Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ཡོན་ཏན་བརྗོད་པ་ཞིང་དེར་བགྲོད་པའི་ཐེམ་སྐས།
   


 
previousབདེ་བ་ཅན་གྱི་ཞིང་གི་བཀོད་པའི་ཡོན་ཏན་བརྗོད་པ་ཞིང་དེར་བགྲོད་པའི་ཐེམ་སྐས།next

བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ཡོན་ཏན་བརྗོད་པ་ཞིང་དེར་བགྲོད་པའི་ཐེམ་སྐས།

བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ཡོན་ཏན་བརྗོད་པ་ཞིང་དེར་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མདོག་དམར་དམར་བའི་བྱི་རུའི་ལྷུན་མཛེས་མཛེས་ཤིང་ལྟར་སྡུག་ཡིད་འཕྲོག་སྐུ། །རབ་འབར་འབར་བའི་འོད་ཀྱི་དཀྱིལ་འཁོར་འཁོར་ལོས་ཀུན་ནས་ཡོངས་སུ་བསྐོར། མ་ལུས་ལུས་ཅན་འགྲོ་བ་མཐའ་དག་དག་པའི་ཞིང་དུ་འཁྲིད་མཛད་པའི། །ཀུན་མཁྱེན་མཁྱེན་བརྩེའི་གཏེར་ཆེན་སྐྱབས་མགོན་མགོན་པོ་འོད་དཔག་མེད་ལ་འདུད། །ཟླ་མེད་སྟོན་པ་ཐུགས་རྗེའི་ཅན་ཁྱོད་ཀྱིས། །བདག་སོགས་མ་དག་ཞིང་གི་གདུལ་བྱ་རྣམས། ཤི་འཕོས་གྱུར་ཚེ་བདེ་ལྡན་ཞིང་མཆོག་དེར། །ཐུགས་རྗེའི་ལྕགས་ཀྱུས་ངེས་པར་དྲོངས་ཤིག་ཀྱེ། །མགོན་དེའི་ཞིང་གི་བཀོད་པ་རྣམས། །མདོ་ལས་འབྱུང་བཞིན་དོན་གྱི་གནད། །ཕྱོགས་གཅིག་རྗེ་ཡི་བཤད་སྲོལ་ལྟར། །ཅུང་ཟད་གུས་པས་བརྗོོད་པར་བྱ། །དེ་ཡང་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ནི་སྔོན་ཞིང་དག་སྦྱོར་གྱི་སྒོ་ནས་བསྒྲུབས་པའི་ལོངས་སྤྲུལ་གྱི་དག་པའི་ཞིང་གཉིས་རེ་ཡོད་པར་གསུངས་ལ། ལོངས་སྐུའི་ཞིང་ན་འཁོར་བྱང་སེམས་འཕགས་པ་ཤ་སྟག་གིས་གང་བ་མ་གཏོགས་སོ་སྐྱེ་མི་འབྱུང་ཞིང་། དེར་མ་ཟད། སྤྲུལ་སྐུའི་ཞིང་འགའ་ཞིག་ནའང་འཁོར་བྱང་སེམས་ཁོ་ན་དང་། འགའ་ཞིག་ཏུ་སོ་སྐྱེ་ཡོད་ཀྱང་སྐྱེ་བའི་རྒྱུ་སྒྲུབ་དགའ་བ་དང་། ཞིང་ལ་ལར་སྐྱེས་ཀྱང་སླར་ངན་འགྲོར་ལྟུང་སྲིད་པས་དགོས་པ་མི་འགྲུབ། བདེ་བ་ཅན་དང་མི་འཁྲུགས་པའི་ཞིང་དུ་སྐྱེ་བའི་རྒྱུ་སྒྲུབ་སླ་བས་ཞིང་འདིའི་གདུལ་བྱས་བསྒྲུབས་ན་དེར་སྐྱེ་བ་ལ་དགོངས་ནས། སྟོན་པས་ཞིང་འདི་གཉིས་ཀྱི་ཞིང་བཀོད་ཀྱི་མདོ་ལོགས་སུ་རྒྱས་པར་བཤད་ཅིང་། མདོ་སྡེ་ཐར་པ་ཆེན་པོ་ལས་ཀྱང་། ངས་ནི་མི་འཁྲུགས་འཇིག་རྟེན་དང་། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །ཤིན་ཏུ་རྣམ་དག་མཐོང་བ་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །ཅེས་གསུངས་ལ། ཁྱད་པར་དུ་མདོ་དང་གཟུངས་ཀྱི་རྟོག་པ་དུ་མ་ལས་ཕན་ཡོན་བརྗོད་པའི་སྐབས་སུ་བདེ་བ་ཅན་དུ་སྐྱེའོ་ཞེས་མང་དུ་གསུངས་སོ། །དེས་ན། བདེ་བ་ཅན་གྱི་ཞིང་བཀོད་ཀྱི་སྙིང་པོ་བསྡུས་ནས་བཤད་པར་བྱ་སྟེ། ཞིང་དེར་སྐྱེ་བའི་རྒྱུ་མདོ་དེ་ལས་གསུངས་པ་ནི། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་དེ་བཞིན་གཤེགས་པ་དེ་རྣམས་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་བསྔོས་ཏེ་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་སུ་ཉེར་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དགེ་སློང་གི་ཚོགས་དུ་མས་བསྐོར་ཞིང་མདུན་གྱིས་བལྟས་ནས་བཞུགས་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་མཐོང་ནས་རབ་ཏུ་དད་པའི་སེམས་ཀྱིས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་པ་ནས། དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ནས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དང་། བརྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་པའི་བར་གསུངས་ཏེ། དོན་བསྡུ་ན། སངས་རྒྱས་འོད་དཔག་མེད་ཡང་ཡང་དྲན་ཅིང་མཚན་ནས་བརྗོད་པ་དང་། དགེ་རྩ་དུ་མ་གསོག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསགས་པའི་དགེ་རྩ་རྣམས་ཞིང་དེར་སྐྱེ་བའི་ཆེད་དུ་བསྔོ་བ་དང་། ཞིང་དེར་སྐྱེ་འདོད་ཀྱི་འདུན་པས་སྨོན་ལམ་འདེབས་པ་དང་། ཞིང་གི་སྣོད་བཅུད་ཀྱི་ཡོན་ཏན་བཀོད་པ་མདོ་ལས་བཤད་པ་ལྟར་དྲན་པ་རྣམས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཐེག་ཆེན་གྱི་རིགས་ཅན་དུ་སྐྱེ་བའི་ཕྱིར་ཡིན་ལ། གཞན་ནི་ཐུན་མོང་བའི་དབང་དུ་མཛད་པའོ། ཁྱད་པར་དུ་ཞིང་དེ་ཉིད་དུ་སྐྱེ་འདོད་ཀྱི་འདུན་པ་ཤུགས་དྲག་ནི དེར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་པར་བཤད་ཅིང་། དེར་མ་ཟད། ཞིང་དེར་སྐྱེ་བ་ལ་གེགས་བྱེད་པའི་ཉེས་ལྟུང་རྣམས་བཤགས་པ་ལ་ཡང་འབད་དགོས་སོ། །ཞིང་དེར་སྐྱེས་ན་དགའོ་སྙམ་པ་ལ་ནི་ཞིང་གི་ཡོན་ཏན་ཤེས་དགོས་པས་འདིར་ཐོག་མར་ཞིང་གི་བསྔགས་པ་བརྗོད་པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བཟང་བཟང་རྣམ་དག་ཞིང་མཆོག་དེར། །ཡང་ཡང་སྐྱེ་བའི་རྒྱུ་དེ་རྣམས། །གང་གང་བསྒྲུབས་ན་དེ་ཉིད་དུ། །ངེས་ངེས་སྐྱེ་ལ་ཐེ་ཚོམ་ཅི། །ཞེས་པ་ནི་སྐྱེ་བའི་རྒྱུ་བརྗོད་པའི་སྐབས་སོ། །མི་མཇེད་ཞིང་ནས་ནུབ་ཕྱོགས་སུ། །སངས་རྒྱས་ཞིང་མང་འདས་པ་ན། །བདེ་བ་ཅན་ཞེས་བྱ་བ་ཡི། །རྨད་བྱུང་ཞིང་མཆོག་དམ་པ་ཡོད། །དེ་ནི་ས་གཞི་རིན་ཆེན་དུ་མས་སྤྲས། །ཤིན་ཏུ་ཉམས་དགའ་ལག་མཐིལ་ལྟ་བུར་མཉམ། །རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པ། །ནག་པོའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང་། ཡིད་འོང་རྣམ་དག་ཞིང་གི་མཐའ། རིན་ཆེན་བདུན་གྱི་ལྗོན་པ་དང་། །ཏ་ལའི་ཤིང་གི་ཕྲེང་བ་ཡིས། །ཡོངས་བསྐོར་སྐར་མས་ཟླ་བ་བཞིན། །དེ་ལྟ་བུའི་ས་གཞི་དེ་ནི་ཤིང་ལྗོན་པ་རྣམ་པ་དུ་མས་མཛེས་པར་བྱས་ཤིང་། ལྗོན་ཤིང་རེ་རེ་ལའང་རྩ་བ་དང་ཡལ་ག་དང་ལོ་མ་དང་འདབ་མ་དང་། མེ་ཏོག་དང་འབྲས་བུ་བདུན་བདུན་ཡོད་པའི་ཁ་ཅིག་རྩ་བ་ནི་གསེར། སྡོང་པོ་ནི་དངུལ། ཡལ་ག་ནི་བཻཌཱུརྱ། ལོ་མ་ནི་ཤེལ། འདབ་མ་ནི་སྤུག །མེ་ཏོག་ནི་མུ་ཏིག་དམར་པོ། འབྲས་བུ་ནི་རྡོའི་སྙིང་པོ་ལས་བྱས་པ་དང་། ཁ་ཅིག་ནི་རྩ་བ་ལ་སོགས་པ་བདུན་པོ་རིན་པོ་ཆེ་སྣ་རེ་རེ་ལས་བྱས་ཤིང་། དེ་བཞིན་དུ་རིན་པོ་ཆེ་སྣ་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ལས་བྱས་པ་དང་། རྩ་བ་ལ་སོགས་པ་རེ་རེ་ཡང་རིན་པོ་ཆེ་སྣ་བདུན་ཀ་ལས་བྱས་པ་ཡོད་དོ། །དེ་ལྟ་བུ་ལ་སོགས་པའི་ལྗོན་ཤིང་རྣམས་ལ་ཅོད་པན་དང་རྣ་རྒྱན་དང་དོ་ཤལ་དང་གདུ་བུ་དང་དཔུང་རྒྱན་དང་སོར་གདུབ་དང་གསེར་གྱི་སྐེ་རགས་དང་། གསེར་གྱི་དྲ་བ་དང་། མུ་ཏིག་གི་དྲ་བ་དང་། རིན་པོ་ཆེའི་དྲིལ་བུ་ལ་སོགས་པ་རྒྱན་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་རིན་པོ་ཆེའི་རྒྱན་བརྒྱ་སྟོང་དུ་མས་སྤྲས་པ་འཕྱང་པས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བ་དང་། སྔ་དྲོའི་དུས་ཀྱི་ཚེ་ཕྱོགས་བཞི་ནས་རླུང་ལངས་ཏེ། ལྷའི་སྤོས་ཀྱི་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བགོས་ཤིང་ཁ་དོག་དུ་མ་དང་ལྡན་པའི་རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་བསྐྱོད་ཅིང་བསྐུལ་བ་ན་སིལ་སིལ་གྱི་སྒྲ་དང་ཡིད་དུ་འོང་བའི་དྲི་བསུང་དང་ལྡན་པར་འབྱུང་ལ། ལྟ་ན་སྡུག་པའི་མེ་ཏོག་རྣམ་པ་མང་པོ་རིན་པོ་ཆེའི་ས་གཞི་ཆེན་པོ་ལ་བྲུལ་ཏེ། མེ་ཏོག་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་མིའི་བོང་ཚོད་བདུན་ཙམ་དུ་ཁྱབ་པར་འགྱུར་ཞིང་། མེ་ཏོག་དེ་དག་ནི་གོས་ཀན་ཙ་ལིནྡི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བའོ། །དེ་ལ་རྐང་པ་བཞག་པ་ན་སོར་བཞི་ཙམ་གྱིས་དམའ་བ་དང་། རྐང་པ་བཏེག་པ་ན་སོར་བཞི་ཙམ་གྱིས་མཐོ་བར་འགྱུར་རོ། །སྔ་དྲོའི་དུས་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་འགྱུར་ཏེ། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་དེ་དབེན་པ་དང་། ཉམས་དགའ་བ་དང་དག་པར་འགྱུར་རོ། །དེ་ནས་ཡང་ཕྱོགས་བཞི་ནས་རླུང་ལངས་ཏེ་སྔར་བཞིན་དུ་མེ་ཏོག་གསར་པ་དག་འགྲེམ་པར་བྱེད་དོ། །སྔ་དྲོའི་དུས་ཇི་ལྟ་བར་ཉིན་གུང་དང་ཕྱི་དྲོ་དང་སྲོད་དང་ནམ་གུང་དང་ཐོ་རངས་ཀྱང་དེ་བཞིན་ནོ། །འདི་སྐད་ཅེས་བྱ་སྟེ། གསེར་དངུལ་བཻཌཱུརྱ་དང་ཤེལ། །སྤུག་དང་མུ་ཏིག་རྡོ་སྙིང་སྟེ། །རིན་ཆེན་ལས་གྲུབ་ལྗོན་པ་ལ། །ཡིད་ལ་བསམ་དགུ་རྒྱན་བཟང་འཕྱང་། །ཤིང་གི་རྩ་བ་སྡོང་བུ་ཡལ་ག་སོགས། །འཇམ་ཞིང་རེག་ན་བདེ་སྟེར་དྲི་ཞིམ་ལྡན། །དྲི་ཡི་བཞོན་པས་བསྐྱོད་ཚེ་རྣར་སྙན་པའི། །མཉན་པས་ཆོག་མི་ཤེས་པའི་སྒྲ་རྣམས་འབྱུང་། །ས་གཞི་མཛེས་བྱེད་ཤིང་གི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་དེ་ནི་སྤོས་མཆོག་གིས་ཡོངས་སུ་བགོས་པའི་ཆུ་ཀླུང་རྣམ་པ་སྣ་ཚོགས་པས་མཛེས་པར་བྱས་པས་ཆུ་རྣམས་ཀྱི་ཟབས་སུ་ནི་དཔག་ཚད་བཅུ་གཉིས་རེ་དང་ཞིང་དུ་ནི་དཔག་ཚད་གཅིག་ནས་བརྒྱ་སྟོང་གི་བར་ཡོད་དོ། །དེ་ཡང་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བདལ་བ། ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་ལ་སོགས་པ་དྲི་རབ་ཏུ་ཞིམ་པའི་མེ་ཏོག་གིས་ཁེབས་པ། ཁོལ་ཁོལ་དག་ན་བྱ་ངང་པ་དང་བཞད་དང་ཁྲུང་ཁྲུང་དང་ངུར་པ་དང་ཀ་རན་ད་དང་ནེ་ཙོ་དང་རི་སྐེག་དང་ཁུ་བྱུག་དང་ཀུ་ན་ལ་དང་ཀ་ལ་པིངྐ་དང་རྨ་བྱ་ལ་སོགས་པ་སྒྲ་ཡིད་དུ་འོང་བ་འབྱིན་པའི་སྤྲུལ་པའི་བྱའི་ཚོགས་དུ་མས་བསྟེན་པ། འགྲམ་གཉིས་ནི་རིན་པོ་ཆེའི་ཤིང་ལྗོན་པས་གང་བའོ། །འདི་སྐད་ཅེས་བྱ་སྟེ། ཟབ་ཡངས་ཆུ་གཏེར་ཆེན་པོ་ནི། །པདྨ་སྣ་ཚོགས་ཀྱིས་སྤྲས་ཤིང་། །སྐད་སྙན་འབྱིན་པའི་སྤྲུལ་པའི་བྱ། །ངང་བཞད་སོགས་ཀྱིས་རྣམ་པར་མཛེས། །དག་པའི་སེམས་ཅན་རྣམས་ཀྱི་ཉེར་འཚོའི་གཞི། །ཡིད་འཛིན་ཏ་མ་ལ་དང་ཨ་ཀ་རུ། །རྒྱ་སྤོས་ཙནྡན་སྤྲུལ་སྙིང་གིས་བགོས་པའི། །ཉལ་འགྲོའི་རྒྱུན་རྣམས་སྒྲ་སྙན་སྒྲོག་ཅིང་འབབ། །ས་གཞི་མཛེས་བྱེད་ཆུའི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་ཐམས་ཅད་ཀྱང་གསེར་གྱི་དྲ་བས་ཁེབས་ཤིང་རིན་པོ་ཆེ་སྣ་བདུན་གྱི་པདྨས་གང་བ་སྟེ། དེ་ཡང་པདྨ་ཁ་ཅིག་ནི་དཔག་ཚད་ཕྱེད་ཙམ་དང་ཁ་ཅིག་ནི་དཔག་ཚད་གཅིག་དང་གཉིས་ནས་དཔག་ཚད་ལྔ་བཅུའི་ཚད་ཙམ་ཡོད་དེ། རིན་པོ་ཆེའི་པདྨ་ཐམས་ཅད་ལས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ཞིང་འོད་ཟེར་གྱི་རྩེ་མོ་ལས་སངས་རྒྱས་ཀྱི་སྐུ་གསེར་གྱི་ཁ་དོག་ཅན་མཚན་དཔེས་བརྒྱན་པ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་དྲུག་བྱུང་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ཏུ་གཤེགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདི་སྐད་ཅེས་བྱ་སྟེ། རབ་འབྱམས་སྨོན་ལམ་ལས་འོངས་པའི། །པདྨོ་ལས་བྱུང་འོད་ཟེར་རྩེར། །རབ་སྤྲོས་རྒྱལ་བས་དམ་ཆོས་ཀྱི། །བདུད་རྩིས་གདུལ་བྱ་ཚིམ་པར་མཛད། །ས་གཞི་མཛེས་བྱེད་པདྨའི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་དེ་ནི་ཁང་བཟང་རྣམས་ཀྱིས་མཛེས་པར་བྱས་པ་སྟེ། དེ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ་ལ་སྔས་ཁྲ་བོ་བཞག་པ་དང་ལྡན་པའི་གཞལ་མེད་ཁང་དུ་མ་དང་། གཞན་ཡང་དར་ནི་སྤོས་དང་ཕྲེེང་བ་དང་བྱུགས་པ་དང་ཕྱེ་མ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་སིལ་སྙན་དང་གོས་ཁ་དོག་སྣ་ཚོགས་པ་བརྒྱ་སྟོང་དུ་མ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་སྤོས་སོགས་ཀྱིས་ཡོངས་སུ་ཁྱབ་བོ། །དེ་བཞིན་དུ་སྤོས་སྣ་ཚོགས་དྲི་རབ་ཏུ་ཞིམ་པའི་ངད་ལྡང་ཞིང་དུས་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་། ལྷའི་མེ་ཏོག་ཐམས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ཙནྡན་གྱི་ཕྱེ་མ་དང་གདུགས་རྒྱལ་མཚན་དང་བ་དན་གྱི་ཆར་འབབ་པ་དང་། ནམ་མཁའ་ལ་ལྷའི་ཕྲེང་བ་དང་གདུགས་རྔ་མའི་བསིལ་ཡབ་དང་བཅས་པ་འཛིན་ཅིང་། ལྷའི་རོལ་མོའི་སྒྲ་སྒྲོགས་པ་དང་ལྷའི་བུ་མོ་དག་ཀྱང་གར་བྱེད་དོ། །འདི་སྐད་ཅེས་བྱ་སྟེ། །ཡིད་ཀྱི་རེ་བ་རྫོགས་བྱེད་པའི། །འབྱོར་བས་ས་དང་བར་སྣང་ཀུན། །ཡོངས་གང་འཛིན་མའི་ཁྱོན་རྣམས་སུ། །མ་ཤོང་མཁའ་ལ་བསྙེགས་པ་བཞིན། །ས་གཞི་མཛེས་བྱེད་རྒྱན་གྱི་ཁང་པ་དང་ལོངས་སྤྱོད་ཀྱི་ཡོན་ཏན་བརྗོད་པའི་སྐབས་སོ།། །།དེ་ལྟར་སྣོད་ཀྱི་ཡོན་ཏན་བརྗོད་ནས་བཅུད་ཀྱི་ཡོན་ཏན་ནི། ཞིང་དེའི་ངན་སོང་གསུམ་དང་ལྷ་མིན་གྱི་རིས་མེད་ཅིང་ཞིང་དེར་སྐྱེས་ཕྱིན་འགྲོ་བ་བཞི་པོ་དེ་ཉིད་དུ་སླར་ལྡོག་པ་མེད་ལ་མི་ཁོམ་པ་གཞན་ཡང་མེད་དོ། །དེར་མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་མེད་ཅིང་ཐམས་ཅད་ཀྱང་ཡང་དག་པ་ཉིད་དུ་ངེས་པ་ཤ་སྟག་གོ །སྨོན་ལམ་གྱི་དབང་མ་གཏོགས་པ་དུས་མིན་དུ་འཆི་བ་ཡང་མེད་ཅིང་། དེར་སྐྱེས་པའི་སེམས་ཅན་རྣམས་ནི་རིན་པོ་ཆེའི་པདྨ་ལས་བརྫུས་ཏེ་སྐྱེས་པ་ཤ་སྟག་ཡིན་ལ། འགྲོ་བ་ནི་ལྷ་མི་གཉིས་སུ་ངེས་ཤིང་དེ་ཡང་ལྷ་མིའི་ཐ་སྙད་ཙམ་མ་གཏོགས་མཚུངས་སོ། །ལོངས་སྤྱོད་ནི་གཞན་འཁྲུལ་དབང་བྱེད་པའི་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ལུས་ལ་མཚན་སོ་གཉིས་ཀྱིས་བརྒྱན་པ་དང་། སེམས་ཀྱིས་སྐད་ཅིག་གཅིག་ལ་ཞིང་བྱེ་བ་ཁྲག་ཁྲིག་སོགས་སུ་བགྲོད་ནུས་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་སོགས་རྗེས་སུ་དྲན་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བའི་ལྷའི་མིག་གི་མངོན་ཤེས་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སོགས་ཀྱི་སྒྲ་ཐོས་པའི་ལྷའི་རྣ་བའི་མངོན་ཤེས་དང་། ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་ཤེས་པའི་གཞན་སེམས་ཤེས་པའི་མངོན་ཤེས་ཏེ་མངོན་ཤེས་ལྔ་ཚང་བར་ཐོབ་པ་དང་། སྔ་དྲོ་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཕྱིན་ནས་སངས་རྒྱས་སྟོང་ཕྲག་མང་པོ་ལ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ནུས་པའོ། །འོན་ཀྱང་ཐེ་ཚོམ་ཟ་བཞིན་དུ་སྐྱེས་པའི་ལས་ཀྱིས་པདྨའི་སྦུབས་སུ་ཡུན་རིང་དུ་གནས་དགོས་པ་རྣམས་ལ་ནི་མངོན་ཤེས་ལྔ་མ་ཚང་ཞིང་། ཞིང་གཞན་དུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་དུ་འགྲོ་བའི་ནུས་པ་ཡང་མེད་དོ། །སེམས་ཅན་དེ་དག་གིས་ཁམ་ཟས་རགས་པ་མི་ཟ་ཡང་ཟས་ཀྱི་རྣམ་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་ཁ་ཟས་དང་གོས་རྒྱན་ཇི་ལྟར་འདོད་པ་དེ་ལྟ་བུ་རྣམས་བསམ་མ་ཐག་ཏུ་རྙེད་ནས་གུས་ཚིམ་པ་དང་རྒྱན་གྱིས་མཛེས་པར་འགྱུར་རོ། །གཞན་ཡང་སྔར་བཤད་པའི་ཆུ་ཀླུང་ཆེན་པོ་དེ་རྣམས་ལས་ལྷའི་གླུ་དབྱངས་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པའི་སིལ་སྙན་མཁན་མཁས་པ་རྣམས་ཀྱིས་བྱས་པ་ལས་ཀྱང་ལྷག་པའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་རྣམས་འབྱུང་ཞིང་། དེ་ལས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་ཅི་ལྟར་རིགས་པ་སྟོན་པ་དང་སྤྲུལ་པའི་བྱའི་ཚོགས་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཆོས་ཀྱི་སྒྲས་གོ་བར་བྱེད་ཅིང་དེས་བྱང་སེམས་རྣམས་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར་རོ། །སེམས་ཅན་དེ་དག་ལ་སྔར་བཤད་པ་ལྟ་བུའི་གཞལ་མེད་ཁང་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་མདུན་དུ་བྱུང་སྟེ། དེ་དག་གཞལ་མེད་ཁང དེའི་ནང་དུ་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་གིས་བསྐོར་ནས་རྩེ་ཞིང་དགའ་བར་བྱེད་དོ། །འདི་སྐད་ཅེས་བྱ་སྟེ། དག་པའི་སེམས་ཅན་ལས་བཟང་གིས། །ལེགས་སྤྲུལ་ལུས་ནི་མཚན་དཔེས་མཛེས། །ཡོན་ཏན་དུ་མས་རང་རྒྱུད་གཏམས། །རྟག་པར་ཆོས་ཀྱི་དགའ་བས་འཚོ། །གློག་ལྟར་སྐད་ཅིག་ཐོགས་མེད་རྫུ་འཕྲུལ་གྱིས། །ཞིང་ཡང་བགྲོད་ནས་རྒྱལ་བའི་སྤྱན་སྔ་རུ། །རབ་འབྱམས་ཚོགས་གཉིས་བསྐྲུན་ནས་སླར་ཡང་ནི། །རང་གི་ཞིང་དུ་དགའ་བདེས་རོལ་པར་མཛོད། །བཅུད་ཀྱི་ཞིང་མཛེས་པར་བྱེད་པའི་ཡོན་ཏན་ཐུན་མོང་བ་བརྗོད་པའི་སྐབས་སོ།། །།གཞན་ཡང་ཞིང་དེའི་རྒྱལ་བའི་འཁོར་ནི་རྣམ་པ་གཉིས་ཏེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའོ། །དེའི་ཉན་ཐོས་འདུས་པ་དང་པོ་ཙམ་ཡང་སྟོང་གསུམ་གྱི་སྐར་མ་ཐམས་ཅད་ཉིན་ཞག་གཅིག་གིས་བརྩི་ནུས་པའི་རྫུ་འཕྲུལ་ཆེན་པོ་མཽ་འགལ་གྱི་བུ་ལྟ་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བརྩིས་ཀྱང་གྲངས་ཆ་ཙམ་ཡང་ཆོད་པར་མི་འགྱུར་ན། འདུས་པ་གཉིས་པ་དང་གསུམ་པའི་གྲངས་ལྟ་ཅི་སྨོས། ཉན་ཐོས་གྲངས་མེད་པ་དེ་ཐམས་ཅད་ཀྱང་འོད་འདོམ་གང་བ་མངོན་པར་ཤེས་པ་དང་ལྡན་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའི་འཁོར་ནི་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཤ་སྟག་སྟེ། དེ་ཡང་ཀུན་ལ་མཉམ་པའི་བྱམས་པ་ཆེན་པོ་ཚད་མེད་པ་དང་ལྡན་པ། ཡེ་ཤེས་རྒྱ་མཚོ་ཆེན་པོ་དང་མཚུངས་པ། ཏིང་ངེ་འཛིན་རི་རབ་དང་མཚུངས་པ། ཤེས་རབ་ཉི་ཟླ་དང་མཚུངས་པ། ཚོགས་གཉིས་བསགས་པ་ཆུ་གཏེར་དང་མཚུངས་པ། བཟོད་པ་ཆེན་པོ་ས་དང་མཚུངས་པ། ཉོན་མོངས་པའི་དྲི་མ་འཁྲུད་པའི་ཕྱིར་ཆུ་ལྟ་བུ། ལས་དང་ཉོན་མོངས་པའི་ལྗོན་ཤིང་སྲེག་པར་བྱེད་པའི་ཕྱིར་མེ་ལྟ་བུ། འཇིག་རྟེན་གྱི་ཚུལ་ལ་མི་ཆགས་པའི་ཕྱིར་རླུང་ལྟ་བུ། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པ་ཁོང་དུ་ཆུད་པའི་ཕྱིར་ནམ་མཁའ་ལྟ་བུ། འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་པདྨ་ལྟ་བུ། ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་འབྲུག་སྒྲ་ལྟ་བུ། ཆོས་ཀྱི་ཆར་འབེབས་པའི་ཕྱིར་སྤྲིན་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོ་ཟིལ་གྱིས་གནོན་པའི་ཕྱིར་ཁྱུ་མཆོག་དང་འདྲ་བ། སེམས་ཤིན་ཏུ་དུལ་བའི་ཕྱིར་གླང་པོ་ཆེ་དང་འདྲ་བ། ལུས་སེམས་མཆོག་ཏུ་དུལ་བའི་ཕྱིར་རྟ་ཅང་ཤེས་དང་འདྲ་བ། མི་མཐུན་ཕྱོགས་ལ་འཇིགས་པ་མེད་པའི་ཕྱིར་སེངྒེ་དང་འདྲ་བ། སེམས་ཅན་གདུང་བ་ལས་སྐྱོབ་པའི་ཕྱིར་ཤིང་ནྱ་གྲོ་དྷ་ལྟ་བུ། ཕས་ཀྱི་རྒོལ་བས་མི་བསྐྱོད་པའི་ཕྱིར་རི་རབ་ལྟ་བུ། བྱམས་པ་ཆེན་པོ་ཚད་མེད་པ་བསྒོམས་པའི་ཕྱིར་ནམ་མཁའ་ལྟ་བུ། དག་པའི་ཆོས་སྒྲུབ་པའི་སྔོན་དུ་འགྲོ་བའི་ཕྱིར་ཚངས་པ་ཆེན་པོ་ལྟ་བུ། གནས་སུ་གསོག་པ་མེད་པའི་ཕྱིར་བྱ་ལྟ་བུ། ཕ་རོལ་གྱི་སྡེ་འཇོམས་པའི་ཕྱིར་ནམ་མཁའ་ལྡིང་ལྟ་བུ། འཇིག་རྟེན་ན་འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་ཝ་ར་དང་ཆོས་མཚུངས་ཤིང་། ཆོས་ཀྱི་རྔ་ཆེན་པོ་བརྡུང་བ། ཆོས་ཀྱི་དུང་འབུད་པ། ཆོས་ཀྱི་རྒྱལ་མཚན་བསྒྲེང་བ། ཆོས་ཀྱི་བ་དན་འཛིན་པ། ཆོས་ཀྱི་སྒྲོན་མེ་འབར་བར་བྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ། ཚུལ་ཁྲིམས་རྣམ་པར་དག་པ། ཐོས་པ་རྒྱ་མཚོ་ལྟ་བུར་གྱུར་པ། རྒྱལ་སྲས་རེ་རེ་ཡང་དཔག་ཚད་བྱེ་བ་བརྒྱ་སྟོང་གི་འོད་དང་ལྡན་ཅིང་། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་ཀྱི་འོད་ནི་འཇིག་རྟེན་གྱི་ཁམས་དེ་ཁོར་ཡུག་ཏུ་ཁྱབ་པའོ། །འདི་སྐད་ཅེས་བྱ་སྟེ། ཡེ་ཤེས་རྒྱ་མཚོ་ཆེར་གནས་ཤིང་། །སྙིང་སྟོབས་རྒྱ་མཚོས་གོ་བགོས་ཏེ། །རྒྱལ་བ་རྒྱ་མཚོའི་ཞབས་དྲུང་དུ། །ཐོས་པ་རྒྱ་མཚོ་ངོམས་མེད་ཚོལ། །མ་ལུས་ཆོས་ཚུལ་ཚོལ་ལ་རབ་ཏུ་མཁས། །འཇིག་རྟེན་འདས་པའི་གཏམ་གྱི་སྙིང་པོ་རྟོགས། །ཆོས་ཀྱི་གཏམ་ལ་ནམ་ཡང་འཇིགས་པ་མེད། །རྟག་ཏུ་སེམས་ཅན་གྲོལ་བར་བྱེད་ལ་བརྩོན། །འདྲེན་པའི་གཙོ་བོ་འོད་དཔག་མེད། །ཐུབ་མཆོག་དེ་ཡི་རིགས་སྐྱེས་ཤིང་། །རྒྱལ་བའི་གདུང་འཚོབ་གྲགས་ལྡན་དཔའ། །དག་ཞིང་རྒྱལ་བའི་སྲས་རྣམས་བསྔགས། །དེ་དག་ནི་འཁོར་གྱི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཕྱོགས་ཙམ་བརྗོད་པའི་སྐབས་སོ།། །།༈ དེ་ལྟ་བུའི་སྣོད་བཅུད་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པའི་ཞིང་མཆོག་དེའི་དབུས་ན་བྱང་ཆུབ་ཀྱི་ཤིང་གི་དབང་པོ་ཆེན་པོ་འཕང་དུ་དཔག་ཚད་སྟོང་དྲུག་བརྒྱ་ཡོད་པ། ཡལ་ག་དང་ལོ་མ་དང་འདབ་མ་རྣམས་དཔག་ཚད་བརྒྱ་བརྒྱ་ཚུན་ཆད་དུ་འཕྱང་བ། རྩ་བའི་སྤོམ་དང་ཁྲུར་དཔག་ཚད་ལྔ་བརྒྱ་ཡོད་པ། ལོ་མ་དང་མེ་ཏོག་དང་འབྲས་བུ་རྒྱུན་དུ་འཕྱང་ཤིང་ཁ་དོག་ཐ་དད་པ་བརྒྱ་སྟོང་དུ་མ་དང་ལྡན་པ་དང་། ལོ་འབྲས་མེ་ཏོག་རྣམས་ཀྱང་ཐ་དད་པ་དུ་མ་ཅན་ནོ། །ཟླ་བ་ལྟར་སྣང་བའི་ནོར་བུ་རིན་པོ་ཆེས་ཡོངས་སུ་གསལ་བ། རྒྱ་མཚོའི་ནོར་བུ་རིན་པོ་ཆེ་དང་། བརྒྱ་བྱིན་གྱིས་ཐོགས་པའི་ནོར་བུ་རིན་པོ་ཆེས་སྤྲས་ཤིང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་གང་བ། ཤིང་དེ་ལ་གསེར་གྱི་སྐུད་པ་དང་སེ་མོ་དོ་དང་རིན་པོ་ཆེའི་ཆུན་པོ་དང་དོ་ཤལ་ཆིག་རྐྱང་དང་མུ་ཏིག་དཀར་དམར་གྱི་ཕྲེང་བ་དང་། སེངྒེའི་ཁ་ནས་འཕྱང་བའི་སྐ་རགས་དང་། རིན་པོ་ཆེ་སྣ་ཚོགས་པའི་དྲ་བ་དང་དྲིལ་བུ་གཡེར་ཁ་དང་གཡུང་དྲུང་དང་ཟླ་གམ་ལ་སོགས་པ་རྣམ་པ་དུ་མས་བརྒྱན་པའོ། །བྱང་ཆུབ་ཀྱི་ཤིང་དེ་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་འབྱུང་བ་དེས་འཇིག་རྟེན་གྱི་ཁམས་ཚད་མེད་པ་རྣམས་ཀྱང་གོ་བར་བྱེད་ལ། གང་གིས་ཤིང་དེའི་སྒྲ་ཐོས་པ་དང་མཐོང་བ་དང་དྲི་ཚོར་བ་དང་འབྲས་བུ་མྱོང་བ་དང་དེའི་འོད་ཀྱིས་རེག་པ་དེ་ཐམས་ཅད་ནི་བྱང་ཆུབ་ཀྱི་བར་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་ནད་མི་འབྱུང་ངོ་། །ཤིང་དེ་ཡིད་ལ་སེམས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་བར་དུ་སེམས་གཡེང་བ་ཅན་དུ་མི་འགྱུར་རོ། །འདི་སྐད་ཅེས་བྱ་སྟེ། མང་མང་བསོད་ནམས་ས་ཆེར་ལས་འཁྲུངས་པའི། །བཟང་བཟང་བྱང་ཆུབ་ཤིང་གི་དབང་པོ་ནི། །ལྡེམ་ལྡེམ་ཡལ་ག་ལོ་མ་འབྲས་ལྡན་ཅིང་། །སྙན་སྙན་ཆོས་ཀྱི་སྒྲ་དབྱངས་ཀུན་ནས་སྒྲོགས། །དགོས་འདོད་འདོད་རྒུ་འབྱུང་བའི་གནས། །མ་ལུས་ལུས་ཅན་རློངས་སེལ་བའི། །རིན་ཆེན་ཆེན་པོ་སྣ་ཚོགས་དང་། །རབ་བཀྲ་བཀྲ་བའི་གོས་ཀྱིས་བརྒྱན། །དེ་དག་ནི་བྱང་ཆུབ་ཀྱི་ཤིང་གི་ཡོན་ཏན་བརྗོད་པའི་སྐབས་སོ།། །།བྱང་ཆུབ་ཀྱི་ཤིང་གི་དབང་པོ་དེའི་དྲུང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་ཏེ་འཚོ་ཞིང་བཞེས་ལ་ཆོས་སྟོན་ཏོ། །དེ་ཡང་སྐུ་ཚེ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་ཐུབ་བོ་ཞེས་སྐུ་ཚེའི་ཚད་ཀྱི་མཐའ་རྟོགས་མི་ནུས་པའི་ཕྱིར་ཚེ་དཔག་མེད་ཅེས་བྱ་ལ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ནི་སྐུའི་འོད་ཀྱིས་ཁྱབ་ཅིང་སྣང་བའི་ཕྱིར་འོད་དཔག་མེད་དང་སྣང་བ་མཐའ་ཡས་ཞེས་བྱའོ། །འོན་ཀྱང་གདུལ་བྱའི་ངོ་བོར་འོད་འདོམ་གང་བ་སོགས་སུ་སྟོན་པ་ནི་སྲིད་ལ། འོད་ཀྱིས་ཞིང་གཞན་དག་ཏུ་ཁྱབ་ཀྱང་ཐ་མལ་པས་ནི་མཐོང་མི་ནུས་སོ། །འོད་དེ་ནི་ཤེལ་གོང་ལྟར་དྲི་མ་མེད་ཅིང་ནམ་མཁའི་ཁྱོན་ལྟར་ཤིན་ཏུ་རྒྱ་ཆེ་བ། ལུས་ལ་བདེ་བ་དང་སེམས་ལ་དགའ་བ་བསྐྱེད་ཅིང་། གང་ལ་རག་པའི་སེམས་ཅན་རྣམས་ནི་མཆོག་ཏུ་དགའ་བར་བྱེད་པའོ། །དེ་ལྟར་འོད་ཟེར་གྱི་ཕུང་པོ་ཆེན་པོ་མཐའ་ཡས་ཤིང་རོལ་པའི་མཚོས་གསེར་གྱི་རི་རྣམས་ལ་འཁྱུད་པ་བཞིན་དུ་ཡོངས་སུ་བསྐོར་བའི་སྐུའི་གཟི་འོད་ཀྱིས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་མངོན་པར་འཕགས་ཏེ་ལྷམ་མེ་ལྷང་ངེ་ལྷན་ནེར་ཕྱོགས་ཀུན་ཏུ་གསལ་བར་སྣང་བ་ནི་རིའི་རྒྱལ་པོ་རི་རབ་ཐམས་ཅད་ཀྱི་དབུས་ན་མངོན་པར་འཕགས་ཤིང་མཐོ་བ་བཞིན་ནོ། །རྒྱལ་བ་དེའི་སྐུ་ནི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པས་བསྐྲུན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ནི་རྣམ་པར་སྤྲས། སྟོན་དུས་ཀྱི་ཟླ་བ་སྤྲིན་བྲལ་ནམ་མཁའི་དབུས་ན་རྒྱུ་སྐར་ཚོགས་ཀྱིས་བསྐོར་ནས་ལྷམ་མེར་མངོན་པར་འཕགས་པ་ལྟར་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པའི་སྐུ་མཆོག་ཡོན་ཏན་ཚོགས་ཀྱིས་ཕྱུང་བའི་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པས་བསྐོར་བའི་དབུས་ན་རབ་ཏུ་བརྗིད་ཅིང་མཛེས་པས་ནི་མངོན་པར་འཕགས། ཤིན་ཏུ་དུལ་བའི་ཁྱུ་མཆོག་བ་ལང་བརྒྱ་སྟོང་གི་རྗེས་སུ་འབྲང་བ་དང་བཅས་པ་ལྟར་རྫུ་འཕྲུལ་མངོན་ཤེས་སོགས་ཀྱིས་རྩེ་བའི་དགྲ་བཅོམ་པའི་ཚོགས་ཀྱི་ནི་མདུན་དུ་བདར། སྟོབས་བཅུ་དང་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་ཡེ་ཤེས་དང་། ཟད་མི་ཤེས་པའི་སྤོབས་པ་རྒྱུན་མི་ཆད་པ་དང་། མཐའ་ཡས་པའི་འགྲོ་བའི་དོན་མཛད་པའི་ཐུགས་རྗེ་ཆེན་པོ་ནི་རྟག་ཏུ་མངའ། རི་དྭགས་ཀྱི་རྒྱལ་པོ་སེངྒས་འཁོར་གྱི་ཚོགས་ནང་དུ་བག་ཚ་བ་མེད་པར་སྒྲ་སྒྲོགས་པ་ལྟར་གྲངས་མེད་པའི་འཁོར་གྱི་དབུས་སུ་མི་འཇིགས་པ་བཞིས་འཇིགས་པ་མེད་པར་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་ཆེན་པོ་ནི་རྒྱུན་མི་ཆད་དུ་སྒྲོགས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་འགྲོ་བ་མཐའ་དག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་འགོད་པར་མཛད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རབ་འབྱམས་ཚོགས་གཉིས་ལས་འཁྲུངས་པའི། །རབ་མཛེས་མཚན་དཔེས་སྤྲས་པའི་སྐུ། རབ་དམར་བྱི་རུའི་ལྷུན་པོ་བཞིན། །རབ་མང་འཁོར་གྱི་དབུས་ན་མཛེས། །བདེ་བ་ཅན་གྱི་ཞིང་ན་འགྲོ་བའི་སྐྱབས། །ལྗོན་ཤིང་དབང་པོའི་དྲུང་ན་འོད་དཔག་མེད། །རྒྱ་ཆེན་འཁོར་ཚོགས་དབུས་ན་བརྗིད་པའི་སྐུ། །མཐའ་ཡས་བསོད་ནམས་ཕུང་པོ་ཁྱོད་ལ་འདུད། །རབ་མཐོ་རི་ཡི་དབང་པོ་ནི། །རབ་རྒྱས་ཟླ་བའི་བཞིན་འཛིན་ཅིང་། །རབ་མཛེས་ཨུཏྤལ་སྔོན་པོའི་མིག །རབ་ཏུ་ལྡན་ན་ཁྱོད་དང་མཚུངས། །འོད་ཀྱིས་དཔག་ཡས་ཞིང་རྣམས་ཀུན་ཏུ་ཁྱབ། །མཁྱེན་པའི་ཡེ་ཤེས་ཤེས་བྱ་ཡོངས་ལ་ཁྱབ། །ཐུགས་རྗེ་རིས་བྲལ་འགྲོ་ལ་རྗེས་སུ་ཁྱབ། །འཕྲིན་ལས་འཇུག་པ་སྲིད་མཐའི་བར་དུ་ཁྱབ། །རབ་མང་འགྲོ་བ་འདི་ཀུན་གྱིས། །རབ་གསལ་ཉི་ཟླའི་སྒྲོན་ཐོགས་ནས། །རབ་ཏུ་འབད་དེ་བཙལ་བྱས་ཀྱང་། །རབ་མཆོག་ཁྱོད་འདྲ་ག་ལ་རྙེད། །མི་མཛད་ཞིང་འདིའི་ཡོན་ཏན་མ་ལུས་པ། ཁྱོད་ཀྱིས་བསྡུས་ནས་བདག་གིས་མཛད་པའི་ཕྱིར། ཁྱོད་ཞིང་ཡོན་ཏན་བཀོད་པ་རྫོགས་གྱུར་ཏེ། །ཞིང་འདི་སྙིགས་མ་ལྔ་ཡིས་སྦགས་སམ་སྙམ། །རབ་འབྱམས་དག་པའི་ཞིང་མཆིས་ཀྱང་། །རབ་མང་སྙིགས་དུས་འགྲོ་འདི་ཀུན། །རབ་མཆོག་ཞིང་དེར་འོངས་འདོད་ཀྱིས། །རབ་ཏུ་བརྩེ་བའི་ཐུགས་རྗེས་དྲོངས། །མང་མང་འགྲོ་ལ་རྗེས་བརྩེ་ཐུགས་རྗེ་ཡིས། །མང་མང་སྨོན་ལམ་བཏབ་པའི་འབྲས་སྨིན་པ། །མང་མང་བདེ་སྐྱིད་ཀུན་གྱི་འབྱུང་གནས་དེར། །མང་མང་གསོལ་འདེབས་བདག་ཀྱང་འཁྲིད་ཅིག་ཀྱེ། །དེ་དག་ནི་ཞིང་གི་གཙོ་བོའི་ཡོན་ཏན་ཕྱོགས་ཙམ་བརྗོད་ཅིང་ཡིད་ཀྱི་རེ་བ་གསོལ་བའི་སྐབས་སོ།། །།༈ ཞིང་གི་ཡོན་ཏན་རྒྱས་པར་ནི་ཞིང་བཀོད་ཀྱི་མདོ་ལས་ཤེས་པར་བྱ་ཞིང་། །དེ་ལྟར་ཤེས་པར་བྱས་ནས་དེར་སྐྱེ་འདོད་ཀྱི་འདུན་པ་ཡང་ཡང་སྦྱངས་པའི་ཕན་ཡོན་ནི། མདོ་དེ་ཉིད་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཤགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་རྣམས་ནི། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་འོད་དཔག་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །མཐོང་ན་དགའ་སྟེ་ཐལ་མོ་སྦྱོར་བྱེད་ན། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །ཞེས་པ་ནས། གང་གི་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་རྣམས་སོ། །ཞིང་དེར་སྐྱེ་བའི་རྒྱུ་ནི་གོང་དུ་བརྗོད་པ་ལྟར་ཏེ། །དེ་རྣམས་ཀྱིི་ནང་ནས་མདོ་དང་གཟུངས་ཀྱི་རྟོག་པ་ལས་གསུངས་ཚུལ་ནི། སྨན་བླའི་མདོ་ལས། སྨན་བླའི་མཚན་བརྗོད་ན་བདེ་བ་ཅན་དུ་སྐྱེ་བ་དང་། བཟང་སྤྱོད་ལས། སྨོན་ལམ་དེ་བརྗོད་ན་བདེ་བ་ཅན་དུ་སྐྱེ་བ་དང་། གདུགས་དཀར་གྱི་སྲུང་འཁོར་གྱི་ཕན་ཡོན་གྱི་སྐབས་སུ་དེ་བསྒྲགས་ན་བདེ་བ་ཅན་དུ་སྐྱེ་བ་དང་། རྣམ་པར་རྒྱལ་མའི་རྟོག་པ་གཟུངས་ཀྱི་ཕན་ཡོན་བརྗོད་པ་ལས། གཟུངས་ཀྱི་ཆོ་ག་དང་གཟུངས་དེ་བརྗོད་ན་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ་གཞན་ཡང་མང་ངོ་། །དེར་སྐྱེ་བའི་ཐབས་སམ་རྒྱུ་སྨོན་ལམ་ནི། རྗེ་ཉིད་ཀྱིས་མཛད་པའི་བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་ཡོངས་གྲགས་དང་། བསྡུ་ན། ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །ཞེས་སོགས་ཀྱི་ཚིགས་བཅད་གཉིས་དང་། བཟང་སྤྱོད་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །ཞེས་པ་ནས། སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ཅེས་པའི་བར་གྱི་ཚིགས་བཅད་བཞིའོ། །ཚུལ་འདིར་ཚུ ལ་བཞིན་བདག་གིས་རབ་འབད་པའི། །རྣམ་དཀར་རྣམ་མང་ཇི་སྙེད་མཆིས་པ་ཀུན། །སྐྱེ་ཞིང་སྐྱེ་བར་དག་པའི་ཞིང་སྐྱེས་ནས། །མྱུར་བར་མྱུར་དུ་སངས་རྒྱས་ཐོབ་ཕྱིར་བསྔོ།། །།ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཀྱིས་དད་པས་ཅོ་ནེ་དགོན་ཉིད་དུ་བསྒྲིགས་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ།།


previousབདེ་བ་ཅན་གྱི་ཞིང་གི་བཀོད་པའི་ཡོན་ཏན་བརྗོད་པ་ཞིང་དེར་བགྲོད་པའི་ཐེམ་སྐས།next