུས་ཕྱག་འཚལ། །ཞེས་པ་ནི་རྗེའི་གསུང་འབུམ་པར་མའི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་ཕྱུང་བའོ།། །།ༀ་སྭ་སྟི། ཟབ་མོའི་ཐབས་ཀྱིས་གཉིས་སྣང་སྤྲོས་པའི་ཀུན་རྟོག་མ་ལུས་དབྱིངས་ཐིམ་སྲིད་པའི་མགྱོགས་འགྲོའི་རྒྱུ་བ་བཅད། །མཁའ་ལྟར་རྣམ་དག་དེ་བཞིན་ཉིད་དང་དབྱེར་མེད་རོ་གཅིག་སྒྲིབ་བྲལ་ལྷན་སྐྱེས་འོད་གསལ་བདེ་ཆེན་དང་། །ཤིན་ཏུ་ཕྲ་བའི་རླུང་སེམས་རང་བཞིན་དབང་པོའི་གཞུ་ལྟར་དྭངས་ཤིང་གསལ་བ་དག་པའི་སྒྱུ་ལུས་ཀྱི། །བདེན་གཉིས་མི་ཕྱེད་ཟུང་དུ་འཇུག་པའི་སྐུ་ཅན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་དེ་ཉིད་བསྔགས། །རབ་དཀར་ལེགས་ཚོགས་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་རབ་མཛེས་མཛེས་སྡུག་ལྟ་བས་མི་ངོམས་གསེར་རིའི་སྐུ། །རབ་ལྷན་ཚངས་དབྱངས་དབྱངས་ཀྱི་ཡན་ལག་དྲུག་ཅུས་རབ་ཟབ་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསུང་། །རབ་འབྱམས་ཆོས་ཀུན་ཀུན་ནས་སྒྲིབ་མེད་ཇི་བཞིན་རབ་གཟིགས་གཟིགས་པ་རྣམ་དག་བླ་ན་མེད་པའི་ཐུགས། །རབ་མངའ་མ་ལུས་ལུས་ཅན་ཀུན་ལ་ཐར་ལམ་རབ་སྟོན་སྟོན་པ་མཆོག་དེའི་ཞབས་ལ་གུས་ཕྱག་འཚལ། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལེགས་བསྡམས་བརྩོན་པའི་རླུང་གིས་ལྷག་བསམ་དར་ཆེན་རབ་བསྐུལ་ཏེ། །བྱང་ཆུབ་སྤྱོད་པའི་ཆུ་གཏེར་ཆེན་པོར་རིང་ནས་ཞུགས་ཤིང་སྡུག་ཀུན་ན་ཀྲའི་འཇིགས་ལས་གྲོལ། །གཏན་བདེ་རྣམ་པར་གྲོལ་བའི་གླིང་མཆོག་ཏུ་སོན་ཀུན་མཁྱེན་ནོར་བུའི་དཔལ་དེ་རབ་བརྙེས་ཀྱང་། །རྒྱལ་སྲས་དེད་དཔོན་སྤྱོད་པའི་གར་གྱིས་འགྲོ་བའི་རེ་སྐོང་རྒྱལ་ཚབ་འཇམ་པའི་དབྱངས་ལ་འདུད། །མཐའ་བྲལ་གཞུང་ལུགས་ཟབ་མོའི་མཚོར་ཞུགས་རྣམ་གྲོལ་རིན་ཆེན་གཙུག་ན་འཛིན། །ལེགས་བཤད་གདེངས་ཀ་མཆོག་གིས་ཉེར་མཛེས་ཟབ་རྒྱས་ཆར་ཆེན་ཅི་ཡང་འབེབས། །འགྲོ་བའི་དགེ་ལེགས་མྱུ་གུ་སྨིན་མཛད་དྲང་ངེས་ཕུད་ཀྱི་སྒྲ་ཆེན་སྒྲོགས། །མཁས་མང་གདེངས་ཅན་ཀུན་གྱི་དབང་པོ་ཤིང་རྟ་ཆེ་གཉིས་རྒྱལ་གྱུར་ཅིག །གཞུང་ལུགས་ས་འཛིན་མཐོན་པོའི་སྤོར་གནས་མང་ཐོས་ལག་ལྡན་དབང་པོའི་སྟེང་། །ལེགས་བཤད་ཁྱོོན་ལ་ལྟ་བའི་སྤོབས་མཐོ་རྣམ་དཔྱོད་རྡོ་རྗེ་རྩ་བརྒྱ་གདེངས། །རྒོལ་ངན་སྦྱིན་སྐྱེས་དཔུང་ཚོགས་ཀུན་འཇོམས་རིགས་པའི་སྤྱན་སྟོང་རྣམ་པར་བགྲད། །སྐལ་ལྡན་ལྷ་རྣམས་ཡོངས་ཀྱི་བླ་མ་འཕགས་ཡུལ་མཁས་པའི་ཚོགས་ཀུན་བསྔགས། །རིང་ནས་བགྱིས་པའི་དགེ་ལེགས་ཀྱིས་བསྐྲུན་ལུང་རྟོགས་རིན་ཆེན་བདུན་དང་ལྡན། །མཐའ་ཡས་མདོ་དང་སྔགས་ཀྱི་གཞུང་ཀུན་ལེགས་པར་བཤད་པའི་གསེར་འཁོར་ཆེས། །བདེ་གཤེགས་བསྟན་པའི་ས་ཆེན་ཁྱོད་ལ་འདོད་རྒུར་སྤྱོད་པའི་དཔལ་ལྡན་པ། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་དེ་རྒྱལ། །ཕ་རོལ་ཕྱིན་པའི་གཞུང་དོན་པདྨོའི་ཚལ། །ལེགས་བཤད་འོད་སྟོང་ཟེར་གྱིས་རབ་ཕྱེ་ནས། །ཟབ་དོན་ཟེའུ་འབྲུ་རྒོད་མཛད་ཐམས་ཅད་མཁྱེན། །རྒྱ་ཚབ་སྨྲ་བའི་ཉི་མ་བྱམས་མགོན་དངོས། །རྣམ་དཔྱོད་ལང་ཚོ་དར་བའི་ལུས་སྟོབས་རྒྱས། །ལུང་དང་རིགས་པའི་མཆེ་སྡེར་རབ་ཏུ་འབར། །ཕས་རྒོལ་གླང་པོ་སྟོང་གི་ཐོད་འགེམས་པ། །སྨྲ་བའི་སེངྒེ་མཁས་གྲུབ་དགེ་ལེགས་དཔལ། །བློ་བཟང་རྒྱལ་བའི་ལུང་རྟོགས་ཆོས་རྣམས་ཀྱི། །བསྟན་པའི་རྒྱལ་མཚན་འཛིན་ལ་ས་སྟེང་འདིར། །འགྲན་པའི་ཟླ་བྲལ་པཎ་ཆེན་ཐམས་ཅད་མཁྱེན། །ངེས་པར་མཁས་གྲུབ་དེ་ལས་གཞན་དུ་ཅི། །རྒྱལ་བའི་གསུང་རབ་ཕ་རོལ་ཕྱིན་པའི་དོན། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རུ། །ལེགས་པར་བསྡུས་ནས་སྟོན་མཛད་དགེ་བའི་བཤེས། །ལམ་རིམ་བརྒྱུད་པའི་བླ་མ་རྣམས་ལ་འདུད། །རྒྱུད་སྡེ་བཞི་ཡི་བརྗོད་བྱའི་གནད་ཀུན་ཀྱང་། །ཇི་བཞིན་རྟོགས་ནས་ཉམས་སུ་ལེན་མཛད་ཅིང་། །སྐལ་ལྡན་འགྲོ་ལ་རབ་སྟོན་ཆོས་ཀྱི་རྗེ། །གསང་སྔགས་བརྒྱུད་པའི་བླ་མ་རྣམས་ལ་འདུད། །རྒྱལ་བའི་གསུང་རབ་ཐམས་ཅད་ལེགས་སྦྱར་གྱི། །སྐད་དུ་གནས་ལས་དེ་ཉིད་བོད་ཀྱི་བརྡར། །ལེགས་པར་བསྒྱུར་ནས་གཏན་ལ་འབེབས་མཛད་པ། །ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་པས་དད། །རྒྱལ་བའི་སྤྱན་སྔར་རྒྱལ་བའི་ལུང་རྟོགས་བསྟན་པ་མཆོག །རྟག་ཏུ་བ སྲུང་བར་རྟག་ཏུ་ལེགས་པར་ཞལ་བཞེས་ཤིང་། །ཆོས་བཞིན་སྒྲུབ་རྣམས་ཆོས་བཞིན་རབ་ཏུ་སྐྱོང་མཛད་པའི། །བསྟན་སྲུང་རྣམས་ཀྱིས་བསྟན་དང་དེ་འཛིན་ཀུན་སྐྱོངས་ཤིག །ཅེས་པ་འདི་ནི་བཀའ་འགྱུར་དཀར་ཆག་གི་མཆོད་བརྗོོད་ལོགས་སུ་བྲིས་པའོ།། །།དཀར་ཆག་འདི་རྣམས་ནི་བཤད་སྒྲུབ་མིང་ཅན་བདག་གིས་བགྱིས་པ་ཡིན་ཀྱང་། འདིར་དེ་དག་གི་མཆོད་བརྗོོད་ཙམ་ཞིག་ལོགས་སུ་ཕྱུང་བའི་པར་གྱི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །


previousདཀར་ཆག་དུ་མའི་མཆོད་བརྗོད་སྙན་ངག་དང་སྦྱར་བ་འགའ་ཞིག་ལོགས་སུ་བཀོད་པ།next