Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོན་པའི་མཛད་པ་བཅུ་གཉིས་དང་བསྟན་པའི་གནས་ཚད་དེ་ལས་འཕྲོས་པའི་སྐོར་འགའ་ཞིག་བཅས་བཤད་པ།


 
previousསྟོན་པའི་མཛད་པ་བཅུ་གཉིས་དང་བསྟན་པའི་གནས་ཚད་དེ་ལས་འཕྲོས་པའི་སྐོར་འགའ་ཞིག་བཅས་བཤད་པ།no next

སྟོན་པའི་མཛད་པ་བཅུ་གཉིས་དང་བསྟན་པའི་གནས་ཚད་དེ་ལས་འཕྲོས་པའི་སྐོར་འགའ་ཞིག་བཅས་བཤད་པ།

སྟོན་པའི་མཛད་པ་བཅུ་གཉིས་དང་བསྟན་པའི་གནས་ཚད་དེ་ལས་འཕྲོས་པའི་སྐོར་འགའ་ཞིག་བཅས་བཤད་པ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མཚུངས་མེད་སྟོབས་བཅུའི་རྩལ་ཀུན་རབ་རྫོགས་མ་འདྲེས་བཅོ་བརྒྱད་གཡུ་རལ་གསིག །སོ་སོ་ཡང་དག་རིག་པའི་མཆེ་གཙིགས་མི་འཇིགས་རྣམ་བཞིིའི་སྦར་ཁྱིམ་གདེངས། །ཆོས་ཕུང་བརྒྱད་ཁྲིའི་ང་རོ་ཆེར་བསྒྲགས་མུ་སྟེགས་གླང་པོའི་སྙིང་འགས་པ། །སྔོན་མེད་སྨྲ་བའི་སེངྒེ་ཆེན་པོ་སྟོན་པ་དེ་ལ་གུས་ཕྱག་འཚལ། །ངེེས་པའི་དོན་དུ་སྤངས་རྟོགས་མཐར་ཕྱིན་ཀྱང་། །གྲངས་མེད་ཞིང་དུ་སེམས་དཔའི་རྣམ་རོལ་གྱིས། །རྒྱལ་བའི་མཛད་པ་བསྒྲུབ་པའི་འཁུར་བཞེས་པ། །འཕགས་པ་ཉེ་བའི་སྲས་ཆེན་བརྒྱད་ལ་འདུད། །སྙིང་སྟོབས་ཕུལ་བྱུང་རྒྱལ་དང་དེ་ཡི་སྲས། །ཉན་ཐོས་ཚུལ་གྱིས་ཐུབ་བསྟན་སྤེལ་མཁས་པ། །ཤཱ་རིའི་བུ་སོགས་ཉན་ཐོས་མཆོག་བརྒྱད་དང་། །གཏད་རབས་བདུན་སོགས་ཉན་རང་ཀུན་ཀྱང་བསྔགས། །རྒྱལ་བས་ལུང་བསྟན་ཤིང་རྟ་ཆེ་གཉིས་སོགས། །འཕགས་ཡུལ་མཁས་ཤིང་གྲུབ་པ་ཐམས་ཅད་དང་། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །བོད་ཡུལ་བཤེས་གཉེན་རིམ་པར་བྱོན་ལ་འདུད། །གང་དག་རྣམ་མང་ལེགས་བཤད་དོན་གཉེར་ཞིང་། །བློ་གྲོས་པདྨོ་རྒྱས་འདོད་དེ་དག་ཆེད། །སྣ་ཚོགས་གཞུང་དོན་སྙིང་པོ་ཐོར་བུ་འགའ། །རང་ཉིད་བརྗོད་འདོད་དབང་གིས་དགོད་པར་བྱ། །དེ་ལ་འདིར་བཤད་པར་བྱ་བ་ལ་གསུམ། བདག་ཅག་གི་སྟོན་པའི་མཛད་པ་བཅུ་གཉིས་ཇི་ལྟར་མཛད་པ། བསྟན་པའི་གནས་ཚད། དེ་ལས་འཕྲོས་པའི་རྣམ་གཞག་བཤད་པའོ། །དང་པོ་ལའང་གསུམ། བསྐལ་པའི་རྣམ་གཞག །སྟོན་པས་དང་པོར་ཐུགས་བསྐྱེད་ཅིང་བར་དུ་ཚོགས་བསགས་ཚུལ། སངས་རྒྱས་ནས་མཛད་པ་བཅུ་གཉིས་བསྟན་ཚུལ་ལོ། །དང་པོ་ལ་གཟུགས་ཀྱི་བསྐལ་པའི་བར་གྱི་རྩོམ་གཞི་ནི་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག །དེ་བཞིན་དུ་ལྕགས་རྡུལ། ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་རྡུལ། སྲོ་མ་དང་། ཤིག་དང་། སོར་ཚིགས་རྣམས་སྔ་མ་བདུན་འགྱུར་ལ་ཕྱི་མ་རེ་དང་། སོར་ཉེར་བཞི་ལ་ཁྲུ་གང་། དེ་བཞི་ལ་འདོམ་གང་། དེ་ལྔ་བརྒྱ་ལ་རྒྱང་གྲགས། དེ་བརྒྱད་ལ་དཔག་ཚད་གཅིག་འབྱུང་བ་ཡིན་ཏེ། །མཛོད་ལས། གཟུགས་མིང་དུས་མཐའ་རྡུལ་མིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་འདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་དང་། ལོ་ཟླ་ཞག་གསུམ་སོགས་དུས་ཀྱི་བསྐལ་པའི་རྩོམ་གཞི་ནི་འཆད་པ་ལྟར། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །ཞེས་པ་ནས། ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཞེས་པའི་བར་གྱིས་རྩོམ་གཞི་བཤད་ནས། བསྐལ་པ་རྣམ་པ་མང་བཤད་པ། །འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །དེ་ནས་ཡང་སྐྱེ་མར་བྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །ཆགས་པ་དང་ནི་འཇིག་པ་དང་། །ཞིག་དང་འདུག་པ་དག་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་པས་བསྐལ་པའི་རྣམ་གཞག་འཆད་དེ། སྤྱིར་དག་པའི་ཞིང་གི་བསྐལ་པ་དང་། མ་དག་པའི་ཞིང་གི་བསྐལ་པ་གཉིས་ཡོད་ཀྱང་། འདིར་མ་དག་པའི་ཞིང་གི་བསྐལ་པའི་དབྱེ་བ་བཤད་པ་གཙོ་ཆེ་ལ། དེ་ལ་འཆགས་བསྐལ་གནས་བསྐལ། འཇིག་བསྐལ། ཞིག་ནས་སྟོང་པའི་བསྐལ་པ་དང་། གནས་བསྐལ་ནི་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་མར་འགྲིབ་པའི་མ་ཐོག་གཅིག་དང་། དེ་ནས་བརྒྱད་ཁྲིའི་བར་ཡར་སྐྱེ་མར་འགྲིབ་ཀྱི་བར་ཁུག་བཅོ་བརྒྱད་དང་། དེ་ནས་མཐར་བརྒྱད་ཁྲིའི་བར་ཡར་འཕེལ་བའི་ཡ་ཐོག་གཅིག་སྟེ་གནས་བསྐལ་ལ་བར་བསྐལ་ཉི་ཤུ། འཆགས་པ་ལ་ཉི་ཤུ། འཇིག་པ་ལ་ཉི་ཤུ། ཞིག་ནས་སྟོང་པའི་བསྐལ་པ་ལ་བར་བསྐལ་ཉི་ཤུ་སྟེ་དེ་བཞིའི་ཡུན་ཚད་མཉམ་པར་བཤད། བར་བསྐལ་ཉི་ཤུ་པོ་ཚན་པ་བཞི་ལ་བར་གྱི་བསྐལ་པ་བརྒྱད་ཅུ་འབྱུང་ཞིང་བརྒྱད་ཅུ་བསྡོམས་པའི་ཡུན་ལ་བསྐལ་པ་ཆེན་པོ་གཅིག་གོ་ཞེས་བསྟན་ཏེ་དོན་བསྡུས་པའོ། །སྤྱིར་བསྐལ་པ་ལ་སྒྲོན་བསྐལ་དང་། མུན་བསྐལ་གཉིས་ཡོད་པ་ལས། སངས་རྒྱས་དངོས་སུ་བྱོན་ནས་མཛད་པ་སྟོན་པ་ལ་སྒྲོན་བསྐལ་དང་། སངས་རྒྱས་ཀྱི་སྤྲུལ་པ་འབྱུང་ཡང་སངས་རྒྱས་དངོས་སུ་མི་འབྱོན་པའི་བསྐལ་པ་ལ་མུན་བསྐལ་ཞེས་བརྗོད་དོ། །བསྐལ་བཟང་ནས་ད་ལྟའི་བསྐལ་པ་འདི་སྒྲོན་བསྐལ་དང་། དེ་ནས་མུན་བསྐལ་བསྐལ་པ་ཆེན་པོ་བཅུ་དྲུག །དེ་ནས་སྒྲོན་བསྐལ་བསྙེན་པ་ཆེན་པོ་ལ་སངས་རྒྱས་ཁྲི། དེ་ནས་མུན་བསྐལ་ཁྲི། དེ་ནས་སྒྲོན་བསྐལ་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་ཁྲིི། དེ་ནས་མུན་བསྐལ་སུམ་བརྒྱ། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་བཤད་དེ། དེས་མཚོན་པས་གཞན་ཡང་མང་ངོ་། །བསྐལ་བཟང་ནས་བསྐལ་པ་འདི་ལ་སངས་རྒྱས་སྟོང་དང་གཉིས། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་སྟོང་། སྙིང་རྗེ་པད་དཀར་ལས་སྟོང་དང་ལྔའམ་དྲུག་འབྱུང་བར་བཤད་དོ། །གཉིས་པ་ནི། སྟོན་པས་དང་པོར་ཐུགས་བསྐྱེད་ཚུལ་ནི། དྲིན་ལན་བས བས་པའི་མདོ་ལས། སྟོན་པ་འདིས་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་གྲོགས་ལ་དམིགས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡང་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པའི་ཚུལ་དང་། དེ་ལས་གཞན་དུ་བཤད་པ་ཡང་ཡོད་དོ། །ཚོགས་བསགས་ཚུལ་ནི། ཐུན་མོང་བ་ལྟར་ན། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་འབྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་དང་། དེ་གྲངས་མེད་གསུམ་ལ་འཚང་རྒྱ། ཞེས་གསུངས་པ་ལྟར་སྟོན་པ་འདི་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ནས་སངས་རྒྱས་གཙུག་ཏོར་ཅན་གྱི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་ཏེ་གྲངས་མེད་དང་པོའི་ཚོགས་བསགས། དེ་རྗེས་ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པའི་དུས་སུ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ནས་མར་མེ་མཛད་ཀྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་གྲངས་མེད་གཉིས་པའི་ཚོགས་བསགས། གཞོན་ནུ་ཆོས་ཀྱི་སྤྲིན་དུ་གྱུར་པའི་ཚེ་སངས་རྒྱས་མར་མེ་མཛད་ནས་རྣམ་གཟིགས་ཀྱི་བར་བདུན་ཁྲི་བདུན་སྟོང་ལ་གྲངས་མེད་གསུམ་པའི་ཚོགས་བསགས་པར་བཤད་ཅིང་། བརྒྱད་སྟོང་འགྲེལ་ཆེན་ལས་ནི། ཐེག་ཆེན་གྱི་དབང་དུ་མཛད་དེ་ཚོགས་སྦྱོར་གཉིས་དང་ས་དང་པོ་ནས་གྲངས་མེད་དང་པོ། །གཉིས་པ་ནས་བདུན་པའི་བར་གྲངས་མེད་གཉིས་པ། དག་པ་ས་གསུམ་གྱི་སྐབས་སུ་གྲངས་མེད་གསུམ་པའི་ཚོགས་བསགས་ཞེས་གསུངས། ཐེག་དམན་ལྟར་ན་གྲངས་མེད་གསུམ་གྱི་ཚོགས་རྣམས་ནི་ཚོགས་ལམ་གྱི་སྐབས་ཁོ་ནར་རྫོགས་པར་འདོད་དེ། རྒྱལ་པོ་གཞོན་ནུ་དོན་གྲུབ་ཏུ་གྱུར་ཏེ་རབ་ཏུ་བྱུང་ནས་རྡོ་རྗེའི་གདན་དུ་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་གདན་ཐོག་གཅིག་ལ་མངོན་དུ་བྱས་པར་འདོད་པའི་ཕྱིར་ཏེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་གསུངས་པས་སོ། །ཐེག་ཆེན་ལྟར་ན་སྔར་བཤད་པ་བཞིན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་འོག་མིན་དུ་སངས་རྒྱས་དབང་པོའི་ཏོག་ཏུ་སངས་རྒྱས་པའི་སྤྲུལ་སྐུ་ནི་ལྷའི་བུ་དམ་པ་ཏོག་དཀར་དུ་བཤད་ཅིང་། ཁ་ཅིག་ཏུ་ལོངས་སྐུ་རྣམ་པར་སྣང་མཛད་གངས་ཅན་མཚོར་སངས་རྒྱས་པར་བཤད་དེ་ཚུལ་གཉིས་ཡོད་ལ། གྲངས་མེད་གསུམ་གྱི་ཁྱད་པར་འོག་ཏུ་འཆད་དོ། །གསུམ་པ་ནི། ལང་གཤེགས་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་འབྱུང་བ་ལྟར་སྔོན་ལ་འོག་མིན་དུ་ལོངས་སྐུར་སངས་རྒྱས་ནས་དེ་རྗེས་ཆོས་སྐུ་ལས་མ་གཡོས་པར་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་རིམ་གྱིས་སྟོན་པ་ཡིན་ཏེ། རྗེ་བཙུན་བྱམས་མགོན་གྱིས་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་ནས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་ཤིང་། ཚིག་རྐང་ཕྱི་མ་གཉིས་ཀྱིས་དེ་ལྟ་བུའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ནི་ལན་གཅིག་ཙམ་མ་ཡིན་པར་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཡང་ཡང་སྟོན་པར་བཤད་དོ། །དེ་ཡང་དམ་པ་ཏོག་དཀར་གཅིག་ཙམ་མིན་གྱི། དགའ་ལྡན་བྱེ་བ་ཕྲག་བརྒྱ་ནས་དམ་པ་ཏོག་དཀར་ཡང་དེ་སྐད་ཅིག་གིས་འཛམ་བུའི་གླིང་བྱེ་བ་བརྒྱར་འཕོ་བ་ལ་སོགས་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཡིན་ཞིང་། དེ་ལ་སྟོང་གསུམ་གྱི་རྣམ་གཞག་ཤེས་དགོས་ཏེ། སྟོང་གསུམ་ནི། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་འབྱུང་བ་ལྟར་ཡིན་ལ་དེ་ལྟ་བུའི་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་མཚམས་སྦྱོར། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད་བར་མ། དེ་ཕྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་རྒྱ་མཚོ་སྟེ་དེ་ནི་གཞི་སྙིང་མེ་ཏོག་གིས་བརྒྱན་པའི་ལོངས་སྐུའི་ཞིང་གཅིག་གི་བཀོད་པ་ཕལ་ཆེན་ལས་བཤད་དོ། །དེ་ལྟ་བུའི་མཛད་པ་བཅུ་གཉིས་བཤད་པ་ལ་མདོར་བསྟན་རྒྱས་གཉིས་ལས། དང་པོ་ནི། འཕོ་བ་དང་། ལྷུམས་སུ་ཞུགས་པ་དང་། བལྟམས་པ་དང་། བཙུན་མོའི་འཁོར་གྱིས་རོལ་བ་དང་། བཟོའི་གནས་ལ་མཁས་པ་དང་། ངེས་པར་འབྱུང་བ་དང་། དཀར་བ་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་སྡེ་བཅོམས་པ་དང་། རྫོགས་སངས་རྒྱས་པ་དང་། ཆོས་འཁོར་བསྐོར་བ་དང་། མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་རྣམས་སོ། །གལ་ཏེ་བྱམས་པའི་གསུང་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །ཞེས་འབྱུང་བས་སྐྱེ་བ་མངོན་པར་སྐྱེ་བ་ཐོག་མར་འདྲེན་རིགས་སོ་སྙམ་ན། སྐྱོན་མེད་དེ། དེ་བཅུ་གཉིས་སུ་འདྲེན་པའི་ཚུལ་ཡོད་ཀྱང་སྐབས་འདིར་འདྲེན་མི་དགོས་པའི་ཕྱིར་ཏེ། དེ་ནི་འཕོ་བའི་མཛད་པ་ལ་སོགས་པ་འབྱུང་བའི་གཞི་སྟོན་པའི་ཆེད་དུ་གསུངས་པ་ཙམ་ཡིན་གྱི། དེ་འདྲེན་ན་བཅུ་གཉིས་ལས་ལྷག་པའི་སྐྱོན་སོགས་འབྱུང་བའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ་བཅུ་གཉིས་ཀྱི་དང་པོ་འཕོ་བའི་མཛད་པ་ནི། དམ་པ་ཏོག་དཀར་དེ་ཉིད་ཀྱིས་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པ་ན། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱི་ལྷའི་སིལ་སྙན་ལས། བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་ཤིང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པ་མཛོད། །ཅེས་བསྐུལ་བ་ལ་བརྟེན་ནས་དགའ་ལྡན་ནས་ཡུལ་འཛམ་བུའི་གླིང་། རིགས་རྒྱལ་རིགས། རུས་བུ་རམ་ཤིང་པ། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བ་ལྔ་ལ་གཟིགས་ནས་འཕོ་བར་དགོངས་སོ། །སྙིགས་མ་ལྔ་ནི། དུས་སྙིགས་མ། ཚེ་སྙིགས་མ། ལྟ་བ་སྙིགས་མ། ཉོན་མོངས་སྙིགས་མ། སེམས་ཅན་སྙིགས་མ་སྟེ་ལྔའོ། །དེའི་ཚེ་ལྷ་རྣམས་ཀྱིས་ད་ལྟ་འཛམ་གླིང་ན་རྫོགས་བྱེད་སོགས་རྟོག་གེ་བ་དྲུག །བྲམ་ཟེ་རྒྱུ་རྒྱལ་སོགས་རྗེས་སུ་སྒྲོགས་པ་དྲུག །རེངས་བྱེད་ཀྱི་བུ་སོགས་སྙོམས་པར་འཇུག་པ་དྲུག་གིས་སེམས་ཅན་གྱི་རྒྱུད་མ་རུང་བར་བྱས་པས་འཕོ་བའི་དུས་མིན་ནོ་ཞེས་ཞུས་ཀྱང་མ་གསན་པར་ཆོས་བསྟན་ཏེ། མི་ཕམ་པའི་སྤྱི་བོར་ཅོད་པན་བཅིངས་ནས་གྲོགས་པོ་དག །ཁྱེད་རྣམས་ལ་མི་ཕམ་པས་ཆོས་སྟོན་པར་འགྱུར་གྱི་བག་ཡོད་པར་སྤྱོད་ཅིག །ཁོ་བོ་ནི་འཛམ་བུའི་གླིང་གི་གདུལ་བྱ་འདུལ་བའི་དུས་ལ་བབ་སྟེ་ཞེས་སོགས་གསུངས་ནས་གླང་པོ་ཆེའི་གཟུགས་ཀྱིས་འཕོ་བར་མཛད་དོ། །གཉིས་པ་ལྷུམས་སུ་ཞུགས་པ་ནི། བཞེད་པ་མི་འདྲ་བ་མང་ཡང་ཕུག་པ་ཡབ་སྲས་ཀྱིས་དྷྲུ་བ་ཡར་ལོག་སོགས་ཀྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པ་ལྟར་ན། སྟོན་པ་འདིས་ས་ལུག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ་གླང་ཆེན་ཐལ་དཀར་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་སོ། །ཞུགས་མ་ཐག་ཏུ་ཡུམ་གྱིི་དཀུ་གཡས་སུ་ཙནྡན་སྤྲུལ་སྙིང་གི་ཁང་བརྩེགས་གྲུ་བཞི་པ་རིམ་པ་གསུམ་པ་ཡིད་དུ་འོང་བའི་ནང་དུ་ཁྲི་ལ་ད་ལྟའི་བྱིས་པ་ལོ་དྲུག་ལོན་པ་ཙམ་གྱི་ཚད་ལྟར་བཞུགས་ནས་མཐོང་ཚུལ་དང་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ཏོ། །གསུམ་པ་སྐུ་བལྟམས་པ་ལ། ས་སྐྱ་པཎ་ཆེན་དང་བུ་སྟོན་སོགས་མཁས་པ་སྔོན་མ་དུ་མས་བཤད་ཚུལ་མི་མཐུན་པ་བྱུང་སྟེ། དེ་ཡང་ས་གླང་། ཤིང་གླང་། ས་འབྲུག །ཤིང་བྱི། མེ་ཡོས་སོགས་ལ་སྐུ་བལྟམས་ཞེས་པ་ཞེད་ཚུལ་མི་འདྲ་བ་མང་ཡང་། རྣམ་པར་དག་པ་ནི་ཕུག་ལུགས་ཏེ་ལྷུམས་སུ་ཟླ་བ་བཅུ་བཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་སྐྱེད་མོས་ཚལ་དུ་སྐར་མ་རྒྱལ་གྱི་ཚེ་ཡུམ་གྱི་རྩིབ་ལོགས་གཡས་ནས་བལྟས་བཟང་པོ་དུ་མ་དང་བཅས་ནས་བལྟམས་སོ། །དེའི་ཚེ་བཞུགས་གནས་ཁང་བརྩེགས་གྲུ་བཞི་པ་དེ་ཚངས་པས་ལྷ་གནས་སུ་འཁྱེར། ཚངས་པ་དང་། བརྒྱ་བྱིན་སོགས་དང་། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགས་ཁྲུས་གསོལ། བཙས་མ་ཐག་ཏུ་ཕྱོགས་བཞི་དང་སྟེང་འོག་ཏུ་གོམ་པ་བདུན་བདུན་བོར་བ་ན་པདྨ་དུ་མ་སྐྱེས་པས། ལུམ་བིའི་ཚལ་དེར་པདྨ་སྤུངས་པའི་མཆོད་རྟེན་བརྩིགས། བཙས་པའི་ཚེ་དགོས་པའི་དོན་མང་པོ་བྱུང་བས་རྒྱལ་པོས་གཞོན་ནུ་འདི་བཙས་པ་ན་བདག་གི་དོན་དུ་མ་གྲུབ་པས་མཚན་གཞོན་ནུ་དོན་གྲུབ་ཏུ་གསོལ། མཚན་མཁན་རྣམས་ཀྱིས་འདི་ཁྱིམ་དུ་གནས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་ཞེས་ལུང་བསྟན། བཙས་ནས་ཞག་བདུན་གྱི་ཐོག་དགོས་པའི་དབང་གི་ཡུམ་འདས་ནས་ལྷར་སྐྱེས། དེ་ནས་སྲི་མོ་སྒྱུ་འཕྲུལ་མ་ལ་གཏད་ནས་མ་མ་རྣམས་དང་ལྷན་ཅིག་བསྐྱངས། ཤཱཀྱའི་རིགས་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་དུ་གནས་པས་ཤཱཀྱ་ཐུབ་པ་ཞེས་བསྔགས། གནོད་སྦྱིན་ཤཱཀྱ་འཕེལ་དང་འཇིག་རྟེན་སྐྱོང་བ་བཞི་སོགས་ལྷ་རྣམས་ཀྱིས་ཕྱག་བྱས་པས་ལྷའི་ལྷ་ཞེས་མཚན་གསོལ། །བཞི་པ་བཟོ་གནས་ལ་མཁས་པའི་རོལ་རྩེད་ནི། དེ་ནས་ཅུང་ཟད་ནར་སོན་པ་ན་ཡིག་རིགས་དང་རོལ་རྩེད་གཞན་སློབ་པའི་ཚེ། ཡི་གེའི་སློབ་དཔོན་གྱིས་ཡིག་རིགས་མི་འདྲ་བ་དུ་མ་བྲིས་ཏེ་ཕུལ་བ་ན་དེ་དག་རྣམས་ངེས་ཤེས་ཀྱི། པདྨའི་སྙིང་པོ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་པོ་གང་སློབ་ཅེས་གསུངས་པས། ཡི་གེའི་སློབ་དཔོན་གྱིས་དེའི་མིང་ཙམ་ཡང་མ་ཤེས་ལ། བྱང་ཆུབ་སེམས་དཔས་ཡི་གེ་དེ་རྣམས་ནི་འདི་དང་འདིའོ་ཞེས་ཕར་བསྟན་པས་ཐམས་ཅད་ངོ་མཚར་དུ་སྐྱེས་ཏེ་སྐྱེ་བོ་ཁྲི་ཕྲག་སྨིན་པར་བྱས། དེ་བཞིན་དུ་མདའ་འཕེན་པ་དང་། མཆོང་བ་དང་། བང་། རྟ་རྒྱུག །ཆུ་ལ་སྐྱལ་བ། གླང་པོ་ཆེ་འདུལ་བ། སྟོབས་བརྒལ་བ་ལ་སོགས་པའི་སྒྱུ་རྩལ་རྣམས་སློབ་པའི་ཚུལ་བསྟན། ཡིག་རིགས་རྣམས་དང་སྒྱུ་རྩལ་གྱི་དབྱེ་བ་འོག་ཏུ་འཆད་དོ། །ལྔ་པ་བཙུན་མོའི་འཁོར་དུ་བཞུགས་པའི་མཛད་པ་ནི། དགུང་ལོ་བཅུ་དྲུག་ལོན་པའི་ཚེ་གཞན་དག་གིས་གཞོན་ནུ་ལ་བཙུན་མོ་བླང་བར་རིགས་སོ་ཞེས་གསོལ་བ་ལ་བརྟེན་ནས། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དྭགས་སྐྱེས་མ་སོགས་བཙུན་མོའི་ཚོགས་བཞེས། འགའ་ཞིག་ཏུ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མར་བཤད་པ་ཡང་སྣང་སྟེ་དཔྱད་དགོས་པར་འདུག །གཞུང་ཆེ་བ་དུ་མ་ནས་དེའི་བུ་མོ་གྲགས་འཛིན་མར་བཤད་ཅིང་། མདའ་འཕེན་སོགས་སྒྱུ་རྩལ་རྣམས་ལ་འགྲན་པར་བྱས་པས་གང་བཟང་ཞིང་ལྷག་པ་དེ་ལ་རྒྱལ་བའི་རུ་མཚོན་དུ་དེ་བཙུན་མོར་སྟེར་བར་བཅས་པ་ན། དེ་ཐམས་ཅད་ལ་གཞོན་ནུ་ཆེས་ཁྱད་པར་དུ་འཕགས་ཤིང་སུས་ཀྱང་འགྲན་མ་ནུས་པས། གཞོན་ནུས་ཐོབ་སྟེ་བཙུན་མོའི་ཚོགས་དང་ལྷན་ཅིག་ཏུ་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་བཞུགས་ནས་གཞན་མང་པོ་སྨིན་པར་མཛད། གཞོན་ནུ་རང་འདོད་ཆགས་དང་བྲལ་ཡང་བཙུན་མོ་དེ་དག་ལས་གང་འདོད་ཆགས་ཀྱིིས་གདུངས་པ་ན། གཞོན་ནུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་རང་འདྲ་གཉིས་པ་རེ་སྤྲུལ་ཏེ་བཙུན་མོ་དེ་དང་དེ་ལ་དགའ་མགུར་སྤྱད་ནས་འདོད་པ་རྫོགས་པར་མཛད། དེ་རྣམས་ནི་ཁྱིམ་པའི་ཚུལ་བསྟན་པའི་མཛད་པའོ། །དྲུག་པ་ངེས་པར་འབྱུང་བ་རབ་ཏུ་བྱུང་བའི་མཛད་པ་ནི། དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་པའི་མཐར། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཐུས་ལྷའི་སིལ་སྙན་གྱི་སྒྲ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཞེས་སོགས་ཀྱི་ཚིགས་སུ་བཅད་པས་རབ་ཏུ་འབྱུང་བར་བསྐུལ་ཞིང་། །གྲོང་ཁྱེར་སེར་སྐྱའི་ཤར་སྒོར་རྒས་པའི་སྡུག་བསྔལ་གྱིས་གཟིར་བ། ལྷོ་སྒོར་ན་བ། ནུབ་སྒོར་འཆི་བའི་སྡུག་བསྔལ་དང་། བྱང་སྒོར་དགེ་སློང་ངུར་སྨྲིག་གྱོན་པ་རྣམས་གཟིགས་པས་རྐྱེན་བྱས་ཏེ་ཡབ་ལ་རབ་ཏུ་འབྱུང་བར་ཞུས་པའི་ཚེ་མི་གནང་བར་གྲོང་ཁྱེར་སེར་སྐྱའི་མཐའ་དམག་གིས་བསྐོར་ནས་བསྲུངས། ཡང་ཡབ་ཀྱི་དྲུང་དུ་སོང་ནས་ཞུས་པས་རྒྱལ་པོས་བུ་འདིར་འདུག་ན་བདག་ཅག་ལ་ཕན་ཐོགས་པར་འགྱུར་བས་ཁྱེད་ལ་དགོས་པའི་དམ་པ་སློངས་ཤིང་ཅེས་སྨྲས་པས། ཡབ་རྒ་ནད་རྒུད་འཆི་ལས་ཐར་པའི་དམ་པ་ཞུ་ཞེས་གསོལ་བ་ན། ཡབ་ཀྱིས་དེ་མི་ནུས་ཀྱི་དམ་པ་གཞན་གསོལ་ཅིག །ཡབ་འདི་ནས་ཉིང་མཚམས་མི་སྦྱོར་བར་མཛོད་ཅིག་ཅེས་ཞུས་པས། རྒྱལ་པོས་ཁྱེད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག་གསུངས་ནས་གནང་ངོ་། །དེ་ནས་རབ་ཏུ་འབྱུང་ཁར་གྲགས་འཛིན་མའི་མངལ་དུ་སྤྲུལ་པའི་སྲས་ཀྱི་ས་བོན་བཞག་ན ས་ཉེར་དགུ་པ་ས་བྱི་ལོར་ནམ་ཕྱེད་ན་རྟ་བསྔགས་ལྡན་ལ་བཅིབས་ཏེ། རྨིག་པ་ལྷའི་བུས་བཏེག་ཅིང་ལྷ་རྣམས་ཀྱིས་བསྐོོར་ནས་ཁྱིམ་ནས་བྱུང་སྟེ་ནམ་མཁར་འཕགས་ཤིང་། ཤར་ཕྱོགས་སུ་དཔག་ཚད་བཅུ་གཉིས་འདས་པ་ཡངས་པ་ཅན་གྱི་མཆོད་རྟེན་རྣམ་དག་གི་དྲུང་དུ་ཆིབས་ལས་བབས་ཏེ་རྒྱན་རྣམས་བཀྲོལ། དབུ་སྐྲ་དང་གཙུག་ཕུད་བཅད་ནས་རབ་ཏུ་བྱུང་། གཙུག་ཕུད་དང་གོས་རྒྱན་བརྒྱ་བྱིན་གྱིས་ལྷ་གནས་སུ་ཁྱེར་ནས་དུས་སྟོན་བཙུགས། བརྒྱ་བྱིན་གྱིས་གོས་ངུར་སྨྲིག་ཕུལ་བ་གསོལ་ཞིང་དེར་ངུར་སྨྲིག་བླངས་པའི་མཆོད་རྟེན་ཡང་བགྱིས་སོ། །བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་འབྲུ་ཉག་གཅིག་དང་ཆུ་ཐིག་གཅིག་གསོལ་བ་དང་རྐང་པ་ཡ་གཅིག་གིས་འགྲེང་བ་སོགས་དཀའ་སྤྱད་ལོ་དྲུག་ཏུ་མཛད་ཅིང་། མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བསམ་གཏན་གྱི་ཕར་ཕྱིན་རྫོགས་པའི་ཚུལ་བསྟན། དེའི་དུས་སུ་བྱང་ཆུབ་སེམས་དཔའི་ལུས་བསྐམས་ཤིང་ཤི་བ་དང་འདྲ་བར་རྒྱལ་པོ་དང་བཙུན་མོའི་ཚོགས་རྣམས་ཀྱིས་མཐོང་ནས་མྱ་ངན་བྱས་པས། གཞོན་ནུ་ཏིང་ངེ་འཛིན་ལས་ལངས་ནས་མི་འཆི་བར་ཞལ་གྱིས་བཞེས་ཏེ་དབུགས་དབྱུང་། གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མས་བསྙེན་བཀུར་བྱས་པས་སྐུ་གསེར་གྱི་མདོག་ལྟ་བུར་གྱུར་ཏོ། །བརྒྱད་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ་ནི། དགུང་ལོ་སོ་ལྔ་པ་ཤིང་རྟ་ལ་བབས་པའི་ཚེ། རྡོ་རྗེའི་གདན་དུ་གཤེགས་ནས་རྩྭ་འཚོང་བཀྲ་ཤིས་ལ་རྩྭ་ཟོར་བ་བཞེས་ཏེ་རྡོ་རྗེའི་གདན་གྱི་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་བཏིང་བ་དེ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་བཞུགས་ཏེ། སྟན་འདིར་བདག་གི་ལུས་ནི་བསྐམས་ཀྱང་རུང་། །ཞེས་སོགས་ཀྱི་དམ་བཅའ་མཛད་དོ། །དགུ་པ་བདུད་བཏུལ་བའི་མཛད་པ་ནི། རྗེས་འཇུག་གི་གདུལ་བྱ་རྣམས་འབྲས་བུ་ཁྱད་པར་ཅན་མངོན་དུ་བྱེད་པ་ལ་བར་ཆད་སྣ་ཚོགས་འབྱུང་ཞིང་དེ་དག་གིས་མི་ཚུགས་པར་ལམ་མཐར་ཕྱིན་པར་བྱེད་དགོས་སོ་ཞེས་ཤེས་པ་དང་། ཡེ་ཤེས་ཀྱི་ནུས་པ་དང་སྟོབས་ཀྱི་ཆེ་བ་སྟོན་པ་སོགས་ཀྱི་ཆེད་དུ་སྨིན་མཚམས་ན་འོད་ཟེར་བཀྱེ་སྟེ། ཕྱོགས་ཀུན་སྣང་བར་བྱས་ཤིང་བདུད་ཀྱི་གཞལ་མེད་ཁང་ཐམས་ཅད་མོག་མོག་པོར་བྱས། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་ཤེས་ནས་རང་འཁོར་དང་བཅས་པའི་དཔུང་གི་ཚོགས་ཐམས་ཅད་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ། རི་བྲག་མདའ་མདུང་རྡོ་ཆར་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་འཕངས་པ་རྣམས་མེ་ཏོག་གི་ཆར་དུ་བསྒྱུར། ཡང་བདུད་ཀྱི་བུ་མོ་གསུམ་གྱིས་གཡོ་སྒྱུས་བསླུ་བའི་ཐབས་བྱས་པའི་ཚེ་དེ་གསུམ་རྒན་མོའི་གཟུགས་སུ་བསྒྱུར། བདུད་ཀྱིས་བསོད་ནམས་འདི་ཙམ་གྱིས་སངས་རྒྱས་ཐོབ་མི་ནུས་སོ་ཞེས་སྨྲས་པ་ན། བྱང་ཆུབ་སེམས་དཔས་ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པས་འདོད་པའི་དབང་ཕྱུག་ཐོབ་ན། ཁོ་བོས་དེ་ལྟ་བུ་གྲངས་མེད་བྱས་པས་སངས་རྒྱས་ཐོབ་མི་དཀའོ་གསུངས་པའི་ཚེ། །བདུད་ཀྱིས་ངའི་དེ་ལ་ཁྱོད་དཔང་པོ་ཡིན་ན། ཁྱོད་ཀྱི་དེ་ལ་དཔང་པོ་གང་ཡོད་སྨྲས་པ་ན། བྱང་ཆུབ་སེམས་དཔས་ཕྱག་ས་ལ་བཞག་སྟེ་དཔང་གསོལ་བས་སའི་ལྷ་མོ་བརྟན་མས་འོག་ནས་ཐོན་ཏེ་ཐལ་མོ་སྦྱར་ནས་སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ་ཞེས་སོགས་བརྗོད་དེ་དཔང་པོར་ཁས་བླངས། དེ་ནས་བྱང་ཆུབ་སེམས་དཔས་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་ཀྱི་རྒྱུད་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ་ཞེས་སོགས་ཀྱིས་བསྟོད་ཅིང་འདུད་པར་བྱས་སོ། །དེ་རྣམས་ནི་སློབ་པའི་ཚུལ་བསྟན་པའི་མཛད་པའོ། །དགུང་ལོ་སོ་ལྔ་པ་ཤིང་རྟ་ས་གའི་ཚེས་བཅོ་ལྔའི་ཐོ་རངས་སྐྱ་རེངས་འཆར་བའི་ཚེ། ཟླ་བ་ལ་སྒྲ་གཅན་ཞུགས་པ་དང་དུ་མཚུངས་སུ་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་སྟེ་བླ་ན་མེད་པའི་ཡེ་ཤེས་གསར་དུ་བརྙེས་པའི་ཚུལ་བསྟན། དེའི་ཚེ་གྲགས་འཛིན་མ་ལས་སྲས་བལྟམས་ཤིང་གནས་དེར་མངོན་པར་བྱང་ཆུབ་པའི་མཆོད་རྟེན་བརྩིགས། འགའ་ཞིག་ཏུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རངས་མངོན་སངས་རྒྱས་ཞེས་འབྱུང་ཞིང་། གཞན་དུ་བདུད་འདུལ་བའི་འགོ་སྔར་བརྩམས་ནས་སྲོད་ལ་བཏུལ་ཟིན་པ་དང་། ནམ་སྲོད་ལ་བསམ་གཏན་བཞི་དང་། གུང་ལ་མངོན་ཤེས་ལྔ་བསྐྱེད་ཅེས་འབྱུང་ཡང་དོན་ལ་ཐམས་ཅད་ཀྱང་ཚུལ་བསྟན་པའོ། །བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། སངས་རྒྱས་ནས་བདུན་ཕྲག་བདུན་གྱི་བར་ཆོས་མི་གསུང་བར་བཏང་སྙོམས་སུ་བཞུགས་ཤིང་། དེ་ཡང་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་དྲུང་དུ་བཞུགས་པ་ལ་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད། གཉིས་པ་ལ་སྟོང་གསུམ་རིང་དུ་འཆག །གསུམ་པ་ལ་བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམ་པར་གཟིགས། བཞི་པ་ལ་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་འཆག །ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་བྱོན། དྲུག་པ་ལ་ཤིང་ན་གྲོ་དྷའི་དྲུང་དུ་བཞུགས། བདུན་པ་ལ་ཤིང་སྒྲོལ་གྱི་དྲུང་དུ་བཞུགས། དེའི་མཐར་ཚོང་དཔོན་ག་གོན་དང་བཟང་སྐྱོང་ལ་ལྷའི་བཀྲ་ཤིས་དོན་གྲུབ་ཅིང་ཞེས་སོགས་བཀྲ་ཤིས་ཚིགས་བཅད་གསུངས། རྒྱ་ཆེར་རོལ་པར་སངས་རྒྱས་ནས་ཐོག་མར། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །ཞེས་སོགས་ཀྱི་ཚིགས་བཅད་འདི་གསུངས་པར་བཤད། དེ་ནི་ཐུན་མོང་བའི་ལུགས་ལྟར་ཡིན་ལ། ཐུན་མོང་མ་ཡིན་པའི་ལུགས་སུ་གནས་དེར་རྣམ་སྣང་གངས་ཅན་མཚོའི་རྣམ་པར་བཞུགས་ཏེ། ཀུན་ཏུ་བཟང་པོ་སོགས་བྱང་ཆུབ་སེམས་དཔའ་མང་པོ་འདུས་ནས་སངས་རྒྱས་ཕལ་པོ་ཆེ་གསུངས་པར་བཤད་ཅིང་། སྔགས་ཀྱི་སྐོར་འགའ་ཞིག་ཀྱང་གསུངས། བདུན་ཕྲག་བདུན་གྱི་མཐར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་སོགས་གསུངས་ནས་ཆོས་མི་སྟོན་པ་ལྟར་བཞུགས་པ་ན། ཚངས་པ་གཙུག་ཕུད་ཅན་འཁོར་དང་བཅས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་། བརྒྱ་བྱིན་གྱིས་ཀྱང་གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་ཡོད་པ་ཕུལ་ཏེ་བསྐུལ་བའི་རྐྱེན་གྱིས་ཝཱ་རཱ་ཎ་སཱིར་བྱོན་ནས་ལྔ་སྡེ་དང་འཕྲད་པ་ན་ལྔ་སྡེས་བཀུར་སྟི་མི་བྱེད་པའི་ཁྲིམས་བཅས་ཀྱང་སྟོན་པའི་གཟི་བརྗིད་མ་བཟོད་ནས་བཀུར་སྟི་བྱས་ཤིང་དེ་དག་ལ་ཆོས་བསྟན། དེ་ནས་ཤིང་རྟའི་ཆུ་སྟོད་ཟླ་བའི་ཚེས་བཞིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཀྱི་ཕྱོགས་གང་དུ་ཆོས་འཁོར་བསྐོར་བར་བཞེད་པ་ན་དེར་རིན་པོ་ཆེའི་ཁྲི་བདུན་སྟོང་བྱུང་ཞིང་སངས་རྒྱས་སྟོང་གི་ཁྲི་ཡང་སྣང་བའི་དང་པོ་གསུམ་ལ་བསྐོར་བ་བྱས། བཞི་པའི་སྟེང་དུ་བཞུགས་ནས་ལྔ་སྡེ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེའི་ཚེ་སྔོན་དུ་ཀཽ་དི་ནྱས་དགྲ་བཅོམ་ཐོབ་ཅིང་། དེ་ནས་རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཞིས་ཀྱང་དགྲ་བཅོམ་ཐོབ། ལྷ་མི་ཁྲི་ཕྲག་མང་པོས་བདེན་པ་མཐོང་། དེ་ནས་བྱ་རྒོད་ཕུང་རི་སོགས་སུ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཡངས་པ་ཅན་དུ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཞིང་། བར་བར་དུ་ཡུལ་གཞན་དང་ཕྱོགས་གཞན་དག་ཏུ་བྱོན་ནས་མདོ་སྔགས་ཀྱི་ཆོས་གཞན་དུ་མ་གསུངས། མདོར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ནས་གདུལ་བྱ་རིགས་ཅན་གསུམ་ལ་སོགས་པ་སྨིན་གྲོལ་གྱི་ལམ་ལ་བཀོད། གཞན་ཡང་ཆོ་འཕྲུལ་ཆེན་པོའི་སྐོར་རྒྱས་པར་ནི་མདོ་འཛངས་བླུན་ནས་འབྱུང་བ་བཞིན་ཤེས་པར་བྱ་ཞིང་། ཆོ་འཕྲུལ་བསྟན་པའི་དུས་ནི་དགུང་ལོ་ང་དྲུག་པ་ཤིང་ཡོས་ཟླ་བ་དང་པོ་དང་། ལྷ་བ བ་ནི་དགུང་ལོ་ང་བདུན་པ་མེ་འབྲུག་དབྱུག་ཟླའི་ཉེར་ལྔ་ལ་བསྟན་ཏེ་བཞེད་ཚུལ་མི་འདྲ་བའང་ཡོད་དོ། །བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། དེ་ལྟར་སངས་རྒྱས་ནས་ལོ་བཞི་བཅུ་རྩ་བདུན་ངོ་མཐོང་གི་བར་དུ་ཆོས་འཁོར་བསྐོར་ནས་གྱ་གཅིག་པ་ལྕགས་འབྲུག་ས་གའི་ཚེས་བཅོ་ལྔ་ལ་གྱད་ཡུལ་རྩྭ་མཆོག་གྲོང་ཤིང་སཱ་ལ་ཟུང་གི་ཚུལ་དུ་གཟུགས་སྐུའི་བཀོད་པ་བསྡུས་ནས་མྱ་ངན ལས་འདས་པའི་ཚུལ་བསྟན་ཏོ། །དེ་ནི་འཁྲུལ་མེད་ཕུག་པའི་ལུགས་ལྟར་བཤད་ཀྱི། གཞན་གོང་དུ་བརྗོད་པ་ལྟར་འཁྲུངས་པའི་དུས་ལ་བཞེད་པ་མི་འདྲ་བ་འབྱུང་བ་ལྟར་གཤེགས་ལོ་ཡང་མེ་རྟ། ཤིང་སྤྲེལ། མེ་ཕག །ཆུ་ལུག །མེ་ཁྱི་ལ་གཤེགས་པ་སོགས་བཞེད་པ་མི་འདྲ་བ་དུ་མ་དང་། དེ་ཡང་དགུང་ལོ་བརྒྱད་ཅུའི་ཐོག་གཤེགས་པར་བཞེད་པ་མང་ངོ་། །དེ་ཡང་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་རྟག་འཛིན་ཅན་རྣམས་མི་རྟག་པའི་ཆོས་ལ་བསྐུལ་བའི་ཆེད་གཟུགས་སྐུའི་སྣང་བ་གདུལ་བྱ་དམན་པའི་སྣང་ངོར་བསྡུས་ཏེ་མི་སྣང་བར་བསྟན་པ་ཙམ་ཡིན་གྱི། དོན་ལ་ནི་སངས་རྒྱས་མྱ་ངན་ལས་འདའ་བ་མེད་དེ། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །ཐབས་ཀྱིས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་སོགས་མང་ངོ་། །གཞན་ཡང་གསེར་འོད་ལས་སངས་རྒྱས་མྱ་ངན་ལས་འདའ་ཚུལ་སྟོན་པ་ལ་ནི་དགོངས་པ་རྣམ་པ་བཅུ་ཡོད་པར་བཤད་ཅིང་། སངས་རྒྱས་དང་འཕྲད་དཀའ་ཞིང་དཀོན་པར་བསྟན་པ་དང་། རིང་བསྲེལ་གྱི་སྒོ་ནས་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་བ་ལའང་དགོངས་སོ། །མྱ་ངན་ལས་འདས་པའི་ཚེ་སྤྲུལ་པའི་རིང་བསྲེལ་ཤིན་ཏུ་མང་པོ་ཞིག་བྱོན་ཅིང་རིང་བསྲེལ་གྱི་ཆེད་དུ་རྩོད་པ་བྱུང་བ་ན་འཇམ་དཔལ་གྱི་སྤྲུལ་པའི་བྲམ་ཟེ་ཞིག་གིས་གདུང་ཆ་བརྒྱད་དུ་བགོས་ཏེ། རྩྭ་ཅན་གྱི་གྱད། སྡིག་པ་ཅན་གྱི་གྱད། རྒྱལ་རིགས་བུ་ལུག །སྒྲ་སྒྲོགས་རྒྱལ་པོ། ཁྱབ་འཇུག་གླིང་གི་བྲམ་ཟེ། ཤཱཀྱའི་རིགས། ལི་ཙ་བྱི་རྣམས་དང་། མ་སྐྱེས་དགྲ་སོགས་ལ་སོ་སོར་བྱིན་པས་རྩོད་པ་ཞི། དེ་རྣམས་ཀྱིས་སྐུ་གདུང་གི་མཆོད་རྟེན་རེ་རེ་བརྩིགས་ཤིང་གཞན་ཡང་མཆོད་རྟེན་བརྩིགས་པ་མང་དུ་བྱུང་ངོ་། །མྱ་ངན་ལས་འདས་པའི་སྐོར་རྒྱས་པར་ནི་མདོ་མྱང་འདས་དང་། གཞན་མཛད་པའི་སྐོར་རྒྱས་པར་ནི་རྒྱ་ཆེར་རོལ་པ་དང་མངོན་འབྱུང་གི་མདོ་སོགས་ནས་ཤེས་དགོས་སོ། །དེ་དག་ནི་ཐུན་མོང་དུ་གྲགས་པའི་མཛད་པའོ། །གཞན་ཡང་། ཐམས་ཅད་གསང་བའི་མདོ་སྒྲོན་གསལ་དུ་དྲངས་པ་ལས། སྟོན་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། ཡབ་ཟས་གཙང་འཇམ་དཔལ་གྱི་སྤྲུལ་པ། ཡུམ་སྒྱུ་འཕྲུལ་ཆེན་མོ་སྤྱན་རས་གཟིགས། བཙུན་མོ་གྲགས་འཛིན་མ་དཔལ་ལྷ་མོ། ཤཱ་རིའི་བུ་སྒྲིབ་སེལ། ཀུན་དགའ་བོ་ཕྱག་རྡོར། ལྷས་སྦྱིན་ལྷའི་དབང་པོའི་སྤྲུལ་པར་བཤད་དེ་ཐུན་མོང་མ་ཡིན་པའི་ལུགས་སོ། །༈ གཉིས་པ་བསྟན་པའི་གནས་ཚད་བཤད་པ་ལ། སྤྱིར་དུས་གསུམ་གྱི་སངས་རྒྱས་གྲགས་མེད་པ་ཡོད་པས་བསྟན་པའི་གནས་ཚད་འཛིན་དཀའ་ཡང་། འདིར་བདག་ཅག་གི་སྟོན་པའི་བསྟན་པའི་གནས་ཚད་ཀྱི་དབང་དུ་བྱས་ནས་ལུང་ཕྲན་ཚེགས་ལས་བསྟན་པ་ལོ་སྟོང་དུ་གནས་པ་དང་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྗེས་སུ་འབྲང་བ་དག་གིས་འབྲས་བུ་ཐོབ་པ་དང་ཤིན་ཏུ་རྒྱས་པའི་དུས་སུ་ནི་ལོ་སྟོང་གཅིག་འཛམ་བུའི་གླིང་དུ་གནས་སོ་ཞེས་དང་། རྒྱལ་པོ་ཀྲི་ཀྲི་རྨི་ལམ་ལུང་བསྟན་པ་ལས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལོ་སྟོང་གནས་ཞེས་གསུངས་ཤིང་། མཛོད་རང་འགྲེལ་ལས་ཀྱང་། དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་དང་། སྙིང་རྗེ་པད་དཀར་གྱི་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་སྐབས་ང་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག་ཅེས་འབྱུང་ཞིང་། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ་ཞེས་དང་། ཀ་མ་ལ་ཤཱི་ལའི་རྡོར་གཅོད་ཀྱི་འགྲེལ་པར་ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ལྔ་བརྒྱ་སྟེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་ཞེས་དང་། བསྐལ་བཟང་ལས། དམ་པའི་ཆོས་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་ཞེས་དང་། དཾཥྟ་སེ་ནཱའི་འབུམ་ཊཱིཀ་ཏུ། ཕྱི་མའི་དུས་ལྔ་བརྒྱའི་ཐ་མ་ཞེས་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལས་སྟོང་ཕྲག་རེ་རེ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ཞེས་དང་། དབྱིག་གཉེན་གྱིས་མཛད་པར་གྲགས་པའི་ཡུམ་གསུམ་གྱི་འགྲེལ་པ་ལས། དེ་བཞིན་གཤེགས་པའི་བསྟན་པ་གནས་པ་ནི་ལོ་ལྔ་སྟོང་དུ་གསུངས་ཏེ་ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་ཀྱང་ལྔ་སྟོང་དུ་བཤད། དེ་བཞིན་དུ་མདོ་རྒྱུད་དགོངས་འགྲེལ་གཞན་འགའ་ཞིག་ལས་ཀྱང་འདྲ་མི་འདྲ་ཅི་རིགས་བཤད་ཅིང་། དེ་དག་གི་རྗེས་སུ་འབྲང་བའི་བོད་ཀྱི་མཁས་པ་ཆེན་པོ་འགས་ཀྱང་བཤད་ཚུལ་མི་འདྲ་ལ། འོན་ཀྱང་སྔོན་གྱི་མཁས་པ་ཕལ་ཆེར་བསྟན་པ་ལོ་ལྔ་བརྒྱ་དང་། སྟོང་པ་སོགས་པར་གསུངས་པ་དྲང་དོན་དགོངས་པ་ཅན་དང་། ཡང་དག་པའི་བསྟན་པའི་གནས་ཚད་ནི་ལྔ་སྟོང་དུ་ཞལ་མཐུན་པར་བཞེད། དེ་ལྟར་མི་མཐུན་པ་བྱུང་ཡང་དགོངས་པ་མི་འགལ་ཏེ། ལྔ་བརྒྱ་དང་སྟོང་དུ་གནས་པར་བཤད་པ་ནི་གྲོལ་བ་ཐོབ་པ་ཤས་ཆེ་བའི་དབང་དུ་མཛད། ཉིས་སྟོང་སོགས་ནི་འབྲས་བུ་ལ་ཞུགས་པ་དང་སྒྲུབ་པ་དང་ལུང་ལ་སློབ་པའི་དབང་དུ་མཛད། ལྔ་སྟོང་ནི་ཕལ་ཆེར་ལྟ་བ་དང་སྒྲུབ་པ་ཕྱོགས་མཐུན་པའི་དབང་དུ་མཛད་ཅེས་བཤད་པ་ལྟར་རོ། །མཁས་པ་ལ་ལ་ནི། ལྔ་བརྒྱ་དང་སྟོང་ནི་རྟོགས་པའི་བསྟན་པ་གནས་པ་དང་ཉིས་སྟོང་དང་ལྔ་སྟོང་ནི་ལུང་གི་བསྟན་པའི་དབང་དུ་བྱས་སོ་ཞེས་བཞེད་ལ། དུས་འཁོར་ལུགས་ཀྱི་བསྟན་པའི་གནས་ཚད་ནི་ལྔ་སྟོང་ཆིག་བརྒྱ་དང་བཞིར་བཤད་དོ། །སྟོན་པ་ལྕགས་འབྲུག་ལ་འདའ་པའི་ཚུལ་བསྟན་པ་ནས་བཟུང་སྟེ། འབུམ་ཊཱིཀ་ལྟར་ལྔ་བརྒྱ་བ་ཕྲག་བཅུའི་དང་པོ་འབྲས་བུའི་དུས་ལ་ནི། དགྲ་བཅོམ། ཕྱིར་མི་འོང་། རྒྱུན་ཞུགས་གསུམ། སྒྲུབ་པའི་དུས་ལ་ནི། ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱིས་བསླབ་པ་གསུམ། ལུང་གི་དུས་ལ་ནི། མངོན་པ། མདོ་སྡེ། འདུལ་བ་གསུམ་འབྱུང་ཞིང་། ལྷག་མ་ལྔ་བརྒྱ་པ་གཅིག་ལ་ནི། ལྟ་སྤྱོད་རྣལ་མ་མེད་པར་རྟགས་ཙམ་འཛིན་པ་འབྱུང་། ཁ་ཅིག་ལུང་དང་སྒྲུབ་པའི་དུས་གཉིས་སྔ་མ་ལས་ལྡོག་སྟེ་བཤད་པ་ཡང་མཆིས་སོ། །འོ་ན། སྟོན་པ་འདས་ནས་ད་ལྟའི་བར་ལོ་ཅི་ཙམ་སོང་སྙམ་ན། འདི་ལ་ཡང་བཞེད་པ་མི་འདྲ་བ་མང་དུ་སྣང་ཡང་། འཁྲུལ་མེད་ཕུག་པའི་ལུགས་ལ་ད་ལྟའི་རབ་བྱུང་བཅུ་གཉིས་པའི་ཤིང་བྱའི་འདིའི་བར་ལ་ལོ་ཉིས་སྟོང་དྲུག་བརྒྱ་དང་ཉེར་ལྔ་སོང་ངོ་། །གསུམ་པ་དེ་དག་ལས་འཕྲོས་པའི་རྣམ་གཞག་བཤད་པ་ལ་བཞི། གྲངས་མེད་ཀྱི་བརྩི་གཞི་དང་ལོ་ཟླ་ཞག་གསུམ་གྱི་རྣམ་གཞག་ཅུང་ཟད་བཤད་པ། གྲངས་མེད་གསུམ་གྱི་རྣམ་གཞག །གྲངས་ཀྱི་རྣམ་གཞག །མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་བཤད་པའོ། །དང་པོ་ནི། མཛོད་ལས་སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་འབྱུང་བ་ལྟར། དུས་ཀྱི་རྩོམ་གཞི་ནི། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བཤད་ལ། དུས་འཁོར་ལས་ནི། མི་དཀྱུས་མའི་དབུགས་འབྱུང་འཇུག་གཉིས་གཅིག་ཏུ་བྱས་པའི་ཡུན་ལ་དབུགས་གཅིག །དེ་དྲུག་ལ་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་ཆུ་ཚོད་གཅིག །དེ་དྲུག་ཅུར་ཉིན་ཞག་གཅིག་གི་ཚད་བཤད་དེ། དོན་ལ་ནི་ཞག་སྔོན་མའི་ཉི་མ་ཤར་བ་ནས་སང་ཉི་མ་འཆར་ཁའི་བར་རོ། །ཚེས་ཞག་ནི་ཟླ་བའི་དཀར་ནག་གི་འཕེལ་འགྲིབ་ཀྱི་ཆ་བཅོ་ལྔ་ལ་བཞག་པའི་ཆར་སྟེ། དེ་རེ་ལ་ཆུ་ཚོད་ང་དགུ །ཆུ་སྲང་གསུམ། དབུགས་ལྔ། རི་མཁའ་རིའི་ཆ་བཅུ་དྲུག་དང་། ཁྱིམ་ཞག་ནི་ཉི་མས་སྐར་ཁྱིམ་བགྲོད་པའི་ཁྱིམ་རེར་ཁྱིམ་ཟླ་རེ་དང་ཁྱིམ་ཟླ་རེར་ཁྱིམ་ཞག་སུམ་ཅུ། ཁྱིམ་ཞག་རེ་ལ་ཆུ་ཚོད་དྲུག་ཅུ། ཆུ་སྲང་ང་གཉིས། དབུགས་བཞི། རི་མཁའ་རིའི་ཆ་བརྒྱ་རེ་བརྒྱ། མདའ་རོའི་ཆ་བཅུ་རེ་ཡོད། ཁྱིམ་ཟླ་དྲུག་ལ་བགྲོད་པ་རེ། བགྲོད་པ་གཉིས་ལ་ལོ་རེའོ། །དངོས་བཏགས་མ་ཕྱེ་བར་བརྗོད་ན་ལོ་ཚེས་སོ། །ཉིན་ཞག་གི་ལོ། ཁྱིམ་ལོ་གསུམ་དང་། ཟླ་བ་ལའང་ཚེས་ཟླ། ཉིན་ཟླ། ཁྱིམ་ཟླ་གསུམ་དང་། ཞག་ལའང་དེ་བཞིན་དུ་སྦྱོར། །དེ་ལ་ཟླ་བཤོལ་མ་བྱུང་བར་དུ་ཚེས་ལོ་གཙོ་ཆེ་ལ། ཟླ་བཤོལ་འདོན་པ་ནི་ཁྱིམ་ལོའི་དབང་དུ་བཏང་བ་ཡིན་ཏེ། བགྲོད་གཉིས་མཐར་ཐུག་པ་ནི་ཁྱིམ་ལོ་མ་གཏོགས། གཞན་གཉིས་ལ་མི་འབྱུང་བའི་ཕྱིར་རོ། །ད་ལྟའི་བརྩི་ཚུལ་ལྟར་ན་ནི་ཞག་ལ་ཉིན་ཞག །ཟླ་བ་ལ་ཚེས་ཟླ། ལོ་ལ་ཁྱིིམ་ལོ་གཙོ་ཆེ་བ་ཡིན་ནོ། །གཉིས་པ་གྲངས་མེད་གསུམ་གྱི་བརྩི་ཚུལ་ནི། གོང་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ཞེས་བཤད་ན། དེ་གསུམ་གྱི་འཇོག་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་མཛོད་འགྲེལ་ལས་རྐྱང་ཁུག་གཉིས་བཤད་པའི་དང་པོ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་འཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཞེས་དང་། གཉིས་པ་ཁུག་པ་ནི། ཐེར་འབུམ་༡ ཁྲག་ཁྲིག་༢རབ་བཀྲམ་༣ དང་། གཏམ་༤དཀྲིགས་༥མི་འཁྲུགས་༦ ཁྱད་འབྱིན་༧དང་། སྤང་རྟེན་༨དེར་འདྲེན་༩མཐའ་སྣང་༡༠དང་། །རྒྱུ་རིགས་༡༡ འོད་མཛེས་༡༢དབང་པོ་༡༣དང་། །ལེགས་འབྱིན་༡༤རྟོགས་འགྲོ་༡༥ འབྱིང་རྔུབ་༡༦ དང་། བརྒྱ་རྟགས་༡༧ སྟོབས་འཁོར་༡༨ བརྡ་ཤེས་༡༩དང་། རྣམ་བྱུང་༢༠སྟོབས་མིག་༢༡ ཞེས་འབྱུང་བ་ལྟར་རྐྱང་པ་གཅིག་ནས་དུང་འཕྱུར་བར་གནས་དགུ་དང་། ཁུག་པ་ཐེར་འབུམ་ནས་སྟོབས་མིག་བར་གནས་ཉེར་གཅིག་སྟེ་དེ་ཡང་དུང་འཕྱུར་བཅུ་ལ་ཐེར་འབུམ་གཅིག །ཐེར་འབུམ་བཅུ་ལ་ཐེར་འབུམ་ཆེན་པོ་གཅིག །དེ་བཅུ་ལ་ཁྲག་ཁྲིག་གཅིག །དེ་བཅུ་ལ་ཁྲག་ཁྲིག་ཆེན་པོ་གཅིག །དེ་བཅུ་ལ་རབ་བཀྲམ་གཅིག །དེ་བཅུ་ལ་རབ་བཀྲམ་ཆེན་པོ་གཅིག་སོགས་སྟོབས་མིག་གི་བར་ཆེན་པོ་དང་བཅས་བཅུ་གྱུར་བྱས་པའི་ཁུག་པ་གྲངས་གནས་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་རྐྱང་བའི་དགུ་བསྣན་བས་ང་གཅིག་གོ །གནས་དྲུག་ཅུའི་དབང་དུ་བྱས་ན་སྔ་མའི་སྟེང་དུ་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞིའི་མིང་ཅན་སྔར་ལྟར་ཆེན་པོ་དང་བཅས་ན་ང་དགུ་དང་། དྲུག་ཅུ་པ་ནི་དེ་ལྟ་བུའི་གྲངས་ལས་འདས་པས་གྲངས་མེད་ཅེས་བྱའོ། །དེ་ཡང་བཅུ་འགྱུར་དུ་བྱས་པས་གྲངས་མེད་གསུམ་ཞེས་བཤད། ཁུག་པའི་སྐབས་སུ་རྣམ་གྲངས་མི་མཐུན་པ་ཡོད་དེ། གཏམ་དཀྲིགས་གཅིག་ཏུ་བྱས་པ་དང་སོ་སོར་བྱས་པ་གཉིས་དང་། སྟོབས་མིག་གི་མཇུག་ཏུ་ཁྱད་འབྱིན་ཡོད་མེད་གཉིས་བྱུང་ཡང་རང་ལུགས་ནི་གོང་བཞིན་ནོ། །གྲངས་མེད་ཀྱི་བར་མཆོངས་ཏེ་བརྩི་ན་མྱུར་ཡང་། རེ་རེ་ནས་མིང་གིས་བརྗོད་ཅིང་བརྩི་ན་ཤིན་ཏུ་འགོར་ཏེ། དཔེར་ན་མ་ཎི་དུང་འཕྱུར་གཅིག་ནི་མི་གཅིག་གིས་ནན་ཏན་བྱས་ཀྱང་ལོ་བཅུ་སྐོར་ཞིག་འགྲོ་དགོས་པར་མངོན་པས། དེ་ལྟར་ན་གྲངས་མེད་པར་རེ་རེ་བཞིན་བརྩི་ན་ནི་ལོ་ལྔ་བཅུས་ཀྱང་མི་རྫོགས་པར་གསལ་ལོ། །གསུམ་པ་གྲངས་ཀྱི་གནས་གཞན་ནི་བཤད་ཚུལ་མི་འདྲ་བ་ལ། འཕགས་ཡུལ་དུ་དམངས་ཀྱིས་བརྗོད་པ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་མ་དུང་འཕྱུར་དང་། །ཐེར་འབུམ་ཤུ་རྡོ་མཆོག་ཉལ་དང་། །སྐྱ་འཕྱིས་བྱེ་མ་ནབ་ནུབ་དང་། མཚོ་ཡས་ལྡབས་ཕྱོར་རྫི་ཞེས་གནས། །གོང་ནས་གོང་དུ་བཅུ་འགྱུར་བསྒྲེ། །ཞེས་པ་རྣམས་འཇིག་རྟེན་པའི་གྲངས་གནས་ཡིན་པར་བཤད་ཅིང་། སངས་རྒྱས་ཕལ་པོ་ཆེ་ལས། བྱེ་བ་ཁོད་ཁོད་ཐད་དགུ་དང་། ཁྲིག་ཁྲིག་ཐམས་ཐམས་མྱང་མྱིད་དང་། གང་ཡ་བན་བུན་ཕྱར་ཕྱུར་དང་། །ལྕག་ལྕིག་བྱང་བྱིང་ཆེམ་ཆེམ་དང་། །ཕྱལ་ཕྱལ་ཁྱད་ཁྱུང་ཟར་ཟེར་དང་། ཁྲིབ་ཁྲིབ་ཡ་གངས་ཆོ་མ་དང་། ཁྲིམ་ཁྲིམ་ནབ་ནུབ་སང་སད་དང་། །བརྒྱུད་ཡས་བཏང་ཡས་བཀྲ་ཡར་དང་། །གསའ་ཡས་མཚུངས་མེད་ལ་ལུམ་དང་། །ཡལ་ཡོལ་ཁྲལ་ཁྲུལ་ཐུད་ཐུད་དང་། །བསམ་བྱེད་བྲང་བྲེད་སྒྲོད་ཡས་དང་། །སྔོ་ཡས་ཟང་ཡག་འཕྲོ་སྐྱེ་དང་། །རྩ་འཕྱོ་ཡོངས་བསྟན་ཤུག་ཡོས་དང་། །སང་ཐལ་ཐིད་ཡུག་ཡིད་འཕྱོ་དང་། །ནབ་ནབ་ཁྲིག་ཐམ་ཡལ་ཡལ་དང་། །བགྲངས་ཡས་ཐུམ་ཡས་ཤང་ཤང་དང་། །ཡག་ཡག་ཐིམ་ཐིམ་སློམ་ཉལ་དང་། །གཞལ་འཕྱོས་གཞལ་ཡལ་གཞལ་ཡད་དང་། །གཞལ་འཁོར་གཞལ་ཐིམ་ག་གཞལ་དང་། །གཞལ་སངས་གཞལ་ཐག་གཞལ་ཕུལ་དང་། །གཞལ་གཞི་འཕྱོང་འགྱུར་ཉ་ཉེར་དང་། །ཕྱག་ཕྱིག་ཟལ་ཟུག་སལ་སལ་དང་། །གཡོ་ལྡེག་ཕན་ཕུན་གདང་ཡས་དང་། །རིམ་གྲོ་རྗིང་རྗིང་སྡུག་བསྔལ་དང་། །ཕུན་ཡོལ་ངད་ངད་བགྲང་རྩི་དང་། །ཟབ་བགྲང་དགའ་རྐྱང་གཞུང་འདལ་དང་། །ཁུག་ཕྱང་འོལ་ཕྱོང་གདབ་ཡས་དང་། །གཅམ་ཡས་བགྲང་ཡས་ཀྱི་འཕྱོ་དང་། །ཡ་མད་སྐལ་ཡས་འདབ་འདེབ་དང་། །འཕན་བཅད་འཕང་ཕུང་བེའུ་ཚང་དང་། །ཞུན་བཟུང་མཆོག་ཡལ་མཐའ་བརྡུལ་དང་། །ཡུང་འགྱངས་བུན་ལོབ་ལམ་ལོམ་དང་། །བརྣན་ཡས་ལང་ལིང་ལྗིབ་ལྗིབ་དང་། །མི་བཅམ་འཇམ་ཡས་ང་སྦྲང་དང་། །སྨོས་ཡལ་བཀྲ་ཚལ་ལོ་རྒྱས་དང་། །འབུམ་ཏིག་གམ་གུམ་ལ་ལོ་དང་། །བགྲང་འཕྱོས་བགྲང་འཕྱོས་ལ་བསྒྲེས་པ། །དཔག་ཡས་དེ་བསྒྲེས་ཡལ་འཕྱོང་དང་། །དེ་རྗེས་མུ་ཡལ་མུ་ཡལ་བསྒྲེས། །བགྲང་ཡོལ་གཉིས་དང་མི་འཇལ་གཉིས། །བསམ་ཕྱོད་གཉིས་དང་མཐའ་འབྱམས་གཉིས། །དཔག་ཐག་གཉིས་དང་བརྗོད་མེད་གཉིས། །བརྗོད་མེད་པའི་ཡང་བརྗོད་མེད་ལ། །སྒྲེས་ལ་ཤིན་ཏུ་བརྟན་པའོ། །ཞེས་བཤད་པའི་གྲངས་གནས་ལ་བརྒྱ་དང་ཉེར་བརྒྱད་འབྱུང་། བརྩི་ཚུལ་ནི། བརྒྱ་བརྒྱ་ལ་སྟོང་། སྟོང་སྟོང་ལ་བྱེ་བ། བྱེ་བ་བྱེ་བ་ལ་ཁོད་ཁོད། ཁོད་ཁོད་ལ་ཐད་དགུ །ཐད་དགུ་ཐད་དགུ་ལ་ཁྲིག་ཁྲིག་སོགས་རིགས་བགྲེས་ཏེ་བརྩི་བའོ། །འདི་དག་ནི་གྲངས་མེད་དང་བརྗོད་དུ་མེད་པ་ལས་ཀྱང་འདས་པའི་བརྩི་ཚུལ་ཏེ་མཐའ་ནི་སོ་སྐྱེའི་ཡུལ་ལས་འདས་པའོ། །ཡང་རྒྱ་ཆེ་རོལ་པ་ལས། བྱེ་བ་ཐེར་འབུམ་ཁྲག་ཁྲིག་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་རྟེན་མང་འཛིན་གླང་པོའི་སྟོབས། །དོགས་ཐོབ་རྣམ་གཞག་གདགས་རྒྱུ་རིག །ལག་སྦྱིན་རྒྱུད་པད་རྫོགས་ཐོབ་དང་། །བགྲང་རྟོགས་སྒྲིབ་བ་སྟོབས་ཀུན་སྟོབས། །རྣམ་བརྡ་ཤེས་ལྡན་བརྡ་ཤེས་ཀུན། །རྣམ་འབྱུང་དེ་ཡི་མཚན་ཉིད་ཅན། །རྒྱལ་མཚན་རྩེ་མོའི་ནོར་བུ་དང་། །དེད་འདྲེན་ཞེས་གདགས་གཏན་ལ་འབེབས། །གཅོད་རྟོགས་གཅོད་རྟོགས་ལྡན་དག་ནི། །ཐམས་ཅད་རྣམ་འབྱེད་སྙིང་པོ་མཆོག །ཕྲ་རབ་རྡུལ་གྱི་རྗེས་སུ་འཇུག །ཞེས་སོགས་གྲངས་གནས་སོགས་གཉིས་གོང་ནས་གོང་དུ་བརྒྱ་འགྱུར་བསྒྲེ་བར་གསུངས་ཏེ། དེ་ཡང་བྱེ་བ་བརྒྱ་ལ་ཐེར་འབུམ་གཅིག །དེ་བརྒྱ་ལ་ཁྲག་ཁྲིག་གཅིག་སོགས་སྦྱར་བའོ། །འཇམ་དཔལ་རྩ་རྒྱུད་ལས་ནི། བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ། །དུང་འཕྱུར་ཐེར་འབུམ་ཐེར་འབུམ་ཆེ། །ཤུ་རྡོག་མཆོག་ཉལ་རྐྱང་ཕྱེ་དང་། །རྐྱང་ཕྱེ་ཆེ་དང་ཁྱད་འབྱིན་གཉིས། །རྒྱུ་བ་གཉིས་དང་མཚོ་ཡས་གཉིས། །དུག་ཅན་རྒྱ་མཚོ་ཆེ་དང་བཅས། །མཆོག་ཡས་བན་བུན་མ་ལུས་པ། །མ་ལུས་ཆེ་དང་གྲངས་མེད་དང་། དཔག་མེད་གཉིས་དང་འཇིག་རྟེན་གཉིས། །མུན་པ་སྣང་བ་སྣང་བ་ཆེ། །ཕུང་པོ་གཉིས་དང་ཟབ་པ་དང་། བརྟན་པ་རབ་བརྟན་འགྲོ་མང་ལྡན། །གནས་དང་གནས་ཆེན་དཔག་མེད་གཉིས། །དོན་ཆེན་རྒྱ་མཚོ་མཆོག་གཙོ་ཁྱིམ། །བསམ་མི་ཁྱབ་དང་མི་ཟད་གཟུགས། །རྒྱལ་ཐབས་གཏེར་དང་དགེ་བ་དང་། །སེམས་བྱུང་གཉིས་དང་བརྗོད་པ་དང་། །བརྗོད་བརྙན་ཡས་བསྙད་ཡས་ཆེ་དང་། །ཕྱར་ཕྱུར་གཉིས་དང་ཤུ་རྡོག་དང་། །ཤུ་འོག་ཆེ་དང་ཞི་བ་དང་། །ཆུ་འབྱུང་སྟེས་འཁྲུལ་དམ་པ་ཉིད། །སངས་རྒྱས་ཡུལ་དང་འཕེལ་བྱེད་དང་། །དེ་ལྟར་གྲངས་གནས་དྲུག་ཅུ་དགུ །གོང་ནས་གོང་དུ་བཅུ་འགྱུར་ཡིན། །དེ་ཡན་སངས་རྒྱས་ཉིད་ཀྱི་ཡུལ། །དེ་ཕྱིར་འགྲོ་བས་བགྲང་མི་ནུས། །ཞེས་གསུངས་ཤིང་། སྡོང་པོ་བཀོད་པའི་མདོ་ལས་གསུངས་བའི་གྲངས་གནས་གཞན་ཡང་ཡོད་དོ། །འོན་ཀྱང་ཐམས་ཅད་ལ་གྲགས་ཆེ་བ་ནི་མཛོད་འགྲེལ་ནས་བཤད་པ་དེའོ། །བཞི་པ་མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་བཤད་པ་ལ། སློབ་དཔོན་བློ་གྲོས་བརྟན་པས། །དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་བརྗོད་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་བཤད་པ་ལྟར། ལྷ། ཀླུ། མི། བུམ་པ། ཀ་བ་ཞེས་པ་ལྟ་བུ་དོན་གྱི་ངོ་བོ་ཙམ་བརྗོད་པ་ནི་མིང་། ལྷ་ཡོད། ཀླུ་འབྱུང་། མི་སྲིད། ཀ་བ་མི་རྟག །བུམ་པ་བྱས་སོགས་ལྟ་བུ་དོན་གྱི་ཁྱད་པར་བརྗོད་པ་ཚིག་གོ །ཀ་བ་མི་རྟག་ཞེས་པ་ལྟ་བུ་དོན་གྱི་ཁྱད་པར་བརྗོད་པ་ཡིན་ཀྱང་། ཀ་བ་དང་མི་རྟག་པ་ཞེས་བརྗོད་པ་ལྟ་བུ་དང་མི་འདྲ་སྟེ། སྔ་མ་ནི་མི་རྟག་པ་ཀ་བ་དང་འབྲེལ་བར་བརྗོད་ཅིང་། །ཕྱི་མ་མི་རྟག་པ་དང་ཀ་བ་གཉིས་མ་འབྲེལ་བར་སོ་སོར་བརྗོད་པའི་ཕྱིར་རོ། །འཕགས་ཡུལ་གྱི་ཡི་གེ་ཨ་ཨཱ་སོགས་དབྱངས་དང་། ཀ་ཁ་ག་གྷ་ང་སོགས་གསལ་བྱེད་རྣམས་དང་། བོད་ཀྱི་དབྱངས་ཨ་ཨི་ཨུ་ཨོ་བཞི་དང་། ཀ་ཁ་ག་ང་སོགས་གསལ་བྱེད་རྣམས་ནི་བརྗོད་བྱ་གང་ཡང་མི་སྟོན་པའི་ཡི་གེ་ཙམ་མོ། །ཡི་གེའི་གཟུགས་ལ་ཁའི་ཡི་གེ་གཅིག་ཡིན་ཀྱང་། བརྗོད་བྱེད་ལ་མིའི་ཁ་ཞེས་བརྗོོད་པ་ལྟ་བུ་ནི་ཡི་གེ་གཉིས་འདུས་པ་ཡིན་ཏེ། ཁ་ནི་རང་གི་སྲོག་ཏུ་ཞུགས་པའི་ཨ་དང་དུས་པའི་ཕྱིར་རོ། །དེ་བཞིན་དུ་ང་དང་ཇ་དང་ཉ་དང་ན་དང་ཕ་དང་མ་དང་ཚ་དང་ཝ་དང་ཞ་དང་ཟ་དང་ར་དང་ཤ་དང་ས་རྣམས་ལ་ཡང་དེ་ལྟ་བུའི་ཁྱད་པར་ཡོད་དེ་ཤེས་དགོས་སོ། །མིག་ཅེས་པ་ལྟ་བུ་ལ་ཡི་གེ་གསུམ་འདུས་ཏེ། མ་དང་ག་དང་སྲོག་གི་ཨི་གསུམ་འདུས་པའི་ཕྱིར་ཏེ། དེ་བཞིན་དུ་ཡི་གེ་དུ་མ་འདུས་པའི་མིང་མང་ངོ་། །མིང་ལ་དབྱེ་ན་ཐོག་མར་བརྡ་སྦྱར་བའི་འདོད་རྒྱལ་དང་། །ཕྱིས་སྦྱར་བའི་རྗེས་གྲུབ་གཉིས་སམ། དངོས་མིང་དང་བཏགས་མིང་གཉིས། དང་པོ་ནི། རྒྱུ་མཚན་ནམ་སྒྲ་བཤད་ལ་མ་བལྟོས་པར་ཐོག་མར་བརྡ་སྦྱར་བའི་མིང་སྟེ། འབྱུང་བ་རྣམས་ལ་ས་ཆུ་མེ་རླུང་ཞེས་དང་། ལྷ་མི་སོགས་དང་ཀ་བུམ་སོགས་སུ་བཏགས་པ་ལྟ་བུ་དང་། དེར་མ་ཟད་སེམས་ཅན་ཞིག་སྐྱེས་པ་ན་རྒྱུ་མཚན་སོགས་ལ་བལྟོས་པ་མེད་པར་བཀྲ་ཤིས་དང་བསོད་ནམས་དང་ཚེ་རིང་སོགས་སུ་བཏགས་པ་ལྟ་བུའོ། །བཏགས་མིང་ནི་འདྲ་འབྲེལ་ལྟ་བུའི་སྒོ་ནས་མིང་གཞན་དུ་བཏགས་པ་སྟེ། འདྲ་བའི་སྒོ་ནས་བཏགས་པ་ནི། བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་པ་ལ་སེངྒེ་ཞེས་བཏགས་པ་སྟེ། རྣམ་འགྲེལ་ལས། སེངྒེ་བྲམ་ཟེའི་ཁྱེའུ་ལ། །དེ་ལྟར་བརྗོད་པ་འཇིག་རྟེན་ཡོད། །ཅེས་སོ། །འབྲེལ་བའི་སྒོ་ནས་བཏགས་པ་ནི། རས་ཡུག་གི་ཟུར་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་ལྟ་བུའོ། །དངོས་མིང་དང་བཏགས་མིང་གཉིས་སོ་སོ་ལའང་སྒྲ་བཤད་ཡོད་མེད་གཉིས་ཡོད་ཅིང་། བཏགས་མིང་ལ་དོན་མཐུན་དང་དོན་མི་མཐུན་གཉིས། ཡང་བརྟེན་པའི་མིང་རྟེན་ལ་བཏགས་པ། རྒྱུ་མིང་འབྲས་ལ་བཏགས་པ་འབྲས་མིང་རྒྱུ་ལ་བཏགས་པ་སོགས་མང་ཞིང་། བརྟེན་པའི་མིང་རྟེན་ལ་བཏགས་པ་ནི། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་ཉི་མ་དང་ཟླ་བ་ཞེས་པ་ལྟ་བུ་དང་། རྒྱུ་མིང་འབྲས་ལ་བཏགས་པ་ནི་ད་ལྟ་བདེ་སྡུག་མྱོང་བ་ལ་སྔོན་གྱི་ལས་ཞེས་པ་ལྟ་བུ་དང་། རླུང་ནད། མཁྲིས་ནད་ཅེས་པ་ལྟ་བུ་དང་། འབྲས་མིང་རྒྱུ་ལ་བཏགས་པ་ནི། ས་བཅུ་པ་ལ་སངས་རྒྱས་ཞེས་བཏགས་པ་དང་། བུར་ཤུན་གྱི་རོ་ལྟ་བུའི་སེམས་ལ་བྱང་ཆུབ་ཀྱི་སེམས་ཞེས་བཏགས་པ་དང་། གྲོ་ནས་སོགས་ཀྱི་མྱུ་གུ་སྔོན་པོ་ལ་གྲོ་ནས་སོགས་སུ་བརྗོོད་པ་ལྟ་བུ་དང་། སྤྱི་མིང་བྱེ་བྲག་ལ་བཏགས་པ་ནི་རྒྱུ་ནོར་ལ་དངོས་པོ་ཞེས་བརྗོད་པ་ལྟ་བུ་དང་། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ནི་ཡུལ་གཞན་ན་རབ་བྱུང་ཀུན་ལ་བླ་མ་ཞེས་བརྗོད་པ་ལྟ་བུའོ། །བཏགས་མིང་ཚད་ལྡན་ལ་དེར་འདོད་པའི་ཆོས་གསུམ་ཚང་དགོས་ཏེ། རྒྱུ་མཚན་དང་དགོས་པ་མེད་པར་འདོགས་ན་ཀུན་ལ་ཀུན་འདོགས་ཐལ་བ་དང་། འདོགས་པ་པོ་དཔྱོད་ལྡན་མ་ཡིན་པའི་སྐྱོན་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གལ་ཏེ་འདིར་ནི་བཏགས་འདོད་ན། །རྒྱུ་ཚན་གང་གིས་དེ་འདོགས་པ། །དེ་བཞིན་དངོས་པོ་ཐམས་ཅད་ལ། །དེ་དག་གིས་རྒྱུར་ཅིས་མི་འདོགས། །ཞེས་གསུངས་པའི་ཕྱིར་རོ། །དངོས་ལ་གནོད་བྱེད་ཡོད་དགོས་ཏེ། མེད་ན་བཏགས་མིང་དུ་མི་འཐད་པར་འགྱུར་བའི་ཕྱིར་རོ། །ཚིག་བཤད་ལའང་གསུང་རབ་སྤྱི་ལ་གྲགས་པ་ནི། དཔང་ལོ་ཆེན་པོས། མིང་གཉིས་སམ་ནི་མང་པོ་ཡིས། །དོན་གྱི་ཁྱད་པར་བརྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡི། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །ཅེས་གསུངས་པ་ལྟར། །འདུས་བྱས་མི་རྟག་ལྟ་བུ་མིང་གཉིས་འདུས་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་ཞེས་དང། ཆོས་ཐམས་ཅད་བདག་མེད་དོ་ཞེས་པ་ལྟ་བུ་མིང་དུ་མ་འདུས་པ་དང་། གསུང་རབ་ཀྱི་གཞུང་ཆེ་བའི་ཚིག་འཕྲེང་ལྟ་བུའོ། །སྒྲའི་བསྟན་བཅོས་ལས་ནི་སུ་པ་དང་ཏིང་གི་མཐའ་ཅན་ཚིག །ཅེས་བཤད་པ་ལྟར་སུ་པ་དང་ཏིང་གི་མཐའ་ཅན་དང་། སི་སོགས་རྣམ་དབྱེའི་མཐའ་ཅན་དང་། ཏི་སོགས་ཀྱི་མཐའ་ཅན་གྱི་ཚིག་ལ་ཚིག་ཅེས་བཤད་དེ་སྔ་མ་དང་མི་འདྲའོ། །ཡི་གེ་དངོས་ནི་སྐད་ཀྱི་གདངས་ལ་བྱེད་ཅིང་རང་རྒྱུ་ཀུན་སློང་གི་ཤེས་པ་ལས་སྐྱེས་པ་ཡིན་ཏེ། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པར་སྒྲ་སྐྱེའོ། །ཞེས་གསུངས་པ་དང་། ཡུན་ཚད་ཀྱང་། ཡི་གེའི་བ དག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །མིང་ཚིག་ཡི་གེ་གསུམ་ནི་འདུས་བྱས་སུ་ནང་སྡེ་ཀུན་འདོད་ཅིང་སྒྲའི་རང་བཞིན་ཏེ། གང་ཟག་མཆོག་དམན་ཀུན་ལ་ཡོད་དོ། །མཁས་པ་ཁ་ཅིག་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བས་ལྡན་མིན་དང་། སེམས་ཙམ་པས་རྣམ་རིག་ཏུ་འདོད་ཅེས་གསུངས། དེས་ན་བྲིས་པའི་ཡི་གེའི་གཟུགས་རྣམས་ནི་ཡི་གེ་དངོས་མིན་ཞིང་དེར་བཏགས་པ་ཙམ་ཏེ། བྲིས་འབུར་གྱི་སྐུ་གཟུགས་བཞིན་ནོ། །ཡི་གེའི་གཟུགས་ལ་ནི་སྤྱིར་འཇིག་རྟེན་ཐམས་ཅད་ན་ཡོད་པའི་ཚད་དཀའ་ཡང་ཡིག་རིགས་དྲུག་ཅུ་རྩ་བཞི་སྟེ། དེ་ལ་ཡང་མི་མཐུན་པ་རེ་གཉིས་ཡོད་ཀྱང་དག་པའི་ལུགས་གཅིག་ལ་ནི། ཚངས་པའི་ཡི་གེ་དེ་བཞིན་དུ་སྦྱར་ཏེ། ཁ་རོཥྞཱི། པདྨའི་སྙིང་པོ། ཨངྒིའི། བངྒའི། མ་ག་ངྷ། བཀྲ་ཤིས་པ། སོར་མོ། ཤཱ་ཀ་ན། པཱ་དྷ་ནི། ཨ་ཧུ་བ། རྩུབ་མོ། འགྲོ་ལྡིང་། མོན་ཡུལ། ལྷོ་ཕྱོགས། དྲག་པོ། གྲངས། སྤྱིའུ་ཚུགས། རྗེས་སུ་མཐུན་པ། དྷ་རི་ཌ། ཁྱཱ་སྱ། རྒྱ་ནག །ཧུ་ན། དབུས། རྒྱལ། ལྷ། ཀླུ། གནོད་བྱིན། དྲི་ཟ། མིའམ་ཅི། ལྟོ་འཕྱེ་ཆེན་པོ། ལྷ་མ་ཡིན། ནམ་མཁའ་ལྡིང་། རི་དྭགས་ཀྱི་འཁོར་ལོ། བྱ་རོག་སྐད། ས་ལྷ། བར་སྣང་གི་ལྷ། བ་ལང་སྤྱོད། སྒྲ་མི་སྙན། ལུས་འཕགས་པོ། འདེགས་པ། བཞག་པ། རབ་ཏུ་བཞག་པ། རྒྱ་མཚོའི་མཐའ། རྡོ་རྗེའི། འཕྲིན། རབ་ཏུ་འཕྲིན། རྣམ་གཞག །ཆུང་ངུ་ཡིན། བསྟན་བཅོས་སྐོར། རྩིས་སྐོར། འདེགས་སྐོར། རྐང་པས་བྲིས་པ། ཚིག་ཕྱི་མ་གྲུབ་པ། ཇི་སྲིད་ཚིག་ཕྱི་མ་གྲུབ་པ། བར་སྒྲུབ་པ། སྒྲ་ཐམས་ཅད་ཀུན་བསྡུས། རིགས་དང་རྗེས་སུ་འཐུན་པ། རྣམ་པར་བསྲེས་པ། དྲང་སྲོང་དཀའ་ཐུབ་ཀྱིས་གདུངས་པ། གསལ་བ། རབ་ཏུ་གསལ་བ། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པ། སྙིང་པོ་ཀུན་བསྡུས་ཀྱི་ཡི་གེ་སྟེ་དྲུག་ཅུ་རྩ་བཞིའོ། །དེ་དག་ཕལ་ཆེར་ནི་བོད་དུ་མ་བྱུང་ལ། བོད་དུ་ཡོད་པ་ནི། ཚངས་པའི་ཡི་གེ་ལཉྩ། དེ་ལ་ཡང་ཁོང་སེང་དང་ཤ་ཆེན་གཉིས། དེ་དང་མཐུན་པར་དྷ་རིའི་ཀའི་ཡི་གེ་རིགས་ལྔ། དེའི་མགོ་གྱེན་བཟེད་དེ་ནཱ་ག་རའི་ཡིག་རིགས་དྲུག །མགོ་ཐུར་བཀུག་ཀླུའི་ཡི་གེ་ཝཏྟུ་ལ། ཀསྨཱི་ར་མི་འདྲ་བ་གསུམ་སོགས་ཀྱང་ཡོད་པར་བཤད། དེ་དག་ནི་གཞོན་ནུ་དོན་གྲུབ་ཀྱིས་ཡིག་རིགས་སློབ་པ་ལས་འཕྲོས་ཏེ་བཤད་པ་ཡིན་ལ། གཞན་ཡང་མཛད་བཅུ་ལས། དྲུག་ཅུ་རྩ་བཞི་ལས་བརྒལ་སྒྱུ་རྩལ་གྱིས། །ཞེས་སོགས་བཤད་པ་ལྟར་སྒྱུ་རྩལ་དྲུག་ཅུ་རེ་བཞི་སོགས་ནི། རྒྱ་ཆེར་རོལ་བ་ལས། མཆོད་པ། ཡི་གེ ལག་རྩིས། རྩིས། གྲངས། གྱད་ཀྱི་འཛིན་སྟང་། རྒྱང་ནས་འཕོག་པ། བང་། ཚར། རྐྱལ། འཕོངས་དཔྱད། གླང་ཆེན་གྱི་གཉར་སྤྱོན་པ། རྟ་རྩལ། ཤིང་རྟའི་ཐབས། མདའ་གཞུའི་ཐབས། བརྟན པ། མཐུ། དཔའ་བ། འགྱད་སྟབས། ལྕགས་ཀྱུས་བསྒྱུར་ཐབས། ཞགས་ཐབས། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། གཟུང་བ། འཛིན་སྟངས། ཐོར་ཚུགས། བཅད་པ། ངལ་བ། དབུག་པ། གཞིག་པ། གཤག་པ། མི་ཚོར་བར་འཕོག་བ། གནད་དུ་འཕོག་པ། སྒྲ་དྲག་པར་འཕོག་པ། ཚབས་ཆེ་བ། ཆོ་ལོའི་རྩེད་མོ། སྙན་ངག་སྦྱར་བ། ལམ། རིས། གཟུགས། གཟུགས་ཀྱི་ལས། ཐགས་ཀྱི་དཔྱད། མེའི་ལས། རོལ་མོའི་སྒྲ་དབྱངས། གར། གླུ། ཡི་གེ་བཀླག་པའི་མིག་འོར། གཏམ། གཞད་གད། རྩེད་མོ། བྲོ། སྒེག་པ། འཕྲེང་བ་རྒྱུ་བ། རླུང་ཡོབ་གཡོབ་པ། ནོར་གྲུ་མཚོན་བསྒྱུར། གོས་མཚོན་གྱིས་བསྒྱུར་བ། མིག་འཁྲུལ་གྱི་ཆོ་ག །རྨི་ལམ་གྱི་དཔྱད། བྱིའུའི་སྐད། བུད་མེད་ཀྱི་མཚན། སྐྱེས་པའི་མཚན། དེ་བཞིན་དུ་གླང་པོ་དང་། རྟ། བ་ལང་། ར། ལུག །ཁྱིའི་མཚན་དང་། ཤེས་གསལ། སྒྲ་ངེས་པར་སྦྱོར་བ། ང་རོ་བསྒྱུར་པ། སྔོན་རབས། སྔོན་བྱུང་། རེག་བྱེད། ལུང་བསྟན་པ། ངེས་པའི་ཚིག །ཡི་གེ་ལཱི་ཡང་། ཚིག་སྡེབ། མཆོད་སྦྱིན་ཆོ་ག །སྐར་མ། གྲངས་ཅན། རྣལ་འབྱོར་གྱི་ལུགས་གསུམ་དང་། ལས་ཀྱི་ཚོགས་དང་བྱེ་བྲག་པའི་ལུགས། ནོར་གྱི་རིག་པ། ཕུར་བུ། ཆུ། ལྷ་མིན་གྱི་ལུགས་གསུམ་དང་། བྱ་དང་། རི་དྭགས་ཀྱི་སྐད། གཏན་ཚིག་རིག །རྒྱ་སྐྱེགས་ཀྱི་འཁྲུལ་འཁོར། སྒྲ་ཚིལ་གྱི་ལས། འདྲུབ་ཤུར། བརྐོ་གཞག །ལོ་མ་དྲོ་བ། སྤོས་སྦྱོར་སོགས་མང་ཡང་བསྡུ་ན་དྲུག་ཅུ་རྩ་བཞིར་བཤད། གཞན་ཡང་། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཕྲན་ཚེགས་འགྲེལ་པར་སྔ་མ་དང་མི་འདྲ་བར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་བཤད་ལ། གཞུང་གཞན་དུ་ནང་གི་སྒྱུ་རྩལ་རེ་བཞི་ཡང་བཤད་དོ། །སོ་དང་སེན་མོ་འདེབས་དང་འཁྱུད། །ཞེས་སོགས་འབྱུང་བ་ལྟར་རོ། །བྱེ་བྲག་རྟོག་བྱེད་ལས་ནི། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་དང་། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གང་གྱི་ཆ་བྱད་དགུ་བཤད་པའི་དང་པོ་སུམ་ཅུ་ནི། ཡི་གེ །ཡག་རྩིས། གྲངས། རྩས་ཆེན། གོམ་སྙབས། ཐོར་ཚུགས། ལྕགས་ཀྱུས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་དྲག་པར་འཕོག་པ། གནད་དུ་འཕོག་པ། མི་ཚོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོད་པ། གྱད་ཀྱི་འཛིན་སྟངས། བང་། ཀྱལ་། གླང་པོ་ཆེའི་གཉར་ཞོན་པ། རྟ་ཞོན་པ། ཤིང་རྟའི་ཐབས། མདའ། གཞུ། གྱད་སྟོབས་རྣམས་སོ། །གཉིས་པ་བཅྭོ་བརྒྱད་ནི། གར་མཁན། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྔ་ཆེན་པོ། འཁར་བ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་ཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མ་ཀུནྡ། སིལ་སྙན་གླུ་དབྱངས་དང་བསྟུན་པ། ཕེབ་རྡོབ། རོལ་མོ། སྒྲ་རིགས། པི་ཝང་གཞན། གླིང་བུ་རྣམས་སོ། །གསུམ་པ་བདུན་ནི། བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་རྣམས་སོ། །བཞི་པ་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་པ། འཇིགས་རུང་། སྙིང་རྗེ། ཞི་བ་རྣམས་སོ། །གཞན་ཡང་བཟོ་སྦྱངས་བཅྭོ་བརྒྱད་བཤད་དེ། ཚོར་བ་དང་། རྫ་མཁན། འཕྲེང་མཁན། ཆང་འཚོང། ཕྱུགས་འཚོང་། འདྲེག་མཁན། འབྲུ་མར་བཙིར་བ། མགར་བ། ཤིང་མཁན། ཕྱྭ་མཁན། ཐག་པ། རྐྱལ་ཆེན་པ། ཀོ་པགས་མཁན། བཙོ་ལག་མཁན། སྨྱིག་མ་མཁན། བཤན་པ། གདོལ་བ་མཁན། ཤིང་རྟ་མཁན་རྣམས་སོ། །བརྟག་པ་རྣམ་པ་བརྒྱད་བཤད་དེ། རིན་པོ་ཆེ་བརྟག་པ། ས་གཞི་བརྟག་པ། གོས་བརྟག་པ། ལྗོན་ཤིང་བརྟག་པ། རྟ་བརྟག་པ། གླང་པོ་ཆེ་བརྟག་པ་། སྐྱེས་པ་བརྟག་པ། བུད་མེད་བརྟག་པ་རྣམས་སོ། །ཡང་ཤེས་བྱ་རིག་གནས་ཆེ་བ་ལྔ་ནི། སྒྲ་རིག་པ། གཏན་ཚིག་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་སྟེ་ལྔ། རིག་གནས་ཆུང་བ་ལྔ་ནི། སྙན་ངག །སྡེབ་སྦྱོར། མངོན་བརྗོད། ཟློ་གར། རྩིས་རྣམས་སོ། །རིག་གནས་ཆེ་བའི་སྒྲ་རིག་པ་ལ། འཕགས་ཡུལ་དུ་སྒྲ་མདོ་ཆེན་པོ་བརྒྱད་བྱུང་ཞིང་། བོད་དུ་པཱ་ཎི། དབྱངས་ཅན་སྒྲ་མདོ། ཙནྡྲ་པ། ཀཱ་ལ་པ་རྣམས་འགྱུར་རོ། །འཕགས་ཡུལ་དུ་སྒྲ་རིག་ལ་མཁས་པ་ཤིན་ཏུ་མང་བར་བྱོན་ལ། བོད་དུ་ནི་སྔོན་སྒྲ་རིག་ལ་མཁས་པའི་ལོཙྪ་བ་མང་དུ་བྱུང་ཡང་ཕྱིས་དཀོན་པ་ལྟར་སྣང་ལ། མདོ་སྨད་ཀྱི་ཕྱོགས་འདིར་ནི་དེ་ལྟ་བུ་སྲིད་མཐའ་ཙམ་སྟེ། འོན་ཀྱང་མཚམས་སྦྱོར་ལྔ་པ་དང་སྔགས་ཀློག་ལ་སྦྱངས་པ་འགའ་རེ་སྣང་ངོ་། །བོད་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པ་ནི་སུམ་རྟགས་དང་དག་ཡིག་གི་སྐོར་ཡིན་པས་སྒྲ་རིག་པའི་ཕྱོགས་མི་ཤེས་པ་ཡང་མིན་ནོ། །གཏན་ཚིག་རིག་པ་ནི་རྒྱལ་བའི་གསུང་རབ་དང་གཞན་ལས་ཀྱང་འབྱུང་མོད། གཙོ་བོ་ནི་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་འགྲེལ་པ་དང་བཅས་པ་དང་། དེ་དག་ལས་འཕྲོས་པའི་བསྡུས་གཞུང་རྣམས་སོ། །བཟོ་རིག་ལ་ལུས་བཟོ་ཤིང་བཟོ། ལྕགས་བཟོ། གོས་བཟོ། ལྷ་བཟོ། ཡིག་བཟོ་སོགས་མང་ཞིང་ངག་བཟོ་དང་ཡིད་བཟོ་ཡང་བཤད། གསོ་བ་རིག་པ་ནི་སྨན་སྦྱོར་ཤེས་པ་སྟེ་སྨན་གྱི་གཞུང་མང་ངོ་། །ནང་དོན་རིག་པ་སྟོན་པའི་གཞུང་ནི་སྡེ་སྣོད་གསུམ་སོགས་མངོན་མཐོ་ངེས་ལེགས་སྟོན་པའི་མདོ་སྔགས་ཀྱི་གསུང་རབ་རྣམས་ཏེ། རིག་གནས་སྔོན་མ་བཞི་ལས་ཁྱད་པར་དུ་འཕགས་སོ། །གཏན་ཚིག་རིག་པ་དང་ནང་རིག་པ་སྟོན་པའི་གཞུང་མི་འགལ་ཏེ། རྣམ་འགྲེལ་ལྟ་བུས་གཏན་ཚིག་རིག་པ་དང་ནང་དོན་རིག་པ་གཉིས་ཀ་སྟོན་པའི་ཕྱིར་ཏེ། དེས་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་ཅིང་ཉམས་ལེན་དང་འབྲེལ་བར་འཆད་པའི་ཕྱིར་རོ། །སྙན་ངག་ལ་ནི་དོན་རྒྱན་དང་སྒྲ་རྒྱན་གཉིས་ཡོད་ཅིང་གྲགས་ཆེ་ལ། སྡེབ་སྦྱོར་དངོས་ནི་སྒྲ་རིག་པའི་ཡན་ལག་ཡིན་པས་བོད་སྐད་ལ་ཇི་བཞིན་མེད་ཀྱང་ཕྱོགས་མཐུན་ཚིག་གི་སྦྱོར་བ་ནི་བོད་སྐད་ལ་ཡང་ཡོད་དེ། དག་ཡིག་གི་རྣམ་དབྱེ་སོགས་དང་སྙན་ངག་སྦྱོར་ལུགས་ལེགས་པོ་ཤེས་ན་ནི་ཚིག་གི་སྡེབ་སྦྱོར་བྱེད་ཤེས་པའི་ཕྱིར་རོ། །མངོན་བརྗོད་ནི་ཉི་མ་དང་ཟླ་བ་ལྟ་བུ་སོགས་ལ་མིང་སྣ་ཚོགས་ཀྱིས་བརྗོད་པ་སྟེ། ཉི་མ་ལ་ཚ་ཟེར་ཅན་དང་འོད་སྟོང་ཅན་སོགས་སུ་བརྗོད་པ་ལྟ་བུའོ། །ཟློས་གར་ལ་ནི་ལུས་ཀྱིས་གར་བྱེད་ཅིང་ངག་གིས་གླུ་ལེན་པ་སོགས་ལུས་ངག་གི་རྣམ་འགྱུར་མང་པོ་ཞིག་བཤད། རྩིས་ལ་སྐར་རྩིས་ནག་རྩིས་གཉིས་ལས། སྐར་རྩིས་ནི་དུས་འཁོར་གྱི་ལུགས་ཏེ་ཤམྦྷ་ལ་དང་འཕགས་ཡུལ་ནས་བོད་དུ་དར་ལ། ནག་རྩིས་ནི་རྗེ་བཙུན་འཇམ་དབྱངས་ཀྱིས་རྒྱ་ནག་ཏུ་གསུངས་ཤིང་བོད་དང་རྒྱ་ནག་གི་ཕྱོགས་རྣམས་སུ་དར་ཆེ། དེ་ཡང་སྐར་མའི་རྣམ་གཞག་གཙོ་བོར་སྟོན་པས་སྐར་རྩིས་དང་། ས་བདག་གི་རྣམ་གཞག་གཙོ་བོར་སྟོན་པའི་ཕྱིར་ནག་རྩིས་ཞེས་བྱའི། དཀར་ནག་ཙམ་གྱི་དོན་མིན་ནོ། །སྐར་རྩིས་ལ་ནི། ལོ་དང་ཟླ་བ་དག་པ། གཟའ་ཚེས་སྐར་སྦྱོར་བྱེད་པ་སྟེ་ཡན་ལག་ལྔ་དང་། སྒྲ་གཅན་དང་། གཟའ་འཛིན་སྐོར་དང་། དུས་སྦྱོར་དང་། གཟའ་ལྔ་དང་། ཞག་གསུམ་རྣམ་དབྱེ་དང་། སྟོང་འཇུག་གི་སྐོར་སོགས་མང་ཞིང་། ནག་རྩིས་ལ་ནི། སྤར་ཁ། སྨེ་བ། ལོ་འགྲོས་བཅུ་གཉིས་དང་དྲུག་ཅུའི་སྐོར། གཟའ་སྐར་དང་། ཚེ་རབས་ལས་རྩིས། བག་རྩིས། སྐེག་རྩིས་སྐོར་དུ་མ་དང་། གཤིན་རྩིས་དང་། ས་བདག་གི་སྐོར་དང་། དེ་དག་བཅོས་ཐབས་སོགས་མང་ངོ་། །གཟའ་སྐར་གྱི་རྣམ་གཞག་ནི་མདོ་སྡེ་ཉི་མའི་སྙིང་པོ་དང་ཏོག་གཟུངས་ལ་སོགས་པའི་མདོ་ཕྱོགས་དང་། འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་གཞན་དག་དང་། དུས་འཁོར་གྱི་སྐོར་ནས་བཤད་པས་ཤེས་དགོས་སོ། །སྨྲས་པ། ལྷ་མིའི་སྟོན་པ་ཟས་གཙང་སྲས་པོ་དེས། བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ཁམས་རྣམས་སུ། །བཅུ་གཉིས་མཛད་པའི་རྣམ་རོལ་བསྟན་པ་ལས། ཆ་ཙམ་སྟོན་པའི་བཀའ་དྲིན་དྲན་ཕྱིར་བཤད། །དེ་ལས་འཕྲོས་པའི་རྣམ་གཞག་འདི་དག་ཀྱང་། །དད་ལྡན་རྣམ་དཔྱོད་དོན་གཉེར་ཅན་འགའ་ཞིག །རབ་འབྱམས་ཤེས་བྱའི་རྣམ་གྲངས་དུ་མ་ལ། །བློ་གྲོས་འཇུག་པ་རྒྱས་པའི་ཆེད་དུ་བཀོད། །འདི་རྣམས་འདི་ལྟར་བཤད་པའི་རབ་དཀར་དགེས། །མ་སོགས་མ་ལུས་འགྲོ་བ་ཐམས་ཅད་ཀྱང་། །སྐྱེ་དང་སྐྱེ་བར་བདེ་ལྡན་མངོན་དགའ་སོགས། །ཞིང་ནས་ཞིང་བརྒྱུད་སངས་རྒྱས་ཐོབ་གྱུར་ཅིག །ཁྱད་པར་ཐུབ་བསྟན་རྒྱ་མཚོའི་དབུས་སྐྱེས་པའི། །གཞུང་ལུགས་མང་ཐོས་གདེངས་ཅན་དབང་པོ་བོས། །ལྷ་མིའི་རྟེན་གྱི་བདུད་རྩི་རྟག་འཐུང་ཞིང་། །རྣམ་གྲོལ་ནོར་བུའི་གཙུག་རྒྱན་མྱུར་བསྟེན་ཤོག། །།ཅེས་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་སྐོར་ལ་སོགས་པའི་རྣམ་གཞག་བཤད་པ་འདི་ནི། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བདུན་ཅུའི་ཐོག་དད་པས་ཀུན་ནས་བསླངས་ཏེ་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ།


previousསྟོན་པའི་མཛད་པ་བཅུ་གཉིས་དང་བསྟན་པའི་གནས་ཚད་དེ་ལས་འཕྲོས་པའི་སྐོར་འགའ་ཞིག་བཅས་བཤད་པ།no next