Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་བ་མི་འཁྲུགས་པའི་ཞིང་བཀོད།
   
   


 
previousརྒྱལ་བ་མི་འཁྲུགས་པའི་ཞིང་བཀོད།next

རྒྱལ་བ་མི་འཁྲུགས་པའི་ཞིང་བཀོད།

རྒྱལ་བ་མི་འཁྲུགས་པའི་ཞིང་བཀོད་བཞུགས།

ན་མོ་གུ་རུ་ཝེ། སྨོན་ལམ་ཕུལ་བྱུང་རླབས་ཆེན་གྱིས་བསྐྲུན་ངོ་མཚར་ཕུལ་ཕྱུང་ཞིང་ཁམས་སུ། །རྣམ་དག་ཕུལ་བྱུང་འཁོར་གྱི་ཡོངས་བསྐོར་སྤངས་རྟོགས་ཕུལ་བྱུང་རབ་རྫོགས་པ། བདེ་གཤེགས་ཕུལ་བྱུང་མི་འཁྲུགས་རྒྱལ་པོར་གུས་པ་ཕུལ་བྱུང་གིས་འདུད་ཀྱིས། །ཞིང་མཆོག་ཕུལ་བྱུང་མངོན་པར་དགའ་བར་ཐུགས་རྗེ་ཕུལ་བྱུང་གིས་དྲོངས་ཤིག །ཐབས་ཤེས་རླུང་གི་ཤིང་རྟས་ཉེར་དྲངས་ཏེ། །སྤངས་རྟོག་ཤར་རིའི་རྩེ་ནས་མངོན་པར་འཕགས། །འགྲོ་བློའི་ཁམས་ཀྱི་མུན་པ་གཏན་སེལ་བ། །ཐུབ་དབང་སྨྲ་བའི་ཉི་མར་གུས་ཕྱག་འཚལ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་ཕུང་པོ་ཀུན། །གཅིག་ཏུ་བསྡུས་ཀྱང་གང་གི་བློ་གྲོས་ ཆར། །མཚོན་པར་མ་ནུས་མཁྱེན་པའི་གཏེར་ཆེན་ཞེས། །ཡོངས་གྲགས་བརྟན་པའི་འཁོར་ལོས་རྣམ་དཔྱོད་སྩོལ། །གང་དེས་ཟུར་ཕུད་དོར་ནས་བོད་ཡུལ་འདིར། །རྒྱལ་བའི་དམ་ཆོས་ཉིད་ཀྱི་དགོངས་པ་ལྟར། །ཇི་བཞིན་འཛིན་ཕྱིིར་ངུར་སྨྲིག་ཟློས་གར་གྱིས། །རྣམ་རོལ་རྗེ་བཙུན་ཙོང་ཁ་པ་དེར་འདུད། །སྔོན་ཚེ་རྒྱལ་བའི་སྲས་པོ་མི་འཁྲུགས་པས། །རྣམ་དག་སྨོན་ལམ་མཆོག་གིས་ཡོངས་བཟུང་བ། །མངོན་པར་དགའ་བའི་ཞིང་གི་བཀོད་པ་ཉིད། །དམ་པས་བསྐུལ་ཕྱིར་མདོར་བསྡུས་བདག་གིས་བྲི། །དེ་ལ་འདིར་བཅོམ་ལྡན་འདས་མི་འཁྲུགས་པས་སྔོན་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་ཚེ། ཐུགས་བསྐྱེད་ནས་སྨོན་ལམ་བཏབ་ཚུལ། ཞིང་དག་པ་འགྲུབ་པའི་སྣོད་ཀྱི་བཀོད་པ། བཅུད་ཀྱི་ཡོན་ཏན་སྤྱི་དང་། བྱེ་བྲག་ཉན་ཐོས་ཀྱི་ཡོན་ཏན། བྱང་སེམས་ཀྱི་ཡོན་ཏན། ཞིང་དེར་སྐྱེ་བོའི་རྒྱུ་གང་ཡིན་རྣམས་མདོ་ལས་གསུངས་པ་ལྟར་གྱི་དོན་བསྡུས་ནས་བཤད་པར་བྱའོ། །དེ་ཡང་རྒྱལ་བ་མི་འཁྲུགས་པས་སྔོན་སངས་རྒྱས་སྤྱན་ཆེན་པོ་ཞེས་བྱ་བའི་དྲུང་དུ་རྒྱལ་སྲས་ཀྱི་སྤྱད་པ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་མི་འཁྲུགས་པ་ཞེས་བྱ་བར་གྱུར་ནས་ཐུགས་བསྐྱེད་རླབས་པོ་ཆེས་སྨོན་ལམ་བཏབ་སྟེ། ཞིང་གི་བཀོད་པ་ཡོངས་སུ་བཟུང་བ་ཡིན་ནོ། །སངས་རྒྱས་དེ་ནི་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཐམ་པ་ན། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞིག་ཡོད་པ་དེར་བྱོན་པ་ཡིན་ལ། དེ་ལྟ་བུའི་ཞིང་དེ་ཉིད་ད་ལྟའི་མི་འཁྲུགས་པའི་ཞིང་དང་རྒྱུན་གཅིག་ཡིན་པར་མངོན་པར་མངོན་ནོ། །དམ་བཅས་ཏེ་སྨོན་ལམ་བཏབ་ཚུལ་ནི། མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་ལས། བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་ལ་བསླབ་པར་འཚལ་ལོ། །ཞེས་སོགས་དང་། བཙུན་པ་བཅོམ་ལྡན་འདས་བདག་དེང་གཡོ་མ་མཆིས་པ་དང་། སྒྱུ་མ་མཆིས་པར། དམ་པའི་ཚིག་དང་། གཞན་དུ་མི་འགྱུར་བའི་ཚིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་སོགས་ཀྱིས། སེམས་ཅན་ཐམས་ཅད་ལ་མི་ཁྲོོ་བ་དང་། གནོད་སེམས་མི་བྱ་བ་སོགས་ཉོན་མོངས་པ་ཀུན་དང་མ་འདྲེས་པའི་སེམས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་མ་བསྒྲུབས་ན། བདག་འཚང་མི་རྒྱ་བ་སོགས་ཀྱི་དམ་བཅའ་བརྟན་པོས་སྨོན་ལམ་མང་དུ་བཏབ་ཅིང་། དེ་ཕྱིན་ཆད་སྐྱེ་བ་ཐམས་ཅད་དུ་མཚན་ལ་མི་འཁྲུགས་པ་ཞེས་བྱ་བར་འཆགས་སོ། །རྒྱལ་སྲས་རྒྱ་མཚོའི་གཙོ་བོ་མི་འཁྲུགས་པ། །བསྐལ་བཟང་བྱང་སེམས་སྟོང་ཕྲག་དག་གི་ནང་། ཁྱོད་དང་མཚུངས་པ་གཅིག་ཀྱང་ཡོད་མིན་ཞིང་། །རབ་འབྱམས་ཞིང་དུའང་རྙེད་པར་དཀོན་ནོ་ཞེས། །རྒྱལ་བ་ཉིད་ཀྱིས་རབ་བསྔགས་ཁྱོད་མིན་སུ། །ཞེས་བྱ་བ་ནི་སྔོན་ཐུགས་བསྐྱེད་དེ་སྨོན་ལམ་ཇི་ལྟར་བཏབ་པའི་སྐབས་སོ། །དེ་ལྟར་སྨོན་ལམ་བཏབ་པ་བཞིན་ཡོངས་སུ་འགྲུབ་པའི་ཞིང་ནི་མངོན་པར་དགའ་བ་སྟེ། ཞིང་དེའི་དབུས་སུ་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། འཕང་དུ་ནི་དཔག་ཚད་འབུམ་དང་། ཁོར་ཡུག་ཏུ་ནི་དཔག་ཚད་བཞི་ཁྲི་ཡོད་ཅིང་། ཆོས་ཀྱི་སྒྲ་འབྱུང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པའི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །སངས་རྒྱས་ཀྱི་ཞིང་དེ་ནི། ས་གཞི་ཁྱོན་ཡངས་ཤིང་རྒྱ་ཆེ་བ། ལག་མཐིལ་ལྟར་མཉམ་པ། གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། ཁ་དོག་གསེར་བཟང་པོ་ལྟར་གསལ་ཞིང་། ལྷའི་ནོར་བུ་རིན་པོ་ཆེས་སྤྲས་པ། ཐམས་ཅད་དུ་པདྨ་གསེར་གྱི་མདོག་ཅན་བྱེ་བ་ཁྲག་ཁྲིས་ལེགས་པར་བརྒྱན་པ། མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་དག་མངོན་པར་བཀྲ་བ། སྡོང་དུམ་དང་། ཚེར་མ་དང་། གྱོོ་མོ་དང་། རྡོ་ཕལ་བ་དང་། རི་ནག་པོ་མེད་ཅིང་། ས་གཞི་ལ་རྐང་པ་བཞག་པ་ན། ནེམ་ཞེས་བྱེད་ཅིང་དམའ་བར་འགྱུར་ལ། རྐང་པ་ཡང་བཏེག་པ་ཞེས་བྱས་ཅིང་མཐོང་བར་འགྱུར་བའི་ས་གཞི་འཇམ་ཞིང་མཉན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །རྣམ་དག་སྨོན་ལམ་བྱེ་བའི་རྒྱུ་ཚོགས་ལས། །རྣམ་པར་འཁྲུངས་པ་ཡོངས་སུ་དག་པའི་ཞིང་། །རྣམ་ཀུན་བཀོད་པ་རབ་རྫོགས་མངོན་དགའ་ཉིད། །རྣམ་མང་ཞིང་མཆོག་གཞན་ལས་ཁྱད་པར་འཕགས། །རིན་ཆེན་བྱང་ཆུབ་ཤིང་གིས་རབ་མཛེས་ཤིང་། །གསེར་ལྟར་དག་སོགས་ཡོན་ཏན་ཀུན་ནས་རྫོགས། །སྡོང་དུམ་ཚེར་མ་སོགས་ཀྱི་སྐྱོན་བྲལ་བ། །ཤིན་ཏུ་རྣམ་དག་ཞིང་གི་མཆོག་ཁྱོད་བསྔགས། །ཞེས་བྱ་བ་ནི། སྣོད་ཀྱི་ཡོན་ཏན་གྱི་ཁྱད་པར་བརྗོད་པའི་སྐབས་སོ།། །།བཅུད་ཀྱི་ཡོན་ཏན་ནི། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་དང་། གཤིན་རྗེའི་འཇིག་རྟེན་གྱི་རིགས་དང་སྙིགས་མ་ལྔ་སོགས་མེད་ཅིང་། དེར་སྐྱེས་པའི་སེམས་ཅན་ཀུན་ཀྱང་དགེ་བ་བཅུའི་ལམ་ལ་གནས་པ་ཤ་སྟག་གོ །དེ་ན་སེམས་ཅན་རྣམས་ཀྱི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཉིད་མ་གཏོགས་པ། རྗེ་བོ་དང་བྲན་གྱི་བྱེ་བྲག་གང་ཡང་མེད་ལ། ཡོ་བྱད་རྣམས་ལ་ཆགས་པའི་བདག་ཏུ་འཛིན་པ་ཡང་མེད་དོ། །གཞན་ཡང་དེར་སྡུག་བསྔལ་མེད་པས་རླུང་ཁྲིས་བད་ཀན་འདུས་པའི་ནད་རྣམས་མེད་ཅིང་། མི་རྣམས་ལ་ཁ་དོག་མི་ལེགས་པ་དང་། དྲི་མི་ཞིམ་པ་ཡང་མེད་ལ། འདོད་ཆགས་སོགས་ཀྱང་ཤིན་ཏུ་ཆུང་ངོ་། །སེམས་ཅན་དེ་དག་ལ་ཕན་ཚུན་གསོད་ཅིང་བཅིངས་པ་དང་། རྡེག་པ་སོགས་རྣམ་པ་ཐམས་ཅད་དུ་མེད་ལ། མུ་སྟེགས་ཅན་གྱི་རིགས་ཀྱང་མེད་དེ། ལྗོན་ཤིང་རྣམས་ལ་རྟག་ཏུ་མེ་ཏོག་དང་འབྲས་བུ་ཆགས་ཤིང་། མི་རྣམས་ཀྱི་གོས་ནི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དྲི་བཟང་པོ་ཁ་དོག་རྣམ་པ་ལྔ་དང་ལྡན་པ། གང་འདོད་པ་དེས་རང་གི་གོས་བྱེད་པའོ། །ཟས་ནི་རང་གི་ཅི་ལྟ་བུ་འདོད་པ་དེ་ལྟར་མདུན་དུ་རིན་པོ་ཆེའི་སྣོད་ཀྱི་ནང་དུ་འབྱུང་ཞིང་། ཁ་དོག་དྲི་རོ་ནི་ལྷའི་ཟས་བཞིན་ནོ། །ཟས་ཟོས་ཀྱང་མི་རྣམས་ལ་བཤང་པ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དག་མེད་དོ། །མི་དེ་དག་འདོད་ན། དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་ལྡན་པའི་ཁང་པ་བརྩེགས་པ་དག་འབྱུང་བར་འགྱུར་ཞིང་། ཁང་བརྩེགས་དེར་རྫིང་བུ་དང་། ཁྲི་སྟེང་དུ་ཤིང་བལ་གྱི་སྟན་དག་ཀྱང་ཇི་ལྟར་འབྱུང་བ་ལ་རྩེ་བར་བྱེད་དོ། །ཆུ་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་ལ། གལ་ཏེ་དེ་རྣམས་ཀྱང་རང་གི་རྗེས་སུ་འབྲང་བར་འདོད་ནའང་འབྲང་བར་འགྱུར་ལ། མི་སྣང་བར་འདོད་ན་ཡང་མི་སྣང་བར་འགྱུར་རོ། །རླུང་ནད་མཉམ་པ་ཁོ་ན་ལྡང་ཞིང་རླུང་དེ་ལས་ཀྱང་དྲི་ཤིན་ཏུ་ཞིམ་པ་འབྱུང་ངོ་། །དེ་ཡང་འདོད་ན་ལྡང་ལ་མི་འདོད་ན་ནི་མི་ལྡང་ངོ་། །སངས་རྒྱས་ཀྱི་ཞིང་དེའི་བུད་མེད་རྣམས་ནི། མཛེས་ཤིང་ཡིད་དུ་འོང་བ་ལྷའི་བུ་མོ་ལྟ་བུ་ཤ་སྟ ག་སྟེ། བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བ་ཁོ་ནའོ། །དེ་དག་སྐྱེས་པ་དང་ལྷན་ཅིག་འཁྲིག་པའི་ལུས་སྦྱོར་བ་མེད་ཅིང་། གལ་ཏེ་སྐྱེས་པ་ཞིག་བུད་མེད་གང་ལ་ཆགས་སེམས་སྐྱེས་ན། བུད་མེད་དེ་ལ་ཡུད་ཙམ་ཞིག་བལྟས་པས་འདོད་པ་དེ་ཞི་ནས་འདོད་ཆགས་དང་བྲལ་བའི་ཏིང་ངེ་འཛིན་ཐོབ་ཏེ། དེ་ཕྱིན་ཆད་འདོད་ཆགས་ཀྱི་སེམས་མི་སྐྱེའོ། །གང་ལ་བལྟས་པའི་བུད་མེད་དེ་ཡང་སྦྲུམ་མར་འགྱུར་ཞིང་། མངལ་གྱི་ཁྱེའུ་འམ་བུ་མོ་འཆགས་པ་དེས་ཀྱང་ལྷའི་བདེ་བ་ལྟར་བདེ་བ་ཁྱད་པར་ཅན་མྱོང་ཞིང་། ཞག་བདུན་ལོན་པའི་ཚེ་ནས་གསེར་གྱི་ཁང་པ་ནས་འབྱུང་བ་ལྟར་བཙའ་ལ། མས་ཀྱང་བསམ་གཏན་གཉིས་པའི་བདེ་བ་ལྟ་བུ་མྱོང་ངོ་། །བུ་བཙས་ཀྱང་མི་གཙང་བ་དང་དྲི་མི་ཞིམ་པ་ཡེ་མེད་དེ། གལ་ཏེ་སུ་ཞིག་རྒྱན་གང་ཐོགས་པར་འདོད་ན། དཔག་བསམ་གྱི་ཤིང་ལས་དེ་བཞིན་དུ་འབྱུང་ངོ་། །གཞན་ཡང་། དེ་ན་ཉོ་འཚོང་དང་། སོ་ནམ་བྱེད་པ་དག་མེད་ལ། རྩེ་ཡང་ཆེས་ཀྱི་དགའ་བས་རྩེ་བ་མ་གཏོགས། ཉོན་མོངས་པ་ཅན་གྱི་རྩེ་བ་མེད་དོ། །ཤིང་དག་ལས་ཀྱང་སྒྲ་སྙན་པ་ཆེས་ཡིད་དུ་འོང་བ་དག་འབྱུང་ལ། དེ་དག་ཏུ་སངས་རྒྱས་ཀྱི་འོད་ཀྱིིས་ཁྱབ་པ་མ་གཏོགས། ཉི་ཟླ་མེད་ཅིང་མུན་པ་ཡང་མེད་དོ། །རྒྱལ་བ་མི་འཁྲུགས་པ་དེ་ཉིད་གཞན་དུ་གཤེགས་པའི་ཚེ། ཞབས་ས་གཞི་གང་དུ་བཞག་པ་དེ་དང་དེར་པདྨ་གསེར་གྱི་མདོག་ཅན་འདབ་མ་སྟོང་ཡོད་པ་དག་འབྱུང་ངོ་། །པདྨ་རྣམས་ནི་མི་དེ་དག་གིས་དེར་གནས་པར་འདོད་ན་གནས་ལ། མི་འདོད་ན་ནི། ནམ་མཁའ་ལ་འཕགས་པར་འགྱུར་རོ། །ཞིང་དེའི་མི་རྣམས་ཀྱིས་ལྷ་རྣམས་མཐོང་ལ། ལྷས་ཀྱང་མི་རྣམས་མཐོང་ངོ་། །དེ་དག་ལ་ལྷ་མིའི་ཁྱད་པར་མ་གཏོགས། མཛེས་པ་དང་ཡོ་བྱད་ལ་ཁྱད་པར་ཅི་ཡང་མེད་དོ། །དེར་གསེར་དང་། དངུལ་དང་། བཻཌཱུརྱ་ལས་གྲུབ་པའི་རིན་པོ་ཆེའི་ཐེམ་སྐས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ཀྱི་བར་སླེབ་པར་བཙུགས་པ་དེར་ལྷ་མི་རྣམས་ཡས་མན་དུ་འགྲོ་བར་བྱེད་ལ། དེའི་ཚེ་ལྷས་མི་ལ་སྨོན་གྱི། མིས་ལྷ་ལ་མི་སྨོན་པ་སོགས་ཀྱི་ཡོན་ཏན་དང་ལྡན་ནོ། །ངན་སོང་ལ་སོགས་སྐྱོན་གྱིས་མ་གོས་ཤིང་། །ཞིང་གི་བཀོད་པའི་ཡོན་ཏན་ཀུན་རྫོགས་པར། །ལྷ་ལས་ཀྱང་ནི་ཁྱད་པར་ཞུགས་པའི་མི། །འབྱོར་པའི་རྩེ་དགས་རྟག་རོལ་ཨེ་མ་མཚར། །སྨོན་ལམ་སྟོབས་ཅན་སྲིད་ཞི་ཡོངས་ཀྱི་མགོན། །མགོན་པོ་ཁྱོད་ཀྱིས་ཞིང་གི་འབྱོར་པ་ཀུན། །ཀུན་ནས་བསྡུས་པས་ད་ལྟའི་ཞིང་མཆོག་འདི། །འདི་ལྟར་སྐྱོན་གྱིས་གོས་པ་ཡིན་ནམ་སྙམ། །ཞེས་བྱ་བ་ནི་ཞིང་གི་བཅུད་ཀྱི་ཡོན་ཏན་སྤྱིར་བསྟན་པའི་སྐབས་སོ།། །། ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་རྣམ་པར་དག་པ་ནི་གྲངས་མེད་ཅིང་དཔག་ཏུ་མེད་དོ། །དེ་ཡང་སངས་རྒྱས་མ་གཏོགས། འཇིག་རྟེན་གྱི་རྩིས་མཁན་སུས་ཀྱང་འགྲང་བར་མི་ནུས་ཏེ། གཞན་དུ་ན་དཔག་ཏུ་མེད་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱི་འོང་བ་སོགས་ཀྱི་མིང་ཙམ་ཡོད་ཀྱང་སངས་རྒྱས་ཀྱི་ཞིང་འདིའི་རྒྱུན་ཏུ་ཞུགས་པ་སོགས་དང་མི་འདྲའོ། །དེ་ན་ཉན་ཐོས་སོ་སྐྱེ་བས་ཀྱང་འཕགས་པ་མང་ལ། དགྲ་བཅོམ་པ་དེ་དག་ཕལ་ཆེར་རྣམ་པར་ཐར་པ་བརྒྱད་ཐོབ་པའོ། །དེ་དག་བསོད་སྙོམས་ལ་རྒྱུ་བ་ནི་མེད་དེ། ཟས་ཀྱི་དུས་ལ་བབས་པ་ན། ལྷུང་བཟེད་དུ་ཁ་ཟས་བཟང་པོ་ཇི་ལྟར་འདོད་པ་དག་འབྱུང་ཞིང་། དེ་ཡང་ཁམ་གཉིས་གསུམ་ཙམ་གྱིས་ཆོག་པར་འགྱུར་རོ། །དེ་ན་ལྟུང་བ་བཞི་མི་འབྱུང་བས། སངས་རྒྱས་ཀྱིས་ཀྱང ལྟུང་བ་བཞི་དང་ལྡན་པའི་ཆོས་མི་སྟོན་ཏེ། ཐོག་མ་ཉིད་ནས་སྟོང་པ་ཉིད་དང་ལྡན་པའི་ཆོས་སྟོན་ནོ། དེ་དག་དབང་པོ་རྣོ་བ་ཤ་སྟག་སྟེ། རབ་ཏུ་བྱུང་བའི་སྐྱོན་དུ་བྱ་བ་དེ་དག་ལ་མེད་དོ། །སངས་རྒྱས་ཀྱིས་ཆོས་སྟོན་པའི་ཚེ། གལ་ཏེ་ནམ་མཁའ་ལ་འཕགས་ན། དེར་རྫུ་འཕྲུལ་ཡོད་མེད་གཉིས་ཀའང་ནམ་མཁའ་ལ་འཕགས་ཏེ་ཆོས་ཉན་པར་ནུས་སོ། །ཉན་ཐོས་དེ་དག་མྱ་ངན་ལས་འདས་པར་འདོད་པའི་ཚེ། ཆོ་འཕྲུལ་སྣ་ཚོགས་བསྟན་ནས་མྱ་ངན་ལས་འདའོ། །ཉོན་མོངས་དགྲ་ཚོགས་ཀུན་ལས་རབ་རྒྱལ་ཏེ། །རྫུ་འཕྲུལ་རྐང་པ་རྣམ་བཞི་ཐོབ་གྱུར་པའི། །དགྲ་བཅོམ་རྣམ་ཐར་བརྒྱད་ལ་རབ་གནས་པ། །བགྲང་ཡས་རྣམས་ཀྱིས་སངས་རྒྱས་ཞིང་ཀུན་གང་། །མི་དགེའི་ལྟུང་བ་དག་ལ་འཇུག་མེད་ཕྱིར། །ལྟུང་བའི་རྣམ་པར་བཞག་པ་དེ་ན་མེད། །ཟས་གོས་སོགས་ཀྱང་འབད་མེད་འབྱུང་བའི་ཕྱིར། །བསོད་སྙོམས་མི་རྒྱུར་རྟག་ཏུ་སྐྱིད་བདེར་གནས། །ཞེས་བྱ་བ་ནི། ཉན་ཐོས་ཀྱི་ཡོན་ཏན་བརྗོད་པའི་སྐབས་སོ།། །།ཞིང་དེ་ན་བྱང་ཆུབ་སེམས་དཔའི་འཁོར་ཀྱང་གྲངས་མེད་ཅིང་དཔག་ཏུ་མེད་ལ། དེ་དག་ཀྱང་ཡེ་ཤེས་དང་སློབ་པ་རྒྱ་མཚོ་ལྟ་བུ་སྟེ་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུ་ཁོང་དུ་ཆུད་ཅིང་རྟོགས་པ་རི་རབ་ལྟར་མཐོ་བའོ། །དེར་སངས་རྒྱས་ཀྱིས་ཆོས་སྟོན་པ་ནི། བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་སྟོན་པ་ལས་ཀྱང་རྒྱ་ཆེ་ལ། དེ་འཛིན་པར་བྱེད་པ་སོགས་ཀྱང་དེ་བཞིན་ནོ། །དེར་མ་ཟད་བྱང་སེམས་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་གཞན་ནས་གཞན་དུ་རྫུ་འཕྲུལ་གྱིས་སོང་ཏེ་ཆོས་ཉན་པར་བྱེད་ཅིང་། ཡང་སླར་ལྡོག་པར་བྱེད་དོ། །ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་གང་དུ་འདོད་པ་དེ་དང་དེར་སྐྱེའོ། །དེ་དག་གིས་ཚེ་གཅིག་ལས་ནི། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་དྲུང་དུ་བསོད་ནམས་གསོག་པ་ལས་ཀྱང་མང་དུ་གསོགས་ནུས་སོ། །དེ་དག་ངན་སོང་ལྟ་ཞོག །ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྡོག་པར་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཤ་སྟག་གོ །དེ་དག་ལ་བདུད་སྡིག་ཅན་གྱིས་བར་ཆད་བྱེད་མི་ནུས་ལ། མི་འཇིགས་ཐོབ་ཅིང་བདེ་བ་དང་ལྡན་པ་ཁོ་ན་ཡིན་ནོ། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་དེ་རྣམས་ཀྱི་ནང་ནས་གཙོ་བོ་ནི་གཉིས་ཏེ། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བ་དང་། བ་གླང་སྤོས་ཀྱི་གླང་པོ་ཞེས་བྱ་བ་སྟེ་གཉིས་སོ། །སངས་རྒྱས་མི་འཁྲུགས་པ་དེ་ནི། སྐུ་ཚེ་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུར་གནས་ནས་མྱ་ངན་ལས་འདས་བའི་ཚུལ་བསྟན་པའི་འོག་ཏུ། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་ཞིང་དེ་ཉིད་དུ་འཚང་རྒྱའོ། །སངས་རྒྱས་ཀྱི་དམ་པའི་ཆོས་བསྐལ་པ་ཆེན་པོ་དེ་ཙམ་ཞིག་ཕྱིས་ཀྱང་གནས་པར་འགྱུར་ཞིང་། སྤོས་ཀྱི་གླང་པོ་ཆེའི་ཞིང་དང་འཁོར་སོགས་ཀྱང་མི་འཁྲུགས་པའི་དུས་ཇི་ལྟ་བ་བཞིན་ལྷག་ཆད་མེད་པ་ཉིད་དུ་འགྱུར་རོ། །གཞན་ཡང་སངས་རྒྱས་མི་འཁྲུགས་པའི་མཚན་བརྗོད་ན་བདུད་སྡིག་ཅན་སོགས་བདུད་རིགས་རྣམས་ཀྱིས་མི་ཚུགས་ཤིང་ལས་སྒྲིབ་འདག་པ་དང་། སེར་བ་བྱུང་ན་མི་འཁྲུགས་པའི་མཚན་ནས་བརྗོད་ཅིང་གསོལ་འདེབས་ཤུགས་དྲག་བྱས་ན་སྔོན་གྱི་སྨོན་ལམ་སྟོབས་ཀྱིས་ཟློག་པར་འགྱུར་ཞེས་མདོ་ཉིད་ལས་བཤད་དོ། །དྲི་མེད་རྣམ་དག་ཐུགས་བསྐྱེད་བརྟན་པོ་ཡིས། །དཔག་མེད་སེམས་ཅན་དོན་ཕྱིར་གོ་བགོས་ཏེ། །ཚད་མེད་རྒྱལ་སྲས་སྤྱོད་པའི་མཚོར་རོལ་བ། །གྲངས་མེད་རྒྱལ་སྲས་ཀླུ་དབང་ཚོགས་རྣམས་བསྔགས། །མང་མང་སངས་རྒྱས་ཞིང་གཞན་རྒྱལ་བའི་དྲུང་། །ཡང་ཡང་བྱོོན་ནས་ལེགས་བཤད་དམ་པའི་ཆོས། །ཟབ་ཟབ་གསན་ནུས་རྒྱལ་བའི་སྲས་པོ་ཀུན། །ངེས་ངེས་རྫོགས་བྱང་ལས་ནི་ཕྱིར་མི་ལྡོག །གང་གི་མཚན་བཟུང་བརྗོད་ཙམ་གྱིས། །བདུད་ཀྱི་རིགས་ཀྱིས་མི་ཚུགས་ཤིང་། །ལས་སྒྲིབ་ཀུན་འདགས་ལོ་ཏོག་ལ། །གནོད་པའི་སེར་བའང་ཟློག་པར་བྱེད། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ཡོན་ཏན་དང་འཕྲོས་དོན་ཅུང་ཟད་ཙམ་བརྗོད་པའི་སྐབས་སོ།། །།ཞིང་དེར་སྐྱེ་བའི་རྒྱུ་ནི། སྔོན་བྱང་ཆུབ་སེམས་དཔའ་མི་འཁྲུགས་པས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ཇི་ལྟར་སྤྱད་པ་དེ་ལྟར་སྤྱད་པར་བྱའོ་སྙམ་ཞིང་སྨོན་ལམ་འདེབས་ན་དེར་སྐྱེ་ཞིང་། གཞན་ཡང་ཕར་ཕྱིན་དྲུག་གང་ལ་སྤྱད་པ་དེའི་དགེ་རྩ་སོགས་དགེ་བ་ཅི་བྱས་པ་དེ་དག་ཐམས་ཅད། མི་འཁྲུགས་པའི་ཞིང་དུ་སྐྱེས་ཏེ་སེམས་ཅན་གྱི་དོན་བྱས་ནས་སངས་རྒྱས་ཐོབ་པར་སྨོན་ཅིང་བསྔོས་ན་དེར་སྐྱེའོ། །གཞན་ཡང་། ཞིང་གི་ཡོན་ཏན་དྲན་པ་དང་། མི་འཁྲུགས་པའི་ཞལ་མཐོང་བར་འདོད་པ་དང་། དེ་དང་འགྲོགས་པར་འདོད་པ་དང་། སངས་རྒྱས་ཀྱི་འཁོར་གྱི་གྲངས་དང་ཡོན་ཏན་དྲན་པ་དང་། མི་འཁྲུགས་པའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། སྐུ་བཞེངས་པ་དང་། མཆོད་པ་སོགས་དང་། སྲས་ཀྱི་མཐུ་བོ་རྣམ་པ་གཉིས་ཀྱི་མཚན་ནས་བརྗོད་ཅིང་། དེར་སྐྱེ་བའི་སྨོན་ལམ་འདེབས་པ་དང་། གཞན་ལའང་དེ་ལྟར་བྱེད་པར་བསྐུལ་ན་ཞིང་དེར་སྐྱེ་ལ། མདོར་ན། ཞིང་དེར་སྐྱེས་ནས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་བྱའོ་སྙམ་ན། དེར་སྐྱེ་བར་འགྱུར་ཏེ། རྒྱུའི་གཙོ་བོ་ཡིན་ནོ། །ཞིང་དེར་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་མི་འཁྲུགས་པ་དགེ་འདུན་གྱི་ཚོགས་རྣམས་རྗེས་སུ་དྲན་ཅིང་སྨོན་ན། དེ་དག་ཀྱང་དེའི་དྲུང་དུ་བྱོན་ནས་མཐོང་བར་འགྱུར་ཞིང་། ཡིད་དགའ་བཞིན་དུ་འཆི་བའི་དུས་བྱས་ནས་ཞིང་དེར་སྐྱེ་བར་འགྱུར་བར་གསུངས་སོ། །གཞན་ཡང་། མི་འཁྲུགས་པའི་ཞིང་བཀོད་ནས་འབྱུང་བའི་དོན་གྱི་གཙོ་བོ་གོང་དུ་བརྗོད་པ་རྣམས་རང་གིས་ཤེས་ཤིང་བཟུང་ནས། གཞན་དག་ཚུལ་དེ་ལ་འཇུག་པར་བྱེད་ན། སངས་རྒྱས་མི་འཁྲུགས་པས་དགོངས་པར་འགྱུར་ཞིང་། ཞིང་དེར་སྐྱེའོ། །དེ་ལྟར་བྱེད་རྒྱུ་འབྱུང་བ་ནི། སངས་རྒྱས་དེ་ཉིད་ཀྱི་མཐུ་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་མ་གཏོགས་གཞན་དུ་མི་འབྱུང་བར་བཤད་ལ། ཞིང་བཀོད་ཀྱི་ཁྱད་པར་བརྗོོད་པ་དེ་དག་རང་གིས་ཤེས་ཤིང་གཞན་ལ་སྟོན་པར་བྱེད་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཞིག་གསུངས་པ་རྣམས་ཀྱང་ཤེས་པར་ བྱའོ། །དེར་སྐྱེ་བའི་སྨོན་ལམ་ཅུང་ཟད་རྒྱས་པ་ནི་བདག་གིས་ཟུར་དུ་བརྗོོད་ཟིན་པ་ལྟར་རོ། །ཞེས་བྱ་བ་ནི། ཞིང་དེ་ཉིད་དུ་སྐྱེ་བའི་རྒྱུ་བརྗོད་པའི་སྐབས་ སོ། །གང་ཞིག་རྩེ་གཅིག་གུས་པའི་ཡིད་ཀྱིས་ནི། །གང་གི་མཚན་བཟུང་མཆོད་བསྟོད་གསོལ་འདེབས་པ། །གང་དག་ཞིང་དེར་སྐྱེ་བའི་རྒྱུ་ཡི་ཚོགས། །གང་ཡིན་བཤད་རྣམས་བསྒྲུབ་པ་གནད་དུ་ཆེ། །མི་འཁྲུགས་རྒྱལ་བའི་མཚན་ཙམ་འཛིན་བྱེད་ན། །ངན་འགྲོ་ལས་གྲོལ་མངོན་དགའི་ཞིང་མཆོག་དེར། །སྐྱེ་བར་ནུས་པར་འགྱུར་ན་སུ་ཞིག་གིས། །རྒྱུ་ཚོགས་འདི་ལྟར་བསྒྲུབས་ཚེ་ཅི་ཞིག་སྨོས། ཞེས་བྱའོ། །ཡང་བདག་ཅག་གི་སྟོན་པ་དེ་ཉིད་ཀྱིས། སངས་རྒྱས་ཀྱི་ཞིང་གི་བསྔགས་པ་གཞན་འགའ་རེ་གསུངས་ཀྱང་། ཁྱད་པར་དུ་བདེ་བ་ཅན་དང་། མི་འཁྲུགས་པའི་ཞིང་གཉིས་ལ་བསྔགས་པ་རྒྱ་ཆེར་མཛད་པ་ནི། ཞིང་འདིའི་མི་རྣམས་ཕལ་ཆེར་དེར་སྐྱེ་ནུས་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་གཟིགས་ནས་ཡིན་ལ། སངས་རྒྱས་ཀྱི་ཞིང་གཞན་འགའ་ཞིག་ཏུ་སྐྱེས་ཀྱང་། སླར་ངན་འགྲོར་ལྡོག་སྲིད་པ་དང་། འགའ་ཞིག་ཏུ་སྐྱེ་བ་ནི་ཤིན་ཏུ་དཀའ་བ་ཡིན་ནོ། །ཞིང་འདི་གཉིས་ལ་བསྔགས་ཚུལ་ནི། ཐར་པ་ཆེན་པོ་ལས། ངས་ནི་མི་འཁྲུགས་འཇིག་རྟེན་དང་། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །ཤིན་ཏུ་རྣམ་དག་མཐོང་བ་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །ཞེས་སོགས་མདོ་སྡེ་དུ་མ་ལས་ཀྱང་བསྔགས་ཤིང་། ཁྱད་པར་དུ་དཀོན་མཆོག་བརྩེགས་པ་ནས་རྒྱས་པར་གསུངས་པ་ནི་གོང་དུ་བརྗོད་ཟིན་ལ་འདིར་སྨོན་ལམ་གྱི་ངོ་བོ་མཚོན་ཙམ་བརྗོད་པར་བྱའོ། །དེ་ཡང་འདི་ལྟར། ཤར་ཕྱོགས་སངས་རྒྱས་ཞིང་སྟོང་ཕྲག་གཅིག་ནས། །བདེ་གཤེགས་མི་འཁྲུགས་རྒྱལ་བ་སྲས་བཅས་རྣམས། །འཁོར་བཅས་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །འདིར་གཤེགས་སྨོན་པ་འགྲུབ་པའི་དཔང་པོ་མཛད། །སྔོན་ཚེ་འཇིག་རྟེན་ཀུན་གྱི་འདྲེན་པ་མཆོག །སྤྱན་ནི་ཆེན་པོ་ཞེས་བྱ་རྒྱལ་བའི་དྲུང་། །དམ་བཅའ་སྨོན་ལམ་ཇི་བཞིན་ཡོངས་རྫོགས་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །གྲངས་མེད་བསྐལ་པར་ཡུན་རིང་བརྟན་པར་བཞུགས། །འདི ས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རང་དང་གཞན་གྱི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་འཆི་བའི་དུས་མངོན་དུ་གྱུར་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འཁོར་རྒྱ་མཚོ་ལྟ་བུས་བསྐོར་བའི་དབུས་ན་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག །མཐོང་མ་ཐག་ཏུ་རྒྱལ་བ་སྲས་དང་བཅས་པ་ལ་དམིགས་པའི་དད་པ་ཤུགས་དྲག་པོ་སྐྱེས་པའི་མཐུས་ཤི་འཕོས་ཏེ་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སྐྱེ་མ་ཐག་ཏུ་གཟུངས་དང་། སྤོབས་པ་དང་། མངོན་པར་ཤེས་པ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མ་ལུས་པ་མངོན་དུ་གྱུར་ཏེ། རྒྱལ་བ་མི་འཁྲུགས་པ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་མཉེས་པར་བྱས་ནས་དེ་རྣམས་ཀྱིས་བསྟན་པའི་དམ་པའི་ཆོས་མཐའ་དག་ཉན་ཅིང་འཛིན་པར་གྱུར་ཅིག །དེའི་ཚེ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེན་པོ་ལ་སོགས་པའི་སྤྱོད་པ་ཅི་འདྲ་བ་དེ་འདྲ་བའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ནུས་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་རྒྱལ་བ་མི་འཁྲུགས་པས་སྔོན་སངས་རྒྱས་སྤྱན་ཆེན་པོའི་དྲུང་དུ་སྨོན་ལམ་ཇི་ལྟར་བཏབ་ནས་མཐར་ཕྱིན་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་བསྒྲུབ་པར་གྱུར་ཅིག །བདག་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ན། ངན་སོང་གི་མིང་ཡང་མི་གྲག་ཅིང་། ཤིན་ཏུ་ཡོངས་སུ་དག་པ་དང་། འཁོར་ཕུན་སུམ་ཚོགས་པ་ཤ་སྟག་ཀུན་ནས་འབྱུང་བ་སོགས་སྣོད་བཅུད་ཀྱི་འབྱོར་པ་ཆེ་བ་མངོན་པར་དགའ་བའི་ཞིང་ལྟ་བུར་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ནམ་ཞིག་འཆི་བའི་མཚན་མ་མཐོང་བའི་ཚེ། །བདེ་གཤེགས་མི་འཁྲུགས་འཁོར་ཚོགས་རྒྱ་མཚོར་བཅས། །མངོན་སུམ་མཐོང་ནས་ཤུགས་དྲག་དད་པའི་མཐུས། །ཤི་འཕོས་མངོན་དགའི་ཞིང་དུ་སྐྱེ་བར་ཤོག །སྐྱེ་མ་ཐག་ཏུ་གཟུགས་སྤོབས་མངོན་ཤེས་སོགས། །གྲངས་མེད་ཡོན་ཏན་ཚོགས་ཀྱིས་རྒྱུད་ཕྱུག་སྟེ། །བདེ་གཤེགས་སྲས་དང་བཅས་པ་མཉེས་བྱས་ནས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པར་ཤོག །མི་འཁྲུགས་རྒྱལ་བའི་སྲས་ཀྱི་ཐུ་བོ་མཆོག །བྱང་སེམས་སྤོས་ཀྱི་གླང་པོ་ཆེ་སོགས་ཀྱི། །རླབས་ཆེན་སྤྱོད་པ་ཅི་འདྲ་དེ་འདྲ་བ། །མཐའ་དག་ཡོངས་སུ་རྫོགས་པར་བྱེད་པར་ཤོག །སྔོན་ཚེ་བྱང་ཆུབ་སེམས་དཔའ་མི་འཁྲུགས་པས། །སངས་རྒྱས་སྤྱན་སྔར་དམ་བཅས་མཐར་ཕྱིིན་ཏེ། །དག་པའི་ཞིང་དུ་མངོན་པར་སངས་རྒྱས་པའི། །ཞིང་མཆོག་དེ་འདྲར་སངས་རྒྱས་འགྱུར་བར་ཤོག །ཤཱཀྱའི་དབང་པོ་རྣམ་འདྲེན་མི་འཁྲུགས་པ། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །ཞེས་ཀྱང་བརྗོད་པར་བྱའོ། །སྨྲས་པ། གཏིང་མཐའ་མི་མངོན་རྒྱ་མཚོ་ཆེན་པོའི་དབུས། །རིན་ཆེན་ཨིནྡྲ་ནཱི་ལའི་རི་བོ་བཞིན། །རྣམ་མང་འཁོར་ཚོགས་དབུས་ན་གང་གི་སྐུ། །ལྷམ་མེར་རབ་གསལ་རྒྱལ་བ་མི་འཁྲུགས་པ། །གང་གིས་གུས་པས་ཕྱོགས་འདི་ན། །ན་བཞིན་ཁྱོད་ཀྱི་ཞིང་བཀོད་ཚུལ། །ཚུལ་དང་མཐུན་པར་བརྗོད་པའི་མི། །མི་འདོད་ཀུན་ལས་ཐར་པར་མཛོད། །བཟང་བཟང་རྒྱལ་བའི་དབང་པོ་ཁྱོད་ཀྱིས་ནི། །ངན་ངན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ ཏེ། །བརྟན་བརྟན་བླ་མེད་བྱང་ཆུབ་བདེ་བའི་སར། །མང་མང་སེམས་ཅན་ཀུན་ཀྱང་འཁྲིད་པར་མཛོད། །ཚུལ་འདིར་སྒོ་གསུམ་འབད་པ་ལས། །རྣམ་དཀར་གང་ཞིག་ཐོབ་དེ་ཡང་། སྐྱེ་ཀུན་དལ་བའི་རྟེན་རྙེད་ནས། །མྱུར་དུ་སངས་རྒྱས་འགྱུར་ཕྱིར་བསྔོ།། །།ཞེས་རྒྱལ་བ་མི་འཁྲུགས་པའི་ཞིང་གི་ཡོན་ཏན་མདོར་བསྡུས་ཏེ་བརྗོད་པ་འདི་ནི་གནས་བརྟན་རྒྱལ་མཚན་དཔལ་བཟང་གིས་བསྐུལ་བའི་ངོ་བོར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་པར་ཡིག་པ་དགེ་སློང་ངག་དབང་བཀྲ་ཤིས་སོ། །མངྒལཾ། །


previousརྒྱལ་བ་མི་འཁྲུགས་པའི་ཞིང་བཀོད།next