Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོའི་བསྐང་གསོ་བྱ་ཚུལ་བསྡུས་པ།
   
   
   
   


 
previousདཔལ་ལྡན་ལྷ་མོའི་བསྐང་གསོ་བྱ་ཚུལ་བསྡུས་པ།next

དཔལ་ལྡན་ལྷ་མོའི་བསྐང་གསོ་བྱ་ཚུལ་བསྡུས་པ།

དཔལ་ལྡན་ལྷ་མོའི་བསྐང་གསོ་བྱ་ཚུལ་བསྡུས་པ་བཞུགས།

ན་མོ་ལོ་ཀི་ཤྭ་ར་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་སྤྲུལ་པའི་གར། །རྒྱལ་ཡུམ་དབྱངས་ཅན་ལྷ་མོ་ཉིད། །དྲག་མོའི་སྐུར་བསྟན་དེ་ལ་འདུད། །འདིར་ལྷ་མོའི་བསྐང་གསོ་མདོར་བསྡུས་ཞིག་བརྗོད་པ་ལ། ཡོ་བྱད་ཅི་འགྲུབ་ཚོགས་པར་བྱས་ནས། རང་ཉིད་འཇིགས་བྱེད་ཀྱི་བདག་བསྐྱེད་རྒྱས་བསྡུས་གང་རུང་སྔོན་དུ་བཏང་ནས། མཆོད་པ་དང་ནང་མཆོད་བཅུ་གསུམ་མ་ལྟར་དང་། བསྐང་རྫས་རྣམས་ནི། བསྐང་གསོའི་གཞུང་ནས་འབྱུང་བ་བཞིན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ་བྱ། ཡང་ན། མཆོད་པ་དང་བསྐང་རྫས་རྣམས། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་སོ་སོའི་ནང་དུ་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བ་མགྲོན་སོའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་དང་། རཱུ་པ་ནས། སྤཪྴ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། བསྐང་རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེ་བརྒྱན་པ་ཞུ་བ་ལས་བྱུང་བའི་བསྐང་རྫས་མཁོ་རྒུའི་ཡོ་བྱད་ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། །ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝ རྟ་ཡ་ཨཱ་ཝརྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ་སྭཱཧཱ། ཞེས་པ་ཙམ་ལན་གསུམ། ཤིན་ཏུ་བསྡུ་ན། །རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ། །མཆོད་རྫས་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། སྤྱན་འདྲེན་ནི། རབ་འབྱམས་རྒྱལ་བ་མའི་ཚིགས་བཅད་གཉིས་སམ། བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །བྱང་ཤར་མུ་ལེ་ཏིང་གི་རྒྱ་མཚོ་ནས། །དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་དང་བཅས། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། །ཀ་མ་ལ་ཡ་སྟྭཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །འདོད་ཁམས་དབང་ཕྱུག་འཁོར་བཅས་ལ་འབུལ་བགྱི། །བཞེས་ནས་རྣལ་འབྱོར་བདག་ཅག་སྲུང་སྐྱོབ་མཛོད། །མ་ལུས་རྒྱལ་བའི་འ ཕྲིན་ལས་གཅིག་བསྡུས་ནས། །གདུག་པ་འདུལ་ཕྱིར་ཁྲོ་མོའི་སྐུར་བསྟན་པ། །དཔལ་ལྡན་དམག་དང་ཟོར་གྱི་རྒྱལ་མོ་ཞེས། །མཚན་གསོལ་བསྟན་སྲུང་གཙོ་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་བསགས་པའི་སྡིག་སྒྲིབ་དང་། །བླ་མ་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་འགལ་བར་རབ་སྤྱད་པའི། །དམ་ཚིག་ཉམས་ཆགས་ཐམས་ཅད་སོ་སོར་བཤགས། །མཆོག་གསུམ་རྟེན་འབྲེལ་ཆོས་དབྱིངས་བདེན་སྟོབས་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས། །ཕྱི་ནང་མཆོད་སྤྲིིན་ས་དང་བར་སྣང་གི ཁྱོན་གང་ལྷ་མོ་འཁོར་བཅས་དགྱེས་གྱུར་ཅིག །ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང་། །ཤ་ཆེན་ཚིལ་དུད་ཞག་ཆེན་སྒྲོན་མེ་དང་། །ཤ་རུས་ཞལ་ཟས་རྐང་གླིང་རོལ་ཚོགས་ཀྱིས། །ལྷ་མོ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །མྱུར་མགྱོགས་རྟ་མཆོག་ཞོལ་ཆེན་གཡག་རོག་དང་། །ལུག་ནག་སྤྱི་དཀར་ཁྱུང་འདྲའི་བྱ་ནག་དང་། །དོམ་འདྲའི་ཁྱིི་ནག་འཇིགས་པའི་ཚོགས་རྣམས་ཀྱིས། །ལྷ་མོ་འཁོར་དང་༴ གཞན་ཡང་འདོད་ཡོན་རྣམ་ལྔ་རིན་ཆེན་བདུན། །དྲེའུ་རྐྱང་སེར་བེ་ཅོན་ཐོད་ཁྲག་དང་། །ནད་རྐྱལ་མཚོན་གྲུ་རེ་ནག་གོས་རྣམས་ཀྱིས། །ལྷ་མོ་འཁོར་དང་༴ ཁྲམ་ཤིང་ཤོ་རྡེ་རྨ་བྱའི་གདུགས་མཛེས་དང་། །ཐོད་སྐམ་དབུ་རྒྱན་མི་མགོའི་ཕྲེང་བ་སོགས། །ཕྱག་རྒྱ་རྣམ་དྲུག་གཏོར་ཆེན་མདའ་དར་གྱིས། །ལྷ་མོ་འཁོར་དང་༴ གླིང་བཞི་ཉི་ཟླ་རི་རབ་སེངྒེ་དང་། །སྦྲུལ་ཆེན་རླུང་ནག་འཚུབ་མ་བྱང་དམར་སོགས། །ཆ་རྐྱེན་དགོས་པའི་ཡོ་བྱད་ཐམས་ཅད་ཀྱིས། །ལྷ་མོ་འཁོར་དང་༴ ཐུགས་དམ་བསྐང་ཞིང་ཉམས་ཆགས་སོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་དུ་གསོལ། ཁྱད་པར་ཤ་ཁྲག་འབྲུ་བཅུད་གཏོར་མའི་ཚོགས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ཏེ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ཀུན། །དགྱེས་པ་བསྐྱེད་ཕྱིར་འབུལ་ལོ་བཞེས་སུ་གསོལ། ཁྱེད་༼ཟློག་པའི་མཚོན་བྱེད།༽ རྣམས་མཆོད་ཅིང་ཐུགས་དམ་བསྐང་བྱས་པས། །རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཉེར་འཚེ་ཟློག་པ་དང་། །མཐུན་རྐྱེན་འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །འདོད་ན་སྐབས་འདིར་ལྷ་མོའི་སྔགས་བཟླས་ཀྱང་རུང་། དེ་ནས་བསྟོད་པ་བསྡུ་ན། །ས་བཅུའི་དབང་ཕྱུག་རྒྱལ་ཡུམ་དབྱངས་ཅན་མ། །དྲག་མོའི་སྐུར་བསྟན་གདུག་པ་ཚར་གཅོད་ཅིང་། །རྒྱལ་བའི་བསྟན་དང་བསྟན་འཛིན་ཀུན་བསྲུང་པར། །ཞལ་བཞེས་ལྷ་མོ་ཆེན་མོ་ཁྱོད་ལ་བསྟོད། །སྔོན་ཚེ་རྒྱལ་བས་ཁྱོད་ཉིད་མངོན་སུམ་དུ། །བསྟན་སྲུང་ཀུན་གྱི་གཙོ་མོར་ལུང་བསྟན་ནས། །བསྟན་པ་གཉེར་གཏད་ཁས་བླངས་མཐུ་རྩལ་ཅན། །ལྷ་མོ་ནག་མོར་མཚན་གསོལ་ཁྱོད་ལ་བསྟོད། །དེ་ལྟར་མཆོད་བསྟོད་གསོལ་བས་བདག་ཅག་གི །མི་མཐུན་གནོད་པ་ཐམས་ཅད་ཞི་བ་དང་། །འདོད་དོན་ཀུན་སྒྲུབས་དུས་རྣམས་ཐམས་ཅད་དུ། །བསྲུང་དང་སྐྱོབ་པའི་འཕྲིན་ལས་མ་གཡེལ་མཛོད། །སྐུ་གསུམ་ལྷུན་གྲུབ་འཕྲིན་ལས་མཐར་ཕྱིན་ཡང་། །ཞེས་སོགས་བརྗོད། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་དང་། མེད་ན། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་སོགས་ཀྱིས་བཟོད་གསོལ་བྱེད་དམ་མིན་ཡང་། །ༀ་བཛྲ་ས་ཏྭ་ཨཿཞེས་ལན་གསུམ་གྱི་མཐར། ༀ་ཨཱཿབཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། །ཞེས་དང་། ཤིས་བརྗོད་མདོར་བསྡུས་བྱའོ།། །།ཞེས་པ་འདི་ནི། དད་དང་རྣམ་དཔྱོད་དང་ལྡན་པའི་ཨོས་ལཱཽ་ཡེས་ཀྱིས་རང་གི་ཞལ་འདོན་ཆེད་བསྐུལ་བ་ལྟར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །


previousདཔལ་ལྡན་ལྷ་མོའི་བསྐང་གསོ་བྱ་ཚུལ་བསྡུས་པ།next