Nitartha Digital Library
Tibetan
 
previousའདུལ་གཞུང་རྒྱ་མཚོའི་དགོངས་དོན་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ།next

འདུལ་གཞུང་རྒྱ་མཚོའི་དགོངས་དོན་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ།

འདུལ་གཞུང་རྒྱ་མཚོའི་དགོངས་དོན་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས།

རབ་འབྱམས་ཚོགས་གཉིས་ཆུ་གཏེར་ལས་ཐོན་སྤངས་རྟོགས་ཆ་ཤས་ཀུན་ནས་རྫོགས། །དམིགས་མེད་ཐུགས་རྗེའི་བསིལ་ཟེར་རབ་འཕྲོ་ཕན་དང་བདེ་བའི་པདྨོ་འཛུམ། །ཡོངས་དག་ཡེ་ཤེས་སྣང་བ་རབ་གསལ་ཤེས་བྱའི་མཁའ་ལ་བགྲོད་པ་ཅན། །ཐུབ་དབང་རྒྱུ་སྐར་རྒྱལ་པོ་གང་དེ་ལྷར་བཅས་འགྲོ་བའི་གཏན་གྱི་སྐྱབས། །འདུལ་གཞུང་རྒྱ་མཚོའི་འཇིང་ལ་གནས་བཅས་ཤིང་། །དགག་སྒྲུབ་དཔྱོད་པའི་ཕུད་སྒྲ་དྲག་ཏུ་སྒྲོགས། །བླ་མེད་གདེངས་ཀ་མཆོག་གིས་མཛེས་གྱུར་པ། །བཤེས་གཉེན་ཀླུ་ཡི་དབང་པོ་རྣམས་ལ་འདུད། །རབ་ཡངས་ལེགས་བཤད་མཁའ་ལ་རབ་རྒྱུ་ཞིང་། །ཐུབ་བསྟན་པད་ཚལ་བཞད་པའི་དཔལ་ཡོན་ཅན། །དོན་བཟང་འོད་སྟོང་འགྱེད་པའི་ཉི་མ་ཞིག །རྣམ་དཔྱོད་མགྱོགས་འགྲོའི་ཤུགས་ཀྱིས་འདྲེན་པར་བྱ། །དེ་ལ་འདིར་འདུལ་བའི་སྡེ་སྣོད་ཀྱི་དོན་བསྡུས་ཏེ་འཆད་པ་ལ་གཉིས། སྔོན་དུ་འགྲོ་བ་སྤྱིའི་རྣམ་གཞག་དང་། སྐབས་སུ་བབས་པའི་གཞུང་དོན་བཤད་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་ཏུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ཡིན་ཏེ། སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་མཆོག་དུ་སེམས་བསྐྱེད། སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོ་ནས་རིན་ཆེན་གཙུག་ཏོར་ཅན་གྱི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་གྲངས་མེད་དང་པོའི་ཚོགས་བསགས། སངས་རྒྱས་དཀོན་མཆོག་ཡན་ལག་ནས་མར་མེ་མཛད་ཀྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་གྲངས་མེད་གཉིས་པའི་ཚོགས་བསགས། དེ་ནས་བཟུང་སྟེ་སངས་རྒྱས་རྣམ་གཟིགས་ཀྱི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་གྲངས་མེད་གསུམ་པའི་ཚོགས་བསགས་ནས་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་འབྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ནི་ཐེག་པ་འོག་མ་དང་ཐུན་མོང་བའི་དབང་དུ་བྱས་པ་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་འདི་ལྟར་ཡིན་ཏེ། ས་དང་པོ་ཚུན་ཆད་དུ་གྲངས་མེད་དང་པོ་དང་། ས་གཉིས་པ་ནས་བདུན་པའི་བར་ལ་གྲངས་མེད་གཉིས་པ་དང་། དག་པ་ས་གསུམ་གྱི་གནས་སྐབས་སུ་གྲངས་མེད་གསུམ་པའི་ཚོགས་རྫོགས་པར་མཛད་ནས་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ཏེ། དགའ་ལྡན་དུ་དམ་པ་ཏོག་དཀར་པོར་སྤྲུལ་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བསྟན་པའི་ཕྱིར་ཏེ། ལང་གཤེགས་ལས། འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱ། །ཞེས་དང་། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་སོགས་གསུངས་པའི་ཕྱིར། སངས་རྒྱས་པའི་དུས་སོགས་ལ་བཞེས་པ་མི་མཐུན་པ་ཡོད་ཀྱང་འདི་ལྟར་བྱ་སྟེ། །འོ་སྐོལ་གྱི་སྟོན་པ་དེ་ཉིད་ལྕགས་སྤྲེལ་གྱིས་ལོ་ལ་སྐུ་བལྟམས་ནས་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས། དེ་ནས་ས་བྱི་ལ་རབ་ཏུ་བྱུང་སྟེ་ལོ་དྲུག་དཀའ་བ་སྤྱད། ལོ་སོ་ལྔ་བཞེས་པའི་ཤིང་རྟ་ལ་སངས་རྒྱས་ནས་ལོ་དེར་བདེན་བཞིའི་ཆོས་འཁོར་བསྐོར་ཏེ། དགུང་ལོ་གྱ་གཅིག་པ་ལྕགས་འབྲུག་གི་ལོ་ལ་མྱ་ངན་ལས་འདའ་ཚུལ་བསྟན་པ་ནི་བཻ་དཀར་ལྟར་རིགས་པའི་ཕྱིར། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་ནི་རིམ་པར་བསྐོར་ཞིང་། དེ་དག་གི་ནང་ནས་བརྗོད་བྱའི་ངོས་ནས་ཕུལ་དུ་བྱུང་བ་ནི་འདུལ་བའི་སྡེ་སྣོད་རིན་པོ་ཆེ་འདི་ཉིད་ཡིན་ཏེ། འདིར་ངོ་བོའི་སྒོ་ནས་བསྟན་པའི་གོ་ཆོད་པར་མ་ཟད། བརྗོད་དོན་བསླབ་བྱའི་གནས་རྣམས་གསལ་བར་སྟོན་པའི་ཆ་ནས་སྟོན་པའི་དོད་ཐུབ་ལྟ་བུ་ཡང་ཡིན་པའི་ཕྱིར་ཏེ། །དེ་སྐད་དུའང་། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་ནི། །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་པ་དངོས་ཡིན་དེ་ཡི་ཕྱིར། །གཉིས་གྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་བཞིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་འདུལ་བའི་མདོ་དེ་ལ་གཉིས་ཡོད་དེ། རྩ་བའི་མདོ་དང་། དེའི་བཤད་པའི་མདོ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་སློང་ཕའི་སོ་ཐར་གྱི་མདོ་དང་། མའི་སོ་ཐར་གྱི་མདོ་གཉིས་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་འབྱེད། གཞི། ཕྲན་ཚེགས། གཞུང་དམ་པ་རྣམས་སུ་ཡོད་པའི་ཕྱིར། དེར་ཐལ། རྣམ་འབྱེད་ཀྱིས་སོ་ཐར་གྱི་མདོའི་དངོས་བསྟན་གྱི་ཆ་གཙོ་བོར་གཏན་ལ་འབེབས། ལུང་གཞིས་དེའི་ཤུགས་བསྟན་གྱི་ཆ་གཙོ་བོར་གཏན་ལ་འབེབས། ཕྲན་ཚེགས་ཀྱིས་དེའི་ཁ་སྐོང་གི་ཆ་གཙོ་བོར་གཏན་ལ་འབེབས། གཞུང་དམ་པས་དེ་ལ་དོགས་གཅོད་ཀྱི་ཆ་གཙོ་བོར་གཏན་ལ་འབེབས་པར་བྱེད་པའི་ཕྱིར། ཕྱོགས་མཐུན་གྱི་མདོ་དེ་ལ་ཡང་དུ་མ་ཡོད་དེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ལྟུང་བ་སྡེ་ལྔའི་དགེ་མི་དགེ་བསྟན་པའི་མདོ། ཚུལ་ཁྲིམས་འཆལ་བའི་རྣམ་སྨིན་ལྕི་བར་བསྟན་པའི་མདོ། མཁར་གསིལ་གྱི་མདོ་སོགས་དུ་མ་ཡོད་པའི་ཕྱིར། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་མང་དུ་ཡོད་དེ། ཚིག་འགྲེལ་དང་། དོན་འགྲེལ་དུ་མ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བའི་ལུང་གི་ཚིག་འགྲེལ་དང་། བཤད་པའི་ལུང་གི་ཚིག་འགྲེལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དྲི་མེད་བཤེས་གཉེན་གྱིས་མཛད་པའི་བམ་པོ་ལྔ་བཅུ་པ། དཔའ་བོས་མཛད་པའི་འགྲེལ་པ་བམ་པོ་ཉེར་བདུན་པ། ཁྱད་པར་བཤེས་གཉེན་གྱིས་མཛད་པའི་སོ་ཐར་བསྡུས་འགྲེལ་རྣམས་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། དུལ་བ་ལྷས་མཛད་པའི་འགྲེལ་པ། དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ། ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་དོན་གྱི་འགྲེལ་པ་དེ་ལ་ཡང་དུ་མ་ཡོད་དེ། བྱེ་བྲག་བཤད་མཛོད་ཆེན་པོའི་ནང་ཚན་གྱི་འདུལ་བ་བྱེ་བྲག་ཏུ་བཤད་པ། ལུང་སྡེ་བཞིའི་དགོངས་པ་གཏན་ལ་འབེབས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་མདོ་རྩ་བ། དེས་མཛད་པའི་མདོ་རྩའི་རང་འགྲེལ། ཀརྨ་ཤ་ཏམ་ས་ག་ལྷས་མཛད་པའི་མེ་ཏོག་འཕྲེང་རྒྱུད། ཤཱཀྱ་འོད་ཀྱིས་མཛད་པའི་སུམ་བརྒྱ་བ། རང་འགྲེལ་འོད་ལྡན། ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་སོགས་མང་དུ་ཡོད་པའི་ཕྱིར། འོ་ན་འདིར་དེ་རྣམས་ཀྱི་ནང་ནས་གང་གི་རྗེས་སུ་འབྲང་ཞེ་ན། འདུལ་བ་མདོ་རྩ་བའི་རྗེས་སུ་འབྲངས་ནས་འཆད་པར་བྱེད་པ་ཡིན་ཏེ། འདི་ཉིད་བརྗོད་བྱའི་སྒོ་ནས་འགྲེལ་པ་གཞན་ལས་ཁྱད་པར་འཕགས་པའི་ཕྱིར། གཉིས་པ་སྐབས་སུ་བབས་པའི་གཞུང་དོན་རིམ་པར་འཆད་པ་ལ་བཞི་ཡོད་དེ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། འཇུག་གི་དོན་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལེགས་སྦྱར་གྱི་སྐད་དུ། བི་ནཱ་ཡ་སཱུ་ཏྲ་ཞེས་འབྱུང་ལ། དེ་ཉིད་བོད་སྐད་དུ་བསྒྱུར་ན། འདུལ་བའི་མདོ་ཞེས་བྱ་བར་འགྱུར་བའི་ཕྱིར་འདི་ཆོས་ཅན། ཁྱོད་ལ་དེ་སྐད་བརྗོད་པའི་རྒྱུ་མཚན་ཡོད་དེ། བརྗོད་བྱའི་དབང་དུ་བྱས་ན་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་སྟོན་ཅིང་བརྗོད་བྱེད་ཀྱི་དབང་དུ་བྱས་ན། འདུལ་བ་ལུང་སྡེ་བཞིའི་དོན་ཚིག་རྣམས་མདོར་བསྡུས་ནས་སྟོན་པས་ན། དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་ཡོད་དེ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་ཞེས་འབྱུང་བའི་ཕྱིར། དེ་ལྟར་མཆོད་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འདུལ་བའི་བཅས་མཚམས་ཕྲ་ཞིང་ཕྲ་བ་རྣམས་ཐམས་ཅད་མཁྱེན་པ་ཁོ་ནའི་མངོན་སུམ་གྱི་ཡུལ་ཡིན་པས་ན་དེ་ལ་མཆོད་བརྗོད་མཛད་པའི་ཕྱིར། གསུམ་པ་ལ་གསུམ། དགོས་སོགས་ཆོས་ཀྱི་ཁྱད་པར་དང་། གཞུང་དོན་དངོས་བཤད་དང་། འཕྲོས་དོན་བཤད་པའོ། །དང་པོ་ལ་དུ་མ་ཡོད་དེ། དགོས་འབྲེལ་ངག་གི་དགོས་སོགས་ཆོས་བཞི་དང་། བསྟན་བཅོས་ལུས་ཀྱི་དགོས་སོགས་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་པོ་དེ་དགོས་འབྲེལ་ངག་གི་བརྗོད་བྱ། ངག་དེ་ལ་བརྟེན་ནས་བསྟན་བཅོས་འདིར་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་པ་དེའི་དགོས་པ། དགོས་པ་དེ་ལ་བརྟེན་ནས་བསྟན་བཅོས་འདི་ལ་ཐོས་སོགས་ཀྱིས་འཇུག་པ་དེའི་ཉིང་དགོས། ཉིང་དགོས་དགོས་པ་དེ་བརྗོད་བྱ་དེ་དག་འདི་ལ་འབྲེལ་བ་དེ། འདིའི་ཆོས་བཞིའི་ནང་ཚན་གྱི་འབྲེལ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྤོང་བདུན་འཁོར་བཅས་ཀྱིས་བསྡུས་པའི་སོ་ཐར་གྱི་ཚུལ་ཁྲིམས་དེ། བསྟན་བཅོས་ལུས་ཀྱི་བརྗོད་བྱ། བསྟན་བཅོས་འདི་ལ་བརྟེན་པའི་གདུལ་བྱས་བརྗོད་བྱ་དེ་རྟོགས་པ་དགོས་པ། བརྗོད་བྱ་སྤོང་བདུན་གྱི་ཚུལ་ཁྲིམས་ཉམས་སུ་བླངས་པ་ལ་བརྟེན་ནས་ལྷག་མེད་མྱང་འདས་ཐོབ་པ་དང་ཐོབ་པའི་མྱང་འདས་དེ་ཉིང་དགོས། ཆོས་གསུམ་ཕྱི་མ་སྔ་མ་ལ་འབྲེལ་བ་དེ། དེའི་ནང་ཚན་གྱི་འབྲེལ་བ་ཡིན་པའི་ཕྱིར། ཆོས་བཞི་པོ་འདིར་བསྟན་ཚུལ་ཡོད་དེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་པའི་ཚིག་ཟུར་ཀྱི་ངེས་པར་འབྱུང་བ་ཞེས་པས་ཉིང་དགོས་དང་། ཚུལ་ཁྲིམས་ཞེས་བརྗོད་བྱ་གཉིས་དངོས་སུ་བསྟན་ནས། དབང་དུ་བྱས་ཏེ་ཞེས་པའི་ཚིག་གིས་དགོས་པ་དང་འབྲེལ་བ་དོན་གྱིས་བསྟན་པའི་ཕྱིར། དེ་སྐད་དུ་ཡང་རྒྱ་ཆེར་འགྲེལ་ལས། བརྗོད་པར་བྱ་བ་དང་དགོས་པའི་ཡང ་དགོས་པ་ནི་ཚུལ་ཁྲིམས་དང་ངེས་པར་འབྱུང་བའི་ཚིག་གཉིས་ཀྱི་གོ་རིམ་བཞིན་དུ་མངོན་སུམ་བསྟན་ལ། དགོས་པ་དག་འབྲེལ་བ་ནི་ཤུགས་ལ་བསྟན་ཏེ། ཞེས་གསུངས་པའི་ཕྱིར། ཁ་ཅིག །ཚུལ་ཁྲིིམས་དེ། སྐབས་འདིར་དངོས་སུ་བསྟན་པའི་ཚུལ་ཁྲིམས་ཡིན་ཟེར་ན། དེ་ནི་མི་འཐད་དེ་འདིའི་དངོས་བསྟན་གྱི་ཚུལ་ཁྲིམས་ཡིན་ན། ངེས་འབྱུང་གི་ཚུལ་ཁྲིིམས་ཡིན་དགོས་པའི་ཕྱིར། དེར་ཐལ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་མི་འཐད་དེ། ཚུལ་ཁྲིམས་དེ་ལ་ངེས་འབྱུང་གི་ཚུལ་ཁྲིམས། ལེགས་སྨོན། འཇིགས་སྐྱོབས་ཀྱི་ཚུལ་ཁྲིམས་རྣམས་སུ་ཡོད་པའི་ཕྱིར། ཁ་ཅིག །འདིའི་དངོས་བསྟན་གྱི་ཚུལ་ཁྲིམས་ཡིན་ན། སྤོང་བདུན་གྱི་ཚུལ་ཁྲིམས་ཡིན་པས་ཁྱབ་ཟེར་ན་ནི་མི་འཐད་དེ། འདིའི་དངོས་བསྟན་གྱི་ཚུལ་ཁྲིམས་ཡིན་ན། སྤོང་བདུན་ཚང་བའི་ཚུལ་ཁྲིམས་ཡིན་མི་དགོས་པའི་ཕྱིར། དེར་ཐལ། དེ་ལ་ལུས་ངག་རེ་རེ་བའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་ཡོད་པའི་ཕྱིར། དེར་ཐལ། དེ་ལ་ལུས་ཀྱི་གསུམ་དང་། ངག་གི་བཞི་སོ་སོར་སྤོང་བའི་ཚུལ་ཁྲིམས་ཡོད་པའི་ཕྱིར། སྔ་མ་ལ་ཁྱབ་སྟེ་སྲོག་གཅོད་སོགས་རེ་རེ་སྤོང་བའི་ཚུལ་ཁྲིམས་ཡིན་ན། སྤང་བྱ་གཞན་ཀུན་སྤོང་བའི་ཚུལ་ཁྲིམས་ཡིན་པས་མ་ཁྱབ་པའི་ཕྱིར། དཔྱད་དོ། རང་རེས་འདིའི་དངོས་བསྟན་གྱི་ཚུལ་ཁྲིམས་དེ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཡིན་བྱས་པ་ལ། ཁོ་ན་རེ། དེ་མི་འཐད་དེ། དེ་ལ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་མ་ཡིན་པ་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ། ཁ་ཅིག །ལྷག་མེད་མྱང་འདས་དེ། འདིའི་ཉིང་དགོས་ཡིན་ཟེར་ན། དེ་ཡང་མི་འཐད་དེ། དེ་བསྟན་བཅོས་འདིའི་ཚིག་དོན་ལ་རག་མ་ལས་པའི་ཕྱིར། དེར་ཐལ། བསྟན་བཅོས་འདི་མ་བརྩམས་པའི་གོང་དུའང་དེ་ཡོད་པའི་ཕྱིར་ཟེར། འོ་ན། བསྟན་བཅོས་འདིས་ལུས་ངག་གི་སྤོང་བདུན་འཁོར་དང་བཅས་པའི་སོ་ཐར་གྱི་ཚུལ་ཁྲིམས་བརྗོད་བྱར་བྱེད་ན། སོ་ཐར་གྱི་སྡོམ་པའི་རྣམ་གཞག་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡང་ཡོད་དེ། དབྱེ་བ། བསྡུ་བ། མཚན་ཉིད། རྣམ་གྲངས། སྒྲ་དོན། རྒྱུ། རྐྱེན། འབྲས་བུ། ངོ་བོ། །གནས་ཚུལ། བྱེད་ལས་དང་བཅས་པ་བཅུ་གཅིག་ཡོད་པའི་ཕྱིར། དང་པོ་དབྱེ་བ་བརྒྱད་ཡོད་དེ། དགེ་སློང་ཕ་མའི་སྡོམ་པ་གཉིས། དགེ་སློང་མའི་སྡོམ་པ། དགེ་ཚུལ་ཕ་མའི་སྡོམ་པ་གཉིས། དགེ་བསྙེན་ཕ་མའི་སྡོམ་པ་གཉིས། བསྙེན་གནས་ཀྱི་སྡོམ་པ་སྟེ་བརྒྱད་ཡོད་པའི་ཕྱིར། དེ་སྐད་དུའང་། མཛོད་ལས། སོ་སོ་ཐར་ཅེས་བྱ་རྣམས་བརྒྱད། ཞེས་གསུངས་པའི་ཕྱིར། འོ་ན། དགེ་བསྙེན་སོགས་ལ་ཕ་མ་གཉིས་སུ་ཕྱེ་ནས། བསྙེན་གནས་ལ་དེ་ལྟར་མི་འབྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། བསྙེན་གནས་ཀྱི་སྡོམ་པ་དེ་ཉིན་ཞག་གཅིག་པའི་མཐའ་ཅན་གྱི་སྡོམ་པ་ཡིན་པས་ན། དེ་ལྟར་མ་ཕྱེ་བའི་ཕྱིར། ཁ་ཅིག །བསྙེན་གནས་ཀྱི་སྡོམ་པ་དེ་ཉིན་ཞག་གཅིག་ལས་མི་སྡོད་པའི་རྒྱུ་མཚན་གྱིས་ཡིན་ཟེར་ན་ནི་མི་འཐད་དེ། དེ་ནི་ཇི་སྲིད་སྡོམ་པ་གཞན་གནས་ཀྱི་བར་དེ་སྲིད་དུ་གནས་པའི་ཕྱིར། དེར་ཐལ། དགེ་སློང་ཕ་མ་འབྱུང་བའི་དུས་སུ་བསྙེན་གནས་པའང་འབྱུང་རིགས་པའི་ཕྱིར། ཁ་ཅིག །དགེ་སློང་གིས་བསྙེན་གནས་ཀྱི་སྡོམ་པ་ལེན་རིགས་པར་ཐལ། དེས་སྨྱུང་གནས་ཀྱི་སྡོམ་པ་ལེན་རིགས་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ཀྱི་སྤང་བྱའི་གཙོ་བོའི་གྲངས་མཚུངས་པའི་ཕྱིར་ན་མ་ཁྱབ། རྟགས་སྔ་མ་དེར་ཐལ། དེས་དེ་བླངས་པས་གསོ་སྦྱོང་གི་ཚུལ་དུ་འགྲོ་བའི་ཕྱིར། འདོད་མི་ནུས་ཏེ། དགེ་སློང་གིས་དེ་བླངས་ན་རང་གི་སྡོམ་པ་སྟོང་པར་འགྱུར་པའི་ཕྱིར། དེར་ཐལ། དགེ་སློང་གིས་ཁྱིམ་པར་ཁས་བླངས་ན། དགེ་སློང་གི་སྡོམ་པ་སྟོང་པའི་ཕྱིར། གཉིས་པ་བསྡུ་བའི་ཚུལ་ཡོད་དེ། རྫས་རིགས་དང་རྟེན་གྱི་སྒོ་ནས་བསྡུ་བ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་སློང་ཕ་མའི་སྡོམ་པ་རྫས་རིགས་གཅིག །དགེ་ཚུལ་ཕ་མ་དང་དགེ་སློང་མའི་སྡོམ་པ་རྫས་རིགས་གཅིག །དགེ་བསྙེན་ཕ་མའི་སྡོམ་པ་རྫས་རིགས་གཅིག་ཏུ་འདུ་བའི་ཕྱིར། རྟེན་གྱི་སྒོ་ནས་གཉིས་སུ་འདུ་སྟེ། རབ་བྱུང་གི་སྡོམ་པ་དང་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་གཉིས་སུ་འདུ་བའི་ཕྱིར། དེར་ཐལ། དགེ་བསྙེན་ཕ་མ་གཉིས་དང་བསྙེན་གནས་ཀྱི་སྡོམ་པ་གསུམ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་དང་། གཞན་ལྔ་ར བ་བྱུང་ཕྱོགས་ཀྱི་སྡོམ་པ་ཡིན་པའི་ཕྱིར། རབ་བྱུང་གི་རྒྱུད་ཀྱི་སྡོམ་པ་ཡིན་ན། རབ་བྱུང་གི་སྡོམ་པ་ཡིན་པས་ཁྱབ་སྟེ། ཚིག་གསུམ་རིམ་གྱིས་མནོས་པའི་དགེ་སློང་གི་རྒྱུད་ལ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པའི་ཕྱོགས་ཡོད་པའི་ཕྱིར། ཁོ་ན་རེ། དགེ་སློང་གི་རྒྱུད་ལ་ཁྱིམ་པའི་སྡོམ་པ་ཡོད་པར་ཐལ། དེའི་རྒྱུད་ལ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཡོད་པའི་ཕྱིར། ཟེར་ན། ཁ་ཅིག་མ་ཁྱབ་གསུང་། རེ་ཞིག་འདོད་བྱས་པ་ལ། དེ་མི་འཐད་པར་ཐལ། དེ་ཁྱིམ་པ་མ་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་བོ་སྙམ། གསུམ་པ་མཚན་ཉིད་ཡོད་དེ། ངེས་འབྱུང་གི་བསམ་པས་ཟིན་པའི་སྒོ་ནས་འདོད་པའི་སས་བསྡུས་པའི་དགེ་བ་གཟུགས་ཅན་པ་གང་ཞིག །འཆལ་ཚུལ་གྱི་གཉེན་པོར་གྱུར་བའི་སྡོམ་པ་དེ། སོ་ཐར་གྱི་སྡོམ་པའི་མཚན་ཉིད་ཡིན་པའི་ཕྱིར། ཁོ་ན་རེ། དེ་ནི་མི་འཐད་དེ། བཅས་ལྡན་དགེ་སློང་གི་རྒྱུད་ཀྱི་སྤོང་སེམས་ས་བོན་དང་བཅས་པ་སོར་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། དེར་ཐལ། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །ཞེས་གསུངས་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་ནི་མདོ་སྡེ་པ་ཡན་ཆད་ཀྱིས་འདོད་ཚུལ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། བཞི་པ་རྣམ་གྲངས་ཡོད་དེ། མཛོད་ལས། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། ལས་དང་སྡོམ་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། ལྔ་པ་སྒྲ་དོན་ཡོད་དེ། སོ་ཐར་ཀྱི་སྐད་དོད་དུ། པྲ་ཏི་མོཀྵ་ཞེས་འབྱུང་བའི་པྲ་ཏི་ནི་སོ་སོ་དང་དང་པོ་ལ་འཇུག་ཅིང། མོཀྵ་ནི་ཐར་པ་ལ་འཇུག་པས། དང་པོའི་དབང་དུ་བྱས་ནས་སྡོམ་པ་འདི་དག་སྲུང་བ་པོ་སོ་སོ་ནས་འཁོར་བ་ལས་ཐར་པར་འགྱུར་བ་དང་། ཕྱི་མའི་དབང་དུ་བྱས་ན། སྡོམ་མིན་ལས་དང་པོར་ཐར་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཕྱི་མ་ལྟར་ན། སོ་ཐར་གྱི་སྡོམ་པ་ཡིན་ན། སོ་ཐར་ཡིན་པས་མ་ཁྱབ་སྟེ། སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་ནི། སོ་ཐར་དང་སོ་ཐར་གྱི་སྡོམ་པ་གཉིས་ཀ་ཡིན་ཀྱང་། སྐད་ཅིག་གཉིས་པ་ཕན་སོ་ཐར་མ་ཡིན་པའི་ཕྱིར་ཏེ། དེ་དག་སྡིག་པ་ལས་དང་པོར་ཐར་པ་མ་ཡིན་པའི་ཕྱིར། དེ་ལྟར་མཛོད་འགྲེལ་ལས། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོ་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར། སྐད་ཅིག་གཉིས་པ་ལ་སོགས་པ་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོ་ཐར་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དྲུག་པ་རྒྱུ་ཡོད་དེ། རྒྱུ་དྲུག་གི་ནང་ནས་ཀུན་འགྲོའི་རྒྱུ་དང་། མཚུངས་ལྡན་དང་། རྣམ་སྨིན་གྱི་རྒྱུ་ལས་མི་སྐྱེ་ཡང་། ལྷན་ཅིག་འབྱུང་བ་དང་། སྐལ་མཉམ་དང་། བྱེད་རྒྱུ་ལས་སྐྱེ་བའི་ཕྱིར། ཕྱི་མ་དེར་ཐལ། ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེ་བ་གང་ཞིག །སྐལ་མཉམ་གྱི་རྒྱུ་ལས་ཀྱང་སྐྱེ། བྱེད་རྒྱུ་ལས་ཀྱང་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། རང་འདུས་བྱས་སུ་མཚོན་པའི་སྐྱེ་འཇིག་གནས་གསུམ་ལས་སྐྱེ་བའི་ཕྱིར། གཉིས་པ་གྲུབ་སྟེ། རང་དང་རིགས་གཅིག་པའི་དགེ་བ་ལས་སྐྱེ་བའི་ཕྱིར། གསུམ་པ་གྲུབ་སྟེ། རྣམ་པར་རིག་བྱེད་དང་། འབྱུང་བ་དང་། ཀུན་སློང་ལས་ཀྱང་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། མཁན་སློབ་ཀྱི་རྣམ་པར་རིག་བྱེད་ལས་སྐྱེ་བའི་ཕྱིར། གཉིས་པ་གྲུབ་སྟེ། འབྱུང་འགྱུར་གྱི་གཟུགས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱུའི་ཀུན་སློང་ལས་སྐྱེ། དུས་ཀྱི་ཀུན་སློང་ལས་ཀྱང་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། སྡོམ་པ་ལེན་འདོད། ཐོབ་འདོད། ངེས་པ་ལྔ་བྲལ། ངེས་འབྱུང་གི་བསམ་པ་ལས་ཀྱང་སྐྱེ་བའི་ཕྱིར། ཕྱི་མ་དེར་ཐལ། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །ཞེས་གསུངས་པའི་ཕྱིར། ངེས་པ་ལྔ་བྲལ་གྱི་བསམ་པ་ལས་སྐྱེ་སྟེ། ཡན་ལག་ངེས་པ། ཡུལ་ངེས་པ། སེམས་ཅན་ངེས་པ། དུས་ངེས་པ། ཚེ་ངེས་པ་སྟེ་ངེས་པ་ལྔ་དང་བྲལ་བའི་བསམ་པ་ལས་སྐྱེ་བའི་ཕྱིར། གཉིས་པ་གྲུབ་སྟེ། དུས་ཀྱི་ཀུན་སློང་སྡོམ་པ་སྐྱེ་ཁ་མའི་དགེ་སེམས་ལས་སྐྱེ་བའི་ཕྱིར། བདུན་པ་རྐྱེན་ཡོད་དེ། སོ་ཐར་གྱི་སྡོམ་པ་དེ་རྐྱེན་བཞིའི་ནང་ནས་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་ལས་མི་སྐྱེ་ཡང་རྒྱུ་རྐྱེན་དང་བདག་རྐྱེན་ལས་སྐྱེ་བའི་ཕྱིར་ཏེ། སྐལ་མཉམ་གྱི་རྒྱུ་དང་བྱེད་རྒྱུ་ལས་སྐྱེ་བའི་ཕྱིར། བརྒྱད་པ་འབྲས་བུ་གང་ཡིན་པ་ཡོད་དེ། དེ་འབྲས་བུ་ལྔའི་ནང་ནས་བྲལ་བའི་འབྲས་བུ་དང་རྣམ་སྨིན་གྱི་འབྲས་བུ་མ་ཡིན་ཡང་། བདག་འབྲས། རྒྱུ་མཐུན་གྱི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ་གསུམ་ཀ་ཡིན་པའི་ཕྱིར། བདག་འབྲས་ཡིན་ཏེ། བྱེད་རྒྱུ་ལས་སྐྱེ་བའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བའི་ཕྱིར། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ལས་རྐྱེ་བའི་ཕྱིར། དགུ་པ་ངོ་བོའི་ཁྱད་པར་ཡོད་དེ། བྱེ་བྲག་སྨྲ་བའི་ལུགས་འདིར་གཟུགས་ཅན་དུ་འདོད། མདོ་སྡེ་བ་དང་དབུ་སེམས་གཉིས་ཀས་ཀྱང་སྤོང་སེམས་ས་བོན་དང་བཅས་པ་ལ་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། སོ་ཐར་གྱི་སྡོམ་པ་དེ་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གང་རུང་གིས་བསྡུས་པའི་ཆ་ལ་འཇོག་པའི་ཕྱིར། དེར་ཐལ། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་དང་། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་གསུངས་པའི་ཕྱིར། དེ་ཡང་གཙོ་བོའི་དབང་དུ་བྱས་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་བསྡུས་པ་ཡིན་ཏེ། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མ་ཡིན་གཞན། །ཞེས་གསུངས་པའི་ཕྱིར། སོ་ཐར་གྱི་སྡོམ་པ་དེ་དགེ་བར་ལུང་དུ་བསྟན་ཅིང་ཐོགས་མེད་ཀྱི་གཟུགས་ཡིན་ཏེ། མཛོད་ལས། ལུང་བསྟན་ཐོགས་པ་མེད་པའི་གཟུགས། །ཞེས་གསུངས་པའི་ཕྱིར། ཁ་ཅིག་མདོ་སྡེ་བ་སོགས་ཀྱི་ལུགས་ལ་སོ་ཐར་གྱི་སྡོམ་པའི་ངོ་བོ་འདི་ལྟར་བཞེད་དེ། མདོ་སྡེ་བས་སྤོང་སེམས་ཉིད་ལ་འདོད། ཐལ་འགྱུར་བས་གཟུགས་ཅན་དུ་འདོད་ཅེས་བཞེད་པའི་ཕྱིར། དེར་མ་ཟད་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་སོ་ཐར་གྱི་སྡོམ་པ་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་ཡོད་པར་བཞེད་པ་དང་མི་བཞེད་པའི་ཚུལ་གཉིས་ཡོད་དེ། བུ་སྟོན་རིན་ཆེན། དགེ་འདུན་གྲུབ་སོགས་ཀྱིས་ཡོད་པར་བཞེད། བསོད་གྲགས་པ་སོགས་ཀྱིས་མེད་པར་བཞེད་པའི་ཕྱིར། བཅུ་པ་གནས་ཚུལ་ཡོད་དེ། ལུས་ཀྱི་ཆ་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་གནས་པའི་ཕྱིར། ཚིག་གསུམ་རིམ་གྱིས་མནོས་པའི་དགེ་སློང་གི་རྒྱུད་ལ་སྡོམ་པ་གསུམ་པོ་དེ་ངོ་བོ་ཐ་དད་དུ་གནས་པ་ཡིན་ཏེ། མཛོད་ལས། ཐ་དད་དེ་དག་འགལ་བ་མེད། །ཅེས་གསུངས་པའི་ཕྱིར། བཅུ་གཅིག་པ་བྱེད་ལས་ཡོད་དེ། གནས་སྐབས་ལྷ་མའི་འགོ་འཕང་དང། མཐར་བྱང་ཆུབ་འགྲུབ་པའི་བྱེད་ལས་དད་ལྡན་པའི་ཕྱིར་ཏེ། དེ་ལྟར་ཡང་། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། འཐོབ་པར་འགྱུར། ཞེས་གསུངས་པའི་ཕྱིར། གཉིས་པ་གཞུང་དོན་དངོས་ལ་གསུམ་ཡོད་དེ། སྡོམ་པ་མ་ཐོབ་པ་ཐོབ་བྱེད་ཀྱི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པ་རྣམས་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། སྔོན་ཆོག་དང་། ད་ལྟར་གྱི་ཆོ་ག་གཉིས་ཡོད་པའི་ཕྱིར། དང་པོ་འཆད་པ་ལ། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས། རྒན་རིམ་ལ་ཕྱག་བཙལ་ཏེ། ཐལ་མོ་སྦྱར། ཙོག་ཙོག་པུར་འདུག་ཅིང་གསོལ་བ་བཏབ་པར་འགྱུར་བ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་བ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་འབྱུང་། མདོ་འདིས་ཁྱད་པར་དུ་མ་དང་ལྡན་པའི་སྡོམ་ཆོག་བསྟན་པ་ཡིན་ཏེ། གང་ལས་ནོད་པ། གང་གིས་ནོད་པ། ཇི་ལྟར་ནོད་པ། འབྲས་བུའི་ཁྱད་པར་རྣམས་དང་ལྡན་པའི་སྔོན་ཆོག་ཞིག་བསྟན་པའི་ཕྱིར། དང་པོ་ཡོད་དེ། མཚམས་ནང་གཅིག་ཏུ་གཏོགས་པའི་དགེ་འདུན་ཐམས་ཅད་འདུས་པ་ལས་ནོད་པར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། བསྒྲུབ་བྱ་ཆ་ལུགས་སྐྲ་བྲེག་ཆོས་གོས་གསུམ་གྱོན་པའི་ཆ་ལུགས་སུ་བྱས་ཏེ། དགེ་འདུན་རྒན་རིམ་ནས་ཕྱག་གསུམ་གསུམ་བཙལ་ནས། སྤྱོད་ལམ་ཙོག་པུར་འདུག་ཅིང་རང་ཉིད་ཀྱིས་གསོལ་བ་ལན་གསུམ་འདེབས་པར་བྱེད་པའི་ཕྱིར། གསུམ་པ་ཡོད་དེ། །གསོལ་བཞིའི་ལས་ཀྱིས་སྒྲུབ་པར་བྱེད་པའི་ཕྱིར། བཞི་པ་ཡོད་དེ། རབ་བྱུང་དང་བསྙེན་རྫོགས་གཉིས་ཅིག་ཅར་དུ་སྒྲུབ་པར་བྱེད་དགོས་པའི་ཕྱིར། སྡོམ་ཆོག་ལ་ཁྱད་པར་དེ་ལྟ་བུ་ཞིག་དགོས་ཀྱི། གཞན་དུ་མ་ཡིན་ནོ་ཞེས་འཆད་པ་ལ་དེ་ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་གསུངས་པ་ཡིན་ཏེ། འདིའི་རྒྱ་ཆེར་འགྲེལ་ལས། ལྟ་བུ་ཞེས་བྱ་བའི་སྒྲ་ནི་རྣམ་པའི་ཚིག་སྟེ། སྔོན་གྱི་ཆོ་ག་ནི་རྣམ་པ་དེ་ལྟ་བུར་རིག་པར་བྱའི་རྣམ་པ་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། འོ་ན་ལུང་ལས་སྔོན་ཆོག་བཅུའི་རྣམ་གཞག་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལུང་ལས། སངས་རྒྱས་བཅོམ་ལྡན་འདས་དང་རང་རྒྱལ་དགྲ་བཅོམ་པ་རབ་བྱུང་གིས་བསྙེན་པར་རྫོགས་པ་དང་། ལྔ་སྡེ་ཡེ་ཤེས་ཁོང་ཆུད་དང་། བཟང་སྡེའི་ཚོགས་སྐྱབས་གསུམ་ཁས་ལེན་གྱིས་དང་། ཤཱ་རིའི་བུ་སོགས་ཚུར་ཤོག་གིས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་ལེན་གྱིས་དང་། ལེགས་སྦྱིན་དྲི་བས་མཉེས་པས་དང་། མཆོད་སྦྱིན་མ་འཕྲིན་གྱིས་དང་། སྐྱེ་རྒུའི་བདག་མོ་སོགས་ལྕི་བའི་ཆོས་ཀྱིས་དང་། ཡུལ་དབུས་སུ་བཅུ་ཚོགས་དང་། མཐའ་འཁོབ་ཏུ་ལྔ་ཚོགས་ཀྱིས་བསྙེན་པར་རྫོགས་ཚུལ་བཅུ་གསུངས་པ་རྣམས་ལ་འདིར་བཤད་པའི་སྔོན་ཆོག་གི་ཁྱད་པར་དེ་ལྟ་བུ་མེད་པས་སྔོན་ཆོག་ཏུ་མི་འཐད་པའི་ཕྱིར། གཞན་ཡང་དེ་མི་འཐད་དེ། སྐྱེ་རྒུའི་བདག་མོས་མཁན་མོས་བྱས་ནས་ཨུཏྤལའི་མདོག་འཕྲིན་པ་བཏང་སྟེ་མཆོད་སྦྱིན་མ་ད་ཆོག་གི་སྒོ་ནས་བསྙེན་པར་རྫོགས་པའི་ཕྱིར། སྔོན་ཆོག་ནི། ད་ལྟར་གྱི་ཆོ་གའི་སྔོན་དུ་བྱུང་ཡང་། དེའི་སྔ་རོལ་དུ་བྱུང་བ་ཙམ་གྱིས་སྔོན་ཆོག་ཏུ་མི་འགྱུར་ཏེ། ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་སོགས་ད་ཆོ ག་གི་སྔ་རོལ་ཏུ་བྱུང་ཡང་། དེ་དག་སྔོན་ཆོག་མ་ཡིན་པའི་ཕྱིར། ཆོ་ག་གཉིས་གནང་བའི་དུས་མཚམས་ཀྱང་ཡོད་དེ། སྔོན་ཆོག་ནི། སྟོན་པ་སངས་རྒྱས་པའི་རྣམ་པ་བསྟན་ནས་ལོ་ལྔའི་ནང་ཚུན་ཆད་དུ་བྱུང་ལ། ལོ་དྲུག་པ་ནས་ད་ལྟར་གྱི་ཆོ་ག་གནང་བའི་ཕྱིར། གཉིས་པ་ད་ལྟར་གྱི་ཆོ་ག་འཆད་པ་ལ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར། དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་སོགས་ཀྱི་གཞུང་འདི་བྱུང་། འདིར་བསྟན་པའི་ཆོ་གའི་ངོ་བོ་ལ་གཉིས་ཡོད་དེ། ཚིག་སྔ་མ་དགེ་ཚུལ་དུ་གྲུབ་པའི་ཆོ་ག་དང་། ཕྱི་མ་བསྙེན་པར་རྫོགས་པའི་ཆོ་ག་གཉིས་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། སྦྱོར་བ་རབ་ཏུ་འབྱུང་བ་དང་། དངོས་གཞི་དང་། འཕྲོས་དོན་བླ་མའི་རྣམ་གཞག་སོགས་བསྟན་པ་གསུམ་ཡོད་པའི་ཕྱིར། དང་པོ་རབ་བྱུང་དུ་བསྒྲུབ་པའི་སྔོན་དུ་དགེ་བསྙེན་གྱི་སྡོམ་པ་ལེན་དགོས་ཏེ། མདོར། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པར་ཕྱི་མ་མི་བྱའོ། །ཞེས་གསུངས་པའི་ཕྱིར། ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་དེ་ལྟར་ཡིན་ཀྱང་། དགེ་བསྙེན་གྱི་སྡོམ་པ་མ་ཐོབ་པར་དགེ་ཚུལ་གྱི་སྡོམ་པ་མི་སྐྱེ་བ་ནི་མ་ཡིན་ཏེ། སྐྱེ་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར་ཏེ། མདོར། ཚིག་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་བར་མ་རབ་བྱུང་དུ་མ་བསྒྲུབས་པར་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་མེད་ཟེར་བ་ནི་མི་འཐད་དེ། མཁན་པོ་མེད་པར་དགེ་སློང་གི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། མདོ་རྩ་བར། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ལ་ཡང་ངོ་ཞེས་གསུངས་པའི་ཕྱིར་དང་། སྔོན་ཆོག་ལ་རབ་བྱུང་བསྙེན་རྫོགས་ཅིག་ཅར་དུ་སྒྲུབ་པར་བྱེད་པའི་ཕྱིར། དགེ་བསྙེན་གྱི་དེ་མ་ཐག་དགེ་ཚུལ་དང་དགེ་ཚུལ་གྱི་དེ་མ་ཐག་བསྙེན་པར་རྫོགས་པར་བྱར་རུང་དམ་ཞེ་ན། དེ་ལྟར་རུང་བ་ཡོད་དེ། ཁྱིམ་པ་ལོ་ཉི་ཤུ་ལོན་པ་ཞིག་གིས་དེ་ལྟར་དུ་བླང་རུང་བའི་ཕྱིར་ཏེ། དེ་ལྟ་བུ་ལ་ཆོས་གོས་རྣམ་གསུམ་སོགས་ཚང་ན་རབ་ཏུ་འབྱུང་རུང་བའི་ཕྱིར་ཏེ། དེ་ལྟར་ཡང་། ཕྲན་ཚེགས་ལས་ཡོ་བྱད་དྲུག་ཚང་ན་རབ་ཏུ་དབྱུང་བར་བྱའོ་ཞེས་གསུངས་པའི་ཕྱིར། དགེ་ཚུལ་མ་དེ་མ་ཐག་བསྙེན་རྫོགས་བྱར་མི་རུང་སྟེ། དེས་བསྙེན་པར་རྫོགས་པའི་གོང་དུ་དགེ་སློང་མའི་སྡོམ་པ་ལེན་དགོས་པའི་ཕྱིར། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ལེན་ཚུལ་ཡོད་དེ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་སོགས་ཀྱིས་སྐྱབས་འགྲོ་ཙམ་བྱེད་དུ་བྱས་ནས། དགེ་བསྙེན་དང་དགེ་ཚུལ་ཉིད་དུ་ཁས་ལེན་པའི་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བླང་བར་བྱ་བའི་ཕྱིར། དེའི་འོག་ཏུ་བསླབ་པ་གང་བརྗོད་པའི་ཚུལ་ཡོད་དེ། དགེ་བསྙེན་ལ་སྤང་བྱ་ལྔ་སྤོང་བའི་བསླབ་པ་དང་། དགེ་ཚུལ་ལ་སྤང་བྱ་བཅུ་སྤོང་བའི་བསླབ་པ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། རབ་ཏུ་བྱུང་བའི་ཕྱིར་དགེ་བསྙེན་དུ་བསྒྲུབ་པའི་སྔ་རོལ་ནས་མཁན་པོར་འོས་པའི་དགེ་སློང་གིས་བསྒྲུབ་བྱ་ལ་བར་ཆད་ཡོད་མེད་དྲིས་ནས་དག་པའི་ཚེ་ཁོ་བོས་ཁྱེད་རབ་ཏུ་དབྱུང་ངོ་ཞེས་སྐབས་དབྱེ་བར་བྱ་སྟེ། བར་ཆད་ཅན་རབ་ཏུ་བྱུང་ན་སྡོམ་པ་མི་སྐྱེ་བའམ། སྐྱེས་ནའང་རིང་དུ་མི་གནས་པའི་རྐྱེན་ཡོད་པས་ཉེས་པར་འགྱུར་བའི་ཕྱིར། དགེ་བསྙེན་དུ་བསྒྲུབས་ནས་དགེ་སློང་གཞན་ཞིག་ལ་གཏད་པར་བྱ་དགོས་ཏེ། གཏད་པའི་དགེ་སློང་དེས་དགེ་འདུན་ལ་ཞུས་ནས་གནང་བ་ཐོབ་དགོས་པའི་ཕྱིར། ཞུ་ཡུལ་ཡོད་དེ། དགེ་འདུན་རྣམས་ལྷན་ཅིག་འདུས་པའམ། གནས་ཁང་སོ་སོ་ན་འདུག་ཀྱང་ལེགས་པར་ཞུ་བར་བྱ་བ་ཡིན་པའི་ཕྱིར། དགེ་འདུན་དེ་དག་གིས་ཀྱང་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་དགོས་ཏེ། མ་བརྗོད་ན་ཉེས་བྱས་སུ་འགྱུར་བའི་ཕྱིར། བསྒྲུབ་བྱ་དེས་མཁན་པོར་འོས་པའི་དགེ་སློང་ལ་གསོལ་བ་ལན་གསུམ་གདབ་དགོས་ཏེ། དེ་མ་བཏབ་ན་མཁན་པོར་མི་འགྱུར་པའི་ཕྱིར། དེའི་འོག་ཏུ་ཇི་ལྟར་བྱ་བ་ཡོད་དེ། སྐྲ་དང་ཁ་སྤུ་བྲེག་ཅིང ་། ཁྲུས་བྱ་བ་དང་། ཆོས་གོས་སྦྱིན་པ་དང་། མཚན་བརྟག་པ་རྣམས་བཤད་པ་བཞིན་བྱ་བ་ཡིན་པའི་ཕྱིར། དེ་ནས་རབ་བྱུང་དུ་བསྒྲུབ་དགོས་ཏེ། བརྗེ་བ་རྣམ་གསུམ་བྱས་པའི་སྒོ་ནས་དགོངས་གསོལ་སྔོན་དུ་འགྲོ་བས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་བསྒྲུབ་པར་བྱ་བའི་ཕྱིར། བར་མ་རབ་བྱུང་གི་ཚུལ་ཁྲིམས་དེ་རབ་བྱུང་གི་ཚུལ་ཁྲིམས་ཡིན་ཀྱང་སྡོམ་པ་མ་ཡིན་ཏེ། དེ་ལ་སྡོམ་པར་བཏགས་པ་ཙམ་ཡིན་པའི་ཕྱིར། དེར་ཐལ་རབ་བྱུང་གི་སྡོམ་པ་ལ་རྩ་བཞི་སྲུང་བར་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ། བསྒྲུབ་བྱ་དེ་རབ་བྱུང་བྱས་ནས་དགེ་སློང་གཞན་ཞིག་ལ་གཏད་པར་བྱ་དགོས་ཏེ། གཏད་པ་དེས་དགེ་ཚུལ་དུ་བསྒྲུབ་དགོས་པའི་ཕྱིར། སྤྱིར་རབ་བྱུང་གི་མཁན་པོ་དེ་ཉིད་ཀྱིས་བསྒྲུབ་བྱ་དེ་དགེ་ཚུལ་དུ་བསྒྲུབ་མི་རུང་ཡང་བསྒྲུབ་ཀྱང་སྡོམ་པ་མི་སྐྱེ་བ་ནི་མ་ཡིན་ཏེ། སྐྱེ་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར། གཏད་པའི་དགེ་སློང་དེས་དེར་བསྒྲུབ་ཚུལ་ཡོད་དེ། བར་ཆད་དྲིས་ནས་དག་པར་ཁས་བླངས་ན་དགེ་ཚུལ་དུ་བསྒྲུབ་པར་བྱ་བའི་ཕྱིར། བསྙེན་པར་རྫོགས་པར་བྱེད་ན་དགེ་ཚུལ་གྱི་དེ་མ་ཐག་བསླབ་པ་བརྗོད་པ་དང་གྲིབ་ཚོད་གཞལ་མི་དགོས་ཏེ། བསྙེན་རྫོགས་ཀྱི་རྗེས་སུ་ཐུན་མོང་དུ་བྱར་རུང་བའི་ཕྱིར། གསུམ་པ་འཕྲོས་དོན་བླ་མའི་རྣམ་གཞག་སོགས་ལ། འདིར་བླ་མ་དེ་ལ་མང་དུ་ཡོད་དེ། སློབ་དཔོན་ལྔ་དང་། མཁན་པོ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་ཚུལ་གྱི་སློབ་དཔོན། གསང་སྟེ་སྟོན་པའི་སློབ་དཔོན། ལས་བྱེད་པའི་སློབ་དཔོན། གནས་སྦྱིན་པའི་སློབ་དཔོན། ཀློག་པའི་སློབ་དཔོན་རྣམས་སུ་ཡོད་པའི་ཕྱིར། སློབ་དཔོན་དེ་རྣམ་སོ་སོར་གྱུར་བའི་དུས་ཡོད་དེ། རང་རང་གི་སྐབས་ཀྱི་བྱ་བའི་གཙོ་བོ་གྲུབ་པ་ན་དེར་འགྱུར་བའི་ཕྱིར། དེ་དག་གི་ནང་ནས་ལས་སློབ་ཏུ་གྱུར་བའི་དུས་མཚམས་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་འབོག་པའི་ཆོ་ག་ལ་གསོལ་བ་གཅིག་དང་བརྗོད་པ་གསུམ་ཡོད་པའི་བརྗོད་པ་ཐ་མ་ལའང་ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པ་དང་གསུམ་ཡོད་པའི་ནང་ཚན་བྱ་བ་བརྗོད་པ་རྫོགས་ནས་བྱེད་པ་བརྗོད་ནས་བྱེད་པ་བརྗོད་པའི་དུས་དེར་འགྱུར་བའི་ཕྱིར། གསང་སྟོན་དུ་གྱུར་པའི་དུས་ཡོད་དེ། གསང་སྟོན་གྱི་བྱ་བ་ཕལ་ཆེར་རྫོགས་པ་ན་དེར་འགྱུང་བའི་ཕྱིར། གནས་ཀྱི་སློབ་དཔོན་དུ་འགྱུར་བའི་དུས་ཡོད་དེ། གནས་སུ་བཟུང་བའི་ཆོ་ག་བྱས་པའི་སྒོ་ནས་གནས་པ་སློབ་མ་དེ་ལ་གནས་མེད་ཀྱི་ཉེས་པ་ཞག་ཅིག་བཀག་པའི་ཆ་ནས་དེར་འགྱུར་བའི་ཕྱིར། ཀློག་པའི་སློབ་དཔོན་དུ་གྱུར་བའི་དུས་ཡོད་དེ། བཀའ་འམ་དེའི་དགོངས་འགྲེལ་ཚིག་བཅད་གཅིག་གི་ཚད་དུ་ལོངས་པའི་བཅད་ལྷུག་གང་རུང་ལན་གསུམ་བཟླས་པ་ན་དེར་འགྱུར་བའི་ཕྱིར། སློབ་དཔོན་དེ་དག་ཏུ་ངེས་པ་ཡང་མ་ཡིན་ཏེ། དགེ་བསྙེན་གྱི་སློབ་དཔོན། དགེ་སློང་མའི་སློབ་དཔོན་ཀྱང་ཡོད་པའི་ཕྱིར། གཉིས་པ་མཁན་པོ་ལ་གཉིས་ཡོད་དེ། རབ་བྱུང་གི་མཁན་པོ་དང་། བསྙེན་རྫོགས་ཀྱི་མཁན་པོ་གཉིས་ཡོད་པའི་ཕྱིར། དེར་གྱུར་པ་འདུས་ཀྱང་ཡོད་དེ། མཁན་པོར་ལན་གསུམ་གསོལ་བ་བཏབ་ནས་ཁས་བླངས་པ་ན་དེར་འགྱུར་བའི་ཕྱིར། མཁན་སློབ་ཏུ་འོས་པ་ཡིན་ན། དེ་དག་ཡིན་པས་ཁྱབ་སྟེ། མཁན་སློབ་ཀྱི་སྟ་གོན་དུ་གནས་པའི་དགེ་སློང་རྣམ་དག་ཐ་སྙད་གསུམ་དང་ལྡན་པ་སོགས་ཀྱི་ཆོས་དྲུག་ཚང་བ་དེ་དང་དེ་དག་ཏུ་འོས་པ་ཡིན་ཀྱང་། དེ་དག་དངོས་མ་ཡིན་པའི་ཕྱིར། ཆོས་དྲུག་ཀྱང་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པའི་སྟེང་དུ་ལྟ་བ་དང་མཚན་མཐུན་པ། སྨྲ་ཤེས་དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ་སྟེ་ཐ་སྙད་གསུམ་དང་། ས་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ་རྣམས་ཡིན་པའི་ཕྱིར། རང་གི་མཁན་སློབ་གཉིས་ལ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་ཁྱད་པར་དུ་བྱས་པའི་སྒོ་ནས་བརྗོད་དགོས་ཏེ། གཞན་དུ་ན་ཉེས་པར་འགྱུར་པའི་ཕྱིར། འོ་ན་དགེ་བསྙེན་སོགས་ལ་དབྱེ་བ་ཇི་ལྟར་ཡོད་ཅེ་ན། དགེ་བསྙེན་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་དུ་མ་ཡོད་དེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན། སྣ་གཅིག་སྤྱོད་པའི་དགེ་བསྙེན། སྣ་འགའ་སྤྱོད་པའི་དེ། ཕལ་ཆེར་སྤྱོད་པའི་དེ། ཡོངས་རྫོགས་ཀྱི་དེ། ཚངས་སྤྱོད་ཀྱི་དེ། གོ་མིའི་དགེ་བསྙེན་རྣམས་ཡོད་པའི་ཕྱིར། དེ་དག་ནི་ནང་ནས་ཡོངས་རྫོགས་དང་ཚངས་སྤྱོད་ཀྱི་དགེ་བསྙེན་གཉིས་དགེ་བསྙེན་དངོས་ཡིན་གྱི། གཞན་རྣམས་ནི་མ་ཡིན་ཏེ། བཏགས་པ་བ་ཡིན་པའི་ཕྱིར། དགེ་བསྙེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐར་པ་ལ་ཉེ་བར་བྱེད་པས་ན་དེ་སྐད་བརྗོད་པའི་ཕྱིར། དགེ་ཚུལ་ལ་ཕ་མ་གཉིས་ཡོད་པ་ལས་གཞན་གྱི་དབྱེ་བ་མེད་ཅིང་། དགེ་ཚུལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བླ་མའི་བྱ་བ་བསྒྲུབ་པ་ལ་ངལ་ཞིང་དུབ་པར་བྱེད་པས་དགེ་ཚུལ་ལམ། དགེ་བ་ཐར་པའི་ཕྱོགས་ཀྱི་ཚུལ་སྒྲུབ་པར་བྱེད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། དགེ་སློང་ལ་སྒྲས་བརྗོད་རིགས་ཀྱིས་ཕྱེ་ན་དུ་མ་ཡོད་དེ། མིང་གི་དགེ་སློང་། ཁས་ཆེ་བའི་དེ། སློང་བའི་དེ། ཉོན་མོངས་ཟད་པའི་དེ། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་རྣམས་སུ་ཡོད་པའི་ཕྱིར། དགེ་སློང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དགེ་བ་ཐར་པའི་ཆེད་དུ་འཇུག་ཅིང་། ཚུལ་དང་མཐུན་པས་བསོད་སྙོམ་སློང་བར་བྱེད་པས་སམ། དགེ་བ་སློང་བ་སྟེ་སྒྲུབ་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར། དངོས་བཏགས་ཀྱི་ཁྱད་པར་ཡོད་དེ། ཕྱི་མ་དངོས་ཡིན་ལ། དང་པོ་བཞི་ཕལ་ཆེར་བཏགས་པ་བ་ཡིན་པའི་ཕྱིར་རོ།། །། ༈ གཉིས་པ་ཚིག་ཕྱི་མ་ད་ལྟར་གྱི་ཆོ་གའི་སྒོ་ནས་བསྙེན་པར་རྫོགས་ཚུལ་འཆད་པ་ནི། མདོར། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་སོགས་གསུངས་པ་དེའི་དོན་ཡོད་དེ། ཡུལ་གང་ལ་ནོད་པ། རྟེན་གང་གིས། དངོས་པོ་གང་། ཚུལ་ཇི་ལྟར་ནོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཁན་སློབ་གསང་སྟོན་དང་བཅས་པའི་དགེ་འདུན་ལས་ནོད་པར་བྱ་དགོས་པའི་ཕྱིར། དགེ་འདུན་ལ་ཡང་ཆོས་བཞི་ལྡན་དགོས་ཏེ། གྲངས་ཚང་བ། ཁ་སྐོང་དུ་འོས་པ། མི་མཐུན་པ་གཉིས་དང་བྲལ་བ། ལས་བྱེད་པ་དང་བཅས་པ་ཞིག་དགོས་པའི་ཕྱིར། རྟེན་གང་གིས་ནོད་པ་ལའང་ཆོས་བཞི་ལྡན་དགོས་ཏེ། ལུས། ཡོ་བྱད། བསམ་པའི་ཁྱད་པར་གསུམ་དང་། ཚིག་སྔ་མ་སྔོན་དུ་སོང་བ་རྣམས་དགོས་པའི་ཕྱིར། དང་པོ་དགོས་ཏེ། ལུས་ཀྱི་ཁྱད་པར་བར་ཆད་ཀྱི་ཆོས་དང་མི་ལྡན་ཅིང་། ལོ་ཉི་ཤུ་ལོན་པ། ཡོ་བྱད་ཀྱི་བྱེད་པར་ཆོས་གོས་གསུམ་སོགས་ཚང་བ། བསམ་པའི་ཁྱད་པར་སྡོམ་པ་ལེན་འདོད། ཐོབ་ཤེས། ངེས་པ་ལྔ་བྲལ། ངེས་འབྱུང་གི་བསམ་པ་སོགས་ཡོད་པ་རྣམས་དགོས་པའི་ཕྱིར། གཉིས་པ་ཚིག་སྔ་མ་སྔོན་དུ་འགྲོ་དགོས་ཏེ། ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་ཚིག་གསུམ་རིམ་གྱིས་ནོད་དགོས་པའི་ཕྱིར། གསུམ་པ་དངོས་པོ་གང་ནོད་པ་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་དེ་ཉིད་ནོད་པར་བྱ་བའི་ཕྱིར། བཞི་པ་ཇི་ལྟར་ནོད་པའི་ཚུལ་ཡོད་དེ། སྦྱོར་བ། དངོས་བཞི། མཇུག་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཁན་པོའི་སྟ་གོན་ལ་གནས་པ་དེས། ལས་བྱེད་པ་དང་གསང་སྟོན་དུ་འགྱུར་རྒྱུའི་དགེ་སློང་ལ་གསོལ་བ་འདེབས་པ་དང་། བསྒྲུབ་བྱས་མཁན་པོས་ཀྱང་ཆོས་གོས་ལྷུང་བཟེད་སོགས་བྱིན་གྱིས་བརླབས་ནས་དེ་ཉིད་ལ་སྟེར་བ་དང་། གསང་སྟོན་བསྐོ་བ་དང་། བསྐོས་པ་དེས་ལྐོག་ཏུ་བར་ཆད་འདྲི་བ་དང་། ནང་དུ་འོངས་ནས་དགེ་འདུན་ལ་ཞུ་བ་དང་། ལས་སློབ་ཀྱིས་བརྡ་སྤྲད་ནས་བསྒྲུབ་བྱས་དགེ་འདུན་ལ་གསོལ་བ་འདེབས་པ་དང་། གསོལ་བའི་ལས་བྱས་ནས་དགེ་འདུན་གྱི་དབུས་སུ་སླར་བར་ཆད་དྲི་བ་སོགས་ཡོད་པའི་ཕྱིར། གཉིས་པ་དངོས་གཞི་ཡོད་དེ། སྟོན་པ་མངོན་དུ་གྱུར་བ་སོགས་མངོན་གྱུར་བཅུ་ཚང་བའི་སྒོ་ནས་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་ཏེ། མངོན་གྱུར་བཅུ་པ་གསོལ་གཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་པ་ནས། འདི་ནི་གསོལ་བའོ། །ཞེས་པའི་བར་གསོལ་བའི་ལས་ལན་གཅིག་དང་། ཡང་དགེ་འདུན་བཙུན་པ་རྣམས། ཞེས་པ་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་པའི་བར་བརྗོད་པ་ལན་གསུམ་བྱས་པའི་སྒོ་ནས་བསྒྲུབ་པ་ཡིན་པའི་ཕྱིར། གསུམ་པ་འཇུག་ལ་གཉིས་ཡོད་དེ། དུས་གོ་བརྗོད་པ་དང་། གདམས་ངག་བརྗོད་པ་གཉིས་ཡོད་པའི་ཕྱིར། དང་པོ་ནི། དེ་མ ་ཐག་ཏུ་གྲིབ་ཚོད་རིགས་པར་བྱའོ་ཞེས་སོགས་ཀྱིས་འཆད་ལ། འདིའི་དོན་ལ་གཉིས་ཡོད་དེ། དངོས་དང་། འཕྲོས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ལ་ལྔ་ཡོད་དེ། ཡུལ་གང་ལ་བརྗོད་པ། རྟེན་གང་གིས། དུས་ནམ་གྱི་ཚེ། དངོས་པོ་གང་། ཚུལ་ཇི་ལྟར་བརྗོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་མ་ཐག་པའི་གང་ཟག་དེ་དག་ལ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ལས་སློབ་དང་དགེ་ཚུལ་གྱི་སློབ་དཔོན་ལས་གཞན་པའི་དགེ་སློང་ཞིག་གིས་བརྗོད་པར་བྱ་བའི་ཕྱིར། གསུམ་པ་ཡོད་དེ། ལས་ཀྱི་མཇུག་སྡུད་ཀྱི་དེ་མ་ཐག་དང་། ཐབས་ལེགས་ཀྱི་མཇུག་དེ་ཉིད་དུ་བརྗོད་པར་བྱ་བའི་ཕྱིར། བཞི་པ་དངོས་པོ་གང་བརྗོད་པ་ལ་བདུན་ཡོད་དེ། ལོ། དུས། ཟླ་བ། ཟླ་ངོ་། ཚེས། ཉིན་མཚན་གྱི་ཆ། གྲིབ་ཚོད་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བྱི་བའི་ལོ་སོགས་བཅུ་གཉིས་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། དགུན། དཔྱིད། དབྱར། དབྱར་ཐུང་ངུ་ུ། དབྱར་རིང་པོའི་དུས་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། དགུན། དཔྱིད། དབྱར། སྟོན་གྱི་ཟླ་བ་དེ་དག་ལ་རབ་འབྲིང་ཐ་གསུམ་དུ་བྱས་པ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ཡོད་དེ། ཟླ་བ་དེ་རྣམས་ལ་ཡར་ངོ་དང་མར་ངོ་གཉིས་གཉིས་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། ཚེས་གཅིག་ནས་བཅོ་ལྔའི་བར་རམ། གནམ་གང་གི་བར་ཡོད་པའི་ཕྱིར། དྲུག་པ་ཡོད་དེ། སྔ་དྲོ། གུང་། ཕྱི་དྲོ། །མཚན་མོའི་ཐུན་དང་པོ། །ཐུན་དང་པོའི་ཕྱེད། གུང་ཐུན། གུང་ཐུན་གྱི་ཕྱེད། །ཐུན་ཐ་མ། ཐུན་ཐ་མའི་ཕྱེད། སྐྱ་རེངས་ཤར་བ། མ་ཤར་བ། ཉི་མ་མ་ཤར་བ། ཉི་མ་ཤར་བ། ཉི་མ་བརྒྱད་ཆ་ཤར་བ། བཞི་ཆ་ཤར་བ། གུང་ཚིགས་མ་ཡོལ་བ། ཉི་མ་བཞི་ཆ་ལུས་པ། བརྒྱད་ཆ་ལུས་པ། ཉི་མ་མ་ནུབ་པ། ཉི་མ་ནུབ་པ། རྒྱུ་སྐར་མ་ཤར་བ། རྒྱུ་སྐར་ཤར་བ་སྟེ་ཉེར་གཉིས་ཡོད་པའི་ཕྱིར། བདུན་པ་ལ་གཉིས་ཡོད་དེ། སྐྱེས་བུ་དང་། རྐང་པའི་ཐ་སྙད་བྱས་པའི་གྲིབ་ཚོད་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། ཐུར་མ་སོར་བཞི་གྲིབ་མ་དང་བཅས་པ་ལ་སྐྱེས་བུའི་ཐ་སྙད་དང་། སོར་གཉིས་མན་ཆད་ལ་རྐང་པའི་ཐ་སྙད་དུ་བྱེད་པ་ཡིན་པའི་ཕྱིར། སྔ་མ་ལ་ཐ་སྙད་དེ་ལྟར་བྱེད་པའི་རྒྱུ་མཚན་ཡོད་དེ། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནི་ནུས་པ་དང་ལྡན་པའི་དོན་ལ་འཇུག་པས། ཐུར་མ་སོར་བཞི་པོ་དེ་ལ་གྲིབ་མ་དེ་བསྐྱེད་པའི་ནུས་པ་ཡོད་པའི་ཆ་ནས་རྒྱུ་འབྲས་གཉིས་ཀ་ལའང་དེ་ལྟར་བརྗོད་དུ་རུང་བའི་ཕྱིར། ལྔ་པ་ཚུལ་ཇི་ལྟར་བརྗོད་པ་ཡོད་དེ། གཞལ་བའི་ཚེ་ཕྲ་རིམ་ནས་བྱེད་ཀྱང་། བརྗོད་པའི་ཚེ་རགས་རིམ་ནས་བརྗོད་དགོས་པའི་ཕྱིར། ཕྱི་མ་ཡིིན་ཏེ། བསྒྲུབ་བྱའི་བློ་ཡུལ་དུ་འཆར་བདེ་བའི་ཕྱིར། གཉིས་པ་འཕྲོས་དོན་དུས་ཚིགས་ཀྱི་རྣམ་གཞག་བསྡུས་ཏེ་འཆད་པ་ལ་གཉིས་ཡོད་དེ། འཕྲོས་གཞི་དང་། འཕྲོས་པའི་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། མདོར། དེ་དག་ནི་ལྔའོ། །དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་སོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ། །དེའི་འོག་མ་ནི་ཟླ་བ་གཅིག་གོ །དེའི་འོག་མ་ནི་ཉིན་ཞག་གཅིག་གོ །ཐ་མ་ནི་དེས་ཟླ་བ་གསུམ་དུ་མ་ཆོག་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་དྲུག་ཡོད་དེ། དུས་ཚིགས་ཀྱི་ཐོག་མ། དབྱེ་བ། རང་བཞིན། དངོས་བཏགས། དུས་བཞི་འཁོར་ཚུལ། ཞར་བྱུང་དུས་ཆེན་ངོས་བཟུང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྤྱིར་ལོ་འགོ་དེ་ལ་ཧོར་ཟླ་དང་པོ་དང་གསུམ་པ་དྲུག་པ་བརྒྱད་པ་བཅུ་གཅིག་པ་སོགས་ནས་འཛིན་པ་ཡོད་ཀྱང་། །འདིར་ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་ལོ་འགོ་དང་དུས་འགོ་འཛིན་རིགས་པའི་ཕྱིར་ཏེ། དེ་ཉིད་མགོ་ཟླ་བའི་མར་ངོའི་ཚེས་གཅིག་ཡིན་པ་གང་ཞིག །དེའི་མར་ངོའི་ཚེས་གཅིག་ནས་ལོ་འགོ་དང་དུས་འགོ་འཛིན་རིགས་པའི་ཕྱིར་ཏེ། དགུན་ཟླ་ར་བའི་མར་ངོའི་ཚེས་གཅིག་ལ་ལོ་འགོ་འཛིན་རིགས་པ་གང་ཞིག །མགོ་ཟླ་བ་དེ་དགུན་ཟླ་ར་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གཏེར་ལས། སྨལ་པོ་ཞེས་བྱ་ལོ་ཡི་འགོ ། ཞེས་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། སྨིན་དྲུག་ཟླ་བ་ནས་སྟོན་ཟླ་ཐ་ཆུང་རྫོགས་པའི་ཕྱིར། གཉིས་པ་དབྱེ་བ་ཡོད་དེ། མགོ་རྒྱལ་སོགས་ཉ་ལ་འབྱུང་བའི་དབང་དུ་བྱས་པའི་མགོ་ཟླ་བ་སོགས་གཅུ་གཉིས་ཡོད་པའི་ཕྱིར། གསུམ་པ་ལ་གཉིས་ཡོད་དེ། ཞག་གསུམ་གྱི་དབྱེ་བ་སྤྱིར་བསྟན་པ་དང་། དུས་ཚིགས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། དངོས་དང་། དགོས་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། ཁྱིམ་ཞག །ཉིན་ཞག །ཚེས་ཞག་གསུམ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། ཁྱིམ་གྱི་དབྱེ་བ་དང་། ཡུལ་ཆད་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཞུ་ཆུ་སྲིན་བུམ་པའི་ཁྱིམ་གསུམ། རྟ་ལུག་གླིང་གི་ཁྱིམ་གསུམ། འཁྲིག་པ་གརྐ་ཊསེངྒེའི་ཁྱིམ་གསུམ། བུ་མོ་སྲང་སྡིག་པའི་ཁྱིམ་གསུམ་སྟེ་བཅུ་གཉིས་ཡོད་པའི་ཕྱིར། དེ་དག་དུས་དང་སྦྱོར་ཚུལ་ཡོད་དེ། དང་པོ་གསུམ་དགུན་དུས་ཀྱི་ཁྱིམ། གཉིས་པ་གསུམ་དཔྱིད། གསུམ་པ་གསུམ་དབྱར། བཞི་པ་གསུམ་སྟོན་དུས་ཀྱི་ཁྱིམ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཉི་མས་རྒྱུ་སྐར་གཉིས་དང་བཞི་ཆ་རེ་ལ་རང་འགྲོས་ཀྱི་ཚུལ་གྱིས་གཡོན་སྐོར་དུ་ལོངས་སྤྱོད་པའི་ཡུན་ཚན་རེ་ལ་ཁྱིམ་རེ་རེར་འཇོག་པའི་ཕྱིར་ཏེ། ཉི་མས་རྒྱུ་སྐར་ཉེར་བདུན་ལ་རང་འགྲོས་ཀྱིས་ལོངས་སྤྱོད་པའི་ཡུམ་ཚད་དེ་ལ་ཁྱིམ་བཅུ་གཉིས་སུ་འབྱེད་པ་ཡིན་པའི་ཕྱིར་ཏེ། དེ་སྐད་དུའང་། སྣུབས་སྐར་ནས་བཟུང་ཆུ་སྨད་བཞི་ཆ་གཞུ། ཞེས་པ་ནས། ས་གའི་བཞི་ཆ ་སྣོན་རྫོགས་སྡིག་པའི་ཁྱིམ། ཞེས་པའི་བར་གྱི་འབྱུང་བ་བཞིན་ཡིན་པའི་ཕྱིར། ཁྱིམ་ལོ་རེ་རེ་ལ་ཁྱིམ་ཞག་ཅི་ཙམ་རེ་འབྱུང་བ་ཡོད་དེ། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་རེ་འབྱུང་བའི་ཕྱིར་ཏེ། ཁྱིམ་ཟླ་རེ་ལ་ཁྱིམ་ཞག་སུམ་ཅུ་རེ། ཁྱིམ་ཞག་རེ་ལ་ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་ལྔ་བཅུ་རེ་རྗེས་འབྲང་དང་བཅས་པ་ཡོད་པའི་ཕྱིར། གཉིས་པ་ཉིན་ཞག་འཇོག་ཚུལ་ཡོད་དེ། འཛམ་གླིང་འདི་ལྟ་བུར་ད་ནང་སྐྱ་རེངས་མ་ཤར་གྱི་བར་ལ་འཇོག་པའི་ཕྱིར། དེ་ལ་ཆུ་ཚོད་ཅི་ཙམ་འབྱུང་བ་ཡོད་དེ། དྲུག་ཅུ་རེ་མཉམ་པར་འབྱུང་བའི་ཕྱིར། ཉིན་ཞག་གི་ལོ་ལ་ཉིན་ཞག་ཅི་ཙམ་འབྱུང་བ་ཡོད་དེ། སུམ་བརྒྱ་དྲུག་ཅུ་འབྱུང་རིགས་པའི་ཕྱིར། འོན་ཀྱང་ཁྱིམ་ལོའི་དབང་དུ་བྱས་པའི་ཚེ་ལོ་གཅིག་ལ་ཉིན་ཞག་བརྒྱ་དྲུག་ཅུ་རྩ་ལྔ་འབྱུང་སྟེ། དེ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་པ་གང་ཞིག །དེ་སུམ་བརྒྱ་དྲུག་ཅུ་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་འབྱུང་བའི་ཕྱིར་ཏེ། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་འདས་པའི་ཚེ་ཉིན་ཞག་ཀྱང་དེ་ཙམ་ཞིག་འདས་པའི་སྟེང་ནས་ཆུ་ཚོད་སུམ་བརྒྱ་ལྷག་པ་གང་ཞིག །ཆུ་ཚོད་སུམ་བརྒྱ་ལ་ཉིན་ཞག་ལྔར་ལོངས་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱིམ་ཞག་རེ་རེ་ནི། ཉིན་ཞག་རེ་རེ་ལས་ཆུ་སྲང་ལྔ་བཅུ་རེ་ལྷག་པ་གང་ཞིག །ཆུ་སྲང་ལྔ་བཅུ་བ་ཚན་པ་སུམ་བརྒྱ་དྲུག་ཅུ་རྗེེས་འབྲང་དང་བཅས་པ་བསྡོམས་པ་ལ་ཆུ་ཚོད་སུམ་བརྒྱ་འབྱུང་བའི་ཕྱིར། གསུམ་པ་ཚེས་ཞག་ཡོད་དེ། ཟླ་བའི་ཡར་ངོ་དང་མར་ངོའི་འཕེལ་འགྲིབ་བྱེད་པའི་ཆའི་ཡུན་ཚད་ལ་འཇོགས་པའི་ཕྱིར་ཏེ། ཟླ་བའི་ཡང་ངོ་ལ་འཕེལ་ཆ་བཅོ་ལྔ་དང་མར་ངོ་ལ་འགྲིབ་ཆ་བཅོ་ལྔ་ཡོད་པའི་ཆ་རེའི་ཡུལ་ཚད་ལ་ཚེས་ཞག་རེ་རེར་འཇོག་པའི་ཕྱིར། དེ་ཡང་ཡིན་ཏེ། ཟླ་བའི་རྒྱར་དཔག་ཚད་ལྔ་བཅུ་ཡོད་ཅིང་། དཔག་ཚད་གསུམ་དང་སུམ་ཆ་གཅིག་འཕེལ་འགྲིབ་བྱེད་པའི་ཡུལ་ཚད་རེ་ལ་ཆུ་ཚོད་ང་དགུ་རེ་འབྱུང་བ་དེ་ལ་ཚེས་ཞག་རེར་འཇོག་པའི་ཕྱིར། ཚེས་ལོ་གཅིག་ལ་ཚེས་ཞག་ཅི་ཙམ་འབྱུང་བ་ཡོད་དེ། སུམ་བརྒྱ་དྲུག་ཅུ་རེ་འབྱུང་རིགས་པའི་ཕྱིར། དེ་ལྟར་ཡིན་ཀྱང་ཁྱིམ་ལོ་གཅིག་ལ་ཚེས་ཞག་སུམ་བརྒྱ་དོན་གཅིག་རྗེས་འབྲང་དང་བཅས་པ་ཡོད་དེ། དེ་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་ཡོད་པ་གང་ཞིག །ཉིན་ཞག་དེ་ཙམ་ཞིག་ལ་ཚེས་ཞག་སུམ་བརྒྱ་དོན་གཅིག་རྗེས་འབྲང་དང་བཅས་པ་འབྱུང་བའི་ཕྱིར་ཏེ། ཉིན་ཞག་སུམ་བརྒྱ་རེ་ལྔ་འདས་པའི་ཚེ་ཚེས་ཞག་ཀྱང་དེ་ལྟར་འདས་པའི་རྗེས་སུ་ཆུ་ཚོད་སུམ་བརྒྱ་དྲུག་ཅུ་རྩ་ལྔས་ལྷག་པ་གང་ཞིག །ཆུ་ཚོད་དེ་ཙམ་ཞིག་གི་ཚད་ལ་ཚེས་ཞག་དྲུག་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། ཉིན་ཞག་ནི་ཚེས་ཞག་རེ་ལས་ཆུ་ཚོད་རེས་ལྷག་པ་ཡིན་པའི་ཕྱིར། དེས་ན་ཉིན་ཞག་གི་ལོ་གཅིག་ལ་ནི་ཚེས་ཞག་སུམ་བརྒྱ་རེ་དྲུག་ལྷག་ཙམ་ཞིག་འབྱུང་བ་ཡང་ཐོབ་བོ། །འོ་ན། དེ་དག་ལས་གང་དབང་བཙན་ཞེ་ན། ཡོད་དེ། སྤྱིར་ཞག་ལ་ཉིན་ཞག་དབང་བཙན་ཡང་། ཟླ་བ་ལ་ཚེས་ཟླ་དང་། ལོ་ལ་རེ་ཞིག་ཏུ་ཚེས་ལོ་དབང་བཙན་པའི་ཕྱིར་ཏེ། གནམ་གང་ཡོད་མེད་དང་། ད་ལྟའི་ལོར་འཇོག་པ་ཡང་དེའི་དབང་དུ་བྱེད་པ་ཡིན་པའི་ཕྱིར། དོན་ལ་ཁྱིམ་ལོ་དབང་བཙན་པ་ཡིན་ཏེ། དེ་ལ་བགྲོད་གཉིས་མཐར་ཐུག་འོང་ཞིང་། ཟླ་བཤོལ་འདོར་བ་ནི་དེའི་དབང་གིས་ཡིན་པའི་ཕྱིར། གཉིས་པ་དགོས་པ་ཡོད་དེ། ཞག་གསུམ་གྱི་རྣམས་དབྱེ་སོགས་ལེགས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་དུས་ཚིགས་ཀྱི་དབྱེ་བའི་དང་བཞིན་ཡོད་དེ། དུས་ཚིགས་ལ་གསུམ་དང་། བཞི་དང་། ལྔ་དང་། དྲུག་ཏུ་དབྱེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགུན་དཔྱིད་དབྱར་གྱི་ཟླ་བ་སྟེ་བཞི་བཞི་ཡོད་པའི་ཕྱིར། དེ་དག་གི་མཚན་ཉིད་ཡོད་དེ། མགོ་རྒྱལ་ཆུ་དབོའི་ཟླ་བ་བཞི་དང་པོ་དང་། ནག་པ་ས་ག་སྣྲོན་ཆུ་སྟོད་ཀྱི་ཟླ་བ་བཞི་གཉིས་པ་དང་། གྲོ་བཞིན་ཁྲུམས་། སྐར་སྨིན་དྲུག་གི་ཟླ་བ་བཞི་གསུམ་པ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དགུན་དཔྱིད་དབྱར་སྟོན་གྱི་དུས་བཞི་པོ་རེ་རེར་ཟླ་བ་རབ་འབྲིང་ཐ་གསུམ་དུ་འབྱེད་པའི་ཕྱིར། དེ་དག་གི་མཚན་ཉིད་ཡོད་དེ། མགོ་ཟླ་སོགས་གསུམ་གསུམ་དུ་བགོས་པས་འགྲུབ་པའི་ཕྱིར། གསུམ་པ་ཡོད་དེ། དགུན་ཟླ་བཞི། དཔྱིད་ཟླ་བཞི། དབྱར་ཟླ་གསུམ། སྟོན་ར་བའི་མར་ངོའི་ཚེས་གཅིག །ལྷག་མ་ཟླ་བ་གསུམ་དུ་ཞག་གཅིག་གིས་ཆོག་པ་རྣམས་སུ་ཡོད་པའི་ཕྱིར། ཟླ་བ་དེ་དག་སོ་སོའི་མཚན་གཞིི་ཡོད་དེ། སྔར་གྱི་རིགས་པས་ཤེས་པའི་ཕྱིར། བཞི་པ་ཡོད་དེ། དགུན་སྟོད་ཀྱི་ཟླ་བ་གཉིས། དེ་བཞིན་དུ་དགུན་སྨད། དཔྱིད་སོ་ག །དབྱར་སྟོན་དང་བཅས་པ་ལ་སྦྱར་བ་རྣམས་སུ་ཡོད་པའི་ཕྱིར། མཚན་གཞི་ཡོད་དེ། དུས་ཚིག་ལ་གསུམ་དུ་ཕྱེ་བའི་ཟླ་བ་བཅུ་གཉིས་ལ་ཉིན་མཚན་དུ་ཕྱེ་བས ་དེ་ལྟར་འགྱུར་བའི་ཕྱིར། ཕྱེ་བ་ལ་དགོས་པ་ཡོད་དེ། གསུམ་དུ་ཕྱེ་བ་ནི་ཕྱག་དར་ཁྲོད་ཀྱི་གོས་ངོས་ཟིན་པའི་ཆེད་དང་། བཞིར་ཕྱེ་བ་ནི། འཇིག་རྟེན་པ་དང་སྒོ་བསྟུན་ནས་ར བ་འབྲིང་ཐ་གསུམ་དུ་ཕྱེ་བ་དང་། ལྔར་ཕྱེ་བ་ནི་དབྱར་ཕྱི་མ་ཁས་ལེན་པའི་ཉིན་ཞག་དེ་ཤེས་པའི་དགོས་པ་དང་། དྲུག་ཏུ་ཕྱེ་བ་ནི་གསོ་སྦྱོང་ཞག་མི་ཐུབ་འབྱུང་བའི་དུས་ཤེས་པའི་ཆེད་ཡིན་པའི་ཕྱིར། བཞི་པ་དངོས་བཏགས་ཀྱི་ཁྱད་པར་ལ། ཁ་ཅིག །དུས་ཚིག་ལ་བཞིར་ཕྱེ་བ་དེ་མཚན་ཉིད་པ་ཡིན་ཞིང་། གསུམ་དུ་ཕྱེ་བ་ནི་བཏགས་པ་བ་ཡིན་ཏེ། དེ་ལྟར་མ་ཡིན་ན། དགུན་ཟླ་དང་དཔྱིད་ཟླའི་གཞི་མཐུན། དབྱར་ཟླ་དང་སྟོན་ཟླའི་གཞི་མཐུན་ཡོད་པར་འགྱུར་བའི་ཕྱིར། དེར་ཐལ། དབོ་ཟླ་བ་དེ་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དགུན་ཟླ་ཡིན་ཞིང་། བཞིར་ཕྱེ་ཚེ་དཔྱིད་ཟླ་ར་བ་ཡིན་པའི་ཕྱིར་དང་། སྨིན་དྲུག་གི་ཟླ་བ་དེ་ཡང་། དབྱར་སྟོན་གྱི་གཞི་མཐུན་དུ་འགྱུར་བའི་ཕྱིར། ཕྱི་མ་དེར་ཐལ། དེ་གསུམ་དུ་ཕྱེ་བའི་དབྱར་ཟླ་དང་། བཞིར་ཕྱེ་བ་སྟོན་ཟླ་ཡིན་པའི་ཕྱིར་ཟེར་ཡང་། རང་ལུགས་དུས་ཚིགས་ལ་གསུམ་བཞི་ལྔ་དྲུག་ཏུ་ཕྱེ་བ་བཞི་ཀའང་མཚན་ཉིད་པ་ཡིན་ནོ། །འོན་ཀྱང་དགུན་ཟླ་དང་དཔྱིད་ཟླ་མི་འགལ་ལ། དབྱར་སྟོན་གཉིས་ཀྱང་མི་འགལ་ཏེ། སྔར་འཕངས་པའི་ཟླ་བ་དེ་གཉིས་རིམ་པ་བཞིན་དུ། དགུན་དཔྱིད་གཉིས་དང་། དབྱར་སྟོན་གཉིས་སུ་ཁས་བླངས་ཆོག་པའི་ཕྱིར། བཞི་པ་དུས་བཞི་འཁོར་ཚུལ་ལ། ཁ་ཅིག ། དུས་བཞི་པོ་གླིང་བཞི་ཅིག་ཅང་དུ་འཁོར་བ་ཡིན་ཏེ། འཛམ་བུ་གླིང་ན་དགུན་ཡོད་པའི་དུས་སུ་གླིང་གཞན་གསུམ་ནའང་དགུན་ཡོད། འདི་ནང་དབྱར་ཡོད་པའི་ཚེ་གཞན་གསུམ་ན འང་དབྱར་ཁོ་ན་ཡོད་པའི་ཕྱིར་ཟེར་བ་ནི། མི་འཐད་དེ། གླིང་བཞིར་དུས་བཞི་རིམ་གྱིས་ཁོར་ཡུག་ཏུ་ཡོད་པའི་ཕྱིར་ཏེ། འཛམ་བུའི་གླིང་དུ་དབྱར་ཉི་རིང་པ་མཐར་ཐུག་གི་དུས་སུ་ཤར་ན་སྟོན་ཉིན་མཚན་མཉམ། བྱང་ན་དགུ་ཉི་ཐུང་བའི་མཐར་ཐུག །ནུབ་ན་དཔྱིད་ཉིན་མཚན་མཉམ་པའི་ཕྱིར་ཏེ། གླིང་གཅིག་ལ། དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད། དཔྱིད་རྗེས་སུ་དབྱར་རྣམས་རིམ་པར་འབྱུང་བའི་ཕྱིར། ཉིན་མཚན་རིང་ཐུང་གི་ཚད་ཡོད་དེ། རགས་རྩིས་སུ་གང་ན་ཉིན་མཚན་རིང་བ་མཐར་ཐུག་གི་ཚེ་ཡུད་ཙམ་བཅོ་བརྒྱད་རེ་ཡོད་ཅིང་། ཐུང་བ་མཐར་ཐུག་གི་ཚེ་ཡུད་ཙམ་བཅུ་གཉིས་རེ་ཡོད་ལ། ཉིན་མཚན་མཉམ་པའི་ཚེ་ཡུད་ཙམ་བཅོ་ལྔ་རེར་མཉམ་པའི་ཕྱིར་རོ། །ལྔ་པ་ཞར་བྱུང་དུས་ཆེན་གྱི་ཁྱད་པར་མང་ཡང་གཙོ་བོའི་དབང་དུ་བྱས་ན། བཞི་ཡོད་དེ། སངས་རྒྱས་པའི་དུས་དང་། ཆོས་འཁོར་བསྐོར་བ་དང། ལྷ་བབས་པ་དང་། ཆོ་འཕྲུལ་གྱི་དུས་ཆེན་དང་བཞི་ཡོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། མངོན་བྱང་ཆུབ་དང་ཆོས་འཁོར་དང་། །ལྷ་བབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་བསོགས་པ་ཡི། ཁྱད་པར་ཅན་གྱི་དུས་ཡིན་ནོ། །ཞེས་གསུངས་བའི་ཕྱིར། དུས་ཆེན་དེ་དག་འབྱུང་བའི་དུས་ལ་བཞེད་ཚུལ་མི་འདྲ་བ་མང་བས་གཞན་དུ་ཤེས་པར་བྱའོ། །གཉིས་པ་གདམས་ངག་བརྗོད་ཚུལ་ཡོད་དེ། ཡུལ་གང་ལ། །རྟེན་གང་གིས། དུས་ནམ་གྱི་ཚེ། ཚུལ་ཇི་ལྟར། དངོས་པོ་གང་བརྗོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བསྙེན་པར་རྫོགས་མ་ཐག་པ་ལ་བརྗོད་པར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། ལས་སློབ་ཀྱིས་བརྗོད་པར་བྱེད་པའི་ཕྱིར། གསུམ་པ་ཡོད་དེ། དུས་བསྒོ་བརྗོད་ཟིན་མ་ཐག་ཏུ་བརྗོད་པར་བྱ་བའི་ཕྱིར། བཞི་པ་ཡོད་དེ། སྤང་བླང་འདོམས་པའི་ཚུལ་གྱིས་བརྗོད་པར་བྱ་བའི་ཕྱིར། ལྔ་པ་ཡོད་དེ། དགེ་སློང་ཕའི་དབང་དུ་བྱས་ན་གདམས་པ་བཅུ་གཅིག་བརྗོད་པར་བྱ་བའི་ཕྱིར་ཏེ། ཚངས་སྤྱོད་ཀྱི་གནས་ལ་གདམ་པ་བཞི། ལྟུང་བའི་ཆོས་སྤོང་བར་གདམས་པ། གནས་བརྟན་དང་ཚུལ་ཁྲིམས་མཉམ་པ་ལ་ངེེས་པར་སྦྱར་བའི་གདམས་པ། ཚུལ་དང་འབྲེལ་བ་ངེས་པར་སྦྱར་བའི་དོན་དུ་གདམས་པ། དུ ལ་བར་གནས་པ་ལ་དེ་ལྟར་གདམས་པ། སྤོང་བ་དང་ཀློག་པ་གཉིས་ཀྱི་དགོས་པ་བསྒྲུབ་པའི་དོན་དུ་གདམས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། གོས་ཕྱག་དར་ཁྲོད་པ། ཟས་བསོད་སྙོམས་པ། གནས་མལ་ཤིང་དྲུང་བ། སྨན་བཀུས་ཏེ་བོར་བ་བཞི་ལ་གདམས་པ་རྣམས་སུ་ཡོད་པའི་ཕྱིར། བཞི་པོ་དེར་གདམས་པ་ལ་དགོས་པ་ཡོད་དེ། ངལ་ཞིང་དུབ་པའི་མཐའ་དང་། འདོད་པ་བསོད་སྙོམས་ཀྱི་མཐར་སྤོང་བའི་ཆེད་མིན་པའི་ཕྱིར། སྤྱིར། བསོད་སྙོམས་པ་དང་སྟན་གཅིག་ཕྱིས་མི་ལེན། ཆོས་གོས་གསུམ་པ་ཕྱིང་པ་ཕྱག་དར་ཁྲོད། །དགོན་པ་ཤིང་དྲུང་པ་དང་བླ་གཔ་མེད། ཙོག་བུ་དུར་ཁྲོད་པ་དང་གཞི་གཅིག་བཞིན། །ཞེས་འབྱུང་བ་ལྟར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡོད་ཀྱང་། འདིར་གསུམ་པོ་དེ་ཙམ་སྨོས་པ་ལ་དགོས་པ་ཡོད་དེ། ཞེ་སྡང་ཅན་ལ་དུར་ཁྲོད་སོགས་མ་གནང་བའི་ཕྱིར་རོ། །གཉིས་པ་ཐོབ་པ་མི་ཉམས་པར་སྲུང་ཚུལ་ལ་དུ་མ་ཡོད་དེ། ཕྱི་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྲུང་བ། ནང་རྐྱེན་བསམ་པ་ཕུན་ཚོགས་ལ་བརྟེན་ནས་སྲུང་བ། མི་འཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་སྲུང་བ། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་སྲུང་བ་སོགས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་རྩ་བར། གནས་པ ས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །ཞེས་འབྱུང་བའི་ཕྱིར། གནས་པ་སློབ་མས་གནས་ཀྱི་བླ་མ་བསྟེན་ནས་བྱ་བ་ཞུ་དགོས་ཏེ། མ་ཞུས་ན་ཉེས་པར་འགྱུར་བའི་ཕྱིར། དུས་ནམ་གྱི་ཚེ་ཞུ་བ་ཡོད་དེ། རྒྱུན་དུ་ལྷན་ཅིག་ཡོད་ཚེ་ཉིན་རེར་ལན་གསུམ་གསུམ་དང་། གློ་བུར་བ་ནི་ནམ་བྱུང་བའི་ཚེ་ཞུ་ཞིང་། བླ་མ་དང་རང་གི་བར་དུ་རྒྱང་གྲགས་ལྔ་སོགས་ཀྱིས་ཆོད་ན་གསོ་སྦྱོང་གི་ཚེ་ལྟ་བུ་ཞུ་བའི་ཕྱིར། ཞུ་ཚུལ་ཡོད་དེ། བྱ་བ་རང་རང་གི་མིང་ནས་སྨོས་ཏེ་ཞུ་དགོས་པའི་ཕྱིར། དམིགས་གསལ་ཡོད་དེ། གནས་ཀྱི་བླ་མ་མེད་པའི་ཚེ་གཞན་འོས་པ་ལ་ཞུ་བ་དང་། དགེ་བསྐོས་ལྟ་བུ་ལའང་ཞུ་བ་སོགས་ཡོད་པའི་ཕྱིར་དང་། བྱ་བ་ཞུ་མི་རུང་བ་དང་། ཞུ་མི་དགོས་པའང་ཡོད་པའི་ཕྱིར། ཕྱི་མ་གཉིས་དེར་ཐལ། སྲོག་གཅོད་ལྟ་བུ་ལ་ངོ་བོའི་སྒོ་ནས་ཞུ་མི་རུང་ཞིང་། བཤང་གཅི་འདོར་བ་སོགས་ལ་ཞུ་མི་དགོས་པའི་ཕྱིར། འོ་ན། གནས་ཀྱི་བླ་མ་བསྟེན་དགོས་ན། གནས་ཀྱི་བླ་མ་ལ་ཡོན་ཏན་ཇི་ལྟ་བུ་ཞིག་དགོས་ཞེ་ན། བསྙེན་པར་རྫོགས་ནས་བསྙེན་རྫོགས་རྣམ་དག་གི་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་ལོན་པ་ཞིག་དགོས་སོ་ཞེས་སྟོན་པ་ལ། མདོར། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་། གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །ཞེས་འབྱུང་ངོ་། །དེ་ཙམ་གྱིས་ཆོག་གམ་ཞེ་ན། མི་ཆོག་སྟེ། དེའི་ཡན་ལག་ཏུ་ལྔ་ཕྲུག་ཉེར་གཅིག་པོ་གང་རུང་དང་ལྡན་པ་ཞིག་ཀྱང་དགོས་སོ་ཞེས་འཆད་པ་ལ། འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན། ལྔ་ཕྲུག་ཉེར་གཅིག་པོ་དེ་གང་ཞེ་ན། ཡོད་དེ་སྡོམ་ལས། ལོ་བཅུ་ལོན་དང་འཛིན་དང་མཁས། །རིག་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་པ་གཉིས། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུ་བ་ཡིན། །ཞེས་གསུངས་པ་རྣམས་ཡིན་པའི་ཕྱིར། དེ་རྣམས་ཀྱི་ནང་ནས་དང་པོ་ལོ་བཅུ་ལོན་པའི་ལྔ་པ་ཡོད་དེ། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་ལོན་པ། ནད་གཡོག་བྱེད་དམ་བྱེད་དུ་འཇུག་ནུས་པ། འགྱོད་པ་སེལ་བར་བྱེད་དམ་བྱེད་དུ་འཇུག་ནུས་པ། སྡིག་ལྟ་སྤོང་བར་བྱེད་དམ་བྱེད་དུ་འཇུག་ནུས་པ། གནས་མི་དགའ་བ་འདོར་བར་བྱེད་དམ་བྱེད་དུ་འཇུག་ནུས་པ་རྣམས་སུ་ཡོད་པའི་ཕྱིར། ལྔ་པ་འདི་བླ་མའི་ཡོན་ཏན་བསྟན་ཚུལ་ཡོད་དེ། གཉིས་པ་ལ་བླ་མ་དེ་སྙིང་རྗེ་དང་ལྡན་དགོས་པར་བསྟན་ཅིང་། གསུམ་ལས་འདུལ་བ་ལ་མཁས་ཤིང་ཚུལ་ཁྲིམས་དག་པ། བཞི་པས་མངོན་པའི་དོན་ཤེས་ཤིང་ཡང་དག་པའི་ལྟ་བ་རྙེད་པ། ལྔ་པས་སློབ་མའི་བསམ་པ་ཤེས་པའི་ཡོན་ཏན་དེ་བསྟན་པའི་ཕྱིར། སྡེ་སྣོད་གསུམ་འཛིན་པའི་ལྔ་པ། གསུམ་མཁས་པའི་ལྔ་པ། གསུམ་རིག་པའི་ལྔ་པ། གསུམ་གསལ་བའི་ལྔ་པ། གསུམ་འཛིན་འཇུག་གི་ལྔ་པ་རྣམས་ཡོད་དེ། སྡེ་སྣོད་གསུམ་གྱི་ཚིག་དོན་འཛིན་ནུས་པའི་སྟེང་དུ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་གཉིས་བསྣན་པའི་ལྔ་པ་དང་པོ། །དེ་གསུམ་གྱི་ཚིག་དོན་འབྱེད་ནུས་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བ སྣན་པ་གཉིས་པ། དེ་གསུམ་གྱི་ཚི ག་དོན་མ་འདྲེས་པར་ཕྱེ་ནས་ལུང་རིགས་དང་སྦྱོར་ནུས་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྟན་པ་གསུམ་པ། དེ་ལྟར་སྦྱར་ནས་གཞན་ལ་སྟོན་ནུས་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་བཞི་པ། དེ་གསུམ་གྱི་ཚིག་དོན་རང་གིས་འཛིན་པར་མ་ཟད། གཞན་འཛིན་པ་ལ་སྦྱོར་ནུས་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་ལྔ་པ་ཡིན་པའི་ཕྱིར། བསླབ་པ་གསུམ་ལ་སློབ་པའི་ལྔ་པ་དང་། སློབ་ཏུ་འཇུག་པའི་ལྔ་པ་གཉིས་ཡོད་དེ། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་ལ་རང་ཉིད་སློབ་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་དང་པོ་དང་། དེ་གསུམ་ལ་གཞན་སློབ་ཏུ་འཇུག་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་གཉིས་པ་ཡིན་པའི་ཕྱིར། ལྷག་པའི་སྤྱོད་པ་སོགས་གསུམ་ལ་སློབ་པ་དང་། སློབ་ཏུ་འཇུག་པའི་ལྔ་པ་གཉིས་ཡོད་དེ། ལྷག་པའི་སྤྱོད་པ་དང་། འདུལ་བ་དང་། སོ་སོ་ཐར་གསུམ་ལ་སློབ་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་དང་པོ་དང་། དེ་གསུམ་ལ་སློབ་ཏུ་འཇུག་ནུས་པའི་སྟེང་དུ་མང་ཚུལ་གཉིས་བསྣན་པ་གཉིས་པ་ཡིན་པའི་ཕྱིར། ལྷག་པའི་སྤྱོད་པ་སོགས་གསུམ་ཡང་ཡོད་དེ། འདུལ་བ་ནས་བཤད་པའི་སྤྱོད་ལམ་བཞི་ལྟ་བུ་དང་པོ་དང་། འདུལ་བ་ལུང་སྡེ་བཞི་ལྟ་བུ་གཉིས་པ། ཕ་མའི་སོ་ཐར་གྱི་མདོ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། ཕུན་ཚོགས་དང་པོ་དང་། གཉིས་པའི་ལྔ་པ་གཉིས་ཡོད་དེ། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཕུན་སུམ་ཚོགས་པའི་ལྔ་པ་དང་པོ་དང་། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ཤེས་ཤིང་མཐོང་བའི་ཕུན་སུམ་ཚོགས་པའི་ལྔ་པ་གཉིས་པ་ཡིན་པའི་ཕྱིར། འདིའི་སྐབས་ཀྱི་ཚུལ་ཁྲིམས་སྔ་ཕྱི་གཉིས་མི་འདྲ་སྟེ། སྔ་མ་ཚུལ་ཁྲིམས་དངོས་ལ་བྱེད། ཕྱི་མ་འདུལ་བ་ཤེས་པ་ལ་བྱེད་པའི་ཕྱིར། དྲན་པ་དང་ལྡན་པ་དང་། ནང་དུ་ཡང་དག་འཇོག་པ་དང་། མཉམ་པར་གཞག་པའི་ལྟ་བ་གསུམ་ཡོད་དེ། དྲན་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་ལྡན་པ་གསུམ་གྱི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་དང་པོ་དང་། ནང་དུ་ཡང་དག་འཇོག་པ་སོགས་གསུམ་གྱི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་གཉིས་པ་དང་། མཉམ་པར་གཞག་པ་དང་ལྡན་སོགས་གསུམ་གྱི་སྟེང་དུ་མང་ཚུལ་གཉིས་བསྣན་པ་གསུམ་པ་ཡིན་པའི་ཕྱིར། མང་དུ་ཐོས་ཞེས་གསུངས་པ་རྣམས་ཀྱི་དོན་ཡོད་དེ། སྡེ་སྣོད་གསུམ་གང་རུང་གི་ཚིག་དོན་མང་དུ་ཐོས་པ་ལ་བྱེད་ལ། འགའ་ཞིག་ཏུ་ཕྱི་རོལ་པའི་བསྟན་བཅོས་མང་དུ་ཐོས་པ་ལ་བྱེད་པོའང་ཡོད་པའི་ཕྱིར། ཚུལ་ཁྲིམས་དང་ལྡན་པ་ཞེས་འབྱུང་བ་སོགས་ཀྱི་དོན་ཡོད་དེ། ཕམ་པས་མ་གོས་ཤིང་། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པའི་ཚུལ་ཁྲིམས་དང་ལྡན་དགོས་པའི་དོན་ཡིན་པའི་ཕྱིར། སློབ་པ་དང་། མི་སློབ་པའི་ལྔ་པ་གཉིས་ཡོད་དེ། སློབ་པའི་ཚུལ་ཁྲིམས། ཏིང་འཛིན། ཤེས་རབ། རྣམ་པར་གྲོལ་བ་དེ་ཤེས་ཤིང་མཐོང་བའི་ལྔ་པ་དང་པོ་དང་། མི་སློབ་པའི་ཚུལ་ཁྲིམས་སོགས་ཀྱི་ལྔ་པ་གཉིས་པ་ཡིན་པའི་ཕྱིར། བྱུང་ཤེས་ཀྱི་ལྔ་པ་ཡོད་དེ། བྱུང་བ་མངོན་པར་ཤེས་པ། བཅས་པ། རྗེས་སུ་བཅས་པ། བཀག་པ། གནང་བ་མངོན་པར་ཤེས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་བྱུང་བ་མངོན་པར་ཤེས་པ་ལ་གཉིས་ཡོད་དེ། གླེང་གཞི་བྱུང་ལ་བཅས་པ་མ་མཛད་པ་དང་། མཛད་པའི་ཁྱད་པར་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྲས་སྒྲ་གཅན་འཛིན་གྱིས་བསམ་བཞིན་དུ་བརྫུན་སྨྲས་པ་ལ་བཅས་པ་མ་མ ཛད་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དགེ་སློང་བཟང་སྦྱིན་གྱིས་མི་ཚངས་སྤྱོད་བྱས་པ་ལ་བརྟེན་ནས་བཅས་པ་མཛད་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་བཅས་པ་མངོན་པར་ཤེས་པ་ལ་གསུམ་ཡོད་དེ། སྒྲུབ་པ་མངོན་པར་ཤེས་པ། དགག་པ་བཅས་པ་མངོན་པར་ཤེས་པ། གནང་བ་མངོན་པར་ཤེས་པ་རྣམས་སུ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཡོད་དེ། རབ་ཏུ་བྱུང་བས་སྟོད་གཡོགས་སྨད་གཡོགས་ཚད་ལྡན་འཆང་བ་ལྟ་བུ་དང་པོ། རྩ་བཞི་མི་རུང་བར་བཅས་པ་ལྟ་བུ་གཉིས་པ། ལྗོངས་རྒྱུར་གནང་བ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། གསུམ་པ་རྗེས་སུ་བཅས་པ་མངོན་པར་ཤེས་པ་ལ་དགུ་ཡོད་དེ། དགག་པའི་རྗེས་སུ་དགག་པ་བཅས་པ་མངོན་པར་ཤེས་པ། དགག་པའི་རྗེས་སུ་སྒྲུབ་པ། དགག་པའི་རྗེས་སུ་གནང་བ་གསུམ། སྒྲུབ་པའི་རྗེས་སུ་སྒྲུབ་པ། སྒྲུབ་པའི་རྗེས་སུ་དགག་པ། སྒྲུབ་པའི་རྗེས་སུ་གནང་བ་གསུམ། གནང་བའི་རྗེས་སུ་གནང་བ། གནང་བའི་རྗེས་སུ་དགག་པ། གནང་བའི་རྗེས་སུ་སྒྲུབ་པ་བཅས་པ་མངོན་པར་ཤེས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གསུམ་གྱི་ཁྱད་པར་ཡོད་དེ། དགེ་སློང་བཟང་བྱིན་ལ་བརྟེན་ནས་མི་ཚངས་སྤྱོད་བཀག་པའི་རྗེས་སུ་དགེ་སློང་དགོན་པ་བ་ལ་བརྟེན་ནས་དེ་བཀག་པ་ལྟ་བུ་དང་པོ་དང་། རབ་བྱུང་ལ་ཁེ་དཔོག་བྱེད་པ་བཀག་པའི་རྗེས་སུ་བུ་ལོན་འཇལ་མ་ནུས་ན་དེ་བྱེད་དགོས་པར་བཅས་པ་ལྟ་བུ་གཉིས་པ་དང་། རབ་བྱུང་རྣམས་ཀྱིས་ཕྱི་དྲོའི་ཁ་ཟས་ཟ་བ་བཀག་པའི་རྗེས་སུ་ནད་པ་ལ་ཉེས་མེད་དུ་གནང་བ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། བར་མ་གསུམ་གྱི་ཁྱད་པར་ཡོད་དེ། དབྱར་སྔ་མ་ཁས་ལེན་དགོས་པར་བཅས་པའི་རྗེས་སུ་ཕྱི་མ་ཡང་ཁས་ལེན་པར་བཅས་པ་ལྟ་བུ་དང་པོ་དང་། གསོ་སྦྱོང་སོགས་བྱེད་དགོས་པར་བཅས་པའི་རྗེས་སུ་གནས་ཀྱི་བླ་མ་བསྟེན་དགོས་པ་ནང་འདོམས་ན། གསོ་སྦྱོང་སོགས་བྱེད་པ་བཀག་པ་ལྟ་བུ་གཉིས་པ་དང་། རབ་བྱུང་རྣམས་ཀྱིས་དུས་བཟང་པོར་ཆོས་ཉན་བཤད་བྱེད་དགོས་པར་བཅས་པའི་རྗེས་སུ་ནད་པས་དེ་མ་བྱས་ཀྱང་ཉེས་མེད་དུ་གནང་བ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། ཕྱི་མ་གསུམ་གྱི་ཁྱད་པར་ཡོད་དེ། རབ་བྱུང་ལ་མཆིལ་ལྷམ་གནང་བའི་རྗེས་སུ་ལྷམ་སྦུ་གུ་ཅན་གནང་བ་ལྟ་བུ་དང་པོ་དང་། རབ་བྱུང་ལ་ལྷམ་གནང་བའི་རྗེས་སུ་ཁྲ་བོ་དང་སྒྲ་ཀྲོག་ཀྲོག་ཟེར་བ་བཀག་པ་ལྟ་བུ་གཉིས་པ་དང་། སྲ་བརྐྱང་འདིང་བར་གནང་བའི་རྗེས་སུ་དེ་དབྱུང་དགོས་པར་བཅས་པ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར་རོ། །བཞི་པ་བཀག་པ་མངོན་པར་ཤེས་པ་ཡོད་དེ། སྲོག་གི་ཕྱིར་ཡང་བྱར་མི་རུང་བར་བཅས་པ་ཤེས་པ་དེ་ཡིན་པའི་ཕྱིར། སྲོག་གི་ཕྱིར་ཡང་མ ་གནང་བ་ཡོད་དེ། རང་བཞིན་གྱི་ཉེས་པ་རྣམས་དང་། བཅས་རྐྱང ་ལས་ཆང་འཐུང་བ་མ་གནང་པའི་ཕྱིར། ལྔ་པ་གནང་བ་མངོན་པར་ཤེས་པ་ཡོད་དེ། རྒོལ་ངན་ཚར་གཅོད་པའི་ཆེད་དུ་ཕྱིར་རོལ་བའི་བསྟན་བཅོས་ཀློག་པར་གནང་བ་ལྟ་བུ་ཡིན་པའི་ཕྱིར། གནས་འཆའ་བའི་ལྔ་པ་ཡོད་དེ། བར་དུ་གཅོད་པ་མངོན་པར་ཤེས་པ་དང་། བར་དུ་གཅོད་པ་མ་ཡིན་པ་ཤེས་པ་དང་། དེ་གཞན་ལ་སྨྲ་བ་དང་། རྗེས་སུ་སྟོན་པ་དང་། གཞན་ལ་གནས་འཆའ་བར་གཞུག་པ་རྩམས་སུ་ཡོད་པའི་ཕྱིར། གནས་འཆའ་བར་འཇུག་ནུས་པའི་ལྔ་པ་ཡོད་དེ། སྔ་མ་བཞིའིི་སྟེང་དུ་གནས་འཆའ་འཇུག་ནུས་ཞེས་སྦྱོར་བའི་ཕྱིར། འདི་ལ་གཉ ིས་ཡོད་དེ། གཏན་དུ་གནས་འཆའ་བ་དང་། རེ་ཞིག་གནས་འཆའ་བ་གཉིས་ཡོད་པའི་ཕྱིར། ཉེར་གཅིག་པ་ལྟུང་ཤེས་ཀྱི་ལྔ་པ་ཡོད་དེ། ལྟུང་བ་མངོན་པར་ཤེས་པ་དང་། ལྟུང་མིན་མངོན་པར་ཤེས་པ་དང་། ཡང་བ་མངོན་པར་ཤེས་པ་དང་། ལྕི་བ་མངོན་པར་ཤེས་པ་དང་། སོ་ཐར་དང་ལུང་རྒྱས་པ་གང་རུང་བློ་ལ་ཐོན་པ་རྣམས་སུ་ཡོད་པའི་ཕྱིར། ལྕི་བ་དེ་ལ་ལྔ་ཡོད་དེ། ངོ་བོ་ཉིད་ཀྱིས་ལྕི་བ། བྱེད་པའི་སྒོ་ནས་ལྕི་བ། གཞིའི་སྒོ་ནས་ལྕི་བ། བསམ་པའི་སྒོ་ནས་ལྕི་བ། གྲངས་ཀྱི་སྒོ་ནས་ལྕི་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕམ་པ་བཞི་དང་། མཚམས་མེད་ལྔ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། མ་གུས་པས་བྱས་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། མི་བསད་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ཞེ་སྡང་དྲག་པོས་བསད་པ་ལྟ་བུ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། དེ་ལན་མང་དུ་བྱས་པ་རྣམས་ཡིན་པའི་ཕྱིར། རྟེན་གྱི་སྒོ་ནས་ལྕི་བ་ཡང་ཡོད་དེ། སྡིག་པ་ལ་འགྱོད་ཅིང་ཉེས་དམིགས་སུ་བལྟ་བའི་མཁས་པ་ལ་ཡང་བ་དག་ཀྱང་། ལས་དེ་ལ་སྤྲོ་བར་འཇུག་པའི་མི་མཁས་པ་རྣམས་ལ་ལྕི་བར་གསུངས་པའི་ཕྱིར། དེ་དག་ལས་བཟློག་པ་ནི་ཡང་བར་ཤེས་སོ། །ལྔ་ཕྲུག་དེ་དག་བསྡུ་ཚུལ་ཡོད་དེ། ཁྱད་པར་ཅན་ཡིན་མིན་གཉིས་དང་། རྟེན་སྐྱེ་འཕགས་གཉིས་དང་། རང་དབང་ཅན་ཡིན་མིན་གཉིས་རྣམས་སུ་འདུ་བའི་ཕྱིར། དང་པོ་ཡོད་དེ། སྡེ་སྣོད་གསུམ་ཤེས་ཀྱི་ཡོན་ཏན་ཡན་ལག་ཏུ་ཡོད་མེད་གཉིས་སུ་འདུ་བའི་ཕྱིར། གཉིས་པ་ཡོད་དེ། རྟེན་སོ་སྐྱེ་དང་འཕགས་པ་གང་རུང་གི་རྒྱུད་ཀྱིས་བསྡུས་པའི་ཕྱིར། གསུམ་པ་ཡོད་དེ། རང་ཉིད་རྒྱུད་ལ་ལྡན་པ་ལ་ལྔ་ཕྲུག་གཞན་རྒྱུད་ལ་ལྡན་དགོས་པ་དང་། མི་དགོས་པ་གཉིས་སུ་འདུ་བའི་ཕྱིར་ཏེ། ལྔ་ཕྲུག་འཆའ་བའི་གཞི་བྱེད་ཅིང་ལྔ་བའི་ཡན་ལག་མ་ཚང་བ་གཞན་གྱི་ཁ་སྐོང་དུ་འགྲོ་མི་དགོས་པ་དང་། དེ་ལས་ལྡོག་པ་གཉིས་སུ་འདུ་བའི་ཕྱིར། གང་ཟག་ལ་ཡང་རང་དབང་ཅན་ཡིན་མིན་གཉིས་ཡོད་དེ། བསྙེན་པར་རྫོགས་ནས་བསྙེན་རྫོགས་རྣམ་དག་གི་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་ལོ ན་ཅིང་། ལྔ་ཕྲུག་ཉེར་གཅིག་པོ་གང་རུང་དང་ལྡན་པའི་གང་ཟག་དེ། གང་ཟག་རང་དབང་ཅན་ཡིན་ལ། དེ་ལས་གཞན་དུ་ན་རང་དབང་ཅན་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གང་ཟག་དེས་གཞན་གྱི་མཁན་པོ་དང་གནས་ཀྱི་སློབ་དཔོན་བྱར་རུང་ཞིང་།རང་ཉིད་གནས་ཀྱི་སློབ་དཔོན་གཞན་ལ་མ་བརྟེན་པར་ལྗོངས་རྒྱུར་རུང་བའི་ཕྱིར། གཉིས་པ་གྲུབ་སྟེ། ལྔ་མ་ལས་ལྡོག་པའི་ཕྱིར། ལྔ་ཕྲུག་ཉེར་གཅིག་དང་ལྡན་པའི་གང་ཟག་ཡིན་པ་མེད་དེ། སློབ་པ་དང་མི་སློབ་པའི་ལྔ་པ་གཉིས་རྒྱུད་ལྡན་གྱི་གང་ཟག་ཡིན་པ་མེད་པའི་ཕྱིར། ལོ་བཅུ་ལོན་པ་བརྟན་པའི་ཡོན་ཏན་དང་ལྔ་ཕྲུག་ཉེར་གཅིག་པོ་གང་རུང་ཤེས་པ་མཁས་པའི་ཡོན་ཏན་ཏེ། བརྟན་མཁས་ཀྱི་ཡོན་ཏན་གཉིས་གང་རུང་དང་མི་ལྡན་ན་ནི་དགྲ་བཅོམ་པ་ཡིན་ཀྱང་གནས་མ་བཅས་པར་ལྗོངས་རྒྱུར་མི་རུང་སྟེ། རྒྱུ་བར་བྱས་ན་ལྟུང་བ་བསྐྱེད་པའི་ཕྱིར། ལྗོང་རྒྱུར་རུང་བ་ལ་བརྟན་མཁས་གང་རུང་གིས་གོ་ཆོད་པ་ཡོད་དེ། བསྙེན་པར་རྫོགས་ནས་ལོ་ལྔ་ཙམ་ལོན་ཡང་། ལྔ་ཕྲུག་ཐ་མ་ལྟུང་ཤེས་དང་ལྡན་ན་ལྗོངས་རྒྱུར་རུང་བའི་ཕྱིར། དེ་ནི་མཚོན་པ་ཙམ་ཡིན་གྱི། ངེས་པ་ནི་མ་ཡིན་ཏེ། ལོ་ལྔའམ་དྲུག་ལོན་ཅིང་། སྡེ་སྣོད་གསུམ་ཤེས་པའི་ལྔ་པ་དང་ལྡན་ནའང་ལྗོངས་རྒྱུར་རུང་བའི་ཕྱིར། སྔར་བཤད་པའི་ལྔ་ཕྲུག་ལྷག་མ་རྣམས་རིམ་པར་འཆད་པའི་གཞུང་ཡོད་དེ། མདོ་རྩར། ནད་གཡོག་དང་། འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤངས་པ་དང་། གནས་མངོན་པར་མི་དགའ་དག་འདོར་བ་བྱེད་དམ་བྱེད་དུ་འཇུག་པའོ། །ཞེས་པ་ནས། ལྟུང་བ་དང་། ལྟུང་བ་མ་ཡིན་པ་དང་། ཡང་བ་དང་། ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་། སོ་སོ་ཐར་པ་དང་རྒྱས་པ་ཐོན་པ་ཉིད་དོ་ཞེས་པའི་བར་གྱིས་བསྟན་པའི་ཕྱིར་རོ། །མཁན་པོ་དང་གནས་ཀྱི་སློབ་དཔོན་དུ་འོས་བ་ལ་ཡོན་ཏན་དེ་དག་དགོས་པར་མ་ཟད། བསྒྲུབ་བྱའི་ངོས་ནས་ཀྱང་སྡོམ་པ་སྐྱེ་བ་ལ་འགལ་རྐྱེན་ཆེར་མེད་པ་ཞིག་དགོས་ཏེ། བར་གཅོད་དང་ལྡན་པ་ལ་སྡོམ་པ་མི་སྐྱེ་བའམ། སྐྱེས་ཀྱང་རིང་དུ་མི་གནས་པའི་དགག་བྱ་ཡོད་པའི་ཕྱིར། འོ་ན། དགག་བྱ་བར་ཆད་དེ་ལ་དུ་ཡོད་ཅེ་ན། བཞི་ཡོད་དེ། སྐྱེ་བའི་བར་ཆད། གནས་པའི་བར་ཆད། མཛེས་པའི་བར་ཆད། ཁྱད་པར་དུ་འགྱུར་བའི་བར་ཆད་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། རྟེན། ལས་སྒྲིབ། གནས་སྐབས། བསམ་པའི་དབང་གིས་མི་སྐྱེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཅུ་ཡོད་དེ། སྤྲུལ་པ་དང་། མ་ནིང་ཕོ་མོ་དང་། མཚན་ལན་གསུམ་དུ་གྱུར་བ་དང་། མཚན་གཉིས་ཅིག་ཅར་བྱུང་བ་དང་། མཚན་མེད་དང་། ཟ་མ་དང་། དུད་འགྲོ་དང་། མི་མ་ཡིན་པའི་འགྲོ་བ་དང་། བྱང་སྒྲ་མི་སྙན་པ་རྣམས་ཀྱི་རྟེན་ལ་སོ་ཐར་གྱི་སྡོམ་པ་མི་སྐྱེ་བའི་ཕྱིར། གཉིས་པ་ལ་དྲུག་ཡོད་དེ། རྐུ་ཐབས་སུ་གནས་པ་སོགས་ཡོད་པའི་ཕྱིར། གསུམ་པ་ལ་བཞི་ཡོད་དེ། སྡོམ་པ་ལེན་དུ་རུང་བའི་ལོ་མ་ལོན་པ་སོགས་ཡོད་པའི་ཕྱིར། བཞི་པ་ཡང་བཞི་ཡོད་དེ། མུ་སྟེགས་ཀྱི་ལྟ་བ་ལེན་པ་སོགས་ཡོད་པའི་ཕྱིར། གཉིས་པ་གནས་པ་ལ་བར་དུ་གཅོད་པ་ཡོད་དེ། ཕ་མས་མ་གནང་བ་སོགས་དུ་མ་ཡོད་པའི་ཕྱིར། གསུམ་པ་མཛེས་པའི་བར་གཅོད་ཡོད་དེ། ལག་རྡུམ། སྐྲ་སེར་སོགས་ཡོད་པའི་ཕྱིར། བཞི་པ་ཁྱད་པར་དུ་འགྱུར་བའི་བར་གཅོད་ཡོད་དེ། ནད་པ་སོགས་ཡོད་པའི་ཕྱིར། དེ་དག་བསྡུ་ན་གཉིས་སུ་འདུ་སྟེ། གཙོ་བོ་དང་གཙོ་བོ་མ་ཡིན་པ་གཉིས་སུ་འདུ་བའི་ཕྱིར། མཚན་ཉིད་ཡོད་དེ། སྡོམ་པ་སྐྱེ་བའི་བར་ཆད་རྣམས་དང་པོ་དང་། སྐྱེ་ལ་ཉེས་བྱས་སུ་འགྱུར་བ་རྣམས་གཉིས་པ་ཡིན་པའི་ཕྱིར། མ་ནིང་ཞེས་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་ལ་ད བྱེ་ན་དུ་མ་ཡོད་དེ། སྐྱེས་ནས་མ་ནིང་། ཟླ་ཕྱེད་མ་ནིང་། འཁྱུད་ལྡང་མ་ནིང་། ཕྲག་དོག་མ་ནིང་། ཉམས་པ་མ་ནིང་། རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྐྱེས་ཙམ་ཉིད་ནས་མཚན་གཉིས་གང་རུང་མེད་པ་ཞིག་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཟླ་ཕྱེད་དུ་ཕོའི་འདོད་པ་བསྟེན་ལ། ཟླ་ཕྱེད་དུ་མོའི་འདོད་པ་བསྟེན་པ་ཞིག་ལ་འཇོག་པའི་ཕྱིར། གསུམ་པ་ཡོད་དེ། གཞན་ལ་འཁྱུད་པའི་ཚེ་དབང་ངོ་ལས་སུ་རུང་ལ། དུས་གཞན་དུ་མི་རུང་བ་ཞིག་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ཕོ་མོ་ཉལ་པོ་བྱེད་པའི་ཁྱད་པར་མཐོང་བ་ན་དབང་པོ་ལས་སུ་རུང་ལ། གཞན་གྱི་ཚེ་མི་འབྱུང་བ་ཞིག་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། ཕོ་དབང་མཚོན་སོགས་ཀྱིས་བཅད་པ་ཞིག་ལ་འཇོག་པའི་ཕྱིར། ཟ་མ་ཡང་མ་ནིང་ཡིན་ཀྱང་ཁྱད་པར་ཡོད་དེ། ཚིག་ལེར། གང་ཞིག་གྲོང་བའི་ཆོས་མེད་པ། །དེ་ནི་ཟ་མ་ཞེས་སུ་བརྗོད། །ཞེས་པ་ལྟར་ཡིན་པའི་ཕྱིར་རོ། །རྐུ་ཐབས་སུ་གནས་པ་ཡོད་དེ། བསྙེན་རྫོགས་མ་བྱས་པའམ། བྱས་ཀྱང་མ་ཆགས་པ་ཤེས་བཞིན་དུ་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་འདུལ་བའི་ལས་བརྒྱ་རྩ་གང་རུང་ཉམས་སུ་མྱོང་བ་ཞིག་ལ་འཇོག་པའི་ཕྱིར། མུ་སྟེགས་ཅན་ཞུགས་པ་ཡོད་དེ། མུ་སྟེགས་ཅན་གྱི་རྟགས་བླངས་ནས་ཆོས་འདི་པའི་བརྟུལ་ཞུགས་བོོར་བ་ཞིག་ལ་འཇོག་པའི་ཕྱིར། འདི་ལ་སྔར་རབ་ཏུ་བྱུང་བ་ཞིག་དགོས་ཏེ། གཞན་དུ་ན་དེར་མི་འགྱུར་བའི་ཕྱིར། དེ་རྣམས་འདིར་བསྟན་ཚུལ་ཡོད་དེ། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ། ཞེས་པ་ནས། ཉེ་བར་བཞག་པར་མི་བྱའོ་ཞེས་པའི་བར་གྱིས་བསྟན་པའི་ཕྱིར། དེར་མ་ཟད་ལྷུང་བཟེད་མེད་པར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱར་མི་རུང་སྟེ། དེ་ལྟར་བྱས་ནས་ཉེས་པར་འགྱུར་བའི་ཕྱིར་ཏེ། མདོར། ལྷུང་བཟེད་མེད་པར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་གསུངས་པའི་ཕྱིར། འོ་ན་ལྷུང་བཟེད་ལ་རྒྱུ་སོགས་ཇི་ལྟ་བུ་ཞིག་དགོས་ཞེ་ན། ཡོད་དེ། རྒྱུའི་ཁྱད་པར་། དབྱེ་བ། ཁ་དོག །དབྱིབས་ཚད་ཀྱི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྒྱུ་ནི་ཤིང་དང་ཟངས་དང་གསེར་སོགས་མ་ཡིན་པར་ས་དང་ལྕགས་གང་རུང་ལས་བྱས་པ་ཞིག་དགོས་པའི་ཕྱིར་ཏེ། ས་ག་ལྷས། ས་དང་ལྕགས་ལས་བྱས་རང་བཞིན། །ཞེས་གསུངས་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། ཆུང་འབྲིང་ཆེན་པོ་གསུམ་མམ། ཆེ་ཆུང་གཉིས་སུ་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། ས་ག་ལྷས། ལྷུང་བཟེད་རྣམ་པ་གཉིས་སུ་བརྗོད། ཅེས་གསུངས་པའི་ཕྱིར། ཁ་དོག་གི་ཁྱད་པར་ཡོད་དེ། དཀར་པོ་སོགས་མ་ཡིན་པར་བྱ་རོག་གི་མིག་འབྲས་ལྟར་ནག་པ་ཞིག་དགོས་པའི་ཕྱིར། དབྱིབས་ཀྱིི་ཁྱད་པར་ཡོད་དེ། གྲུ་བཞི་སོགས་མ་ཡིན་པར་སྒོ་ང་ཕྱེད་པ་ལྟ་བུ་ཟླུམ་པ་ཞིག་དགོས་པའི་ཕྱིར། ལྷུང་བཟེད་ཀྱི་ཚད་འདི་ལ་སྔོན་གྱི་མཁས་པ་དག་བཞེད་པ་མི་འདྲ་བ་མང་དུ་སྣང་ཡང་། སྙིང་པོ་བསྡུ་ན་ལྷུང་བཟེད་ཆུང་འབྲིང་ཆེན་པོའི་ཚད་ཡོད་དེ། དྲུག་ཕུལ་གྱི་ཕུལ་དགུ་ཤོང་བ་ཆུང་ཚད། ཕུལ་བཅོ་བརྒྱད་ཤོང་བ་ཆེ་ཚད། དེའི་བར་འབྲིང་ཚད་དུ་འཇོག་པའི་ཕྱིར། དེ་ཡང་བོད་ཡུལ་དབུས་ཀྱི་བྲེ་ཆུང་གི་དབང་དུ་བྱས་པ་ཡིན་ཏེ། ཡ་ཁྱོར་ཉེར་གཅིག་ལ་བོད་བྲེ་དེའི་གང་ཚད་དུ་བྱེད་པའི་ཕྱིར། དེ་ནི་དགེ་སློང་ཕའི་དབང་དུ་བྱས་ཀྱི། མའི་ལྷུང་བཟེད་ཀྱི་ཆེ་ཚད་ཡོད་དེ། དགེ་སློང་ཕའི་ལྷུང་བཟེད་ཀྱི་ཆུང་ཚད་དེ། དེའི་ལྷུང་བཟེད་ཀྱི་ཆེ་ཚད་ཡིན་པའི་ཕྱིར། ལྷུང་བཟེད་ཀྱི་ཁྱད་པར་འཆད་པ་ལ། འདིར། ཁ་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གི་ལྟག་མར་འབྲས་འཐུག་པོ་ཆེ་མ་ག་ཏའི་བྲེ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ལྷག་པ་ནས་དོའི་བར་ཤོང་པ་དེའི་རིགས་ཡིན་ནོ། །ཞེས་གསུངས་སྟེ། དེའི་དོན་རྒྱས་པར་ནི་གཞན་དུ་ཤེས་པར་བྱ་དགོས་པའི་ཕྱིར། འོ་ན། དགེ་སློང་མའི་སྡོམ་པའི་ཆོ་ག་འདིར་དངོས་སུ་མ་བཤད་པས་ཇི་ལྟར་ཞེ་ན། ཡོད་དེ། དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་པ་ནས། མཁན་མོ་ཉིད་དུ་ཞེས་བསྒྱུར་བའི་ཚུལ་གྱིས་བསྟན་པའི་ཕྱིར། དགེ་སློང་མའི་སྡོམ་པ་དེ་ཡུལ་གང་ལས་ནོད་པ་སོགས་ཕལ་ཆེར་སྔར་བཤད་པ་དང་འདྲ་ཡང་། ཁྱད་པར་ཡོད་དེ། མཁན་མོའི་དབང་དུ་བྱས་ན་བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་ཉི་ཤུ་ལོན་ཞིང་། ཕམ་པ་བརྒྱད་ཀྱིས་མ་གོས་པ་དང་། ལས་སློབ་ལ་ཕ་མ་གཉིས་ཀ་དགོས་པ་དང་། དགེ་འདུན་ཡུལ་དབུས་སུ་དགེ་སློང་ཕ་བཅུ། མ་བཅུ་གཉིས་ཚོགས་དགོས་པ་དང་། རྟེན་ཀྱང་ཁྱིམ་སོ་བཟུང་ན་ལོ་བཅུ་གཉིས་དང་། མ་བཟུང་བ་ན་ཉི་ཤུ་ལོན་པ་དང་། ཡོ་བྱད་ཆོས་གོས་གསུམ་གྱི་སྟེང་དུ་རྔུལ་གཟན་དང་། ཤིང་ང་དཔུང་ཆད་དང་། ལྷུང་བཟེད་སོགས་དགོས་པའི་ཕྱིར། ཁྱད་པར་གཞན་ཡང་ཡོད་དེ། གཉིས་ཀའི་དགེ་འདུན་ལ་གསོལ་བ་འདེ བས་པ་དང་། ལྕི་བའི་ཆོས་བརྒྱད་ཡོད་པའི་ཕྱིར། ཐུན་མོང་མ་ཡིན་པའི་ཕམ་པ་བཞི་ཡང་བརྗོད་དགོས་པ་དང་། དགེ་སློང་ཕ་གསར་བུ་ལའང་ཕྱག་བྱ་དགོས་སོགས་མང་དུ་ཡོད་པའི་ཕྱིར། ལྕི་བའི་ཆོས་བརྒྱད་ཡོད་དེ། དགེ་སློང་གི་དགེ་འདུན་ལ་ཟླ་བ་ཕྱེད་ཕྱེད་ནས་གདམས་པ་ནོད་པ་སོགས་བརྒྱད་ཡོད་པའི་ཕྱིར། ཐུན་མོང་མ་ཡིན་པའི་ཕམ་པ་བཞི་ཡོད་དེ། འཆབ་པའི་ཕམ་པ། རེག་པའི་ཕམ་པ། ལུས་བཀན་པའི་ཕམ་པ། ལྡོག་པའི་ཕམ་པ་རྣམས་སུ་ཡོད་པའི་ཕྱིར། དགེ་སློང་མའི་སྡོམ་པ་ལེན་པའི་གོང་དུ་དགེ་སློང་མའི་སྡོམ་པ་ལོ་གཉིས་ཀྱི་བར་དུ་ལེན་དགོས་ཏེ། ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང་། མཐའ་ཁོབ་ཏུ་དྲུག་གི་གྲགས་ཚང་བ་དང་། རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་སྤོང་བར་ཁས་ལེན་པའི་ཚུལ་གྱིས་འཇུག་པའི་ཕྱིར། ཁྱད་པར་གཞན་ཡང་ཡོད་དེ། ན་ཚོད་ཁྱིམ་སོ་བཟུང་ན་ལོ་བཅུ་དང་། མ་བཟུང་ན་བཅུ་གཉིས་ལོན་པ་དང་། སྣམ་སྦྱར་མ་གཏོགས་པའི་ཆོས་གོས་གཉིས་སོགས་ལྷུང་བཟེད་བཅས་སྔར་བཞིན་དང་། དགེ་ཚུལ་གྱི་སྡོམ་པ་ལ་གནས་པ་དང་། དངོས་གཞིའི་ཚེ་གསོལ་གཉིས་ཀྱི་ལས་ཀྱིས་བསྒྲུབ་པར་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གདམས་ངག་ཀྱང་རྩ་བ་དང་རྗེས་མཐུན་གྱི་ཆོས་དྲུག་ཚན་གཉིས་བརྗོད་པར་བྱ་དགོས་ཏེ། དེ་ཡང་ཇི་སྐད་དུ། གཅིག་པུར་ལམ་དུ་འགྲོ་མི་བྱ། །སོགས་རྩ་བའི་ཆོས་དྲུག་དང་། གསེར་ལ་བཟུང་བར་མི་བྱ་ཞིང་། །སོགས་རྗེས་མཐུན་གྱི་ཆོས་དྲུག་བཤད་པ་ལྟར་བརྗོད་པར་བྱ་བའི་ཕྱིར། དགེ་སློང་མའི་དེ་མ་ཐག་དགེ་སློང་གི་སྡོམ་པ་སྦྱིན་དུ་མི་རུང་སྟེ། དེའི་བར་དུ་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་པའི་ཕྱིར། ཁ་ཅིག ། དགེ་སློང་བཞི་ཚོགས་ཙམ་ལ་བརྟེན་ནས་དགེ་སློང་ཕ་མའི་སྡོམ་པ་སྐྱེ་བ་ཡོད་པར་ཐལ། དེ་ཙམ་ལ་བརྟེན་ནས་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། དེ་ཙམ་ལ་བརྟེན་ནས་དགེ་སློང་མའི་སྡོམ་པ་སྐྱེ་བ་མེད་པའི་ཕྱིར། ཁ་ཅིག །དགེ་སློང་བཞི་ཚོགས་ཙམ་ལ་བརྟེན་ནས་ཉེས་མེད་ཕུན་ཚོགས་ཀྱི་དགེ་སློང་གི་སྡོམ་པ་སྐྱེ་བ་མེད་ཀྱང་། སྐྱེ་བ་ནི་སྲིད་པ་ཡིན་ཏེ། མེ་ཏོག་ཕྲེང་རྒྱུད་ལས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་བ་ན། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་གསུངས་པའི་ཕྱིར་ཟེར། ཁ་ཅིག །དེ་མི་འཐད་དེ། མེ་ཏོག་ཕྲེང་རྒྱུད་ཀྱི་དོན་ནི། ལས་བྱེད་པ་པོ་བསྣན་པའི་ལྔ་ལ་དགོངས་པའི་ཕྱིར་ཟེར། ཁོ་ན་རེ། དེ་མི་འཐད་དེ། དམིགས་བསལ་གྱི་དབང་དུ་བྱས་ན། མཁན་པོ་དང་། གསང་སྟོན་པ་མེད་ཀྱང་དགེ་སློང་གི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་ཏེ། མཁན་པོ་མེད་པ་ཉིད་ལ་ཡང་ངོ་། །ཞེས་གསུངས་པའི་ཕྱིར་གསུང་། འདི་ལ་བཞེད་པ་མི་མཐུན་པ་མང་དུ་ཡོད་ཀྱང་། རང་ལུགས་ནི་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་ད་ལྟར་གྱི་ཆོ་ག་ལ་མཁན་སློབ་གཉིས་དང་། གཞན་དགེ་སློང་བཞི་ཚོགས་དགོས་ལ། དམིགས་བསལ་མཁན་སློབ་གཉིས་པོ་གཅིག་གིས་བྱེད་པ་དང་། མཁན་པོ་དང་། གསང་སྟོན་མེད་ཀྱང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་དེ། མཁན་པོའི་མིང་བརྗོད་པ་ཆད་ན་དགེ་སློང་གི་སྡོམ་པ་མི་སྐྱེ་བ་སོགས་བཤད་པ་ནི། སྤྱིར་བཏང་ཡིན་ལ། ཕྱི་མ་འདི་དམིགས་བསལ་ཡིན་པའི་ཕྱིར་ཞེས་བྱའོ། །གཉིས་པ་ནང་རྐྱེན་བསམ་པ་ཕུན་ཚོགས་ལ་བརྟེན་ནས་བསྲུང་ཚུལ་ཡོད་དེ། ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་བསྟེན་པའི་སྒོ་ནས་བསྲུང་བར་བྱ་དགོས་པའི་ཕྱིར། གསུམ་པ་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་ཚུལ་ཡོད་དེ། ལྟུང་བ་སྡེ་ལྔ་ངོ་ཤེས་པའི་སྒོ་ནས་བསྲུང་དགོས་པའི་ཕྱིར། ལྟུང་བ་སྡེ་ལྔའི་དངོས་གཞི་བསྐྱེད་པ་ལ། སྡོམ་པའི་གཏོང་རྒྱུ་དག་གིས་མ་བཏང་བ་ཞིག་དགོས་དེ། གཏོང་རྒྱུ་བྱུང་ན། ལྟུང་བ་སྡེ་ལྔའི་དངོས་གཞི་བསྐྱེད་པའི་དོན་མེད་པའི་ཕྱིར། གཏོང་རྒྱུ་སྤྱི་དང་བྱེ་བྲག་ཡོད་དེ། བསླབ་པ་ཕུལ་དག་ཤི་འཕོས་དང་། །མཚན་གཉིས་བྱུང་དང་ལན་གསུམ་འགྱུར། །དགེ་རྩ་ཆད་རྣམས་ཐུན་མོང་སྟེ། །ཉི་ཤུ་མ་ལོན་དེར་ཤེས་དང་། །བསྟེན་ཕྱིར་ཁས་བླངས་ཉིན་ཞག་འདས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། བསླབ་པ་ཕུལ་བས་གཏོང་སྟེ། སྡོམ་པའི་མི་མཐུན་ཕྱོགས་གཏོང་བར་ཁས་བླངས་བའི་ཕྱིར། འདི་ལ་ཡང་། ཡུལ་གང་ལ་འབུལ་བ། རྟེན་གང་གིས། དངོས་པོ་གང་། ཚུལ་ཇི་ལྟར། ཕུལ་བའི་དགོས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། བསམ་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སོགས་ཐ་སྙད་ལྔ་དང་། ལུས་ཐ་མལ་དུ་གནས་པ་གཞན་ཞིག་ལ་འབུལ་བར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། བསམ་པ་རང་བཞིན་དུ་གནས་ཤིང་། འབུལ་འདོད་པ་ཞིག་གིས་འབུལ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། རང་ཉིད་གང་འབུལ་འདོད་པའི་རང་རྒྱུད་ཀྱི་བསླབ་པ་དེ་འབུལ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། འདི་འབུལ་བར་བགྱིའོ་ཞེས་པའི་ཚིག་བསམ་པ་ཐག་པས་བརྗོད་པའི་དོན་ཕ་རོལ་པོས་གོ་བར་བྱ་བ་ཡིན་པའི་ཕྱིར། འབུལ་བའི་ཡུལ་ལ་གང་ཟག་ཏུ་མ་ངེས་ཏེ། དཀོན་མཆོག་གི་རྟེན་ལ་ཕུལ་བས་ཀྱང་འབུལ་བར་འགྱུར་བའི་ཕྱིར། དགེ་སློང་གིས་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་བྱས་ན་དགེ་བསྙེན་དུ་འགྱུར་ལ། བདག་ཁྱིམ་པར་བཟུང་དུ་གསོལ་ཞེས་སྤྱིར་ཕུལ་ན། སྡོམ་པ་ཐམས་ཅད་གཏོང་བར་འགྱུར་ཏེ། བསམ་པའི་དབང་གིས་དེར་འགྱུར་བའི་ཕྱིར། ལྔ་པ་དགོས་པ་ཡོད་དེ། བསྲུང་མ་ནུས་པར་ཕུལ་ན། ཕྱིས་བླངས་པའི་ཚེ་ལེགས་པར་སྐྱེ་བ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། ཤི་འཕོས་བས་གཏོང་སྟེ། སྡོམ་པའི་རྟེན་བོར་ཞིང་། ཁས་བླངས་པའི་དུས་ལས་འདས་པའི་ཕྱིར། མཚན་གཉིས་ཅིག་ཅར་དུ་བྱུང་བས་གཏོང་སྟེ། སྡོམ་པའི་རྟེན་ཉམས་པའི་ཕྱིར། དགེ་རྩ་ཆད་པས་གཏོང་སྟེ། སྡོམ་པའི་རྟེན་གཞི་མེད་པའི་ཕྱིར། བསྙེན་གནས་ཀྱི་སྡོམ་པ་མཚན་མོའི་མཐའི་སྐད་ཅིག་མ་འདས་པས་གཏོང་སྟེ། བསྲུང་བར་ཁས་བླངས་པའི་དུས་ལས་འདས་པའི་ཕྱིར། མདོ་སྡེ་པ་ན་རེ། རྩ་ལྟུང་འཆབ་བཅས་བྱུང་བས་ཀྱང་གཏོང་སྟེ། རྒྱུད་ངོ་ཚ་དང་ཁྲེལ་མེད་ཤས་ཆེན་པོས་གང་བར་བྱས་པའི་ཕྱིར་ཟེར། དགེ་སློང་གི་སྡོམ་པ་བླངས་པའི་དུས་དེ་ལོ་ཉི་ཤུ་མ་ལོན་པའི་དུས་ཡིན་པར་ཕྱིས་ཤེས་ན་གཏོང་སྟེ། འདུ་ཤེས་ཀྱི་དབང་ལས་དེར་འགྱུར་བའི་ཕྱིར། ལོ་ཉི་ཤུ་མ་ལོན་པའི་དགེ་སློང་རྣམ་དག་མེད་པ་མ་ཡིན་ཏེ། འདུ་ཤེས་འཁྲུལ་ནས་ལོ་ཉི་ཤུ་མ་ལོན་པས་ལོན་པར་འདུ་ཤེས་ནས་བསྙེན་པར་རྫོགས་པའི་དགེ་སློང་ཡོད་པར་མ་ཟད། བཅས་པ་མ་མཛད་པའི་དུས་གྱི་ལོ་ཉི་ཤུ་མ་ལོན་པའི་དགེ་སློང་རྣམ་དག་ཡོད་པའི་ཕྱིར་ཏེ། ལས་དང་པོ་པའི་དགེ་སློང་ཡོད་པའི་ཕྱིར། ཁ་ཆེ་བ་རྣམས་ན་རེ། རྩ་ལྟུང་འཆབ་བཅས་བྱུང་བའི་དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་བ་གཉིས་ཀ་ཡིན་ཏེ། མི་འགའ་ཞིག་ལ་བུ་ལོན་ཡང་ཡོད་ལ། ནོར་དང་ཡང་ལྡན་པ་བཞིན་ཡིན་པའི་ཕྱིར་ཏེ། མཛོད་ལས། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་གསུངས་པའི་ཕྱིར། འོ་ན། བཅུག་རེག་ཉམས་སུ་མྱོང་ནའོ། །ཞེས་སོགས་ཀྱི་སྐབས་སུ་བསྟན་པའི་ལྟུང་བ་སྡེ་ལྔའི་རྣམ་གཞག་ཇི་ལྟར་ཞེ་ན། འདི་ལ་གཉིས། སོ་སོར་བཤད་པ་དང་། སྤྱིར་བསྟན་གྱི་ཚུལ་དུ་བཤད་པའོ། །དང་པོ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི། དང་པོ་ལ་བཅུ་ཡོད་དེ། དབྱེ་བ། བསྡུ་བ། མཚན་ཉིད། གྲངས་ངེས། གོ་རིམ། སྒྲ་བཤད། འདས་ན་ཅིར་འགྱུར། རྟེན། ཕན་ཡོན། ཉེས་དམིགས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་སློང་ཕའི་སྤང་བྱའི་ལྟུང་བ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། མའི་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་རྩ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག །ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་བསྡུ་བ་ཡོད་དེ། དངོས་པོ་དང་བསམ་པའི་སྒོ་ནས་བསྡུ་བ། བྱེད་ལས་ཀྱི་སྒོ་ནས་བསྡུ་བ། ངོ་བོའི་སྒོ་ནས་བསྡུ་བ། སྡེ་ཚན་ཀྱི་སྒོ་ནས་བསྡུ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་གཙོ་ཆེ་བ་དང་། འདུ་ཤེས་གཙོ་ཆེ་བའི་ལྟུང་བ་གཉིས་ཡོད་པའི་ཕྱིར་ཏེ། ཕམ་པ་དང་། ལྷག་མ་དང་པོ་གཉིས་དངོས་པོ་གཙོ་ཆེ། གཞན་རྣམས་འདུ་ཤེས་གཙོ་ཆེ་བའི་ཕྱིར། གཉིས་པ་བྱེད་ལས་ཀྱི་སྒོ་ནས་གཉིས་སུ་འདུ་སྟེ། སྡོམ་པ་གསོ་རུང་གི་ལྷག་མ་མེད་པ་དང་། ལྷག་མ་དང་བཅས་པའི་ལྟུང་བ་གཉིས་སུ་འདུ་བའི་ཕྱིར་ཏེ། ཐུན་མོང་བའི་ཕམ་པ་འཆབ་བཅས་ཀྱིས་ལྷག་མ་གསོར་མི་རུང་བར་བྱས་པ་དང་། མ་བྱས་པ་གཉིས་སུ་འདུ་བའི་ཕྱིར། གསུམ་པ་ངོ་བོའི་སྒོ་ནས་བསྡུ་བ་ལ་གཉིས་སུ་ཡོད་དེ། རང་བཞིན་གྱི་ཁ་ན་མཐོ་བའི་ལྟུང་བ་དང་། བཅས་པའི་ཁ་ན་མཐོ་བའི་ལྟུང་བ་གཉིས་སུ་འདུ་བའི་ཕྱིར། བཞི་པ་སྡེ་ཚན་གྱི་སྒོ་ནས་ལྔར་ཡང་འདུ་སྟེ། ཕམ་ལྷག་སོགས་ལྔར་འདུ་བའི་ཕྱིར། ཁོ་ན་ཏེ། མི་འཐད་དེ། སྤོམ་པོ་རྣམས་དེ་དག་ཏུ་མ་འདུས་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། ཕམ་པའི་སྦྱོར་བའི་སྦོམ་པོ་སོགས་གསུམ་ཕམ་བའི་སྡེར་གཏོགས་ལ། ལྷག་མའི་སྦྱོར་སྦོམ་སོགས་གསུམ་ལྷག་མའི་སྡེར་འདུས་པའི་ཕྱིར། མ་ངེས་པ་གཉིས་གང་དུ་འདུ་བའི་ཚུལ་ཡོད་དེ། གསུམ་དུ་མ་ངེས་པ་ཕམ་ལྷག་ལྟུང་བྱེད་གསུམ་པོ་གང་རུང་གིས་བསྡུས་ལ། གཉིས་སུ་མ་ངེས་པ་ལྷག་མ་དང་ལྟུང་བྱེད་གཉིས་ཀྱིས་བསྡུས་པའི་ཕྱིར། བཅས་རང་གི་ཁྱད་པར་ལ། ཁ་ཅིག །རང་བཞིན་གྱི་ཁ་ན་མ་ཐོ་བའི་ལྟུང་བ་ཡིན་ན། མི་དགེ་བ་ཡིན་པས་ཁྱབ། བཅས་པའི་དེ་ཡིན་ན། ལུང་མ་བསྟན་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་དེ། བཅས་པའི་ཁ་ན་མཐོ་བའི་ལྟུང་བ་ལ་མི་དགེ་བ་དང་། ལུང་མ་བསྟན་གྱི་ཆ་གཉིས་ཡོད་པའི་ཕྱིར་ཏེ། རབ་བྱུང་གིས་མི་དགེ་བས་ཀུན་ནས་བླངས་ཏེ་ཆང་འཐུང་བའི་ལྟུང་བ་ལྟ་བུ་དང་པོ་དང་། དགྲ་བཅོམ་པའི་རྒྱུད་ཀྱི་ལྟུང་བ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། ཁ་ཅིག །བཅས་རང་གཉིས་འགལ་ལོ་ཟེར་བ་ཡང་མི་འཐད་དེ། དགེ་སློང་གི་རྒྱུད་ཀྱི་སྲོག་གཅོད་ཀྱི་ལྟུང་བ་དེ། དེ་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། གཙོ་བོར་བཅོམ་ལྡན་འདས་ཀྱི་བཅས་པ་དང་འགལ་བར་ཞུགས་པའི་ལྟུང་བ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། མི་དགེ་བའི་ངོ་བོར་གྱུར་བའི་ལྟུང་བ་ཡིན་པའི་ཕྱིར། ཁ་ཅིག །བཅས་རང་གང་རུང་གི་ཁ་ན་མ་ཐོ་བ་ཡིན་ན། ལྟུང་བ་ཡིན་པས་ཁྱབ་ཟེར་བ་ནི་མི་འཐད་དེ། སྡོམ་པ་དང་མི་ལྡན་པའི་གང་ཟག་གི་རྒྱུད་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་དེ། ལྟུང་བ་མ་ཡིན་པའི་ཕྱིར་ཏེ། གང་ཟག་དེ་སྡོམ་པ་དང་མི་ལྡན་པའི་ཕྱིར། ཁ་ཅིག་བཅས་པའི་ཁ་ན་མ་ཐོ་བ་ཡིན་ན། གནང་བའི་སྐབས་ཡོད་བས་ཁྱབ་ཟེར་བ་ནི་མི་འཐད་དེ། ཆང་གི་ལྟུང་བ་དེ། བཅས་པའི་ཁ་ན་མ་ཐོབ་གང་ཞིག །དེ་རབ་བྱུང་ལ་གནང་བའི་སྐབས་མེད་པའི་ཕྱིར། དང་པོ་གྲུབ་སྟེ། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། མདོ་ལས། ང་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་ནི་རྩྭའི་མཆོག་མས་ཀྱང་ལྟུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར། རང་ལུགས་ལ་དེ་གཉིས་ཀྱི་ངོ་བོའི་ཁྱད་པར་ཡོད་དེ། ཁྱིམ་པ་དང་རབ་བྱུང་གཉིས་ཀའི་རྟེན་ལ་སྡིག་ཏུ་འགྱུར་བའི་སྒོ་ནས་བཞག་པའི་ཁ་ན་མ་ཐོ་བ་དེ། རང་བཞིན་གྱི་ཁ་ན་མ་ཐོ་བའི་ངོ་བོ་དང་། གཙོ་བོར་སྟོན་པའི་བཅས་པ་དང་འགལ་བར་ཞུགས་ཤིང་སྡོམ་ལྡན་གྱི་དབང་དུ་བྱས་ནས་བཞག་པའི་ཁ་ན་མ་ཐོ་བ་དེ། བཅས་པའི་ཁ་ན་མ་ཐོ་བའི་ངོ་བོ་ཡིན་པའི་ཕྱིར། འོན་ཀྱང་དེ་གཉིས་ངོ་བོ་ཐ་དད་མ་ཡིན་ཏེ། གཉིས་ཀ་མི་འགལ་བའི་ཕྱིར། རྒྱུའི་ཁྱད་པར་ཡང་ཡོད་དེ། གཙོ་བོར་མི་དགེ་བས་ཀུན་ནས་བླངས་མ་བསླངས་ཀྱི་ཁྱད་པར་ཡོད་པའི་ཕྱིར། ཁ་ཅིག །རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ན། སེམས་ཅན་ཀུན་ལ་སྡིག་ཏུ་འགྱུར་བས་ཁྱབ་པར་ཐལ། སྡོམ་གསུམ་རབ་དབྱེ་ལས། རང་བཞིན་ཁ་ན་མ་ཐོ་བ། །སེམས་ཅན་ཀུན་ལ་སྡིག་ཏུ་འགྱུར། །ཞེས་གསུངས་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། གང་ཟག་བྱེ་བྲག་པ་དགེ་སློང་ལྟ་བུའི་རྒྱུད་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་དེ། སེམས་ཅན་ཀུན་ལ་སྡིག་ཏུ་མི་འགྱུར་བའི་ཕྱིར། དེར་ཐལ། ལས་མ་བྱས་པ་དང་འཕྲད་པ་མེད་པའི་ཕྱིར། ཁ་ཅིག །ཁྱིམ་པའི་རྒྱུད་ཀྱི་ཁ་ན་མ་ཐོ་བ་ཡིན་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཁོ་ན་ཡིན་པ་མ་ཁྱབ་པར་ཐལ། དེ་གཙོ་བོར་ཁྱིམ་པའི་རྟེན་ལ་ཡོད་པར་བཞག་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། དགེ་བསྙེན་གྱི་རྒྱུ་དང་བཅས་པའི་ཁ་ན་མ་ཐོ་བ་ཡོད་བའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་བཅས་པ་དང་འགལ་བར་ཞུགས་པའི་ཉེས་པ་ཡོད་པའི་ཕྱིར། ཁ་ཅིག །སྡོམ་པ་དང་མི་ལྡན་པའི་གང་ཟག་གི་རྒྱུད་ལ་ལྟུང་བ་ཡོད་བར་ཐལ། དེའི་རྒྱུད་ལ་ངན་འགྲོར་ལྟུང་བར་བྱེད་བའི་ཉེས་པ་ཡོད་པའི་ཕྱིར། ཟེར་ན། རེ་ཞིག་མ་ཁྱབ། ཁ་ཅིག །འདོད་དེ། སྡོམ་པ་བཏང་བའི་གང་ཟག་གི་རྒྱུད་ལ་ལྟུང་བ་ཡོད་པའི་ཕྱིར། དེར་ཐལ། ཕམ་པ་བྱུང་བའི་གང་ཟག་གི་རྒྱུད་ལ་ལྟུང་བ་ཡོད་པའི་ཕྱིར། ཟེར་རོ། ཁ་ཅིག །བཅས་པའི་ཁ་ན་མ་ཐོ་བ་ཡིན་ན། བཅས་རྐྱང་གི་ཁ་ན་མ་ཐོ་བ་ཡིན་པས་ཁྱབ་པར་ཐལ། བཅས་པའི་ཁ་ན་མ་ཐོ་བ་དེ། གཙོ་བོར་བཅས་རྐྱང་གི་དབང་དུ་བྱས་བའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། མི་འཐད་དེ། སྲོག་གཅོད་ཀྱི་ཕམ་པར་གྱུར་བའི་བཅས་རང་གི་ཁ་ན་མ་ཐོ་བའི་གཞི་མཐུན་ཡོད་པའི་ཕྱིར། འོན་ཀྱང་། དེ་གཉིས་འགལ་བར་འདོད་པའང་ཡོད་དོ། ཁ་ཅིག །སྡིག་ལྟུང་གཉིས་འགལ་བར་ཐལ། སྡིག་པ་སྟོབས་བཞིའི་སྒོ་ནས་བཤགས་པས་འདགས། ལྟུང་བ་མིང་རིགས་ཀྱི་སྒོ་ནས་འདགས་དགོས་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། ལྟུང་བ་ཡང་སྟོབས་བཞིའི་སྒོ་ནས་འདགས་པ་ཡོད་པའི་ཕྱིར། དེ་ཐལ། ལྟུང་བ་ཕྱིར་བཅོས་བཤད་ཚོད་བཞིན་མ་བྱས་མ་བྱས་ཀྱང་། སྟོབས་བཞིའི་བཤགས་པ་ལ་འབད་པས་དེ་འདགས་པ་ཡོད་པའི་ཕྱིར། དེར་ཐལ། དེ་ཡོད་ཀྱང་། དེ་ལས་ཀྱི་ཁ་སྐོང་དུ་མི་འོས་བའི་རྒྱུ་མཚན་ནི། ལྟུང་བ་དེ་ལས་སྡང་ཞེས་པའི་མིང་གི་ཐ་སྙད་མ་ཐོབ་པའི་ཕྱིར། དེའི་རྒྱུ་མཚན་ཡོད་དེ། དེ་སངས་རྒྱས་ཀྱི་བཅས་པ་དབང་བཙན་པའི་སྟོབས་ཀྱིས་ཡིན་པའི་ཕྱིར། གསུམ་པ་མཚན་ཉིད་ལ་གཉིས་ཡོད་དེ། སྤྱི་དང་བྱེ་བྲག་གཉིས་ཡོད་པའི་ཕྱིར། དང་པོའི་དབང་དུ་བྱས་ན། བཅོམ་ལྡན་འདས་ཀྱི་བཅས་པ་དང་འགལ་བར་ཞུགས་པའི་ཁ་ན་མ་ཐོ་བ་དེ། ལྟུང་བའི་མཚན་ཉིད། དེ་ལ་དབྱེ་ན། རང་བཞིན་གྱི་ལྟུང་བ་དང་། བཅས་པའི་ལྟུང་བ་གཉིས། སྡོམ་ལྡན་དང་སྡོམ་ལྡན་མ་ཡིན་པའི་གང་ཟག་གཉིས་ཀ་ལའང་ཁ་ན་མ་ཐོ་བར་འགྱུར་བའི་རིགས་གནས་ཀྱི་ལྟུང་བ། རང་བཞིན་གྱི་ལྟུང་བའི་མཚན་ཉིད། གཙོ་བོར་སྟོན་པའི་བཅས་པ་དང་འགལ་བར་ཞུགས་པའི་རིགས་གནས་ཀྱི་ལྟུང་བ་དེ། བཅས་ལྟུང་གི་མཚན་ཉིད། འདི་ལའང་བཅས་རང་ཐུན་མོང་བ་དང་། བཅས་རྐྱང་གཉིས་ཡོད། ལྟུང་བ་སྡེ་ལྔའི་ནང་ཚན་གང་ཞིག ། རང་གི་ངོ་བོའི་ཆ་ནས་ལྷག་མ་མན་ཆད་ལས་ལྕི་རུང་དུ་གནས་པའི་དངོས་གཞི་ཡོངས་སུ་རྫོགས་པའི་ལྟུང་བ། ཕམ་པའི་མཚན་ཉིད། དེ་གང་ཞིག་ངོ་བོ་ཆ་ནས་ལྷག་མའི་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་ཀྱིས་འདགས་སུ་རུང་བ། ལྷག་མའི་མཚན་ཉིད། དེ་གང་ཞིག །ལྟུང་བྱེད་ཀྱི་མིང་རིགས་དང་། དེ་གང་ཞིག །སོར་བཤགས་ཀྱི་མིང་རིགས་དང་། དེ་གང་ཞིག །ཉེས་བྱས་ཀྱི་མིང་རིགས་ཀྱི་སྒོ་ནས་འདགས་སུ་རུང་བ་རྣམས། རིམ་པ་བཞིན་དུ། ལྟུང་བྱེད། སོར་བཤགས། ཉེས་བྱས་ཀྱི་མཚན་ཉིད་དོ། །བཞི་པ་གྲངས་ངེས་ཡོད་དེ། ལྟུང་བ་སྡེ་ལྔར་ངེས་པའི་ཕྱིར། ལྔ་པ་གོ་རིམ་ཡོད་དེ། ལྕི་རིམ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། དྲུག་པ་སྒྲ་བཤད་ཡོད་དེ། མི་མཐུན་ཕྱོགས་རྒྱལ་ཞིང་གཉེན་པོའི་ཕྱོགས་ཕམ་པས་ན་ཕམ་པ། སྡོམ་པ་གསོར་རུང་གི་ལྷག་མ་ལུས་པས་ན་ལྷག་མ། བཤགས་པའི་ཚེ་གང་ལ་ལྟུང་བ་བྱུང་བའི་དངོས་པོ་དེ་སྤང་དགོས་པས་ན། སྤངས་ཀྱང་ངན་འགྲོར་ལྟུང་བར་བྱེད་པས་ན་ལྟུང་བྱེད། བཤགས་པ་སོ་སོར་བྱེད་དགོས་པ་ན་སོར་བཤགས། ཉེས་པ་བྱས་པས་ན་ཉེས་བྱས་ཞེས་བརྗོད་པའི་ཕྱིར། དེ་དང་དེའི་སྒྲ་འཇུག་ཏུ་ཡོད་ན། དེའི་སྒྲ་བཤད་དུ་ཡོད་པ་ཁྱབ་སྟེ། དགྲ་བཅོམ་པའི་རྒྱུད་ཀྱི་ལྟུང་བྱེད་ལ། དེའི་སྒྲ་འཇུག་ཏུ་ཡོད་ཀྱང་། བཤད་དུ་མེད་པའི་ཕྱིར། སྒྲ་བཤད་དུ་ཡོད་ན། འཇུག་ཏུ་ཡོད་པས་མ་ཁྱབ་སྟེ། ཕམ་པ་རྣམས་ལ་ཉེས་བྱས་ཀྱི་སྒྲ་བཤད་དུ་ཡོད་ཀྱང་། འཇུག་ཏུ་མེད་པའི་ཕྱིར། བདུན་པ་འདས་ན་ཅིར་འགྱུར་བ་ཡོད་དེ། དེ་རྣམས་ལ་སོ་སོར་སྤྱད་པ་ན། རང་རང་གི་དངོས་གཞི་དེ་དང་དེ་རྫོགས་པར་བསྐྱེད་པའི་ཕྱིར། བརྒྱད་པ་སྡེ་ལྔ་བསྐྱེད་པའི་རྟེན་ཡོད་དེ། སྡོམ་པ་མ་བླངས་པའི་གང་ཟག་ཉེས་སྤྱོད་ལ་ཞུགས་ན་ཉེས་པ་བསྐྱེད་ཀྱང་ལྟུང་བ་མི་བསྐྱེད་ཅིང་། སྡོམ་པ་ཉམས་པ་དང་མ་ཆགས་པ་ལ་ཡང་དེ་ལྟར་འགྱུར་ལ། རྟེན། དགེ་བསྙེན། དགེ་ཚུལ། དགེ་སློང་རྣམས་ལ་རང་རང་གི་སྐབས་ཀྱི་ལྟུང་བ་དེ་དག་བསྐྱེད་པར་འདོད་པ་ཡིན་པའི་ཕྱིར། དགེ་བསྙེན་དང་དགེ་ཚུལ་གཉིས་ཀྱི་རྟེན་ལ་ལྟུང་བ་སྡེ་ལྔའི་ནང་ཚན་གྱི་ཕམ་པ་བསྐྱེད་པ་མེད་ཀྱང་། རྩ་ལྟུང་བཞི་འབྱུང་བ་ཡོད་དེ། རྩ་བ་བཞི་བསྲུང་བར་ཁས་བླངས་པ་འདྲ་བའི་ཕྱིར། དེ་ཡང་དགེ་ཚུལ་གྱི་ལྟུང་བ་གང་ཡིན་ཉེས་བྱས་ཡིན་ཏེ། རྩ་བ་བཞི་ལས་འདས་ན་ཕམ་འདྲའི་ཉེས་བྱས། དངོས་སུ་ཁས་བླངས་པ་གཞན་ལས་འདས་ན་བཤགས་བྱའི་ཉེས་བྱས། ཕྱོགས་མཐུན་ལས་འདས་ན་བསྡམ་བྱའི་ཉེས་བྱས་སུ་འགྱུར་བའི་ཕྱིར། དེས་ན་ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པར་བསྐྱེད་པའི་རྟེན་ལ་དགེ་སློང་ཞིག་དགོས་ཏེ། དེ་ལས་གཞན་པ་དག་གིས་བྱས་པའི་ལྟུང་བ་རྣམས་ནི་ཉེས་བྱས་ཀྱི་རིགས་ཡིན་པའི་ཕྱིར། དགེ་ཚུལ་ལ་རྩ་ལྟུང་བྱུང་ན་སྡོམ་པ་ཉམས་པར་འགྱུར་བ་དགེ་སློང་དང་འདྲ་སྟེ། སུམ་བརྒྱ་པ་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་འགྱུར་ཞིང་། དགེ་སློང་བཞིན་དུ་དགེ་ཚུལ་ལའང་། །ཕྱིས་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་གསུངས་པའི་ཕྱིར། བསླབ་རྒྱུན་དང་བསླབ་ཚིག་ཀྱང་གཅིག་པ་ཞིག་དགོས་ཏེ། བསླབ་རྒྱུན་མི་གཅིག་ན་ལྟུང་བ་ན་སྨད་དང་། བསླབ་ཚིག་མི་གཅིག་པ་དགེ་ཚུལ་གྱི་རྟེན་ལ་རིན་ཐང་ཚང་བ་བརྐུ་བའི་སྦྱོར་བ་བྱས། དགེ་སློང་གི་རྟེན་ལ་མཐར་ཐུག་གྲུབ་ནའང་། ལྟུང་བ་ན་སྨད་ཙམ་ཞིག་བསྐྱེད་པའི་ཕྱིར། བསམ་པ་རང་བཞིན་དུ་གནམ་པ་ཞིག་ཀྱང་དགོས་ཏེ། སྨྱོ་བ་དང་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་རྣམས་ལའང་དངོས་གཞི་མི་བསྐྱེད་པའི་ཕྱིར། ཕལ་ཆེར་ལ་ལུས་ཐ་མལ་དུ་གནས་པ་ཞིག་དགོས་ཀྱང་མ་ངེས་ཏེ། སྲོག་གཅོད་རྣམས་དང་། ཕམ་ལྷག་དང་པོ་གཉིས་དང་། མ་བྱིན་པར་ལེན་པ་རྣམས་དེ་ཡན་ལག་ཏུ་མི་དགོས་པའི་ཕྱིར། དགུ་པ་ཕན་ཡོན་ཡོད་དེ། མདོ་ལས། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་བ་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཞེས་པ་ནས། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཞེས་པའི་བར་དང་། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པ་དང་། བཞན་ཡང་མང་བའི་ཕྱིར། བཅུ་པ་ཉེས་དམིགས་ཡོད་དེ། མ་བསྲུང་ན་ཇི་སྐད་དུ། ལུང་ལས། གང་ཞིག་བསླབ་བ་མི་བསྲུང་བ། །དེ་ནི་སངས་རྒྱས་ཀུན་གྱིས་སྨད། །ལྷ་རྣམས་འདི་ནི་ཆོམས་རྐུན་ཞེས། །སྨོད་ཅིང་རང་གི་གྲོགས་ཀྱིས་གཤེ །བདག་ཉིད་ཀྱིས་ཀྱང་སྨོད་པར་འགྱུར། །ཆོས་ཉིད་ཀྱིས་ཀྱང་སྨད་པར་འོས། །ཞེས་སོགས་ཉེས་དམིགས་མང་དུ་བཤད་ཅིང་། དེའི་ཟློག་ཕྱོགས་ཕན་ཡོན་ལ་སྦྱར་བར་ཡང་གསུངས་པའི་ཕྱིར། གཉིས་པ་བྱེ་བྲག་ཏུ་སྡེ་ལྔ་སོ་སོར་བཤད་པ་ལ་ལྔའི་དང་པོ་ཕམ་པའི་སྡེ་ཚན་ལ་བཞི་ཡོད་དེ། སྡོམ་ལས། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལས་བསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདི་རུ་གསུངས་པ་ཡིན། །ཞེས་འབྱུང་ཞིང་། འདིར་བཞི་པོ་དེའི་ནང་ནས་དང་པོ་འཆད་པ་ལ། བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ། །ཟག་བྱེད་དོ། །དེར་རོ། །མ་ཉམས་པར་རོ། ཁའམ་བཤང་ལམ་དུའོ། །ཞེས་གསུངས་པའི་ཕྱིར། འདི་ལ་ཅུང་ཟད་རྒྱས་པར་བཤད་ན་གསུམ་ཡོད་དེ། ལྟུང་བ། ལྟུང་མེད། བསླབ་བྱ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། ཡན་ལག་གི་མཚན་ཉིད་དང་། སེལ་བ་གཉིས་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། གཞི་བསམ་པ། སྦྱོར་བ། མཐར་ཐུག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གང་ཟག་ཕོ་མོ་མ་ནིང་གང་ཡིན་ཀྱང་རུང་གསོན་པོ་དང་ཤི་བའི་ལུས་ཕྱེད་དུ་ལོངས་པའང་རུང་སྟེ། དེ་དག་གི་ཁ་བཤང་ལམ་ཟག་བྱེད་གསུམ་པོ་གང་རུང་དུ་ནོར་བུ་བཅུག་སྟེ་རེག་པའི་བདེ་བ་ལུས་ཤེས་ཀྱིས་མྱོང་ཞིང་། ཡིད་ཀྱིས་བདག་གིར་བྱས་པ་ན། མི་ཚངས་སྤྱོད་ཀྱི་ཕམ་པར་འགྱུར་བའི་ཕྱིར། གཉིས་པ་བསམ་པ་ཡོད་དེ། འདུ་ཤེས་འཁྲུལ་མ་འཁྲུལ་ཁྱད་པར་མེད་ཅིང་། ཀུན་སློང་གཉིས་ཀྱིས་སྤྲད་པའི་བདེ་བ་མྱོང་འདོད་རྒྱུན་མི་འཆད་པ་ཞིག་དགོས་པའི་ཕྱིར། གསུམ་པ་སྦྱོར་བ་ཡོད་དེ། དང་པོར་བཅུག །བར་དུ་མགུལ་བསྐྱོད་སོགས་བྱས་པ་ཞིག་དགོས་པའི་ཕྱིར། བཞི་པ་མཐར་ཐུག་གི་དུས་ཡོད་དེ། ཁའི་སོ་ཕན། ཟག་བྱེད་ཀྱི་པགས་རིམ་ཕན། བཤང་ལམ་གྱི་སྦུ་གུའི་ཁ་ཤུན་ཕན་ཆད་འདས་ནས་ལུས་དང་ཡིད་ཀྱིས་བདེ་བ་རྫོགས་པར་མྱོང་བ་བདག་གིར་བྱས་པ་ན། དེར་འགྱུར་བའི་ཕྱིར། དེ་ཡང་གཉིས་ཀ་བཅས་ལྡན་ཡིན་ན། དེའི་ཚེ་གཉིས་ཀ་ཉམས་པར་འགྱུར་ལ། གང་གིས་བདེ་མྱོང་བ་བདག་གིར་མ་བྱས་ན་དེ་ཉམས་པར་མི་འགྱུར་ཏེ། བདེ་བ་རྫོགས་པར་མྱོང་ཞིང་བདག་གིར་བྱས་པ་ཡན་ལག་ཏུ་དགོས་པའི་ཕྱིར་ཏེ། དགེ་སློང་དགྲ་བཅོམ་མ་ལ་སྤྱད་ཀྱང་དེ་སྲེད་པ་དང་བྲལ་བས་ཉམས་པར་མི་འགྱུར་བའི་ཕྱིར། གཉིས་པ་སེལ་བ་ལ་བཞི་ཡོད་དེ། གཞིའི་སེལ་བ་ནོར་བུ་ཉམས་པའམ། ལམ་གསུམ་ཉམས་པའི་སྐྱོན་ཡོད་ན། སྦོམ་པོའམ། ཉེས་བྱས་གང་རུང་དུ་འགྱུར་ཞིང་། བསམ་པའི་སེལ་བ་ཆགས་སེམས་མེད་པ་སོགས་ལ་སྦོམ་པོ། །སྦྱོར་བའི་སེལ་བ་ཡིད་ཀྱིས་བསམས་ཏེ་ཁུ་བ་དབྱུང་ཙམ་དང་རེག་པ་མེད་པ་སོགས་ལ་ཡང་སྤོམ་པོ། མཐར་ཐུག་གི་སེལ་བ་བདེ་བ་རྫོགས་པར་མ་མྱོང་བ་སོགས་ལའང་སྦོམ་པོ་ཙམ་ཞིག་བསྐྱེད་པའི་ཕྱིར། གཉིས་པ་ལྟུང་མེད་ཡོད་དེ། བུད་མེད་ཀྱི་སྟེང་དུ་འགྱེལ་བ་དང་། ཆུས་ཁྱེར་བ་འཛིན་པ་སོགས་ལ་ལྟུང་བ་མེད་པའི་ཕྱིར། གསུམ་པ་བསླབ་བྱ་ཡོད་དེ། ཆགས་སེམས་སྐྱེ་བའི་གཞི་དང་རྒྱུན་དུ་མི་འབྲེལ་ཞིང་། འཁྲིག་གཏམ་སྨྲ་བ་སོགས་བསྲུང་བ་ལ་བསླབ་དགོས་པའི་ཕྱིར། གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ནི། རྐུའམ་བརྐུར་བཅུག་པ་དག་གིས་སོ། །མངགས་པས་ཀྱང་ངོ་། །མ་བྱིིན་པའོ། །མ་ཤ་ཀ་ལྔ་ལ་སོགས་པའོ། །རྐུ་སེམས་ཀྱིས་སོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ། །དེར་འདུ་ཤེས་པའོ། །ཞེས་སོགས་ཀྱིས་འཆད་ལ། དོན་ཀྱང་ཡོད་དེ། བཅས་ལྡན་དགེ་སློང་གིས། མི་གཞན་གྱིས་བཟུང་བའི་རྫས་རིན་ཐང་ཚང་བ། འདུ་ཤེས་མ་འཁྲུལ་ཞིང་། རང་དོན་དུ་ཀུན་སློང་རྐུ་འཕྲོག་བྱེད་འདོད་རྒྱུན་མ་ཆད་པ། སྦྱོར་བ་རང་ངམ་བསྐོས་པ་གང་རུང་གིས་བརྐུ་འཕྲོག་བྱེད་པར་བརྩམས་ཤིང་། མཐར་ཐུག་ཐོབ་བློ་སྐྱེས་པ་ན། དེར་འགྱུར་བའི་ཕྱིར། རྫས་བདག་ནི། མི་གཞན་ཡིན་པ་དང་། དེས་བདག་ཏུ་བཟུང་བ་ཞིག་དགོས་ཏེ། རང་གི་རྫས་བརྐུས་ན་ལྟུང་བ་ན་སྨད་ཙམ་དང་། མི་མ་ཡིན་གྱི་རྫས་བརྐུས་ནའང་དེ་ཙམ་བསྐྱེད་ལ། བདག་ཏུ་མ་བཟུང་བ་དགྲ་བཅོམ་པ་དང་སྒྲ་མི་སྙན་པ་སོགས་ཀྱི་རྫས་བརྐུས་ན། སྦོམ་པོར་འགྱུར་བའི་ཕྱིར། སྤྱིིར་རྫས་བདག་ལ་བཞི་ཡོད་དེ། བསམ་སྦྱོར་དང་། ཡུལ་ཆོས་དང་། རིགས་རྒྱུད་དང་། སངས་རྒྱས་ཀྱི་བཀས་བདག་པོར་གྱུར་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཤི་བའི་ཡོ་བྱད་དེ་ཉིད་ཀྱིས་གཞན་ལ་བསྔོས་ནས་བཞག་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཤི་གམ་གཞལ་དགོས་ཀྱི་རྫས་རྣམས་དེ་ལེན་པ་པོར་དབང་བ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཕ་ནོར་བུ་ལ་དབང་བ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། སངས་རྒྱས་དང་ཆོས་མྱང་འདས་ལ་ཕུལ་བ་ནི་དེ་དག་དབང་གི གཞན་གྱིས་སྤྱོད་དུ་མི་རུང་ལ། ལུང་རྟོགས་ལ་ཕུལ་བ་ནི་དེ་དག་འཛིན་པའི་དགེ་འདུན་ལ་དབང་། དགེ་འདུན་ལ་ཕུལ་བ་ནི་དེ་ཉིད་ལ་དབང་བ་ཡིན་པའི་ཕྱིར། གང་བརྐུ་བའི་རྫས་དེ་ཡང་རིན་ཐང་ཚང་བ་ཞིག་དགོས་པ་ཏེ། མ་ཚང་ན་སྦོམ་པོའམ་ཉེས་བྱས་ཙམ་ཞིག་བསྐྱེད་པའི་ཕྱིར། རིན་ཐང་བརྩི་བའི་ཚུལ་ཡོད་དེ། སྟོན་པ་བསླབ་པ་འཆའ་བའི་དུས་སུ་ཀཪྴ་པ་ཎ་བཞི་ཆའི་ཚད་ལ་རིན་ཐང་དུ་བརྩི་ཡང་། ཡུལ་དུས་ཀྱི་དབང་གིས་མ་ངེས་པའི་ཕྱིར། ཡུལ་ཉེ་རིང་གི་དབང་དུ་བྱས་ནས་བརྩི་ཚུལ་ཡོད་དེ། ནོར་བདག་དང་རྐུ་མཁན་གཉིས་ཡུལ་ཐག་ཉེ་རིང་མཉམ་ན་རྐུན་མའི་ཡུལ་གྱིས་བརྩི། མི་མཉམ་ན་ཉེ་བ་བརྩི་དགོས་པའི་ཕྱིར། འཇོག་རྫས་དང་བགོ་རྫས་ཀྱི་དབང་དུ་བྱས་ན་ཡོད་དེ། རྫས་བདག་བཅུའི་འཇོག་རྫས་དགེ་སློང་གཅིག་ཁོ་ནས་བརྐུས་ན་རིན་ཐང་ཚང་བ་གཅིག་གིས་ཆོག་ལ། བ ཅུའི་བགོ་རྫས་ཡིན་ན། བདག་པོ་སོ་སོ་ལ་ལྟོས་པའི་རིན་ཐང་ཚང་བ་རེ་རེ་ཐོབ་དགོས། རྐུན་པོ་བཅུས་འཇོག་རྫས་དང་དགོད་རྫས་ཀྱི་ཕྱིར་བརྐུས་པ་ལའང་དེ་བཞིན་དུ་སྦྱར་བར་བྱ་བའི་ཕྱིར། དེས་ན་བརྐུ་བྱའི་དངོས་པོ་དེ། བདག་པོ་རྣམས་བགོ་རྫས་ཡིན་ན། དངུལ་སྲང་བརྒྱ་ཕྲག་བརྐུས་པར་ཀྱང་ཕམ་པར་མི་འགྱུར་བའི་སྐབས་ཡོད་དེ། རྫས་བདག་སྟོང་གི་བགོད་རྫས་ཀྱི་དངོས་པོ་བརྐུས་པའི་ཚེ། རེ་རེ་ལ་ལྟོས་པའི་རིན་ཐང་ཚང་བ་རེ་ཐོབ་དགོས་པ་གང་ཞིག །རྫས་བདག་སྟོང་གིས་དངུལ་སྲང་བརྒྱ་ཕྲག་གཅིག་བགོས་པའི་ཚེ། སོ་སོའི་སྐལ་བར་དངུལ་ཞོ་རེ་ཐོབ་བར་འགྱུར་བའི་ཕྱིར། ཁྱབ་སྟེ། དངུལ་ཞོ་རེ་བརྐུས་པ་ཙམ་གྱིས་ཕམ་པར་མི་འགྱུར་བའི་ཕྱིར་རོ། །རྐུ་མཁན་མང་པོས། དགོད་རྫས་ཀྱི་ཕྱིར་དུ་བརྐུས་པ་ན་རང་རང་ལ་ལྟོས་པའི་རིན་ཐང་ཚར་བ་རེ་ཐོབ་དགོས་ཏེ། སུམ་བརྒྱ་པར། སྐྱེ་བོ་མང་པོས་རྫས་བརྐུས་གང་གི་ཚེ། །རེ་རེའི་སྐལ་བས་རིན་ཐང་ཚང་ན་བརླག །སྐྱེ་བོ་མང་པོ་གང་ཚེ་བརྐུ་བྱེད་ན། །དེ་ཚེ་རང་སྐལ་རིན་གྱིས་རྣམ་པར་བཞག ། ཅེས་གསུངས་པའི་ཕྱིར། སྦྱོོར་བ་རྒྱུན་གཅིག་པ་ཞིག་དགོས་ཏེ། རིན་ཐང་ཚང་བ་ཞིག་བརྐུས་ནས་ད་མི་བརྐུའོ་སྙམ་དུ་བསམས་ཤིང་། སླར་དེ་ལྟར་བརྐུས་ནས་རིན་ཐང་ཚང་ཡང་ཕམ་པ་མི་བསྐྱེད་པའི་ཕྱིར། འདིར་རིན་ཐང་ཚད་ལ་ཡུལ་དུས་ཀྱི་དབང་གིས་བཞེད་པ་མི་འདྲ་བ་མང་དུ་བྱུང་སྟེ། ཁ་ཅིག །ནས་བྲེ་ཆེ་བའི་བཞི་ཙམ་དང་། ལ་ལ་གསེར་ཞོ་ཕྱེད་ཙམ་དང་། གཞན་དག་གསེར་སེ་བ་གཉིས་ཙམ་དང་། ཡང་གསེར་ཞོ་ཕྱེད་ཙམ་དང་། དངུལ་ཞོ་གསུམ་ཙམ་བརྐུས་ན་ཕམ་པར་འགྱུར་རོ་ཞེས་སོགས་བཞེད་པ་མང་དུ་འབྱུང་བའི་ཕྱིར། རང་ལུགས། མགྲོན་བུ་བཞི་བརྒྱའི་ཚད་དང་མཉམ་པའི་དངོས་པོ་བརྐུས་ན་ཕམ་པར་འགྱུར་ཏེ། མ་ཤ་ཀ་རེ་རེ་ལ་འགྲོན་བུ་བརྒྱད་ཅུ་རེའི་རིན་ཐང་གི་ཚད་དང་། མ་ཤ་ཀ་ལྔ་ལ་ཀཪྴ་པ་ཎའི་བཞི་ཆར་བཤད་པའི་ཕྱིར། དེས་ན་སྤྱིར་རགས་བརྩིས་སུ་དངུལ་ཞོ་གསུམ་ཡན་དང་། དམིགས་བསལ་ངེས་པ་མེད་དེ། དཀོན་མི་དཀོན་གྱི་ཁྱད་པར་ཡོད་པའི་ཕྱིར། ནས་ཀྱི་རིན་ཚད་དུ་བྱས་ཚེ། མུ་གེ་མེད་པའི་ཚེ་བོད་ཀྱི་ནས་ཁལ་བཞི་ཙམ་དང་། མུ་གེ་ཤིན་ཏུ་ཆེ་བའི་དུས་སུ་ནས་ཁལ་ཕྱེད་ཙམ་གྱིས་ཀྱང་ཆོག་པར་བཤད་དེ། དུས་ཀྱི་དབང་ལས་ཡིན་པའི་ཕྱིར། ཕམ་པ་བསྐྱེད་པའི་ཡན་ལག་མ་ཚང་ན་ཅིར་འགྱུར་བ་ཡོད་དེ། སེལ་བ་ཞེས་བྱ་བའི་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར། དེ་ཡང་ཡོད་དེ། རིན་ཐང་ལྟ་བུ་ཡན་ལག་གཅིག་མ་ཚང་ན་ཡང་དེར་འགྱུར་བའི་ཕྱིར། སོ་སོར་ཕྱིན་འདི་ལྟར་ཡིན་ཏེ། ཕམ་ལྷག་གི་ན་སྨད་སྦོམ་པོ། །སྦོམ་པོ་ལྟུང་བྱེད་སོར་བཤགས་གསུམ་གྱི་ན་སྨད་ཉེས་བྱས། ཉེས་བྱས་ཀྱི་ན་སྨད་ཉེས་བྱས་ཕྲ་མོར་འགྱུར་བའི་ཕྱིར། གཞན་ཡང་སེལ་བ་ལ་གསུམ་དུ་འགྱུར་བ་ཡོད་དེ། ཆེས་ན་སྨད་དུ་འགྱུར་བ། ལྟུང་བ་གཞན་དུ་འགྱུར་བ། ལྟུང་མེད་ལ་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕམ་ལྷག་གི་ཆེས་ན་སྨད་ནི་ཉེས་བྱས། སྦོམ་པོ་གསུམ་གྱི་ན་སྨད་ནི་ཉེད་བྱས་ཕྲ་མོ། །ཉེས་བྱས་ཀྱི་ཚད་ན་སྨད་ནི་ཉེས་བྱས་ཕྲ་མོའི་ཕྲ་མོར་འགྱུར་བའི་ཕྱིར། གཉིས་པ་ཡོད་དེ། མིའི་རྫས་བརྐུར་འདོད་ཀྱང་། མི་མིན་གྱི་རྫས་བརྐུས་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ལྟུང་བའི་དངོས་གཞི་མེད་པ་ལ་ལྟུང་མེད་དུ་གསུངས་པ་སོགས་ནི་འོག་ཏུ་འཆད་པར་འགྱུར་བའི་ཕྱིར། གསུམ་པ་སྲོག་གཅོད་ཀྱི་ཕམ་ནི། སྲོག་གཅད་ནའོ། །དེར་སེམས་པས་སོ། །མིར་གྱུར་བའིའོ། །དེར་འདུ་ཤེས་པས་སོ། །གང་ཡང་རུང་བས་སོ་ཞེས་པའི་གཞུང་གིས་འཆད་ལ། དོན་ཀྱང་ཡོད་དེ། བཅས་ལྡན་དགེ་སློང་གིས་རང་ལས་གཞན་གྱི་མིའམ་མིར་ཆགས་པ་གང་རུང་ཀུན་སློང་གསོད་སེམས་དང་ལྡན་པ་སྦྱོར་བ་རང་ངམ་བསྐོས་པ་གང་རུང་གིས་གསོད་པར་རྩོམ་ཞིང་། མཐར་ཐུག་བསད་པ་ན་ཕམ་པ་དེ་ཉིད་དུ་འགྱུར་བའི་ཕྱིར། གསད་བྱ་དེ་ལ་མི་ཡིན་པའམ་མིར་ཆགས་པ་ཞིག་དགོས་ཏེ། མི་མ་ཡིན་བསད་ན་སྦོམ་པོ་དང་། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་བའི་ཕྱིར། རང་ལས་གཞན་དགོས་པ་ནི་ཤེས་སླ་ལ། འདུ་ཤེས་མ་འཁྲུལ་པ་ཞིག་དགོས་ཏེ། ངེས་བཟུང་གིས་གང་ཟག་འདི་ཁོ་ན་གསད་པར་བྱའོ་སྙམ་ནས། ནོར་ཏེ་གཞན་བསད་པ་ན་ཕམ་པར་མི་འགྱུར་བའི་ཕྱིར། ངེས་གཟུང་མེད་པར་གང་བྱུང་ཡང་བསད་པར་བྱའོ་སྙམ་པའི་ཀུན་སློང་སྤྱི་ལ་ཞུགས་པ་ཡོད་ན་འཁྲུལ་ཡང་དངོས་གཞི་བསྐྱེད་དེ། གསོད་འདོད་མཚུངས་པར་ཡོད་བའི་ཕྱིར། སྦྱོར་བ་ལུས་ངག་གང་རུང་དུ་ཐོན་པ་ཞིན་དགོས་ཏེ། མ་ཐོན་ན་བསྡམ་བྱ་ཙམ་དུ་འགྱུར་བའི་ཕྱིར། གསོད་ཐབས་ལ་མང་སྟེ། མཚོན། དུག ། མཐུ་སོགས་ཡོད་པའི་ཕྱིར། གསད་བྱ་མི་ཁོ་ནར་མ་ངེས་ཏེ། མིར་ཆགས་པ་མེར་མེར་སོགས་མེད་པར་བྱས་པ་ནའང་དེར་འགྱུར་བའི་ཕྱིར། གསད་བྱ་དེ་རང་གི་སྔར་ཤི་བ་ཞིག་དགོས་ཏེ། རང་དང་དུས་མཉམ་མམ། རང་གི་ཕྱིས་ཤི་ན། ཕམ་པ་བསྐྱེད་པའི་རྟེན་མེད་པའི་ཕྱིར་ཏེ། མཛོད་ལས། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གྲོས་གཅིག་པའི་དམག་སོགས་མང་པོས་མི་གཅིག་ཁོ་བསད་ན་ནི་རེ་རེ་ལ་ཕམ་པའམ། སྡོམ་ལྡན་མིན་ནའང་། སྲོག་གཅོད་ཀྱི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ཁྱད་པར་མེད་དེ། འཛོད་ལས། དམ ག་ལ་སོགས་པ་དོན་གཅིག་ཕྱིར། །ཐབས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་པའི་ཕྱིར། འོན་ཀྱང་གྲོས་མི་གཅིག་པ་དང་། བློ་མི་མཐུན་པ་མང་པོས་གཅིག་ཁོ་ན་བསད་ན་དངོས་གཞི་བསྐྱེད་མི་བསྐྱེད་ཀྱི་ཁྱད་པར་ཡོད་དེ། གྲོས་བྱས་པ་མེད་ན་ནི་རེ་རེས་ཀྱང་མི་དེ་ལ་འཆི་ནུས་ཀྱི་མཚོན་བསྣུན་པ་སོགས་གང་རུང་ཞིག་དགོས་ལ། གྲོས་བྱ་བའི་གཞིར་དབང་མེད་ཀྱིས་ཡོད་ཁུལ་དུ་བྱས་ཀྱང་། རང་ཉིད་ཀྱི་ངོས་སྙིང་ཐག་པ་ནས་གསོད་སེམས་མེད་ན་ནི་དངོས་གཞི་མི་སྐྱེད་པའི་ཕྱིར། བཞི་པ་བརྫུན་དུ་སྨྲ་བའི་ཕམ་པ་ནི། འདུ་ཤེས་བསྒྱུར་ཏེ། བདག་ཉིད་ཀྱིས་མི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ནའོ་ཞེས་སོགས་ཀྱིས་འཆད་ལ། དོན་ཡང་ཡོད་དེ། བཅས་ལྡན་དགེ་སློང་གིས། རང་ལས་རྒྱུད་གཞན་ལ་ལུས་ཐ་མལ་དུ་གནས་ཞིང་ཐ་སྙད་ལྔ་ལྡན་ཞིག་ལ། འདུ་ཤེས་མ་འཁྲུལ་བའི་སྒོ་ནས་ཀུན་སློང་མི་ཆོས་བླ་མ་དེ་ཉིད་དང་རང་མི་ལྡན་པར་ཤེས་བཞིན་བརྫུན་སྨྲ་འདོད་ཀྱིས་སྦྱོར་བ་དག་མཚན་ཉིད་ལྔ་ལྡན་ཞིག་དེས་ཐོས་པར་སྨྲས་བའི་ཚེ་དོན་ཕ་རོལ་པོས་གོ་བ་ན་དེར་འགྱུར་བའི་ཕྱིར། སྨྲ་ཡུལ་མི་ཡིན་པ་ཞིག་དགོས་ཏེ། མི་མིན་ལ་སྦོམ་པོ་དང་། དུད་འགྲོ་ལ་སྨྲས་ཚེ་ཉེས་བྱས་སུ་འགྱུར་བའི་ཕྱིར། ལུས་ཐ་མལ་དུ་གནས་པ་ཞིག་དགོས་ཏེ། ལུས་གཞན་དུ་བསྒྱུར་བ་ལ་སྨྲས་ན་ནི་ན་སྨད་ཙམ་ཞིག་བསྐྱེད་པའི་ཕྱིར། སྨྲ་ཤེས་དོན་གོ་བ་ཤེས་པ་རང་བཞིན་དུ་གནས་པ་མ་ནིང་མཚན་གཉིས་སོགས་མ་ཡིན་པ་ཞིག་དགོས་ཏེ། དེ་དག་ལས་ལྡོག་ན་གཞན་ལ་སྒྲོག་པ་དང་། དགོས་པ་མི་འགྲུབ་པ་དང་། ཡིད་མི་ཆེས་པ་སོགས་སུ་འགྱུར་བའི་ཕྱིར། འདུ་ཤེས་མ་འཁྲུལ་བ་ཞིག་དགོས་ཏེ། སྨྱོན་ཚིག་གིས་སྨྲས་བ་ལྟ་བུ་ལ་དེར་ཡིད་མི་ཆེས་པའི་ཕྱིར་དང་། རྒྱུན་ཞུགས་ཐོབ་ཅེས་སྨྲ་འདོད་པ་ལས་ཕྱིར་འོང་སོགས་ཐོབ་ཅེས་སྨྲས་པ་ལའང་དངོས་གཞི་མི་འབྱུང་བའི་ཕྱིར། རང་དོན་དུ་སྨྲས་པ་ཞིག་དགོས་ཏེ། གཞན་དོན་དུ་སྨྲས་ཚེ་ན་སྨད་ཙམ་ཞིག་བསྐྱེད་པའི་ཕྱིར། མི་ཆོས་བླ་མ་དེ་དང་མི་ལྡན་པ་ཞིག་དགོས་ཏེ། ལྡན་ན་བདེན་སྨྲའི་ལྟུང་བྱེད་དུ་འགྱུར་བའམ་ཉེས་མེད་དུ་འགྱུར་བའི་ཕྱིར། འདུ་ཤེས་བསྒྱུར་ནས་སྨྲས་པ་ཞིག་དགོས་ཏེ། ཡོན་ཏན་དེ་དང་མི་ལྡན་ཡང་ལྡན་པར་རློམ་ནས་སྨྲས་ཚེ་ན་སྨད་དུ་འགྱུར་བའི་ཕྱིར། དེ་ལ་ངག་ཡིན་པ། རང་གི་ཡིན་པ། གསལ་པོར་སྨྲས་པ་སོགས་མཚན་ཉིད་ལྔ་ལྡན་ཞིག་དགོས་ཏེ། གཞོགས་སྨོས་དང་སྤྲིངས་ཡིག་ལྟ་བུ་ལ་དངོས་གཞི་མི་སྐྱེད་པའི་ཕྱིར། གང་སྨྲ་རྒྱུའི་མི་ཆོས་བླ་མ་དེ་ལ་གཉིས་ཡོད་དེ། འབྲས་བུའི་སྒོ་ནས་དང་། རྒྱུའི་སྒོ་ནས་བཞག་པ་གཉིས་ཡོད་པའི་ཕྱིར། དེ་ཡང་ཡིན་ཏེ། ཐོབ་བྱ་འབྲས་བུའི་སྒོ་ནས། ཐོབ་བྱེད་ལམ་གྱི་སྒོ་ནས་བཞག་པ་གཉིས་ཡོད་པའི་ཕྱིར་ཏེ། དཔེར་ན། བསམ་གཏན་གྱི་ཉེར་བསྡོགས་དང་། བསམ་གཏན་གྱི་དངོས་གཞི་ལྟ་བུའམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ལྟ་བུ་ཡིན་པའི་ཕྱིར། ཡང་ན་གཉིས་ཡོད་དེ། སྐྱེ་འཕགས་ཀྱི་ཡོན་ཏན་གཉིས་ཡོད་པའི་ཕྱིར། སྨྲ་ཚུལ་ལའང་གཉིས་ཡོད་དེ། འབྲས་བུའི་སྒོ་ནས་དང་། ངོ་བོའི་སྒོ་ནས་སྨྲ་བ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལྷ་ཀླུ་གནོད་སྦྱིན་ནམ་མཁའ་ལྡིང་དྲི་ཟ་མིའམ་ཅི་སོགས་ཀྱི་སྒྲ་ཐོས། དངོས་སུ་མཐོང་། ལྷན་ཅིག་ཏུ་གཏམ་སྨྲས་ཏེ་ཕན་ཚུན་དགའ་བར་བྱས་ཞེས་སོགས་བརྗོད་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། ས་གའི་ལྷས། ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །མཐོང་ངོ་བདག་གིས་གཏམ་ཡང་བྱས། །དེ་དག་ཀྱང་ནི་བདག་ལ་སྨྲ། །ཞེས་སྨྲས་དགེ་སློང་མཐར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་གམ་སྤྱན་ལྔ་མངོན་ཤེས་དང་། ཞུགས་གནས་བརྒྱད་སོགས་ཀྱི་གོ་འཕང་མ་ཐོབ་པར་ཐོབ་བོ་ཞེས་སྨྲ་བ་ལྟ་བུ་ཡིན་པའི་ཕྱིར། མཐར་ཐུག་སྨྲས་བའི་དོན་གོ་བ་ཞིག་དགོས་ཏེ། མ་གོ་ན་ལྟུང་བ་ན་སྨད་ཙམ་ཞིག་བསྐྱེད་པའི་ཕྱིར། ཕམ་པ་བཞི་གང་ཡིན་ཡང་ལས་དང་པོ་པ་མ་ཡིན་པ་ཞིག་དགོས་ཏེ། བཅས་པ་བྱེད་དུས་ཀྱི་དགེ་སློང་བཟང་སྦྱིན་དང་ནོར་ཅན་སོགས་ལ་ཕམ་པ་མ་བྱུང་བའི་ཕྱིར། ཕམ་པ་བཞི་པོ་ལ། ཕམ་པ་དེ་དང་དེའི་སྤྱོར་བ། སྦྱོར་བའི་སྦྱོར་བ། སྦྱོར་བའི་སྦྱོར་བའི་ཡང་སྦྱོར་བ་ཞེས་འབྱེད་རིགས་པར་མ་ཟད། ལྷག་མ་རྣམས་ལའང་དེ་དང་དེའི་སྦྱོར་བ། སྦྱོར་བའི་སྦྱོར་བ་སོགས་སུ་འབྱེད་རིགས་ཏེ། ཕམ་ལྷག་དེ་དག་ལྕི་བའི་རིགས་ཡིན་པར་མཚུངས་པའི་ཕྱིར། དེ་ཡང་ཕམ་ལྷག་གར་རུང་གི་སྦྱོར་བ་ཡིན་ན། སྦོམ་པོ་ཡིན་པས་ཁྱབ། དེའི་སྦྱོར་བའི་སྦྱོར་བ་ཡིན་ན། ཉེས་བྱས་རིགས་པ་ཡིན་པས་ཁྱབ། དེའི་སྦྱོར་བའི་སྦྱོར་བ་ཡིན་ན། ཉེས་བྱས་ཕྲ་བ་ཡིན་པས་ཁྱབ་སྟེ། དེ་དག་ལྕི་ཡང་གིས་རིམ་པར་བཞག་པའི་ཕྱིར། སྦོམ་པོ་དེ་ལ་སྒྲས་བརྗོད་ཀྱིས་དབྱེ་ན་གཉིས་ཡོད་དེ། མིང་དུ་ཆགས་པའི་སྦོམ་པོ་དང་། ཡོན་ཏན་སྒྲའི་སྦོམ་པོ་གཉིས་ཡོད་པའི་ཕྱིར་ཏེ། དེ་གཉིས་ཀྱི་དང་པོ་ནི་ཕམ་ལྷག་གི་སྦོམ་པོས་བསྡུས་པ་ཡིན་ལ། ཕྱི་མ་ནི་ལྟུང་བ་སྡེ་ལྔ་ལའང་དེའི་མིང་གིས་བཏགས་པ་ཙམ་ཡིན་པའི་ཕྱིར། ཡང་སྦྱོར་བའི་རྣམ་གྲངས་ལ་གཉིས་སུ་ཡོད་དེ། ཕམ་ལྷག་གི་དངོས་གཞི་བསྐྱེད་པར་ངེས་སྦྱོར་བ་དང་། དེ་གང་རུང་གི་དངོས་གཞི་སྐྱེད་བར་མ་ངེས་པའི་སྦྱོར་བ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕམ་ལྷག་གི་སྦྱོར་བའི་སྦོམ་པོ་རྣམས་དེར་འཇོག་པའི་ཕྱིར། གཉིས་པ་ཡོད་དེ། ཕམ་ལྷག་གི་སྦྱོར་བའི་རྣམ་པའི་སྦོམ་པོ་རྣམས་དེར་འཇོག་པའི་ཕྱིར། མི་གསོད་པར་འདོད་ནས་འདུ་ཤེས་འཁྲུལ་ཏེ། དུད་འགྲོ་ལ་མཚོན་བསྣུན་ནས་གསོད་པའི་ཚེ། སྦྱོར་བའི་རྣམ་པ་དང་། བསད་པའི་ཚེ་དངོས་གཞིའི་རྣམ་པ་ལྟ་བུ་ཞིག་འབྱུང་སྟེ། དེའི་ཚེ་མི་མ་བསད་པར་དུད་འགྲོ་བསད་པའི་ཕྱིར། དེའི་ཚེ་དངོས་གཞི་འགྱུར་སྟེ། མི་བསད་པར་རློམ་ཡང་མ་བསད་པར་གཞན་བསད་པའི་ཕྱིར། ཁ་ཅིག །དེ་ལ་དངོས་གཞིའི་རྣམ་པ་ཞེས་མི་བྱ་སྟེ། དངོས་གཞིའི་རྣམ་པ་ནི་གཞན་དོན་དུ་རྫས་རིན་ཐང་ཚང་བ་བརྐུས་པ་ལྟ་བུ་དངོས་གཞི་མ་ཚང་བ་ཙམ་ལ་བྱེད་པའི་ཕྱིར་གསུང་ངོ། །སྤྱིར་ལྟུང་མེད་དུ་འགྱུར་བ་ལ་བཞི་ཡོད་དེ། ལྟུང་བའི་དངོས་གཞི་དེ་མེད་པ་ལ་ལྟུང་མེད་གསུངས་པ་དང་། སྐབས་དེར་གཏོགས་ཀྱི་ལྟུང་བ་མེད་པ་ལ་བྱས་པ་དང་། ལྟུང་བ་རྣམ་གཞག་གི་ལྟུང་མེད་ལ་དེར་བྱས་པ་དང་། ལྟུང་བ་གཏན་ནས་མེད་པ་ལ་དེར་བྱས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྦྱོར་བ་རྒྱུན་བཅད་ཅིང་བཅད་རིང་ཉུང་ངུ་ཉུང་ངུ་མང་དུ་བརྐུས་པ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་དེ་ཡིན་པའི་ཕྱིར། །གཉིས་པ་ཡོད་དེ། ལྷུང་བཟེད་དོ་གསུམ་ལས་ལས་ལྷག་ལེན་དུ་མི་རུང་བར་གསུངས་བའི་སྐབས་སུ་འབྲུ་རྗེན་ཡིན་ན། དེ་ལས་ལྷག་བླངས་པ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། གསོད་སེམས་མེད་པར་བསད་པ་འགའ་ཞིག་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་གཉིས་ཡོད་དེ། བཅས་རང་གཉིས་ཀ་དང་། ཐུན་མོང་བའི་ལྟུང་མེད་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཤེས་པ་རང་བཞིན་དུ་མི་གནས་པ་ལྟ་བུ་ལ་ལྟུང་བ་མི་འབྱུང་བའི་ཕྱིར། གཉིས་པ་ལ་བཞི་ཡོད་དེ། དགག་བྱ་མེད་པའི་ལྟུང་མེད་དང་། བག་ཡངས་དང་འབྲེལ་བའི་ལྟུང་མེད་དང་བར་ཆད་དང་ལྡན་པས་ལྟུང་མེད་དང་། བསྒྲུབ་པར་མི་ནུས་པའི་ལྟུང་མེད་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བྱེ་མ་འབའ་ཞིག་བརྐོ་བ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྲ་བརྐྱང་བཏིང་བའི་ཚེ་འཆང་འབྲལ་འཇོག་གསུམ་གྱི་ལྟུང་བ་མེད་པར་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། སྲོག་གི་བར་ཆད་དུ་འགྱུར་བའི་ཚེ་ཆར་མ་གཏོགས་བཅས་རྐྱང་མ་བསྲུང་ན་ལྟུང་མེད་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། དགེ་སློང་ནད་པས་ཕྱི་དྲོའི་ཁ་ཟས་ཟ་བ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། གཞན་ཡང་ལྟུང་མེད་དུ་གསུངས་པ་ཡོད་དེ། མ་བྱིན་ལེན་སྤོང་བའི་ཆེད་དུ་ཉོ་ཚོང་དྲང་པོར་བྱས་ན་ལྟུང་མེད་དུ་གསུངས་པ་དང་། དབེན་པའི་གནས་སུ་རྟོགས་པ་གོང་དུ་འཕེལ་ན་བྱིན་ལེན་མ་བྱས་པ་སོགས་ལ་ལྟུང་བ་མེད་པ་དང་། དགོས་པ་ཁྱད་པར་ཅན་ཡོད་ན་རིན་པོ་ཆེ་དང་མེ་སོགས་ལ་རེག་པ་དང་དབྱངས་ཀྱི་ང་རོ་བྱས་པ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུ་རྣམས་སུ་ཡོད་བའི་ཕྱིར། འོ་ན་བཅས་རང་གཉིས་ནང་འདོམས་ན་ཇི་ལྟར་བྱ་ཞེ་ན། ཡོད་དེ། དེ་གཉིས་ནང་འདོམས་ན་ཆང་མ་གཏོགས་བཅས་རྐྱང་འདོར་དགོས་ལ། བཅས་རྐྱང་ནང་འདོམས་ན། དགག་བྱ་དང་དགོས་པའི་ཁྱད་པར་དང་། ཆེ་བའི་ངོར་ཆུང་བ་གནང་བ་དང་། དགོས་པའི་ངོར་ཆེ་བ་གནང་བའང་ཡོད་པའི་ཕྱིར། དགག་བྱ་ཆེ་ཆུང་དང་བཅས་པ་ཆེ་ཆུང་འབྲེལ་བར་མ་ངེས་ཏེ། དགག་བྱ་ཆེ་ཡང་བཅས་པ་ཆུང་བ་དང་། བཅས་པ་ཆེ་ཡང་དགག་བྱ་ཆུང་བ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་དགག་བྱ་ཆེ་ཡང་། བཅས་པ་ཕམ་པ་ལས་གཞན་ལྟུང་བ་ན་མེད་བསྐྱེད་པར་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། དགེ་སློང་ནད་པས་ཀྱང་ཆང་འཐུང་ན་ལྟུང་བྱེད་བསྐྱེད་བར་བཅས་ཀྱང་། ནད་ལ་ཕན་ངེས་ཡིན་ན། ཅུང་ཟད་འཐུང་བ་ཙམ་ལ་དགག་བྱ་ཆུང་བའི་ཕྱིར་རོ། །གཉིས་པ་ལྷག་མའི་སྡོམ་ལས། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་བསྔགས། ཁང་བ་ཁང་ཆེན་དང་ནི་གཞི་མེད་དང་། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་འབྱུང་བ་ལྟར་བཅུ་གསུམ་ཡོད་པ་ལས། དང་པོ་ཁུ་བ་འབྱིན་པའི་ལྷག་མ་ཡོད་དེ། བཅས་ལྡན་དགེ་སློང་གིས་བསམ་པ་རང་བཞིན་དུ་གནས་པས་རང་གཞན་གྱི་རྨའི་སྒོ་གསུམ་པོ་གང་རུང་ལས་གཞན་པའི་ལུས་ཀྱི་ཆ་ལ་བརྟེན་ནས་བསམས་བཞིན་དུ་ཁུ་བ་ཕྱུང་བ་ན་དེར་འགྱུར་བའི་ཕྱིར། གཉིས་པ་རེག་པ་དགེ་འདུན་གྱི་ལྷག་མ་ཡོད་དེ། དགེ་སློང་གིས་བསམ་བཞིན་དུ་ཆགས་སེམས་ཀྱིས་ཀུན་ནས་བླངས་ཏེ་བུད་མེད་ཀྱི་ལུས་དངོས་སམ་དེ་དང་འབྲེལ་བའི་སྐྲ་དང་གོས་སོགས་ལ་རེག་ཅིང་རེག་པའི་བདེ་བ་བདག་གིར་བྱས་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་འཁྲིག་ཚིག་སྨྲ་བའི་ལྷག་མ་ཡོད་དེ། དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ལ་འཁྲིག་ཚིག་སོགས་བཙོག་གཏམ་སྨས་པ་ཕ་རོལ་པོས་གོ་བ་ན་དེར་འགྱུར་བའི་ཕྱིར། བཞི་པ་བསྙེན་བཀུར་བསྔགས་པའི་ལྷག་མ་ཡོད་དེ། ཆགས་སེམས་ཀྱིས་བུད་མེད་ལ་ཁྱེད་ཀྱིས་བདག་ལ་འཁྲིག་པས་བསྙེན་བཀུར་ན་ལེགས་སོ་ཞེས་བརྗོད་པའི་དོན་དེས་གོ་བ་ན་དེར་འགྱུར་བའི་ཕྱིར། ལྔ་པ་གཉེན་བྱེད་པའི་ལྷག་མ་ཡོད་དེ། ཕོ་མོ་སྔར་མ་འབྲེལ་བ་གཉིས་མཐུན་པའི་ཕྱིར་དུ་འཕྲིན་བསྐྱལ་བའི་སྒོ་ནས་དེ་གཉིས་འཁྲིག་པ་སྤྱད་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་ཁང་བའི་ལྷག་མ་ཡོད་དེ། རང་དོན་དུ་གཞི་མ་དག་པ་དང་རྩོད་པ་དང་བཅས་པའི་སར་སྲིད་དུ་ཁྲུ་བཅོ་བརྒྱད་དང་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པའི་ཁང་བ་བརྩིགས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་ཁང་ཆེན་གྱི་ལྷག་མ་ཡོད་དེ། གཞིན་དང་དངོས་པོ་སོགས་མ་དག་བཞིན་དུ་དཀོན་མཆོག་གསུམ་མམ་དགེ་སློང་བཞི་ཡན་གྱི་ཆེད་དུ་ཁང་བ་བརྩིགས་པ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་གཞི་མེད་ཀྱི་ལྷག་མ་ཡོད་དེ། དགེ་སློང་གཞན་ལ་ཕམ་པའི་མཐོང་ཐོས་དགོས་གསུམ་གང་རུང་མེད་བཞིན་དུ་འདིས་འདི་ལྟར་བྱས་སོ་ཞེས་བྱ་བྱེད་སྦྱར་བའི་སྒོ་ནས་སྒྲོ་བཏགས་ཏེ་སྙིང་ནས་བསྐུར་བ་བཏབ་པ་ན་དེར་འགྱུར་བའི་ཕྱིར། དགུ་པ་བག་ཙམ་གྱི་ལྷག་མ་ཡོད་དེ། དེ་ལ་དེ་ལྟར་མེད་བཞིན་བྱ་བྱེད་མ་སྦྱར་བས་སམ། བསྐུར་འདེབས་ཀྱི་གཞི་བག་ཙམ་ཞིག་ཡོད་པ་ལ་རྟེན་ནས་བསྐུར་བ་བཏབ་པ་ན་དེར་འགྱུར་བའི་ཕྱིར། བཅུ་པ་དབྱེན་གྱི་ལྷག་མ་ཡོད་དེ། མི་མཐུན་པའི་བསམ་པས་ཕན་ཚུལ་བཞི་ཚན་དུ་ལོངས་པའི་དགེ་འདུན་གྱི་བར་དུ་ཆོས་མ་ཡིན་པས་དབྱེན་བྱེད་པར་ཞུགས་པ་ལ། དགེ་འདུན་གྱིས་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་པར་བྱས་ཀྱང་མཐར་མ་བཏང་བའི་ཚེ་དེར་འགྱུར་བའི་ཕྱིར། བཅུ་གཅིག་པ་དབྱེན་གྱི་རྗེས་སུ་ཕྱོགས་པའི་ལྷག་མ་ཡོད་དེ། སྔར་ལྟར་དབྱེན་བྱེད་པའི་གྲོགས་སུ་ཞུགས་པ་ལ་གཞམས་བསྒོ་སོགས་ཀྱིས་བཟློག་ཀྱང་མཐར་མ་བཏང་བའི་ཚེ་དེར་འགྱུར་བའི་ཕྱིར། བཅུ་གཉིས་པ་ཁྱིམ་སུན་འབྱིན་པའི་ལྷག་མ་ཡོད་དེ། སྤྱོད་པ་ངན་པས་ཁྱིམ་བདག་དང་དགེ་འདུན་ལ་མི་དད་པའི་རྐྱེན་བྱས་པ་ན་དེའི་ཉམས་པས་རང་ཉིད་གནས་ནས་བསྐྲད་པའི་ཚེ་སྐྲོད་པ་པོའི་དགེ་འདུན་ལ་བསྐུར་བ་འདེབས་པར་བྱེད་པ་གཞན་གྱིས་བཟློག་པ་ལྔས་བཟློག་ཀྱང་མི་ཉན་ན་དེར་འགྱུར་བའི་ཕྱིར། བཅུ་གསུམ་པ་བཀའ་བློ་མི་བདེ་བའི་ལྷག་མ་ཡོད་དེ། རང་ཉིད་ལ་ལྟུང་བ་བྱུང་བའི་ཚེ་དགེ་སློང་གཞན་གྱིས་ཚུལ་བཞིན་དུ་གླེང་བ་དང་དུ་མི་ལེན་ཅིང་ཕྱིར་སྒྱུར་བར་བྱེད་པ་སྔར་བཞིན་བཟློག་ཀྱང་མི་ཉན་ན་དེར་འགྱུར་བའི་ཕྱིར། དེ་དག་གི་གང་གཞི་སོགས་ཁྱད་པར་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །འདིར་མ་ངེས་པའི་ལྟུང་བ་གཉིས་ཡོད་དེ། ཕམ་ལྷག་ལྟུང་བྱེད་གསུམ་དུ་མ་ངེས་པ་དང་། ལྷག་མ་དང་ལྟུང་བྱེད་གཉིས་སུ་མ་ངེས་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། བུད་མེད་དང་ལྷན་ཅིག་འདོམ་གང་གི་ནང་དུ་གནས་པའི་ཚེ་དེར་འགྱུར་བའི་ཕྱིར། གཉིས་པ་ཡོད་དེ། བུད་མེད་དང་ལྷན་ཅིག་འདོམ་གང་གི་ཕྱི་རོལ་དུ་གནས་པ་ལས་དེར་འགྱུར་བའི་ཕྱིར། གསུམ་པ་ལྟུང་བྱེད་ལ་གཉིས་ཡོད་དེ། སྤང་ལྟུང་དང་། ལྟུང་བྱེད་འབའ་ཞིག་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་བཅུ་ཚན་གསུམ་ཡོད་པའི་དང་པོ་ནི། སྡོམ་ལས། འཆང་བ་འབྲལ་བ་འཇོག་པ་དང་། འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའི་འོ། །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོ་གོས་ཞག་བཅུ་འཆང་སྤང་གི་ལྟུང་བ་ཡོད་དེ། དགེ་སློང་གིས་ཆོས་གོས་ཀྱི་རྒྱུར་མ་བསྔོས་ཤིང་ཁྲུ་གང་གི་ཚད་དུ་ལོངས་པ་གནས་སྐབས་རང་ཉིད་དབང་བྱར་ཡོད་པའི་གོས་བྱིན་གྱིས་མ་བརླབས་པའམ་བརླབས་ཀྱང་ཤན་ཞུགས་པ་རང་དོན་ཞག་བཅུ་མ་རྫོགས་ཀྱི་བར་དུ་བཞག་པའི་ཚེ་དེར་འགྱུར་བའི་ཕྱིར། དེ་ཡང་ཞག་བཅུ་པའི་མཐའ་འདས་པ་ལ་སྟོས་ཏེ། བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་སྤང་ལྟུང་དེ་བསྐྱེད་པའི་ཕྱིར་ཏེ། དེའི་སྐྱ་རེངས་དང་པོ་ཤར་བའི་ཚེ་དེ་བསྐྱེད་པའི་ཕྱིར། སྐྱ་རེངས་ལ་གསུམ་ཡོད་དེ། དང་བར་ཐ་གསུམ་ཡོད་པའི་ཕྱིར། དང་པོ་ཤར་བའི་ཚད་ཡོད་དེ། ནམ་རིང་བའི་ཚེ་ལྔ་ཆ་དང་། ཐུང་བའི་ཚེ་སུམ་ཆ་ལུས་པ་ན་དེ་འཆར་བའི་ཕྱིར། ཕྱི་མ་དེར་ཐལ། སྤྱིར་ནམ་ལ་སྲོད་དང་གུང་དང་ཐོ་རངས་གསུམ་དུ་ཕྱེ་ནས་དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བའི་ཐ་མའི་དང་པོར་ཕྱེད་ནས་སྐྱ་རེངས་དང་པོ་འཆར་བའི་ཕྱིར་ཏེ། དགེ་སློང་མའི་རྣམ་འབྱེད་ལས། ཐུན་ཐ་མའི་དང་པོའི་ཕྱེད་རྔ་བརྡུང་དུ་ཉེ་བ་ན་སྐྱ་རེངས་དང་པོ་འཆར། ཞེས་གསུངས་པའི་ཕྱིར། རྟགས་ཀྱི་སྒོ་ནས་སྐྱ་རེངས་འཆར་ཚུལ་ཡོད་དེ། ཇི་སྐད་དུ། སྐར་མའི་བསྟན་བཅོས་ལས། སྐྱ་རེངས་དང་པོ་ཤར་བ་ནི། །ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང་། །སྐར་མའི་གདོང་གི་འོད་ཉམས་ལ། །ནམ་མཁའ་སྔོ་སྐྱར་གྱུར་བ་ཡིན། སྐྱ་རེངས་བར་བ་ཤར་བ་ན། །དེས་ནི་ཤར་ཕྱོགས་སྐྱ་ཞིང་དམར། །རྒྱུ་སྐར་འོད་ནི་ཆུང་བ་དང་། །ནམ་མཁའ་སེར་སྐྱར་གྱུར་བ་ཡིན། །སྐྱ་རེངས་ཐ་མ་ཤར་བ་ན། །རྒྱུ་སྐར་འོད་ནི་མེད་པ་དང་། །སྐྱ་རེངས་ཐ་མ་འོད་གཟིར་འགྱུར། །འོད་ཟེར་ཉི་མ་ཤར་བར་དུ། །ཞེས་གསུངས་པ་ལྟར་ཡང་རུང་བའི་ཕྱིར། འདིར་ཤན་ཀྱི་དབྱེ་བ་ཡོད་དེ། ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་གཉིས་ཡོད་པའི་ཕྱིར། ཕྱི་མ་ལའང་གཉིས་ཡོད་དེ། གོས་དང་ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པ་གཉིས་ཡོད་པའི་ཕྱིར། གོས་དང་ལྷུང་བཟེད་གང་རུང་གི་ཤན་རྡེག་བྱེད་ཡིན་ན། རང་གི་ཤན་བརྡེག་བྱ་ལས་ཕྱིས་རྙེད་མ་ཡིན་པས་ཁྱབ་ཀྱང་། སྔར་རྙེད་ཡིན་པས་ནི་མ་ཁྱབ་སྟེ། དུས་མཉམ་དུ་རྙེད་པ་ལ་ཡང་བརྡེག་བྱ་རྡེག་བྱེད་གཉིས་ཡོད་པའི་ཕྱིར་ཏེ། གོས་གཉིས་མཉམ་དུ་རྙེད་པའི་ཚེ་གཅིག་བྱིན་གྱིས་བརླབས་ལ། ཅིག་ཤོག་བྱིན་གྱིས་མ་བརླབས་པར་ཞག་བཅུའི་མཐའ་འདས་པ་ན། སྔ་མས་ཤན་སྟོབས་དང་། ཕྱི་མས་རང་སྟོབས་ཀྱིས་སྤང་ལྟུང་བསྐྱེད་པའི་ཕྱིར། དེ་བཞིན་དུ་དེ་གཉིས་གང་རུང་གི་ཤན་བརྡེག་བྱ་ཡིན་ན། རང་གི་རྡེག་བྱེད་ཀྱི་སྔར་རྙེད་མ་ཡིན་པས་ཁྱབ་སྟེ། རིགས་པ་མཚུངས་པའི་ཕྱིར། སྨན་ལ་མི་འདྲ་བའི་ཁྱད་པར་ཡོད་དེ། ཞག་བདུན་པའི་སྨན་གྱི་ཞག་ཤན་རྡེག་བྱེད་ཡིན་ན། རང་གི་བརྡེག་བྱ་ལས་སྔར་རྙེད་པས་ཁྱབ་སྟེ། རྡེག་བྱེད་ཀྱིས། རང་གི་ཕྱིས་བྱུང་བ་ལ་ཤན་རྡེག་པར་བྱེད་པའི་ཕྱིར། གོས་ལྷུང་གི་ཞག་ཤན་ཁྱད་པར་ཅན་ཡིན་མིན་གྱི་དབྱེ་བ་ཡོད་དེ། ཁྱད་པར་ཅན་ནི། རྡེག་བྱེད་བྱིན་གྱིས་མ་བརླབས་པས་བརྡེག་བྱ་བྱིན་གྱིས་བརླབས་པ་བ རྡེག་པའི་སྒོ་ནས་བཞག །ཁྱད་པར་ཅན་མ་ཡིན་པ་ནི། བྱིན་གྱིས་མ་བརླབས་པས་མ་བརླབས་པ་ལ་ཤན་བརྡེག་པའི་སྒོ་ནས་བཞག་པའི་ཕྱིར། སྨན་ལ་ཞག་ཤན་ཁྱད་པར་ཅན་ཡིན་མིན་གཉིས་ཡོད་དེ། དེ་ནི་རྡེག་བྱེད་བྱིན་བརླབས་ཅན་གྱིས་བརྡེག་བྱ་ཡང་བྱིན་གྱིས་བརླབས་པ་ལ་བརྡེག་པ་ཁོོ་ནར་འཇོག་པའི་ཕྱིར། སྨན་ཐམས་ཅད་ལ་ཤན་གྱི་ཁྱད་པར་འབྱེད་དམ་ཞེ་ན། མ་ཡིན་ཏེ། དུས་རུང་གི་སྨན་གྱིས་རང་ལ་ཤན་བརྡེག་པ་མེད་པའི་ཕྱིར། སྤང་ཤན་ལའང་ཁྱད་པར་ཅན་ཡིན་མིན་གཉིས་ཡོད་དེ། གང་ཟག་ཁྱད་པར་ཅན་ཡིན་མིན་གྱིས་དེ་ལྟར་ཡོད་པའི་ཕྱིར་ཏེ། སྤང་ལྟུང་ཕྱིར་བཅོས་བྱེད་པའི་ཚེ་གང་ལས་སྤང་ལྟུང་བྱུང་བའི་དངོས་པོ་དེ་མ་སྤངས་པར་ལྟུང་བ་དེ་དགེ་སློང་གཞན་གཅིག་གི་དྲུང་དུ་བཤགས་ཆོག་པ་དང་། དེའི་ཚེ་དངོས་པོ་དེ་སྤངས་དགོས་པའི་ཁྱད་པར་གྱིས་དེ་ལྟར་ཡོད་པའི་ཕྱིར་ཏེ། དྲན་ཤེས་བག་ཡོད་སོགས་ཤུགས་དྲག་དང་ལྡན་པའི་དགེ་སློང་དང་། དེ་ཤུགས་ཆུང་བའི་དགེ་སློང་གཉིས་གྱི་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། དངོས་པོ་དེ་སྤོང་ཚུལ་གཉིས་ཡོད་དེ། རེ་ཞིག་སྤོང་བ་དང་། གཏན་དུ་སྤོང་བ་གཉིས་ཡོད་པའི་ཕྱིར་ཏེ། ཆོས་གོས་གསུམ་ལྟ་བུ་རེ་ཞིག་དང་། བྱིན་འཕྲོག་ལྟ་བུ་གཏན་དུ་སྤོང་དགོས་པའི་ཕྱིར། གང་ལ་སྤོང་བ་ཡོད་དེ། གནས་ཐ་དད་པར་དགེ་སློང་ཞིག་ལ་སྤང་བར་བྱ་བའི་ཕྱིར། གཉིས་པ་འབྲལ་སྤང་ཡོད་དེ། དགེ་སློང་གིས་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་གང་རུང་ཡོད་པའི་གནས་དང་མཚམས་ཐ་དད་དུ་གནས་ནས་ཞག་ཕྱི་མའི་སྐྱ་རེངས་ཤར་བ་ན་དེར་འགྱུར་བའི་ཕྱིར། མཚམས་ཐ་དད་མི་ཐ་དད་ཀྱི་ཁྱད་པར་ཡོད་དེ། ཁྱིམ་པ་ནོར་གཅིག་པའི་ཁང་པ་ཕན་ཚུན་རྩིག་པ་སོགས་ཀྱིས་འབྲེལ་ཞིང་མཚམས་གཞན་མ་ཞུགས་ན་གནས་གཅིག་ཏུ་ཆོས་གོས་བཞག་ཅིང་། ཅིག་ཤོས་སུ་དགེ་སློང་དེ་བསྡད་ནས་སྐྱ་རེངས་ཤར་ཡང་ལྟུང་བ་མི་བསྐྱེད་ལ། ནོར་ཐ་དད་པའི་ཁང་པ་སོ་སོར་བསྡད་པ་ཙམ་གྱིས་སྐྱ་རེངས་ཤར་ན་ལྟུང་བ་བསྐྱེད་པའི་ཕྱིར། བསླབ་པ་དང་མཚན་དང་ལྟ་བ་མཐུན་པའི་རབ་བྱུང་གི་གནས་ཡིན་ན། རྩིག་པ་སོགས་དང་འབྲེལ་ཞིང་བར་དུ་མཚམས་གཞན་མ་ཞུགས་ན་ཆོས་གོས་གསུམ་པོ་གང་རུང་ལས་རྒྱང་གྲགས་གཅིག་ཚུན་ཆད་ཀྱི་གནས་གང་ཡང་རུང་བར་བསྡད་ནས་ཕྱི་མའི་སྐྱ་རེངས་ཤར་བའི་ཚེ་འབྲལ་སྤང་མི་བསྐྱེད་དེ། རབ་བྱུང་ལ་ནི་ལྟ་བ་མཐུན་པ་གཙོ་བའི་ཕྱིར་རོ། །གསུམ་པ་ཟླ་འཇོག་གི་སྤང་བ་ཡོད་དེ། དགེ་སློང་གིས་ཁ་བསྐང་དགོས་པའི་རེ་བ་དང་བཅས་པའི་གོས་ཁྲུ་གང་གི་ཚད་དུ་ལོངས་ཤིང་པུས་མོ་གཉིས་དང་ལྟེ་བའི་འཁོར་གསུམ་ཁེབས་པའི་ཚོད་དུ་མ་ལོངས་པར་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་འདས་ཀྱི་བར་བཞག་པ་ན་དེར་འགྱུར་བའི་ཕྱིར། འདི་རིགས་བཟློག་ལ་ཤན་མི་འབྱུང་བ་དང་། ཤན་འབྱུང་ལ་རིགས་མི་བཟློག་པ། རིགས་ཀྱང་བཟློག་ལ་ཤན་འབྱུང་ལ། རིགས་མི་བཟློག་ཅིང་ཤན་ཀྱང་མི་འབྱུང་བ་སྟེ་བཞི་ཡོད་དེ། དང་པོ་ནི་ཚེས་གཅིག་ཁ་གང་སོགས་ཀྱི་གོས་རྙེད། ཚེས་དྲུག་ལྟ་བུ་ཁ་སྐོང་གི་གོས་རྙེད་པ། ཚེས་བདུན་ལྟ་བུ་ལ་མེས་ཚིག་པ་སོགས་ཀྱིས་དགོས་མེད་དུ་གྱུར་བའམ། མ་རྙེད་ཀྱང་ཁ་སྐོང་གི་རེ་བ་ཆད་པ་ན་ཟླ་འཇོག་གི་རིགས་ལས་བཟློག་ནས་ཞག་བཅུ་འཆང་སྤང་བསྐྱེད། གཉིས་པ་ནི། ཚེས་གཅིག་ལ་ཁ་སོགས་ཀྱི་གོས་རྙེད་པ་ཚེས་དྲུག་ལྟ་བུ་ལ་ཁ་སྐོང་གི་གོས་རྙེད་ཀྱང་ཚད་དུ་མ་ཆོག་པར་བྱིན་གྱིས་མ་བརླབས་པར་རེ་བ་དང་བཅས་ཏེ་ཞག་སུམ་ཅུ་འདས་པ་ན་སྤང་ལྟུང་བསྐྱེད། གསུམ་པ་ནི། ཚེས་གཅིག་ལྟ་བུ་ཁ་སོགས་ཀྱི་གོས་རྙེད་པ་ཚེས་བདུན་ལྟ་བུ་ལ་ཁ་སྐོང་གི་གོས་ཚད་བརྙེད་ཀྱང་བྱིན་གྱིས་མ་བརླབས་པར་ཟླ་བར་བཞག་པ་ན་ཟླ་འཇོག་གི་རིགས་ལས་བཟློག་ནས་ཞག་བཅུ་འཆང་སྤང་བསྐྱེད། བཞི་པ་ནི། དེ་ལས་བཟློག་པ་བྱིན་གྱིས་བརླབས་ནས་བཞག་པ་ལྟ་བུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཟླ་འཇོག་གི་རིགས་ལས་བཟློག་ཅིང་། ཤན་རྡེག་བྱེད་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤན་རྡེག་བྱེད་དང་བཅས་ཤིང་ཟླ་འཇོག་གི་སྤང་ལྟུང་བསྐྱེད་པའི་ཕྱིར། གསུམ་པ་གྲུབ་སྟེ། ཟླ་འཇོག་གི་རིགས་ལས་བཟློག་ཀྱང་ཤན་འབྱུང་བའི་ཕྱིར་ཏེ། སྔ་མས་རང་སྟོབས་དང་ཕྱི་མ་ལས་ཤན་སྟོབས་ཀྱིས་ཞག་བཅུ་འཆང་སྤང་བསྐྱེད་པའི་ཕྱིར། དེས་ན་ཞག་སུམ་ཅུ་ཡན་ལག་ཏུ་དགོ་པའི་ལྟུང་བ་ཡིན་ན། ཟླ་འཇོག་གི་སྤང་ལྟུང་ཡིན་པས་མ་ཁྱབ་སྟེ། རྒྱུ་མཚན་བཤད་ཟིན་པ་དེའི་ཕྱིར། ཟླ་འཇོག་གི་སྤང་བ་བསྐྱེད་པའི་གོས་ཡིན་ནའང་ཟླ་བ་གཅིག་ཚང་བའི་བར་འཇོག་དགོས་པས་མ་ཁྱབ་སྟེ། ཤན་སྟོབས་ཀྱིས་ཟླ་འཇོག་གི་སྤང་ལྟུང་བསྐྱེད་པ་ཡོད་པར་ཡང་བརྗོད་ཟིན་པའི་ཕྱིར་རོ། །བཞི་པ་འཁྲུར་འཇུག་གི་སྤང་བ་ཡོད་དེ། དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མར་རང་གིས་འཚོ་བའི་ཡོ་བྱེད་ཀྱི་ཆོས་གོས་བྱིན་བརླབས་ཅན་འཁྲུར་བཅུག་སྟེ་བྱ་བ་རྫོགས་པའི་ཚེ་དེར་འགྱུར་བའི་ཕྱིར། །ལྔ་པ་ལེན་པའི་སྤང་བ་ཡོད་དེ། རང་ལ་ཆོས་གོས་དེ་ཡོད་བཞིན་དུ་བརྗེ་ཚོང་སོགས་ཀྱི་ཆེད་མ་ཡིན་པར་དགེ་སློང་མ་ཉེ་དུ་མ་ཡིན་པ་ནོར་མི་གཅིག་པ་ལས་རང་དོན་དུ་བསླངས་ན་དེར་འགྱུར་བའི་ཕྱིར། དྲུག་པ་སློང་བའི་སྤང་བ་ཡོད་དེ། རང་དང་ནོར་མི་གཅིག་པའི་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་གོས་རུང་བ་ཚད་ལྡན་བསླངས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་སློང་བ་རིགས་པའི་སྤང་བ་ཡོད་དེ། ཆོས་གོས་གསུམ་པོ་སོགས་གང་རུང་ཞིག་མེད་པའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་གཅིག་ཁོ་ན་ལས་ཆོས་གོས་ཟུང་གཅིག་ལས་ལྷག་བསླངས་པ་དེར་འགྱུར་བའི་ཕྱིར། བརྒྱད་པ་དཔགས་པ་སློང་བའི་སྤང་བ་ཡོད་དེ། ཁྱིམ་པ་ཉེ་དུ་མ་ཡིན་པ་གཞན་གྱིས་བློས་གང་དཔོགས་བྱིན་པ་ལས་ལྷག་བླངས་པ་ན་དེར་འགྱུར་བའི་ཕྱིར། དགུ་པ་སོ་སོ་ནས་དཔགས་པ་སློང་བའི་སྤང་བ་ཡོད་དེ། ཁྱིམ་གཅིག་ནས་ཕོ་མོ་གཉིས་སོ་སོ་ལས་ཞེས་པ་མ་གཏོགས་སྔ་མ་དང་འདྲ་བའི་ཕྱིར། བཅུ་པ་བསྐུར་བའི་སྤང་བ་ཡོད་དེ། རང་གི་གོས་ཀྱི་རིན་དུ་རིན་པོ་ཆེ་ཞལ་ཏ་བ་ལ་གཏད་པ་ལས་དེས་ལན་གསུམ་བསྐུལ་ཞིང་ལན་གསུམ་གྱི་བར་དུ་མཐོང་སར་བསྡད་པས་ཀྱང་མ་ཐོབ་པ་སླར་བསྐུལ་ནས་ཐོབ་པའི་དེར་འགྱུར་བའི་ཕྱིར། བཅུ་ཚན་གཉིས་པ་ནི། སྡོམ་ལས། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་ལེན། །མངོན་ཚན་ཅན་དང་ཉོ་ཚོང་ངོ་། །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོའི་སྲིན་བལ་གྱི་སྤང་བ་ཡོད་དེ། སྲིན་བལ་ཁོ་ནས་གྲུབ་པའི་གདན་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་འོངས་བར་བྱས་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་བལ་ནག་འབའ་ཞིག་གི་སྤངས་པ་ཡོད་དེ། བལ་ནག་འབའ་ཞིག་གི་གདན་གྲུབ་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་ཆ་གཉིས་བསྲེས་པའི་སྤང་བ་ཡོད་དེ། གདན་ལ་བཞི་ཆར་བགོས་པའི་ཆ་གཉིས་ལས་ལྷག་བལ་ནག་ལས་གྲུབ་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། བཞི་པ་ལོ་དྲུག་གི་སྤང་བ་ཡོད་དེ། ལོ་དྲུག་གི་བར་དུ་སྟན་སྤྱོད་རྒྱུ་རང་ལ་ཡོད་བཞིན་དུ། གདན་གསར་པ་བྱས་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་མཐོ་གང་མ་གླན་པའི་སྤང་བ་ཡོད་དེ། གདིང་པ་གསར་པ་བྱས་པའི་ཚེ་སྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་དེ་ལས་གླན་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་བལ་ཐོག་གི་སྤང་བ་ཡོད་དེ། ཆགས་སེམས་ཀྱིས་ཀུན་ནས་བླངས་ཏེ་བལ་ཁུར་ཆེན་པོ་ཁྱེར་ནས་རྒྱངས་གྲགས་འདས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་འཁྲུར་འཇུག་གི་སྤང་བ་ཡོད་དེ། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་བལ་རྨེལ་བ་དང་འཚེད་པ་དང་འཁྲུར་བཅུག་པ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་གསེར་དངུལ་ལེན་པའི་སྤང་བ་ཡོད་དེ། ཆུད་ཟ་བ་སོགས་ཀྱི་རྐྱེན་མེད་པ་དགོས་མེད་དུ་གསེར་དངུལ་ལ་སོགས་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་པ་ན་དེར་འབྱུང་བའི་ཕྱིར། དགུ་པ་མངོན་ཚན་ཅན་གྱི་སྤང་བ་ཡོད་དེ། ཆགས་སེམས་ཀྱིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རང་དོན་དུ་གསེར་སོགས་རིན་པོ་ཆེ་ལ་ཁེ་སྤོག་བྱེད་དུ་བཅུག་ནས་བསྐྱེད་ཐོབ་པ་ན་དེར་འགྱུར་བའི་ཕྱིར། བཅུ་པ་ཉོ་ཚོང་གི་སྤང་བ་ཡོད་དེ། རིན་པོ་ཆེ་ལས་གཞན་པའི་དངོས་པོ་ལ་ཁེ་སྤོག་བྱེད་བཅུག་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་གསུམ་པ་ནི། སྡོམ་ལས། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་། དགོན་པ་བ་དང་རས་ཆེན་དང་། བསྡོམ་པ་དང་ནི་གསོག་འཇོག་གོ །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོ་ལྷུང་བཟེད་འཆང་བའི་སྤང་བ་ཡོད་དེ། དགེ་སློང་རང་ལ་ཡོད་པའི་ལྷུང་བཟེད་རུང་བ་བྱིན་གྱིས་མ་བརླབས་པར་རང་སྟོབས་དང་ཤན་སྟོབས་གང་རུང་གིས་ཞག་བཅུ་འདས་པར་བཅངས་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་ལྷུང་བཟེད་ལྷག་པོ་འཚོལ་བའི་སྤང་བ་ཡོད་དེ། ལྷུང་བཟེད་ཚད་ལྡན་རང་ལ་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་འཐག་ཏུ་འཇུག་བའི་སྤང་བ་ཡོད་དེ། ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་གླ་རྔན་མ་བྱིན་པར་འཐག་འཐག་ཏུ་བཅུག་པ་ན་དེར་འགྱུར་བའི་ཕྱིར། བཞི་པ་འཐག་པ་བསྐྱེད་པའི་སྤང་བ་ཡོད་དེ། ཁྱིམ་པ་ཉེ་དུ་མ་ཡིན་པས་འཐག་བཏགས་ནས་རང་ལ་སྟེར་བར་ཁས་བླངས་པ་ན་འཐག་མཁན་ལ་ལྐོག་ཏུ་གླང་རྔན་བྱིན་ནས་སྟེར་མཁན་གྱི་བློ་དང་མི་འཚམ་བའི་བཟང་ཆེན་འཐག་ཏུ་བཅུག་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་བྱིན་འཕྲོག་གི་སྤང་བ་ཡོད་དེ། རང་གི་ཡོ་བྱད་དགེ་སློང་གཞན་བྱིན་ཟིན་པ་སླར་འཕྲོག་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་བ་བརྟན་པ་ལས་བྱུང་བའི་སྤང་བ་ཡོད་དེ། དབྱར་གྱི་རྙེད་པ་བགོ་སྔ་བ་དང་བཞག་ཕྱིས་པ་སོགས་ལས་དེར་འགྱུར་བའི་ཕྱིར། བདུན་པ་དགོན་པའི་འབྲལ་སྤང་ཡོད་དེ། འཇིགས་པ་དང་བཅས་པའི་སར་དགེ་སློང་དགོན་པ་བ་ལ་སྣམ་སྦྱར་སོགས་ཞག་དྲུག་གི་བར་འབྲས་བར་གནང་བ་ལས་ལྷག་ཞག་བདུན་སོང་བ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་རས་ཆེན་བཅངས་པའི་སྤང་བ་ཡོད་དེ། དབྱར་གྱི་རས་ཆེན་དབྱར་ཁས་ལེན་གྱི་སྔ་རོལ་ཟླ་གཅིག་ཕན་ནས་འཚོལ་བ་དང་། དགག་དབྱེ་གྲོལ་ནས་ཕན་ཆད་འདས་པར་འཇོག་པ་ན་དེར་འགྱུར་བའི་ཕྱིར། །དགུ་པ་བསྔོས་བསྒྱུར་གྱི་སྤང་བ་ཡོད་དེ། སྦྱིན་བདག་གིས་དགེ་འདུན་སྤྱི་ལ་ཕུལ་བའི་དངོས་པོ་རང་ཉིད་ཁོ་ན་ལ་བསྒྱུར་བ་ན་དེར་འགྱུར་བའི་ཕྱིར། བཅུ་པ་གསོག་འཇོག་གི་སྤང་བ་ཡོད་དེ། སྨན་བཞི་པོ་གང་རུང་བྱིན་ལེན་བྱས་པ་མ་བཤིག་པར་རང་དུས་ལས་འདས་པར་འཇོག་པ་ན་དེར་འགྱུར་བའི་ཕྱིར། ཁྱད་པར་ཡོད་དེ། སྔ་དྲོ་བྱིན་ལེན་བྱས་པ་གུང་དང་། ཕྱིར་དྲོ་བྱིན་ལེན་བྱས་པ་སྲོད་ཐུན་གྱི་མཐའ་དང་། ཞག་བདུན་པའི་སྨན་བདུན་པའི་མཐའ་དང། ཇི་སྲིད་འཚེ་བཅང་གི་སྨན་ནམ་ནད་སོས་ཀྱི་མཐའ་ལས་འདས་པ་ན་དེ་དང་དེར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟུང་བྱེད་འབའ་ཞིག་པ་ལ་བཅུ་ཚན་དགུ་ཡོད་པའི་བཅུ་ཚན་དང་པོ་ནི། སྡོམ་ལས། རྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་ངོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་འབྱུང་བ་ལྟར་བཅུ་ལས། དང་པོ་རྫུན་སྨྲའི་ལྟུང་བྱེད་ཡོད་དེ། དགེ་སློང་གིས་འདུ་ཤེས་བསྒྱུར་ཏེ་ཕམ་ལྷག་སྦོམ་པོ་ཉེས་བྱས་ཀྱི་རྫུན་བཞི་པོ་གང་རུང་ལས་གཞན་པའི་རྫུན་ཤེས་བཞིན་དུ་སྨྲས་པ་ཕ་རོལ་པོས་གོས་ན་དེར་འགྱུར་བའི་ཕྱིར། གཉིས་པ་སྐྱོན་སྨྲ་བའི་ལྟུང་བྱེད་ཡོད་དེ། བདེན་ནམ་བརྫུན་ཡང་རུང་ངན་སེམས་ཀྱིས་དགེ་སློང་གཞན་གྱི་རིགས་རུས་དབང་པོ་སོགས་ཀྱི་སྐྱོན་དེ་ཉིད་ཀྱི་མངོན་སུམ་དུ་བརྗོད་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་ཕྲ་མ་བྱེད་པའི་ལྟུང་བྱེད་ཡོད་དེ། བསམ་བཞིན་དུ་མཐུན་པའི་དགེ་སློང་ནང་ཕན་ཚུན་གྱི་བར་དུ་ཕྲ་མ་བྱས་ཏེ་ཕྱེ་བ་ན་དེར་འགྱུར་བའི་ཕྱིར། བཞི་པ་སྐྱོན་འདོགས་པའི་ལྟུང་བྱེད་དམ་སྐྱོ་ངོགས་ཀྱི་ལྟུང་བྱེད་ཡོད་དེ། དགེ་སློང་གཉིས་ཕན་ཚུན་གྱི་རྩོད་ན་དགེ་འདུན་གྱིས་ཆོས་བཞིན་དུ་ཞི་བར་བྱས་པ་ལ། སླར་སྐྱོན་བཏགས་ནས་རྩོད་པ་བསླངས་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད་ཡོད་དེ། སྐྱེས་པ་མེད་པའི་སར་བུད་མེད་ལ་ཆོས་ཚིག་དྲུག་ལས་ལྷག་བསྟན་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པའི་ལྟུང་བྱེད་ཡོད་དེ། དུས་དྲན་མེད་པར་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཤོ་ལོ་ཀ་གཅིག་གི་ཚད་དུ་ལོངས་པའི་ཆོས་འདོན་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཡོད་དེ། རང་ཉིད་ཀྱིས་དགེ་སློང་དེའི་ཕམ་ལྷག་གི་ལྟུང་བ་གླེང་མི་འོས་བཞིན་དུ་བསྙེན་པར་མ་རྫོགས་པ་ལ་བརྗོད་པ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད་ཡོད་དེ། དགོས་པ་མེད་པར་རང་གིས་ཐོབ་པའི་གོང་མའི་ཡོན་ཏན་ཁྱད་པར་ཅན་བསྙེན་པར་མ་རྫོགས་པ་ལ་བརྗོད་པ་ན་དེར་འགྱུར་བའི་ཕྱིར། དགུ་པ་བཤེས་ངོར་བྱེད་པའི་ལྟུང་བྱེད་ཡོད་དེ། དགེ་འདུན་སྤྱིའི་ལས་བྱེད་པའི་དགེ་སློང་གིས་སྤྱི་རྫས་ཀྱི་སྟེང་ནས་སྟེར་འོས་པ་གཞན་ལ་བྱིན་པ་ལ་བཤེས་ངོར་བྱིན་ནོ་ཞེས་སྐྱོན་བརྗོད་པ་ན་དེར་འགྱུར་བའི་ཕྱིར། བཅུ་པ་ཁྱད་གསོད་ཀྱི་ལྟུང་བྱེད་ཡོད་དེ། གསོ་སྦྱོང་སོགས་ཀྱི་ཚེ་བསླབ་པའིི་གཞི་ཕྲ་མོ་འདིར་ཅི་བྱེད་ཅེས་ཁྱད་གསོད་ཀྱིས་བཀུར་བའི་ཚིག་བརྗོད་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་གཉིས་པ་ནི། སྡོམ་ལས། ས་བོན་འཕྱ་བ་བསྒོ་བ་དང་། ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་བརྩིགས་པའོ། །ཞེས་འབྱུང་བ་ལྟར། དང་པོ་ས་བོན་འཇིག་པའི་ལྟུང་བྱེད་ཡོད་དེ། ས་བོན་མ་ཉམས་པའི་རིགས་སྤྱི་དང་གྲོ་ནས་སོགས་ཀྱི་ས་བོན་བརྡུང་གཅོད་སོགས་ཀྱི་སྒོས་ན་ཉམས་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་འཕྱ་བའི་ལྟུང་བྱེད་ཡོད་དེ། དགེ་འདུན་གྱི་གནས་མལ་སྐྱོབས་པ་པོའི་དགེ་སློང་གིས་ཚུལ་བཞིན་བྱས་ཀྱང་འཕྱ་བ་ན་དེར་འགྱུར་བའི་ཕྱིར། གསུམ་པ་བསྒོ་བ་རྣར་གཟོན་གྱི་ལྟུང་བྱེད་ཡོད་དེ། དགེ་སློང་གཞན་དག་གིས་ཕྱིར་བཅོས་ལ་ལེགས་པར་འགོད་པའི་ཆེད་དུ་ཚུལ་ཁྲིམས་ཀྱི་སྒོས་ནས་ཚུལ་བཞིན་གླེང་བ་གཡོ་ཐབས་ཀྱིས་གཞན་དུ་བསྒྱུར་བར་བྱེད་པ་ན་དེར་འགྱུར་བའི་ཕྱིར། བཞི་པ་གནས་མལ་ལས་གྱུར་པའི་ལྟུང་པ་ཡོད་དེ། དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱད་དེ་ཆུད་ཟ་བ་ཡོད་ན་མ་བསྡུས་པར་ཉི་མ་དེར་འདོམ་ཞེ་དགུའི་གནས་སུ་ཕྱིན་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་གདིང་བ་ལས་གྱུར་པའི་ལྟུང་བ་ཡོད་དེ། གཙུག་ལག་ཁང་དུ་རང་གི་གདིང་བའི་འོག་ཏུ་རྩྭ་སོགས་བཏིང་བ་ཡོད་ན་རྗེས་སུ་མ་བསྡུས་པར་བཞག་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་སྐྲོད་པའི་ལྟུང་བྱེད་ཡོད་དེ། གནོད་སེམས་ཙམ་གྱིས་དགེ་སློང་གཞན་གནས་ནས་ཕྱིར་སྐྲོད་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་ཕྱིས་གནོན་གྱི་ལྟུང་བྱེད་ཡོད་དེ། གནོད་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གང་རུང་གིས་དགེ་སློང་གཞན་ཟིལ་གྱིས་མནོན་པའི་མཐོ་བཙམས་བྱས་པ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ཡོད་དེ། གནོད་སེམས་ཀྱིས་དགེ་སློང་གཞན་གྱི་གནས་ཁང་ཐོག་ཏུ་ཁྲི་རྐང་པ་ཅན་ལྟ་བུ་རང་ལུས་ཀྱིས་མནན་ནས་གནོད་པར་གྱུར་བ་ན་དེར་འགྱུར་བའི་ཕྱིར། དགུ་པ་འདེབས་པའི་ལྟུང་བྱེད་ཡོད་དེ། ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་རྩྭ་ཆུ་ཤིང་སོགས་ལ་ལོངས་སྤྱོད་པ་ན་དེར་འགྱུར་བའི་ཕྱིར། བཅུ་པ་རིམ་པ་ལྷག་པར་བརྩིགས་པའི་ལྟུང་བྱེད་ཡོད་དེ། དཀོན་མཆོག་གི་ཆེད་དུ་གཙུག་ལག་ཁང་བརྩིགས་པའི་ཚེ་ཆར་ཆུ་སོགས་ཀྱི་གནོད་པ་མ་བསྲུང་བར་ཉིན་གཅིག་རིམ་པ་གསུམ་ལས་ལྷག་བརྩིགས་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་གསུམ་པ་ནི་སྡོམ་ལས། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོ་མ་བསྐོས་པར་ཆོས་སྟོན་པའི་ལྟུང་བྱེད་ཡོད་དེ། དགེ་སློང་མའི་སྟོན་པར་མ་བསྐོས་བཞིན་དུ་དེ་ལ་ཆོས་སྟོན་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་ཡོད་དེ། དགེ་སློང་མའི་སྟོན་པ་ཡིན་ཡང་དེ་ལ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་ཟས་ཀྱི་ཕྱིར་དུ་ཆོས་སྟོན་ཏོ་ཟེར་བའི་ལྟུང་བྱེད་ཡོད་དེ། དགེ་སློང་མའི་སྟོན་པར་བརྐོས་པའི་དགེ་སློང་ལ་ཕྲག་དོག་གིས་ཟས་ཀྱི་ཆེད་དུ་ཆོས་སྟོན་ནོ་ཞེས་ཟེར་བ་ན་དེར་འགྱུར་བའི་ཕྱིར། བཞི་པ་གོས་བྱིན་པའི་ལྟུང་བྱེད་ཡོད་དེ། བཤེས་ངོ་ཙམ་གྱི་ཕྱིར་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་རང་གི་གོས་བྱིན་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་གོས་བྱེད་པའི་ལྟུང་བྱེད་ཡོད་དེ། དེ་ལྟ་བུའི་དགེ་སློང་མའི་གོས་བཙེམས་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་ལམ་དུ་འགྲོ་བའི་ལྟུང་བྱེད་ཡོད་དེ། དགེ་སློང་མ་དང་ལྷན་ཅིག་ལམ་དུ་རྒྱང་གྲགས་འདས་པར་ཕྱིན་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་གྲུར་འཇུག་གི་ལྟུང་བྱེད་ཡོད་དེ། དགེ་སློང་མ་དང་ལྷན་ཅིག་གྲུར་ཞུགས་ནས་ཆུའི་རྒྱུན་ཕྱོགས་སུ་རྒྱང་གྲགས་འདས་ཀྱི་བར་དུ་ཕྱིན་པ་ན་དེར་འགྱུར་པའི་ཕྱིར། བརྒྱད་པ་སྐྱབས་ཡོད་ན་འདུག་པའི་ལྟུང་བྱེད་ཡོད་དེ། བུད་མེད་དང་ལྷན་ཅིག་གྲོགས་སྐྱེས་པ་མེད་པར་ཐོག་མཐའ་གང་རུང་གི་སྐྱབས་ཡོད་དུ་འདུག་པ་ན་དེར་འགྱུར་བའི་ཕྱིར། དགུ་པ་དབེན་པ་དེར་འགྲེང་བའི་ལྟུང་བྱེད་ཡོད་དེ། འགྲེང་བའི་ཁྱད་པར་མ་གཏོགས་སྔ་མ་དང་འདྲ་བའི་ཕྱིར། བཅུ་པ་ཟས་སྦྱོར་དུ་བཅུག་པའི་ལྟུང་བྱེད་ཡོད་དེ། དགེ་སློང་མར་རང་ཉིད་ཀྱི་ཡང་དག་པའི་ཡོན་ཏན་ཡོད་པ་མིན་པའང་ཡོད་པར་བརྗོད་དུ་བཅུག་ནས་དེས་ཁྱིམ་བདག་གིས་ཟས་རང་ལ་སྦྱོར་བར་བྱས་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་བཞི་པ་ནི། སྡོམ་ལས། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །དུས་དང་དུས་མིན་གསོག་འཇོག་དང་། ཁ་ནས་མིད་དང་བསོད་པ་ཉིད། །ཅེས་འབྱུང་བ་ལྟར་བཅུ་ལས། དང་པོ་ཡང་ཡང་ཟ་བའི་ལྟུང་བྱེད་ཡོད་དེ། དགོས་པ་ཁྱད་པར་ཅན་མེད་པར་ཉེ་དུ་མ་ཡིན་པའི་ཁྱིམ་ནས་ཉིན་གཅིག་ཁོ་ནར་དུས་རུང་གི་ཟས་ལན་གཉིས་གསུམ་ཟོས་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་འདུག་གནས་གཅིག་ཏུ་ཟ་བའི་ལྟུང་བྱེད་ཡོད་དེ། མུ་སྟེགས་ཁོ་ནའི་སྦྱིན་གནས་བྱེད་པའི་ཁྱིམ་པའི་ནང་དུ་མུ་སྟེགས་དང་ལྷན་ཅིག་ཉིན་ཞག་གཅིག་ལས་ལྷག་གནས་ཏེ་ཟས་ཟོས་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་ལྷག་པ་ལེན་པའི་ལྟུང་བྱེད་ཡོད་དེ། ཉེ་དུ་མ་ཡིན་པའི་ཁྱིམ་ནས་དུས་གཅིག་ལ་ཟས་ལྷུང་བཟེད་གསུམ་ལས་ལྷག་བསླངས་པ་ན་དེར་འགྱུར་བའི་ཕྱིར། བཞི་པ་སྤངས་པ་ཟ་བའི་ལྟུང་བྱེད་ཡོད་དེ། བྱིན་ལེན་བྱས་པའི་དུས་རུང་གི་ཟས་ལུས་ངག་བསམ་སྦྱོར་གྱིས་སྤངས་པ་ལས་སླར་དུས་རུང་གི་ཟས་ལྷག་པོར་མ་བྱས་པར་ཟོས་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་སྤངས་པ་སྟོབས་པའི་ལྟུང་བྱེད་ཡོད་དེ། དུས་རུང་གི་ཟས་ཉིན་ཞག་དེ་ལ་ཟ་བ་སྤངས་པ་ན་ལྷག་པོར་མ་བྱས་པར་ཤེས་བཞིན་དུ་ཉིན་ཞག་དེ་ཉིད་སྟོབས་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་འདུས་ཤིང་ཟ་བའི་ལྟུང་བྱེད་ཡོད་དེ། མཚམས་ནང་དེར་དགེ་འདུན་དང་ལྷན་ཅིག་ཟ་དགོས་པའི་ཟས་མི་མཐུན་པའི་བསམ་པས་ལོགས་སུ་འདུས་ནས་ཟོས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་དུས་མིན་དུ་ཟ་བའི་ལྟུང་བྱེད་ཡོད་དེ། དུས་རུང་གི་རང་གནས་པའི་གླེང་དེའི་ཉི་མ་ཕྱེད་ཡོལ་ནས་ཟོས་པ་ན་དེར་འགྱུར་བའི་ཕྱིར་བརྒྱད་པ་གསོག་འཇོག་གི་ལྟུང་བྱེད་ཡོད་དེ། སྨན་བཞི་པོ་གང་ཡང་རུང་བ་བྱིན་ལེན་བྱས་པ་ལ་ཞིག་པའི་ལྷག་མ་གསོག་འཇོག་བྱས་ནས་ཟོས་པ་ན་དེར་འགྱུར་བའི་ཕྱིར། འདིའི་ཆ་ལ་བརྟེན་པའི་ཉེས་བྱས་ལ་བཞི་ཡོད་དེ། ལག་ཉ་དང་མཚམས་བཙོས་དང་ཞག་ལོན་དང་རྗེན་བཙོས་ཏེ་བཞི་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་ནི་བསླབ་བྱ་ཆེན་མོ་སོགས་ལས་ཤེས་པར་བྱ་སྟེ། འདིར་མང་དུ་དོགས་པའི་ཕྱིར་རོ། །དགུ་པ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཡོད་དེ། སྨན་བཞི་པོ་གང་རུང་བྱིན་ལེན་འོས་པ་བྱིན་ལེན་མ་བྱས་པར་ཟོས་པ་ན་དེར་འགྱུར་བའི་ཕྱིར། འདི་ལ་དྲུག་གིས་བཤད་དུ་ཡོད་དེ། གང་གིས་སྟོབས་པ། གང ་ལ་སྟོབས་པ། གང་སྟོབས་པ། གནས་གང་ནས་སྟེར་པ། ཚུལ་ཇི་ལྟར་ལེན་པ། ཕྱིན་ལེན་འཇིག་པའི་རྒྱུ་རྣམས་སུ་ཡོད་པའི་ཕྱིར། དེ་དག་ལས་ཕྱི་མ་དེ་ལ་ནི་བརྒྱད་ཡོད་དེ། ཇི་སྐད་དུ། ཕྲོག་དང་ཤོར་དང་འགྲིལ་བོར་དང་། །བབས་དང་ཤི་དང་གཞན་རེག་དང་། །དངོས་པོ་འགྱུར་དང་སྐྱེ་བ་འགྱུར། །གཞན་ལ་བསྔོས་པ་ཉིད་ཀྱང་ངོ་། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། བཅུ་པ་བསོད་པ་སློང་པའི་ལྟུང་བྱེད་ཡོད་དེ། ཉེ་དུ་མ་ཡིན་པ་ལས་ཟས་བསོད་པ་བསླངས་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་ལྔ་པ་ནི། སྡོམ་ལས། །སྲོག་ཆགས་དང་བཅས་ཉལ་སར་འདུག ། འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམས་དཀྲུགས་འགྲོ་བ་དང་། །བརྡེག་དང་གཟས་དང་གནས་ངན་ལེན། །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོ་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་ཡོད་དེ། རང་དོན་དུ་ཆུ་སོགས་ལ་སེམས་ཅན་ཡོད་མེད་མ་བརྟག་པར་ལྟོས་མེད་ཀྱི་བསམ་པས་ལོངས་སྤྱོད་པ་ན་སེམས་ཅན་ཤི་བའི་ཚེ་དེར་འགྱུར་བའི་ཕྱིར། གཉིས་པ་ཉལ་པོ་བྱེད་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཡོད་དེ། ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པ་ཤེས་བཞིན་དུ་དེར་འདུག་སྟེ་བར་དུ་གཅོད་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་འགྲེང་བའི་ལྟུང་བྱེད་ཡོད་དེ། དེའི་ཁྱད་པར་མ་གཏོགས་སྔ་མ་དང་འདྲ་བའི་ཕྱིར། བཞི་པ་གཅེར་བུ་པ་ལ་ཟས་བྱིན་པའི་ལྟུང་བྱེད་ཡོད་དེ། ཁྱད་པར་ཅན་གྱི་དགོས་པ་མེད་པར་མུ་སྟེགས་ཀྱི་བུད་མེད་ལ་ཟས་གོས་སྟེར་བ་ན་དེར་འགྱུར་བའི་ཕྱིར། ལྔ་པ་དམག་ལ་ལྟ་བའི་ལྟུང་བྱེད་ཡོད་དེ། མཚམས་ཀྱི་ཕྱིར་རོལ་དུ་རང་དགར་འདས་ནས་སྐྱེས་པ་བརྒྱད་ཡན་གྱི་དམག་ལ་ལྟ་བ་ན་དེར་འགྱུར་བའི་ཕྱིར། དྲུག་པ་དམག་ནང་དུ་གནས་པའི་ལྟུང་བྱེད་ཡོད་དེ། དགོས་པ་ཁྱད་པར་ཅན་མེད་བཞིན་དུ་དམག་གི་ནང་དུ་ཞག་གཅིག་འདས་པར་གནས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་གཡུལ་དཀྲུགས་པའི་ལྟུང་བྱེད་ཡོད་དེ། དོན་མེད་པར ་དམག་གི་གཡུལ་གྱི་གོ་རིམ་དཀྲུགས་པ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་བརྡེག་པའི་ལྟུང་བྱེད་ཡོད་དེ། དགེ་སློང་གཞན་ལ་རྡེག་གམ་བརྡེག་ཏུ་བཅུག་པ་ན་དེར་འགྱུར་བའི་ཕྱིར། དགུ་པ་རྡེག་པར་གཟས་པའི་ལྟུང་བྱེད་ཡོད་དེ། དེར་རྡེག་པར་གཟས་པའི་ཁྱད་པར་ཙམ་ཡིན་པའི་ཕྱིར། བཅུ་པ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་ཡོད་དེ། དགེ་སློང་གཞན་ལ་ཕམ་ལྷག་གི་ལྟུང་བ་བྱུང་བ་དགོས་མེད་དུ་བཅབས་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་དྲུག་པ་ནི། སྡོམ་ལས། བདེ་དང་མེ་དང་འདུན་པ་དང་། བསྙེན་པར་མ་རྫོགས་ཆོས་དང་སྨྲ། དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོ་ཟན་གཅོད་པའི་ལྟུང་བྱེད་ཡོད་དེ། གནོད་སེམས་ཀྱིས་གྲོགས་དགེ་སློང་ལ་གཞན་ཀྱིས་དུས་རུང་གི་ཟས་སྦྱོར་བ་བཀག་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་མེ་ལ་རེག་པའི་ལྟུང་བྱེད་ཡོད་དེ། དུས་དྲན་མ་བྱས་པར་རང་དགར་མེ་ལ་རེག་གམ་རེག་ཏུ་བཅུག་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ཡོད་དེ། སྔར་དགེ་འདུན་ལ་འདུན་པ་ཕུལ་བ་མི་མཐུན་པའི་བསམ་པས་ཕྱིས་བསྒྱུར་བ་ན་དེར་འགྱུར་བའི་ཕྱིར། བཞི་པ་ནུབ་ལྷག་ཉལ་གྱི་ལྟུང་བྱེད་ཡོད་དེ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་ཉལ་བ་ན་དེར་འགྱུར་བའི་ཕྱིར། ལྔ་པ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ཡོད་དེ། སྟོན་པའི་གསུང་ལ་ཡིད་མི་ཆེས་པའི་ལོག་ལྟ་སྐྱེས་པ་གཞན་གྱིས་བཟློག་ཀྱང་མི་གཏོང་བ་ན་དེར་འགྱུར་བའི་ཕྱིར། དྲུག་པ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཡོད་དེ། དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་དེ་དང་ལྷན་ཅིག་སྤྱོད་ལམ་མཐུན་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་དགེ་ཚུལ་ལ་བསྙིལ་བ་བསྡུད་པའི་ལྟུང་བྱེད་ཡོད་དེ། དགེ་ཚུལ་གྱི་ཁྱད་པར་མ་གཏོགས་སྔ་མ་དང་འདྲ་བའི་ཕྱིར། བརྒྱད་པ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ཡོད་དེ། རུང་བའི་ཚོན་གྱིས་ཁ་མ་བསྒྱུར་བའི་ཆོས་གཞན་གྱིས་སྟེང་གཡོགས་མེད་པར་གྱོན་པ་ན་དེར་འགྱུར་བའི་ཕྱིར། དགུ་པ་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་ཡོད་དེ། དགོས་པ་ཁྱད་པར་ཅན་མེད་པར་ཆགས་སེམས་ཀྱིས་རིན་པོ་ཆེའི་རིགས་ལ་རེག་གམ་རེག་ཏུ་བཅུག་པ་ན་དེར་འགྱུར་བའི་ཕྱིར། བཅུ་པ་ཁྲུས་བྱེད་པའི་ལྟུང་བྱེད་ཡོད་དེ། ཚ་བ་དང་ནད་ཀྱི་དུས་མིན་པར་ལྟེ་བར་སླེབ་པའི་ཆུ་ནང་དུ་ཞུགས་ནས་ཁྲུས་བྱེད་པ་ན་དེར་འགྱུར་བའི་ཕྱིར་། བཅུ་ཚན་བདུན་པ་ནི། སྡོམ་ལས། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་དང་གདེང་དང་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོ་དུད་འགྲོ་གསོད་པའི་ལྷུང་བྱེད་ཡོད་དེ། གཞན་གྱི་ཞོར་ལ་མ་ཡིན་པར་བསམས་བཞིན་དུ་དུད་འགྲོ་གསོད་དམ་གསོད་དུ་བཅུག་ནས་བསད་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་འགྱོད་པ་བསྐྱེད་པའི་ལྟུང་བྱེད་ཡོད་དེ། དགེ་སློང་གཞན་དག་ལ་སྡོམ་པ་མ་སྐྱེས་སོ་ཞེས་བརྗོད་ནས་ཡིད་མི་བདེ་བར་བྱས་པ་ན་དེར་འགྱུར་བའི་ཕྱིར། །གསུམ་པ་ག་ག་ཚིལ་བྱེད་ཀྱི་ལྟུང་བྱེད་ཡོད་དེ། །སྐྱི་གཡའ་བར་འདོད་པའི་བསམ་པས་དགེ་སློང་གཞན་གྱི་ལུས་ཀྱི་ཆར་སོར་མོ་སོགས་ཀྱིས་རེག་པ་ན་དེར་འགྱུར་བའི་ཕྱིར། །བཞི་པ་ཆུ་ལ་རྩེ་བའི་ལྟུང་བྱེད་ཡོད་དེ། རྒོད་བག་གི་བསམ་པས་ཆུར་རྩེ་བར་བྱས་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བའིི་ལྟུང་བྱེད་ཡོད་དེ། མཚམས་ནང་གཅིག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བའི་སྤྱོད་ལམ་གྱི་མཚན་མོ་འདས་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་སྔངས་པར་བྱེད་པའི་ལྟུང་བྱེད་ཡོད་དེ། གནོད་སེམས་ཀྱིས་དགེ་སློང་གཞན་ལ་འཇིགས་པར་བྱེད་པའི་ཚུལ་སྟོན་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་སྦེད་པའི་ལྟུང་བྱེད་ཡོད་དེ། རྐུ་སེམས་ཀྱིས་མ་ཡིན་པར་དགེ་སློང་གཞན་གྱི་ཡོ་བྱད་རང་དགར་སྦེད་པ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་གདེང་མེད་དུ་ལོངས་སྤྱོད་པའི་ལྟུང་བྱེད་ཡོད་དེ། དགེ་སློང་གཞན་ལ་རང་གིས་བྱིན་པའི་གོས་གདེངས་མེད་པར་ལོངས་སྤྱོད་པ་ན་དེར་འགྱུར་བའི་ཕྱིར། དགུ་པ་བསྐུར་འདེབས་ཀྱི་ལྟུང་བྱེད་ཡོད་དེ། བསམ་བཞིན་དུ་ངན་སེམས་ཀྱིས་དགེ་སློང་གཞན་ལ་ལྷག་མའི་ལྟུང་བ་བྱུང་ཞེས་བརྗོད་པ་ན་དེར་འགྱུར་པའི་ཕྱིར། བཅུ་པ་བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་ཡོད་དེ། ཉེ་དུ་མ་ཡིན་པའི་བུད་མེད་དང་ལྷན་ཅིག་ལམ་དུ་རྒྱང་གྲགས་འདས་པར་ཕྱིན་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་བརྒྱད་པ་ནི། སྡོམ་ལས། རྐུ་དང་ཉི་ཤུ་མ་ལོན་དང་། རྐོ་དང་མགྲོན་དང་བསླབ་པ་དང་། །འཐབ་དང་མི་སྨྲ་འགྲོ་བ་དང་། །མ་གུས་ཆང་འཐུང་དུས་མིན་པའོ། །ཞེས་འབྱུང་བ་ལྟར་ལས། དང་པོ་རྐུ་པོ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་ཡོད་དེ། དེ་དང་ལྷན་ཅིག་ཏུ་སྔར་བཞིན་སོང་བ་ན་དེར་འགྱུར་བའི་ཕྱིར། གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པ་རྫོགས་པའི་ལྟུང་བྱེད་ཡོད་དེ། བསྒྲུབ་བྱ་ལོ་ཉི་ཤུ་མ་ལོན་པ་ཤེས་བཞིན་དུ་བསྙེན་པར་རྫོགས་པ་ན་དེར་འགྱུར་བའི་ཕྱིར། གསུམ་པ་ས་རྐོ་བའི་ལྟུང་བྱེད་ཡོད་དེ། དགོས་པ་ཁྱད་པར་ཅན་མེད་བཞིན་དུ་ས་བརྐོས་པ་ན་དེར་འགྱུར་བའི་ཕྱིར། བཞི་པ་མགྲོན་གཉེར་རིང་འཇུག་གི་ལྟུང་བྱེད་ཡོད་དེ། སྦྱིན་བདག་གིས་བོས་པའི་དུས་ཚོད་བཅད་པ་ལས་ལྷག་འདས་པའམ་ཞག་གྲངས་མེད་ཀྱང་ཟླ་བ་བཞི་ལས་ལྷག་དེའི་བསྙེན་བཀུར་ལ་ལོངས་སྤྱོད་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་བསླབ་ཉེར་འཇོག་གི་ལྟུང་བྱེད་ཡོད་དེ། འདུལ་བ་ཤེས་པ་བསླབ་པ་ལ་སློབ་དགོས་པའི་ཚུལ་བརྗོད་པ་མི་ཉན་པར་ཐབས་ཀྱིས་སྤོང་བ་ན་དེར་འགྱུར་བའི་ཕྱིར། དྲུག་པ་ཉན་རྣ་བྱེད་པའི་ལྟུང་བྱེད་ཡོད་དེ། རྩོད་ཟླ་དེ་གཞན་དང་གྲོས་བྱེད་པ་ལ་མི་མཐུན་པའི་བསམ་པས་ལྐོག་ཉན་བྱེད་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ཡོད་དེ། ལས་གྲལ་དུ་འཁོད་ཟིན་ནས་འདུན་པ་མ་ཕུལ་བར་རང་དགར་འགྲོ་བ་ན་དེར་འགྱུར་བའི་ཕྱིར། བརྒྱད་པ་མ་གུས་པའི་ལྟུང་བྱེད་ཡོད་དེ། དགེ་འདུན་གྱི་ཆོས་ལྡན་གྱི་བྱ་བ་བྱེད་པ་ལ་མ་གུས་པའི་ཚུལ་གྱིས་འདའ་བ་ན་དེར་འགྱུར་བའི་ཕྱིར། དགུ་པ་ཆང་འཐུང་བའི་ལྟུང་བྱེད་ཡོད་དེ། མྱོས་འགྱུར་གྱི་རིགས་འཐུང་བ་ན་དེར་འགྱུར་བའི་ཕྱིར། བཅུ་པ་ཕྱི་དྲོ་གྲོང་དུ་འཇུག་པའི་ལྟུང་བྱེད་ཡོད་དེ། ཉེ་དུ་མ་ཡིན་པའི་ཁྱིམ་དུ་གུང་ཡོལ་ནས་འཇུག་པ་ན་དེར་འགྱུར་བའི་ཕྱིར། བཅུ་ཚན་དགུ་པ་ནི། སྡོམ་ལས། ཟག་བཅས་སྐྱ་རེངས་ད་གདོང་དང་། ཁབ་རབ་ལ་དང་ནི་ཁྲི་རྐང་དང་། །བདལ་དང་གདིང་དང་གཡན་པ་དང་། །རས་ཆེན་བདེར་གཤེགས་ཆོས་གོས་སོ། །ཞེས་འབྱུང་བ་ལྟར་བཅུ་ལས། དང་པོ་སྔ་དྲོ་གྲོང་དུ་རྒྱུ་བའི་ལྟུང་བྱེད་ཡོད་དེ། རང་ཚིག་གིས་དགེ་འདུན་སྤྱན་དྲངས་པའི་སྦྱིན་བདག་གི་ནང་དུ་རང་ཉིད་གྲོང་གཞན་དུ་རྒྱུ་བ་ལ་བརྟེན་ནས་དགེ་འདུན་སྤྱིའི་གདུགས་ཚོད་ཡོལ་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་རྒྱལ་པོའི་ཕོ་བྲང་དུ་འཇུག་པའི་ལྟུང་བྱེད་ཡོད་དེ། དགོས་པ་ཁྱད་པར་ཅན་མེད་པར་མཚན་མོ་རྒྱས་པོའི་བཙུན་མོ་ཡོད་པའི་ཕོ་བྲང་དུ་འཇུག་པ་ན་དེར་འགྱུར་བའི་ཕྱིར། གསུམ་ལ་ཁྱད་གསོད་ཀྱི་ལྟུང་ཕྱེད་ཡོད་དེ། གསོ་སྦྱོང་ལྟ་བུའི་ཚེ་བསླབ་བྱ་ཕྲ་མོ་འདིས་ཅི་བྱེད་ཅེས་ཁྱད་དུ་གསོད་པ་ན་དེར་འགྱུར་བའི་ཕྱིར། འདི་དང་སྔ་མ་ལ་ཁྱད་པར་ཡོད་དེ། སྔ་མ་ཚིག་ཁྱད་དུ་གསོད་པ་ཡིན་ལ། འདི་དེ་གཉིས་ཀྱི་ནང་ནས་དོན་ཁྱད་དུ་གསོད་པ་ལ་བྱེད་པའི་ཕྱིར། བཞི་པ་ཁབ་རལ་བྱེད་པའི་ལྟུང་བྱེད་ཡོད་དེ། རིན་ཆེ་བའི་དངོས་པོ་ལ་ཁབ་རལ་བྱེད་པ་ན་དེར་འགྱུར་བའི་ཕྱིར། ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ཡོད་དེ། རང་གི་ཁྲི་རྐང་ཁྲུ་གང་ལས་མཐོ་བར་བྱས་ན་དེར་འགྱུར་བའི་ཕྱིར། དྲུག་པ་ཤིང་བ ལ་བགོས་པའི་ལྟུང་བྱེད་ཡོད་དེ། བསམས་བཞིན་དུ་དགེ་འདུན་གྱི་གནས་མལ་ཤིང་བལ་སོགས་ཀྱིས་གོས་པར་བྱས་པ་ན་དེར་འགྱུར་བའི་ཕྱིར། བདུན་པ་གདིང་བ་དང་། བརྒྱད་པ་གཡན་པ་དགབ་པ་དང་། དགུ་པ་རས་ཆེན་གསུམ་ཚད་ལྷག་གི་ལྷུང་བྱེད་ཡོད་དེ། དེ་གསུམ་གྱི་ཚད་ལས་ལྷག་པ་བྱས་པ་ན་དེར་འགྱུར་བའི་ཕྱིར། བཅུ་པ་ཆོས་གོས་ཀྱི་ཚད་ལས་གྱུར་བའི་ལྟུང་བྱེད་ཡོད་དེ། ཆོས་གོས་རྣམ་གསུམ་གྱི་ཚད་རང་དང་མི་འཚམས་པར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱས་པ་ན་དེར་འགྱུར་བའི་ཕྱིར་རོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱང་ཡོད་དེ། སྟོན་པའི་ཁྲུ་གསུམ་ལ་ཕལ་བའི་ཁྲུ་དགུ ཁྲུ་ལྔ་ལ་ཕལ་པའི་ཁྲུ་བཅོ་ལྔའི་ཚད་ཡོད་པར་བཤད་པའི་ཕྱིར། བཞི་པ་སོར་བཤགས་ཀྱི་སྡེ་ཚན་ནི། སྡོམ་ལས། གྲོང་དང་ཁྱིམ་གཞན་ཉིད་དང་ཡང་། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པར་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་བཤད། །ཞེས་འབྱུང་བ་ལྟར་བཞི་ལས། དང་པོ་ཟས་ལེན་པའི་སོར་བཤགས་ཡོད་དེ། རང་ཉིད་ཀྱི་འཚོ་བའི་ཆེད་དུ་དགེ་སློང་མ་ཉེ་དུ་མ་ཡིན་པའི་བསོད་སྙོམས་བསླངས་ཏེ་ཟོས་པ་ན་དེར་འགྱུར་བའི་ཕྱིར། གཉིས་པ་གྲལ་རིམ་མ་ཡིན་པར་འགྲིམ་དུ་འཇུག་པའི་སོར་བཤགས་ཡོད་དེ། དགེ་འདུན་མགྲོན་དུ་བོས་པའི་སྦྱིན་བདག་གི་གནས་སུ་རང་ལ་དགེ་སློང་མར་ཟས་བཟང་པོའམ་ལྷག་པ་འདྲེན་དུ་བཅུག་ནས་དྲངས་པ་ན་དེར་འགྱུར་པའི་ཕྱིར། གསུམ་པ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ཡོད་དེ། དགེ་འདུན་གྱིས་ཁྱི མ་བདག་དེའི་ནང་དུ་རེ་ཞིག་ཟས་མི་ལེན་པར་བཅས་པའི་བསླབ་པ་ལས་འདས་ཏེ་ཟས་བསླངས་པ་ན་དེར་འགྱུར་བའི་ཕྱིར། བཞི་པ་ནགས་མ་བརྟགས་པ་ལས་བྱུང་བའི་སོར་བཤགས་ཡོད་དེ། འཇིགས་པ་དང་བཅས་པའི་ཕྱིར་ནགས་སུ་རྐུན་པོ་སོགས་ཡོད་མེད་ན་བརྟགས་པར་ཟས་ཟ་བ་ན་དེར་འགྱུར་བའི་ཕྱིར་རོ། །དགེ་སློང་མ་ཡན་ལག་ཏུ་དགོས་པ་རྣམས་ལ་ནི་ད་ལྟ་ལྟུང་བ་དེ་དང་དེ་དངོས་མི་བསྐྱེད་ཀྱང་ཕྱོགས་མཐུན་གྱི་ཉེས་བྱས་འབྱུང་བ་ཡོད་དེ། བཙུན་མའི་རིགས་ལ་བརྟེན་ནས་དེ་ལྟར་ཡོད་པའི་ཕྱིར་རོ། །ལྔ་པ་ཉེས་བྱས་ཀྱི་སྡེ་ཚན་ལ་བརྒྱད་ཡོད་དེ། གོས་ཀྱི་སྡེ་ཚན། ཁྱིམ་དུ་འགྲོ་བའི་སྡེ་ཚན། ཁྱིམ་དུ་འདུག་པའི་སྡེ་ཚན། ཟས་ཀྱི་སྡེ་ཚན། ལྷུང་བཟེད་ཀྱི་སྡེ་ཚན། ཆོས་ཉན་པའི་སྡེ་ཚན། སྒྲུབ་པའི་སྡེ་ཚན། རྒྱུ་བའི་སྡེ་ཚན་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྡོམ་ལས། ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང་། །ཞེས་འབྱུང་བ་ལྟར་། ཤམ་ཐབས་ཧ་ཅང་རྩེངས་པ། ཧ་ཅང་འཇོག་པ ་བ། ཕྱོགས་གཅིག་གླང་པོའི་སྣ་ལྟར་འཕྱང་བ། ལྟེ་གོང་དུ་མགོ་ལྟེས་པ། ལྟེ་འོག་ཏུ་སྦྲུལ་མགོ་ལྟར་འཕྱང་བ། མ་མཐའ་མཉམ་པོར་མ་བགོས་པ། སྐ་རགས་ཀྱི་བར་འབྲུའི་ཐུལ་བུ་ལྟར་དོན་པ་སྟེར་བདུན་དང་། ཆོས་གོས་ཧ་ཅང་རྩེངས་པ། ཧ་ཅང་འཇོལ་བ། ཟླུམ་པོར་མ་བགོས་པ་སྟེ་གསུམ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤིན་ཏུ་བསྡོམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །འཚོང་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་འབྱུང་བ་ལྟར། ཁྱིམ་དུ་འགྲོ་བའི་ཚེ་དྲན་ཤེས་མ་བསྟེན་པ། ཆོས་གོས་ལེགས་པར་མ་གྱོན་པ། ཅ་ཅོའི་གཏམ་མང་དུ་སྨྲ་བ། མིག་ཕྱོགས་ཀུན་ཏུ་ལྟ་བ། གཉའ་ཤིང་གང་ལས་རིང་བར་ལྟ་ཞིང་འགྲོ་བ་སྟེ་ལྔ། མགོ་ལ་གོས་གཡོགས་པ། ཤམ་ཐབས་འདོམས་སྣང་བར་བརྫེས་པ། གཟན་ཕྲག་པ་གཡས་གཡོན་དུ་བཀལ་བ། ལག་པ་མདུན་ནས་གཉའ་བར་བསྣོལ་བ། སོར་མོ་རྒྱབ་ལག་ཏུ་བསྣོལ་ནས་འགྲོ་བ་སྟེ་ལྔ། འཆོངས་ནས་འགྲོ་བ། ཙོག་པུས་འགྲོ་བ། རྐང་བའི་བྲང་གིས་འགྲོ་བ། གྲུ་མོ་དཀུར་བརྟེན་ནས་འགྲོ་བ། དཔུང་བ་རྒྱངས་ནས་འགྲོ་བ་སྟེ་ལྔ། ལུས་ཡང་ཡང་བསྒྱུར་བ། ལག་པ་བསྐྱོད་པ། མགོ་བསྒྲིལ་བ། གཞན་དང་ཕྲག་པ་སྤྱོད་པ། གཞན་དང་ལག་པ་སྦྲེལ་ནས་འགྲོ་བ་སྟེ་ལྔ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། འདུག་པར་བྱ་བ་དགུ་དག་དང་། །ཞེས་འབྱུང་བ་ལྟར་། མ་བསྒོས་པར་སྟན་ལ་འདུན་པ། མ་བརྟགས་པར་སྟོད་པ། ལྗིད་ཀྱིས་སྡོད་པ། རྐང་པ་གཉིས་བསྣོལ་ནས་བརྐྱང་པ། བརླ་གཉིས་བསྣོལ་བ། ལོང་བུ་བསྣོལ་བ། གདན་ཁྲི་སོགས་ཀྱི་འོག་ཏུ་རྐང་བ་བཀུག་པ། བྱིན་པ་དང་རྐང་མགོ་སོ་སོར་བྱས་གདེངས་པ། འདོམས་སྣང་བར་བྱས་ཏེ་འདུག་པ་དང་དགུ་ཡོད་པའི་ཕྱིར། བཞི་པ་གྲུབ་སྟེ། བྱིན་ལེན་བྱ་བ་བརྒྱད་ཡིན་ནོ། །ཞེས་འབྱུང་བ་ལྟར། ཟས་ལེགས་པར་མ་བླངས་པ། འབྲས་ཆན་དང་ཚོད་མ་མཉམ་པོར་བླངས་པ། མཐར་ཆགས་སུ་མ་བླངས་པ། ལྷུང་བཟེད་ལ་མ་བལྟས་པར་ལེན་པ། ཟས་མ་བྱུང་བར་ལྷུང་བཟེད་ཁ་གདངས་པ། ཟས་ལྷག་པོ་འདོད་ནས་གཅིག་གིས་གཅིག་སྦེད་པ། བཟའ་བཅའི་སྟེང་དུ་ལྷུང་བཟེད་འཇོག་པ། ལྷུང་བཟེད་ལས་མཐོ་བར་ལེན་པ་སྟེ་བརྒྱད་ཡོད་པའི་ཕྱིར། ལྔ་པ་གྲུབ་སྟེ། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་པ་ལ་སོགས་ལྔ། །ཞེས་འབྱུང་བ་ལྟར། ཟས་ལེགས་པར་མ་བཟོས་པ། ཁམ་ཧ་ཅང་ཆེ་བ། ཧ་ཅང་ཆུང་བ། རན་བར་མ་ཟོས་པ། ཟས་མ་བྱུང་བར་ཁ་གདངས་པ། ཟས་ཀྱིས་ཁ་བཀང་སྟེ་གཏམ་སྨྲ་བ་དང་བཅས་པ་དྲུག །ཁ་ནས་སྒྲ་ཙུག་ཙུག་དང་། ཅག་ཅག་དང་། ཧུ་ཧུ་དང་། ཕུ་ཕུ་ཟེར་ཞིང་ཟ་བ་དང་། ལྕེ་ཕྱིར་ཕྱུང་ནས་ཟ་བ་སྟེ་ལྔ། འབྲས་ཆན་སོགས་འབྲུ་རེ་རེ་ནས་ཟ་བ། ཟས་ལ་འཕྱ་བ། མ་ཁུར་བ་ཕན་ཚུན་སྤོ་བ། རྐན་སྒྲ་ཏོག་པ། ཁམ་འཕྲོ་གཅོད་ཅིང་ཟ་བ་སྟེ་ལྔ། ལག་པར་ཟས་ཆགས་པ་བལྡག་པ། ལྕེ་དང་མཛུབ་མོས་ལྷུང་བཟེད་འབྱོག་པ། ཟས་ལག་པར་འགོས་པ་སྤྲུག་པ། རང་གི་ལྷུང་བཟེད་སྐྱོམ་པ། ཟས་ལ་མཆོད་རྟེན་ལྟ་བུའི་གཟུགས་བཅོས་ནས་ཟ་བ་སྟེ་ལྔ་ཡོད་པའི་ཕྱིར། དྲུག་པ་གྲུབ་སྟེ། འཕྱ་བ་ལ་སོགས་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །ཞེས་འབྱུང་བ་ལྟར། གཞན་གྱི་ལྟུང་བཟེད་པ་འཕྱ་བ། ཟས་བགོས་པའི་ལག་པས་ཆུ་སྣོད་འཛིན་པ། སྦགས་པའི་ཆུ་གཞན་ལ་འཐོར་བ། འཁྲུད་ཆུ་གང་བྱུང་དུ་འདོར་བ་སྟེ་བཞི། ལྷག་རོལ་ལྷུང་བཟེད་དུ་བླུག་ནས་འདོར་བ། ལྷུང་བཟེད་སྟེགས་མེད་པར་ས་དང་། གཡང་། གད་ཁ། དཀན་གཟར་སོགས་སུ་འཇོག་པ། དེ་གཡང་། གད་ཁ། དཀན་གཟར་གསུམ་དུ་བཀྲུ་བ། འགྲེང་ནས་འཁྲུ་བ། འབབ་ཆུ་དྲག་པོའི་རྒྱུན་ཕྱོགས་ལས་བཟློག་སྟེ་བཅུ་བ་རྣམས་སུ་ཡོད་པའི་ཕྱིར། བདུན་པ་གྲུབ་སྟེ། འགྲེང་བ་ལ་སོགས་རྣམ་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་སོགས་རྣམ་པ་ལྔ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་དབྱིག་པ་ལ་སོགས་དྲུག ། ཅེས་འབྱུང་བ་ལྟར། འགྲེང་བ། ཉལ་བ། མཐོ་སར་བསྡད་པ། སྔོོན་དུ་འགྲོ་བ། ལམ་གྱི་འགྲམ་ནས་ལམ་དབུས་སུ་འགྲོ་བ་ལ་ཆོས་འཆད་པ་སྟེ་ལྔ། མགོ་ལ་གོས་གཡོགས་པ། གོས་བརྫེས་པ། གོས་ཕྲག་པ་གཉིས་ལ་གཟར་བ། ལག་པ་གཉིས་གཉའ་གོང་དུ་བསྣོལ་བ། ལྟག་པར་བསྣོལ་བ་ལ་ཆོས་འཆད་པ་སྟེ་ལྔ། སྐྲའི་ཐོར་ཅོག་བྱས་པ། དར་གྱིས་ཅོད་པན་བཅིངས་པ། ཞྭ་གྱོན་པ། ཐོད་དཀྲིས་བཅིངས་པ། མེ་ཏོག་གི་ཕྲེང་བ་བཏགས་པ་ལ་ཆོས་འཆད་པ་སྟེ་ལྔ། གླང་པོ་དང་། རྟ་དང་། དེ་ལས་གཞན་པའི་བཞོན་པར་ཞོན་པ། ཁྱོགས་ལ་འདུག་པ། ལྷམ་གྱོན་པ་ལ་འཆད་པ་སྟེ་ལྔ། ལག་ན་མཁར་བ། གདུགས། མཚོན་ཆ། རལ་གྲི། དགྲ་སྟ་ཐོགས་པ། གོ་ཆ་གྱོན་པ་ལ་ཆོས་འཆད་པ་སྟེ་དྲུག་ཡོད་པའི་ཕྱིར། བརྒྱད་པ་གྲུབ་སྟེ། ན་བ་རྣམ་པ་བཞི་ཡིན་ནོ། །ཤིང་ལས་མི་གང་ལས་མཐོ་བར། འཛེགས་པ་ལ་ནི་ཉེས་བྱས་སོ། །ཞེས་འབྱུང་བ་ལྟར། ན་བར་འགྲེང་ནས་བཤང་གཅི་བྱེད་པ། ཆུ་ནང་དུ་དེ་བྱེད་པའམ་མཆིལ་མ་སོགས་འདོར་བ། རྩྭ་སྔོན་གྱི་སྟེང་དུ་མཆིལ་སྣབས་སོགས་འདོར་བ། དགོས་པ་མེད་པར་ཤིང་འདོམ་གང་ཡན་ཆད་ཀྱི་སྟེང་དུ་འཛེག་པའི་ཉེས་བྱས་གཅིག་རྣམས་སུ་ཡོད་པའི་ཕྱིར། མདོར་ན་དགེ་སློང་གི་བསྲུང་བྱའི་གཙོ་བོ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་དེ། སྔར་བཤད་པ་ལྟར་སྤང་བྱའི་གཙོ་བོ་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ་དང་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། དེར་ཟད་པ་ནི་མ་ཡིན་ཏེ། ཆར་གཏོགས་ཀྱིས་ཕྱེ་ན་ཆེས་མང་དུ་ཡོད་པའི་ཕྱིར་རོ། །དེ་དག་མདོ་རྩ་བར་རྒྱས་པར་བསྟན་ཀྱང་འདིར་མང་དུ་དོགས་ནས་ཁུངས་མ་དྲངས་སོ།། །།གཉིས་པ་སྤྱིར་བསྟན་གྱི་དབང་དུ་བྱས་ནས་འཆད་པ་ལ། རྫས་བཀག་པ་བཟང་པོ་ཡང་དེ་དང་ལྡན་པ་ཡིན་ནོ། །འདྲ་བ་ལ་ཡང་ངོ་། །ཞེས་སོགས་གསུང་། འདིས་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ། ལུང་རྣམ་འབྱེད་དང་། འདུལ་བྱེད། ཞུ་བ་གསུམ་ནས་འབྱུང་བའི་དོན་གྱི་གནད་འགའ་ཞིག་བསྡུས་ནས་བསྟན་པའི་ཕྱིར། འདི་དག་གི་དོན་ལ་བསླབ་པ་དང་བསམ་པ་དང་ཚིག་གི་ཡན་ལག་སོགས་དུ་མ་ཡོད་ཀྱང་དོན་བསྡུ་བའི་ཕྱིར་སྐབས་འདིར་ཐུན་མོང་དུ་བཤད་པར་བྱ་སྟེ། དེ་ཡིད་འགྱུར་བའི་ཡན་ལག་དང་། ཁ་སྐོང་གི་ཡན་ལག་བཅས་ཀྱི་སྒོ་ནས་འཆད་པར་བྱེད་པའི་ཕྱིར། འདིར་ལྟུང་བ་སྡེ་ལྔའི་དངོས་གཞི་བསྐྱེད་པའི་རྟེན་ལ་བསྙེན་རྫོགས་གྱི་སྡོམ་པ་བླངས་ནས་འཆགས་ཤིང་མ་ཉམས་པ་ཞིག་དགོས་ཏེ། ཉམས་པ་དང་བླངས་ནས་མ་འཆགས་པ་ལ་ཉེས་བྱས་ཙམ་ཞིག་བསྐྱེད་པའི་ཕྱིར་ཞེས་འཆད་པ་ལ། ཉམས་པ་དང་མ་འཆགས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར། ཉམས་པ་ལྟུང་བ་ལ་སྦྱོར་ཚུལ་ཡོད་དེ། གང་ལས་ཉམས་པ། གང་གི་ཉམས་པ། ཇི་ལྟར་ཉམས་པ་སོགས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་སློང་རྩ་ལྟུང་ལ་འཇུག་པ་དེ་ཉམས་པར་འགྱུར་བའི་ཕྱིར། གཉིས་པ་ཡོད་དེ། དགོས་པ་སྒྲུབ་ནུས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ལས་ཉམས་པར་འགྱུར་བའི་ཕྱིར། གསུམ་པ་ཡོད་དེ། ཕམ་པ་འཆབ་བཅས་ཀྱི་སྟོབས་ལས་ཉམས་པར་འགྱུར་བའི་ཕྱིར། བཞི་པ་ཇི་ལྟར་ཉམས་པ་ལ། མདོ་སྡེ་པ་ན་རེ། སྡོམ་པ་གཏོང་བའི་ཕམ་པ་ལ་འཆབ་བཅས་ཡན་ལག་ཏུ་དགོས་ཏེ། འཆབ་མེད་ཀྱིས་སྡོམ་པ་མི་གཏོང་བའི་ཕྱིར་ཏེ། རྩ་ལྟུང་ཡན་ལག་ཚང་བར་སྤྱད་ཀྱང་འཆབ་སེམས་མ་སྐྱེས་ན་ཕམ་པ་དང་ཕམ་འདྲ་གང་རུང་དུ་མི་འགྱུར་བའི་ཕྱིར། དེས་ན་ཕམ་པ་བྱུང་བའི་ཚེ་དགེ་སློང་དེའི་སྡོམ་པ་རྩ་བ་ནས་གཏོང་བར་མ་ཟད། ཕྱིས་བླངས་ཀྱང་མི་སྐྱེ་སྟེ། རྒྱུད་ངོ་ཚ་མེད་པ་དང་ཁྲེལ་མེད་ཤས་ཆེན་པོས་མ་རུང་བར་བྱས་པའི་ཕྱིར། དཔེར་ན། ཤིང་ཏ་ལའི་མགོ་བོ་བཅད་པ་ནི་ཕྱིས་གོང་དུ་འཕེལ་བར་མི་འགྱུར་བ་བཞིན། ལུགས་འདིར་ཕམ་པ་བྱུང་བའི་གང་ཟག་དེ་ནི་དགེ་སློང་མ་ཡིན་ཏེ། དེའི་རྒྱུད་ལ་དགེ་སློང་གི་སྡོམ་པ་མེད་པའི་ཕྱིར་དང་། དེ་དང་ལྷན་ཅིག་ཏུ་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་པར་མི་རུང་བའི་ཕྱིར། ཁོ་ན་རེ། དེ་མི་འཐད་དེ། ཕམ་པ་འཆབ་མེད་བྱུང་བ་འདི་དགེ་སློང་ཡོད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་ནི་རྩ་ལྟུང་འཆབ་མེད་ལ། ཕམ་པའི་མིང་གིས་བཏགས་པ་ཙམ་ཡིན་པའི་ཕྱིར། མདོ་སྡེ་བའི་ལུགས་འདིར་འཆབ་སེམས་ཕམ་པའི་ཡན་ལག་ཏུ་མི་དགོས་སོ་ཞེས་སྔ་རབས་པ་མང་པོས་འདོད་ཀྱང་མི་འཐད་དེ། ཕྱིས་ཀྱི་མཁས་པ་དུ་མས་དེ་ལེགས་པར་བཀག་པའི་ཕྱིར། བྱེ་བྲག་སྨྲ་བའི་ལུགས་ལ་འཆབ་སེམས་ཐར་པའི་ཡན་ལག་ཏུ་མི་དགོས་ཏེ། ཕམ་པ་འཆབ་བཅས་འཆབ་མེད་གཉིས་ཡོད་ཅིང་། འཆབ་མེད་དུ་མ་ཟད། འཆབ་བཅས་ཀྱིས་ཉམས་པའི་དགེ་སློང་གི་རྒྱུད་ལ་ཡང་སྡོམ་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་གཉིས་ཀྱི་ནང་ནས་འཆམ་བཅས་བྱུང་ན་སྡོམ་པ་རྣམ་དག་ལས་ཉམས་པར་བྱེད་པར་མ་ཟད། དགོས་པ་སྒྲུབ་ནུས་ལས་ཀྱང་ཉམས་པར་བྱེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་འདྲའི་དགེ་སློང་དེ་སྡོམ་ལྡན་དང་ཚུལ་འཆལ་གཉིས་ཀ་ཡིན་པའི་ཕྱིར། འོ་ན། སྲོག་གཅོད་ཀྱི་ཕམ་པ་ཙམ་བྱུང་བའི་ཚེ། གཞན་གསུམ་བྱུང་ངམ་མ་བྱུང་ཞེ་ན། དེའི་ཚེ་གཞན་གསུམ་མ་བྱུང་ཡང་ཉམས་པ་ཡིན་ཏེ། ཕམ་པ་གསུམ་གང་རུང་འཆབ་བཅས་བྱུང་བའི་ཚེ་སྤོང་བདུན་གྱི་སྡོམ་པ་ཐམས་ཅད་ཀྱང་རྣམ་དག་དང་དགོས་པ་སྒྲུབ་ནུས་གཉིས་ཀ་ལས་ཉམས་པར་འགྱུར་བའི་ཕྱིར། ཕམ་པ་འཆབ་བཅས་བཞིི་རིམ་ཅན་དུ་འབྱུང་བ་མེད་ཀྱང་འཆབ་མེད་བཞི་རིམ་ཅན་དུ་འབྱུང་བ་ཡོད་དེ། འཆབ་མེད་བྱུང་བའི་དགེ་སློང་གི་རྒྱུད་ལ་སྡོམ་པ་རྣམ་དག་སྐྱེ་བ་ཡོད་པའི་ཕྱིར་དང་། དེ་ལྟུང་བ་དངོས་ལ་སྦྱོར་བའང་ཡོད་པའི་ཕྱིར། བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་ལྟུང་བ་ལ་སྦྱོར་ཚུལ་ཡོད་དེ། གང་ལ་མ་སྐྱེས། གང་མ་སྐྱེས། གང་གིས་མ་སྐྱེས་པ་སོགས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དངོས་པོ་དང་བསམ་པའི་སྒོ་ནས་མི་སྐྱེ་པའི་རིགས་ཅན་ལོོ་ཉི་ཤུ་མ་ལོན་པ་ལ་དེར་འདུ་ཤེས་པ་སོགས་ཡོད་པའི་ཕྱིར། གཉིས་པ་སླ། གསུམ་པ་ཡོད་ཏེ། སྐྱེ་བའི་འགའ་རྐྱེན་བར་ཆད་དང་ལྡན་ཞིང་མཐུན་རྐྱེན་མ་ཚང་བའི་སྟོབས་ཀྱིས་མ་སྐྱེས་པའི་ཕྱིར། གང་ཟག་དེ་ལ་བསྙེན་རྫོགས་ཀྱི་སྡོམ་པ་མེད་པས་ལྟུང་བ་སྡེ་ལྔའི་དངོས་གཞི་མི་བསྐྱེད་དེ། དེ་དང་དེར་སྤྱད་ཀྱང་ཉེས་བྱས་ཙམ་དུ་འགྱུར་བའི་ཕྱིར། འོ་ན། དགེ་ཚུལ་དང་དགེ་སློང་མ་ལྟུང་བ་ལ་སྦྱར་ན་ཅིས་འགྱུར་ཞེ་ན། ཡོད་དེ། དགེ་ཚུལ་གྱིས་བསླབ་པའི་གཞི་བརྒྱ་དང་། དགེ་སློང་མས་དེའི་སྟེང་དུ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་དྲུག་ལ་བསླབ་ལ་འདས་ན་བཤགས་བྱའི་ཉེས་བྱས་སུ་འགྱུར་ལ། དེའི་ཕྱོགས་མཐུན་ལ་བསྡམས་བྱའི་ཉེས་བྱས་སུ་འགྱུར་བའི་ཕྱིར། དགེ་ཚུལ་གྱི་བླངས་འདས་དེ་ལ་དེར་ངེས་པ་ནི་མ་ཡིན་ཏེ། དེའི་བླངས་འདས་ཀྱི་གཙོ་བོ་ལ་བཅུ་ཡོད་ཀྱང ་། ཕྱེ་ན་སོ་དྲུག་ཡོད་པའི་ཕྱིར་ཏེ། ཇི་སྐད་དུ། སྲོག་གཅོད་གཞི་དང་མ་བྱིན་ལེན། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ། །གཞི་མེད་བག་ཙམ་དགེ་འདུན་དབྱེ། །དེ་རྗེས་ཕྱོགས་དང་ཁྱིམ་སུན་འབྱིན། །རྫུན་དང་བཤེས་ངོོར་འཕྱ་བ་དང་། །ཟས་ཅུང་ལྷག་མའི་བསྐུར་འདེབས་དང་། །བསླབ་པ་སྤོང་དང་འབྲས་ཆན་འགེབས། །ཆང་དང་གླུ་གར་རོལ་མོ་བྱེད། །རྒྱན་དང་ཁ་དོག་སྤོས་བྱུག་ཕྲེང་། ཁྲི་དང་སྟན་ནི་ཆེ་མ ཐོ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན། །ཉམས་པ་རྣམ་པ་གསུམ་དག་སྟེ། །སུམ་ཅུ་དྲུག་ནི་བླངས་ལས་འདས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་དག་ནི་དགེ་སློང་མ་ལའང་སྦྱར་བར་བྱ་ཞིང་། ཁྱད་པར་ཡོད་དེ། འདིས་རྩ་མཐུན་གྱི་ཆོས་བཅུ་གཉིས་སོགས་སྤོང་དགོས་པའི་ཕྱིར། བར་མའི་ཚུལ་ཁྲིམས་དང་ལྡན་པ་ཙམ་ལྟུང་བ་སྡེ་ལྔའི་གཞིར་ཞུགས་ན་ཅིར་འགྱུར་བར་ཡང་ཡོད་དེ། ཉེས་བྱས་ཙམ་དུ་འགྱུར་བའི་ཕྱིར། བར་མ་རབ་བྱུང་ལ་གང་བཤགས་བྱ་དང་གང་བསྡམ་བྱར་འགྱུར་ཚུལ་ཡོད་དེ། ཁྱིམ་པའི་རྟགས་ལེན་པ་ལྟ་བུ་ནི་བླངས་འདས་ཡིན་པས་བཤགས་བྱ་ཡིན་ལ། དཀོན་མཆོག་ལ་གུས་པ་ཆུང་བ་ལྟ་བུ་ནི་བསྡམ་བྱའི་རིགས་ཡིན་པའི་ཕྱིར། གཞན་ཡང་དགེ་ཚུལ་གྱིི་བླངས་འདས་ཀྱི་ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས་ཡོད་དེ། ཉེེས་མེད་དུ་གསུངས་པ་ལས་གཞན་ཕལ་ཆེར་ཡིད་ཀྱི་བསྡམ་བྱར་འགྲུབ་བའི་ཕྱིར། ཉེས་མེད་དུ་གསུངས་པ་ཕྱེད་དང་བཅོ་བརྒྱད་ཡོད་དེ། འཆང་བ་འབྲལ་བ་འཇོག་པ་དང་། །དེ་བཞིན་ས་ནི་རྐོ་བ་དང་། །རིན་པོ་ཆེ་དང་མེ་ལ་རེག ། སྤངས་ནས་ཟ་བར་བྱེད་པ་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ལྗོན་ཤིང་འཛེགས་དང་ཤིང་གཅོད་དང་། །རྩྭ་སྔོན་མི་གཙང་འདོར་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །ཟླ་འཇོག་དགོན་པའི་འབྲས་སྤང་དང་། །གསོག་འཇོག་བྱེད་དང་དགེ་ཚུལ་ཉམ། །མི་སྨྲ་འགྲོ་དང་བཅོ་བརྒྱད་དོ། །ཞེས་འབྱུང་བ་ལྟར་ཡིན་ལ། དེ་བཞིན་དུ་དགེ་སློང་མར་ཡང་ཅི་རིགས་པར་སྦྱོར་བར་བྱ་བའི་ཕྱིར། དེ་དག་སྤྱིར་ཉེས་མེད་དུ་གསུངས་ཀྱང་གང་ལའང་ཉེས་པ་མི་སྲིད་པ་མ་ཡིན་ཏེ། ས་བརྐོས་ནས་སྲོག་ཆགས་བསད་པ་ལྟ་བུ་ལ་ཉེས་བྱས་བ སྐྱེད་པའི་ཕྱིར། བསླབ་བྱིན་དགེ་སློང་ལྟུང་བ་ལ་སྦྱོར་ཚུལ་ཡོད་དེ། དེ་ལས་ཀྱི་ཁ་སྐོང་དུ་མི་འོས་པ་སོགས་འགའ་ཞིག་མ་གཏོགས། ལྟུང་བ་བསྐྱེད་པའི་རྟེན་དུ་དགེ་སློང་རྣམ་དག་དང་འདྲ་བའི་ཕྱིར། ཕམ་པ་འཆབ་བཅས་ལ་བསླབ་པ་སྦྱིན་དུ་མི་རུང་ཡང་། འཆབ་མེད་ལ་བསླབ་པ་སྦྱིན་ཚུལ་ཡོད་དེ། གསོལ་བཞིའི་ལས་ཀྱི་སྒོ་ནས་ལས་ཁྱད་པར་ཅན་ལྔ་སྤྱོད་པ་སྤོང་ཞིང་། དམན་སྤྱོད་ལྔ་དང་དུ་ལེན་པའི་བསླབ་པ་ནོད་པར་བྱ་བ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། བྱེ་བྲག་སྨྲ་བ་ལྟར་ན། ཕམ་པ་འཆབ་མེད་འདགས་པའི་ཕྱིར་ཡིན་ལ། མདོ་སྡེ་པ་ལྟར་ན། ཕམ་པའི་སྡེར་གཏོགས་ཀྱི་སྦོམ་པོ་ལྕི་བ་འདགས་པའི་ཆེད་ཡིན་པའི་ཕྱིར། འཆབ་བཅས་ཡིན་ཀྱང་མཚན་གྱུར་པའི་དབང་གིས་འཆབ་མེད་དུ་སོང་བ་ལ་བསླབ་པ་སྦྱིན་དུ་རུང་བ་ཡོད་དེ། དགེ་སློང་ཕ་མ་གཉིས་ལ་རྟེན་མི་འདྲ་བའི་དབང་གིས་འདོད་པ་ཐ་དད་པར་འགྱུར་བའི་ཕྱིར་ཏེ། དགེ་སློང་ཕ་མ་མཚན་གྱུར་པའི་དབང་གིས་ལྟུང་བ་ཆེ་བ་ཆུང་བ་དང་། ཆུང་བ་ལྟུང་མེད་དུ་འགྲོ་བའི་རྒྱུ་མཚན་ཡོད་པའི་ཕྱིར། ལྟུང་བ་ཕལ་ཆེར་ལ་འདུ་ཤེས་མ་འཁྲུལ་བ་དགོས་ཀྱང་གཅིག་ཏུ་མ་ངེས་ཏེ། ཡིད་གཉིས་ཕན་ཆད་ཀྱིས་ཆོག་པའི་ཕྱིར། འོ་ན། མའི་འགྲོ་བ་ལུས་གཞན་དུ་བསྒྱུར་བ་བསད་ན་ཅིར་འགྱུར་ཞེ་ན། ཡོད་དེ། མདོར། འགྲོ་བ་གཞན་གྱི་རྣམ་པར་བསྟེན་པ་བསད་པ་ལ་ཡོད་དོ། །ཞེས་མིའི་འགྲོ་བ་བས་རང་ཉིན་མིའམ། །མི་མ་ཡིན་པའམ། གང་ཟག་མ་ཡིན་པའི་རྣམ་པར་སྤྲུལ་བ་ཞིག་དགེ་སློང་གིས་བསད་ན་ཕམ་པའི་དངོས་གཞི་བསྐྱེད་པ་ལ་ཁྱད་པར་མེད་པར་བཤད་པའི་ཕྱིར། འོན་ཀྱང་ཁ་ཅིག་དེ་ལའང་མིའི་འདུ་ཤེས་ཡོད་པ་ཞིག་དགོས་པར་བཞེད་དོ། དེ་བཞིན་དུ་ལྷའི་འགྲོ་བས་མིར་སྤྲུལ་པ་དང་། དུད་འགྲོའི་འགྲོ་བ་བས་མིར་སྤྲུལ་པ་དག་དགེ་སློང་གིས་བསད་ན་ཇི་ལྟར་འགྱུར་བ་ཡོད་དེ། དང་པོ་ལ་དངོས་གཞིའི་ཚེ་སྦོམ་པོ་དང་། ཕྱི་མ་ལ་ལྟུང་བྱེད་དུ་འགྱུར་བའི་ཕྱིར། འོ་ན། ལྷས་སྦྱིན་ཁོ་ན་གསོད་སྙམ་ནས་མཆོད་སྦྱིན་བསད་པའང་དངོས་གཞི་ཇི་ལྟ་བ་བཞིན་བསྐྱེད་པར་ཐལ། གོང་གི་དམ་བཅས་འཐད་པའི་ཕྱིར། ཟེར་ན། མི་མཚུངས་ཏེ། གཉིས་ཀ་ལ་འདུ་ཤེས་འཁྲུལ་པ་ཡོད་ཀྱང་མི་འདྲ་བའི་ཁྱད་པར་ཡོད་པའི་ཕྱིར་ཏེ། སྔ་མ་ནི་རྒྱུན་གཅིག་ཡིན་ལ། འདི་ནི་རྒྱུད་ཐ་དད་ཡིན་པའི་ཕྱིར་ཞེས་གསུང་། དགེ་སློང་རང་ཉིད་སྟག་ཏུ་སྤྲུལ་ནས་མི་གཞན་བསད་པ་ན་ཅིར་འགྱུར་བ་ཡོད་དེ། དེའི་ཚེ་རང་ལ་དགེ་སློང་གི་འདུ་ཤེས་ཡོད་ན་དངོས་གཞིའི་བཏུང་བར་ཇི་ལྟ་བ་བཞིན་བསྐྱེད་ལ། དེའི་ཚེ་རང་ལ་དགེ་སློང་གི་འདུ་ཤེས་མེད་ན་ལྟུང་བ་ན་སྨད་ཙམ་ལས་མི་བསྐྱེད་པའི་ཕྱིར། སྡེ་ལྔའི་དངོས་གཞི་བསྐྱེད་པ་ལ་བསྙེན་རྫོགས་ཀྱི་རྟེན་ལ་སྦྱོར་བ་བྱས་ནས་རྟེན་དེ་ལ་དངོས་གཞི་གྲུབ་དགོས་ཏེ། ཚིག་སྔ་མ་དགེ་བསྙེན་ནམ་དགེ་ཚུལ་གྱི་རྟེན་ལ་མི་གསོད་པ་ལྟ་བུའི་སྦྱོར་བ་བྱས་ནས་དགེ་སློང་གི་རྟེན་ལ་དངོས་གཞི་གྲུབ་གྱུར་ན་སྨད་ཙམ་ཞིག་བསྐྱེད་པའི་ཕྱིར། མདོར། གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་དོན་ཡོད་དེ། སློབ་པའི་རྟེན་ལ་གསོད་པའི་སྦྱོར་བ་བྱས་ཏེ། དགྲ་བཅོམ་ཐོབ་པའི་ཚེ་ཤི་བ་ན་གསོད་པ་པོའི་དགེ་སློང་ལ་ཕམ་པའི་དངོས་གཞི་ཇི་ལྟ་བ་བཞིན་བསྐྱེད་པའི་དོན་ཡིན་པའི་ཕྱིར། དེའི་ཚེ་གསོད་པ་པོ་ལ་མཚམས་མེད་ཀྱང་འབྱུང་བ་ཡིན་ཏེ། དེ་གཉིས་ལུས་རྟེན་སྔ་ཕྱི་གཅིག་པའི་ཕྱིར་ཏེ། དེ་ལྟར་རྒྱ་ཆེར་འགྲེལ་ལས་བཤད་པའི་ཕྱིར། འོ་ན། མཛོད་ལས། བསྣུན་འོག་དགྲ་བཅོམ་ལ་མ་ཡིན། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་མངོན་པ་རང་གི་ལུགས་ཙམ་ཡིན་པའི་ཕྱིར། འོན་ཀྱང་ཁ་ཅིག་འདི་ལྟར་བཞེད་དེ། མངོན་པའི་ལུགས་དེ་སྤྱིར་བཏང་ལ་དགོངས། རྒྱ་ཆེར་འགྲེལ་དེ་གྱི་དམིགས་བསལ་སྲིད་པ་ཞིག་ལ་དགོངས་པའི་ཕྱིར་ཟེར་རོ། །སྡེ་ལྔའི་དངོས་གཞི་བསྐྱེད་པ་ལ་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཏུ་དགོས་པ་གཙོ་སྟེ། ཤེས་པ་རང་གཞིན་དུ་མི་གནས་ན་ལྟུང་བ་གཏན་མེད་པའམ། ཆུང་བ་ཙམ་དུ་འགྱུར་བའི་ཕྱིར། ཤེས་པ་རང་གཞིན་དུ་མི་གནས་པ་ལ་བརྒྱད་ཡོད་དེ། སྨྱོ་བ། སེམས་འཁྲུགས་པ། ཚོར་བས་གཟིར་བ། དགེ་སློང་གི་འདུ་ཤེས་བརྗེད་པ། གཉིད་ལོག་པ། ར་རོ་བ་སོགས་ཡོད་པའི་ཕྱིར། དེ་ཡང་སྨྱོ་བ་ལྟ་བུ་ལ་ལྟུང་བ་གཏན་ནས་མེད་ཀྱང་གཞན་ལ་མེད་པས་ནི་མ་ཁྱབ་སྟེ། ར་རོ་ཡང་ཤེས་བཞིན་བྱེད་ན་ལྟུང་བར་འགྱུར་བ་དང་། དགེ་སློང་བུད་མེད་དང་ལྷན་ཅིག་གཉིད་ལོག་པ་ན་ལྟུང་བ་བསྐྱེད་པ་ཡོད་པའི་ཕྱིར། དེས་མཚོན་ནས་ལྟུང་བ་དང་ལྟུང་མེད་དུ་འགྱུར་བའི་ཁྱད་པར་མང་དུ་ཡོད་ཀྱང་གཞན་དུ་ཤེས་པར་བྱ་སྟེ། འདིར་དོན་བསྡུས་ནས་འཆད་པར་འདོད་པའི་ཕྱིར། དེ་ཙམ་ལས་མ་སྤྲོས་སོ།། །།བཞི་པ་བསླབ་པ་ཡོངས་སུ་སྦྱོང་པའི་གཞི་འཆད་པ་ལ་གཉིས་ལས། དང་པོ་ནི། སྡོམ་ལས། རང་བྱུང་གསོ་སྦྱོང་གཞི་དག་དང་། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀོའུ་ཤམ་བི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་གཞི་བཅུ་བདུན་གསུངས་པ་ལས། དང་པོར་རབ་བྱུང་གི་གཞི་ནི་བཤད་ཟིན་ཏོ། །གཉིས་པ་ལ་བཅུ་བདུན་པོ་འདུ་ཚུལ་ཡོད་དེ། གསོ་སྦྱོང་། དབྱར་གནས། དགག་ད བྱེ་སྟེ་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་དང་། སྲ་བརྐྱང་གོས་ཀོ་ལྤགས་ཏེ་གོས་ཀྱི་གཞི་གསུམ་དང་སྨན་གྱི་གཞི་གནས་མལ་གྱི་གཞི་དང་ལྔ་ནི་བདེ་བར་གནས་པའི་རྐྱེན་བསྟེན་པའི་གཞི། ཕྱིར་བཅོས་ཀྱི་གཞི་བདུན་ནི་ཕྱིར་བཅོས་དང་། ལས་ཀྱི་གཞི་ནི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་སོགས་གསུམ་དུ་འདུ་བའི་ཕྱིར། དེས་ན་འདིར་འཆད་པ་ལ་གསུམ་ཡོད་དེ། བསླབ་པ་ཡོངས་སུ་སྤྱོད་པའི་གཞི། བདེ་བར་གནས་པའི་རྐྱེན་བསྟེན་པའི་གཞི། ཐུན་མོང་དུ་མཁོ་བའི་ལས་ཀྱི་གཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། གསོ་སྦྱོང་། དབྱར་གནས། དགག་དབྱེ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། ཐུན་མོང་གི་རྣམ་གཞག་དང་། སོ་སོའི་རང་བཞིན་གཉིས་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། སྒྲ་དོན། དབྱེ་བ། བསྡུ་བ། གོ་རིམ་བཅས་ཡོད་པའི་ཕྱིར། དང་པོ་ཡོད་དེ། བསླབ་པ་གསོ་ཞིང་སྡིག་པ་སྦྱོང་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་ཡོད་དེ། ཞི་གནས་གྱི་གསོ་སྦྱོང་། མཐུན་པའི་གསོ་སྦྱོང་། གསོ་སྦྱོང་བཅུ་བཞི་པ། བཅོ་ལྔ་པ། གནོད་པ་བཟློག་པའི་དེ། རྩོད་པ་ཞི་པའི་དེ། བཀྲ་ཤིས་ཀྱི་དེ་དང་བདུན་ཡོད་པའི་ཕྱིར། གསོ་སྦྱོང་བཅུ་བཞི་བ་ལ་དྲུག་དང་། བཅོ་ལྔ་པ་ལ་བཅོ་བརྒྱད་ཡོད་དེ། ལོ་གཅིག་གི་ཧོར་ཟླ་དང་པོ་གསུམ་པ་ལྔ་པ་བདུན་པ་དགུ་པ་བཅུ་གཅིག་པ་རྣམས་ཀྱི་མར་ངོ་ལ་བཅུ་བཞི་པ་འབྱུང་གི གཞན་རྣམས་བཅོ་ལྔ་པ་ཡིན་པའི་ཕྱིར། གསུམ་པ་བསྡུ་ན་གཉིས་སུ་འདུ་སྟེ། ཞི་གནས་ཀྱི་གསོ་སྤྱོང་དང་། མཐུན་པའི་གསོ་སྦྱོང་གཉིས་སུ་འདུ་བའི་ཕྱིར་ཏེ། ཕྱི་མ་ལྔ་མཐུན་པའི་གསོ་སྦྱོང་གི་ནང་ཙན་ཡིན་པའི་ཕྱིར། བཞི་པ་ཡོད་དེ། གཞུང་ཉུང་བ་དང་མཆོག་གི་གོ་རིམ་གྱིས་ཡིན་པའི་ཕྱིར། གཉིས་པ་གཉིས། ཞི་གནས་དང་། མཐུན་པའི་གསོ་སྦྱོང་ངོ་། །དང་པོ་ལ་གཉིས་ཡོད་དེ། ངོ་བོ་དང་། ཁྱད་པར་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཚུལ་ཁྲིམས་དང་ཐོས་པ་ལ་བརྟེན་ནས་བསྒོམ་པའི་སེམས་ཁྱད་པར་ཅན་ཞིག་གི་སྟེང་ནས་འཇོག་པའི་ཕྱིར་ཏེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་གཏན་དང་། སྒོམ་པ་ལ་ནི་རབ་ཏུ་སྤྱོད། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་བཞི་ཡོད་དེ། གནས་གང་དུ། རྟེན་གང་གིས། དངོས་པོ་གང་། ཚུལ་ཇི་ལྟར་བསྒོམ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཏིང་ངེ་འཛིན་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་ཞིག་ཏུ་བསྒོམ་པར་བྱ་བའི་ཕྱིར་ཞེས་འཆད་པ་ལ། སྤོང་ཁང་བརྩིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཡོད་དེ། ཚུལ་ཁྲིམས་དག་ཅིང་མང་དུ་ཐོས་པ་ཞིག་གིས་སྒོམ་པར་བྱེད་པའི་ཕྱིར་ཏེ། མདོ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ཡོད་དེ། ཆོས་པ་ཡིད་བྱེད་ཀྱིས་སམ། རང་བཞིན་ཉིད་བསྒོམ་པར་བྱ་བའི་ཕྱིར་ཏེ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། ཞེ་སྡང་གི་གཉེན་པོར་བྱམས་པ། གཏི་མུག་གི་གཉེན་པོར་རྟེན་འབྲེལ། ང་རྒྱལ་གྱི་གཉེན་པོ་ཁམས་ཀྱི་རབ་དབྱེ། རྣམ་རྟོག་མང་པའི་གཉེན་པོར་དབུགས་འབྱུང་རྔུབ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། བཞི་པ་ཚུལ་ཇི་ལྟར་སྒོམ་པ་ཡོད་དེ། །བྱིང་རྒོད་ཀྱི་སྐྱོན་ཅི་རིགས་དང་བྲལ་བའི་སྒོ་ནས་དམིགས་པ་ལ་ཡིད་གཏོད་པར་བྱེད་པ་དང་། སྤྱོད་ལམ་གྱི་སྐབས་སུ་ཚུལ་དེ་དང་རྗེས་སུ་མཐུན་པ་ལ་འཇུག་དགོས་པའི་ཕྱིར། གཉིས་པ་མཐུན་པའི་གསོ་སྤྱོང་བྱ་བ་ལ་གཉིས་ཡོད་དེ། དགོས་དོན་དང་། དགོས་དོན་ཅན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཚུལ་ཁྲིམས་རྣམ་པར་དག་པ་དང་། ཆོས་རྣམ་པར་དག་པ་སོགས་འབྱུང་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། གནས་གང་དུ་གསོ་སྦྱོོང་བྱ་བ། རྟེན་གང་གིས་བྱ་བ། དུས་ནམ་གྱི་ཚེ་བྱ་བ། ཚུལ་ཇི་ལྟར་བྱ་བ་སོགས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གནས་ལ་བློ་མཐུན་བྱས་པ། ཉེ་འཁོར་འདོམས་གང་དང་བཅས་པ། མཚམས་པོ་ཆེ་བཅད་པ་སོགས་ཀྱི་ཁྱད་པར་དང་ལྡན་པ་ཞིག་དགོས་པའི་ཕྱིར། དང་པོ་ཡོད་དེ། གནས་གང་དུ། རྟེན་གང་གིས། ཆོ་ག་ཇི་ལྟ་བུས་བྱ་བ་སོགས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གནས་གསུམ་གང་རུང་གི་ངོ་བོར་གྲུབ་པ། ཉེ་འཁོར་དང་བཅས་པ། དགེ་འདུན་གྱིས་བཞེད་པ། སྔར་བློ་མཐུན་མ་བྱས་པ་ཞིག་རྣམས་སུ་དགོས་པའི་ཕྱིར། གཉིས་པ་རྟེན་གང་གིས་བྱ་བ་ཡོད་དེ། དགེ་འདུན་གྱིས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། གསོལ་གཉིས་ཀྱི་ལས་ཀྱིས་བྱ་བའི་ཕྱིར། འཇིག་པའི་རྒྱུ་ཡང་ཡོད་དེ། གནས་དེར་དགེ་སློང་མེད་པ་སོགས་ཀྱིས་འཇིག་པར་འགྱུར་བའི་ཕྱིར། མཚམས་པོ་ཆེ་གཅོད་ཚུལ་ཡོད་དེ། དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་བརྟན་པོ་འཇོག་པ་དང་། དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་བཅད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་རྟེན་གང་གིས་བྱ་བ་ཡོད་དེ། གྲངས། ཁ་སྐོང་། མི་མཐུན་པ་གཉིས་དང་བྲལ་བའི་རབ་བྱུང་གིས་བྱ་བ་ཡིན་པའི་ཕྱིར། གསུམ་པ་དུས་ནམ་གྱི་ཚེ་བྱ་བ་ཡོད་དེ། མདོར། གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །སོ་སོ་ཐར་པའི་མདོ་འདོན་བས་སོ། །ཞེས་འབྱུང་བ་ལྟར་ཡར་ངོ་མར་ངོའི་ཚེས་ཞག་བཅོ་ལྔ་ལ་བྱ་བའི་ཕྱིར། ཁོ་ན་རེ། མི་འཐད་དེ། གསོ་སྦྱོང་བཅུ་བཞི་པ་ཡང་ཡོད། གློ་བུར་དུ་བྱ་བའི་གསོ་སྦྱོང་ཡང་ཡོད་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། དང་པོ་ནི། ཉིན་ཞག་གི་དབང་དུ་བྱས་ན་བཅུ་བཞི་ལ་བྱ་ཡང་ཚེས་ཞག་བཅོ་ལྔ་འགྲོ་བ་ཡིན་ལ། ཕྱི་མ་ནི་དམིགས་བསལ་ཡིན་པའི་ཕྱིར། གསོ་སྦྱོང་བཅུ་བཞི་པ་ཟླ་བ་གང་ལ་འབྱུང་བ་ཡོད་དེ། ཧོར་ཟླའི་དབང་དུ་བྱས་ན་སྔར་བཤད་པ་ལྟར་ཡིན་ལ། ཉ་སྐར་གྱི་དབང་དུ་བྱས་ཚེ། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། དེ་ཡང་དུས་ཚིགས་ལ་དྲུག་ཏུ་ཕྱེ་བའི་ཟླ་བ་གང་ལ་འབྱུང་བ་ཡོད་དེ། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་འདོད། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། བཞི་པ་གསོ་སྦྱོང་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྦྱོར་བ་དང་། དངོས་གཞི་དང་། མཇུག་གསུམ་གྱི་སྒོ་ནས་བྱ་བའི་ཕྱིར། དང་པོ་ཡོད་དེ། དགེ་འདུན་འདུ་ཐབས་སྒྲུབ་པ། ལྟུང་བ་ཕྱིར་འཆོས་བ། ཆོས་ཉན་བཤད་བྱ་བ། དགེ་འདུན་གྱི་གྲངས་བརྟག་པ། དགེ་སློང་གིས་གསོལ་བ་གདབ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཆོད་པ་དང་བཅས་པའི་སྟོན་པའི་སྐུ་གཟུགས་བཞུགས་སུ་གསོལ་བ། དཀར་གཏོར་ཆ་བཞི་བཤམས་པ། གཎྜི་རྡུང་བ་རྣམས་སུ་ཡོད་པའི་ཕྱིར། ཕྱི་མ་འཆད་པ་ལ་དོན་བདུན་ཡོད་དེ། གཎྜིའི་རྒྱུ། དབྱིབས། ཚད། ཚུལ་ཇི་ལྟར་བརྡུང་བ། །རྟེན་གང་གིས་བརྡུང་བ། ཚུལ་མཐུན་བརྡུང་བའི་ཕན་ཡོན་དང་། མ་བརྡུང་བའི་ཉེས་དམིགས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཎྜིའི་མདོ་ལས། རབ་ཏུ་འབྱོར་བའི་ཤིང་རྣམས་ནི། །རབ་ཏུ་འབད་དེ་བརྟག་པར་བྱ། །ཙནྡན་ཐིལ་བ་པ་ལང་ཤ ཨ་ཤྭཏ་ཐ་དང་ཙནྡན་དམར། །རྒྱ་ཏར་ཏ་ལ་ཀ་ཤུ་ཀ །ཤིང་ཤ་པ་དང་ཏ་མ་ལ། །ཞེས་སོགས་འབྱུང་བ་ལྟར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། གྲུ་བཞི་ལེབ་མོ་འཆང་གཟུང་དང་བཅས་པ་སྣེ་མོ་གཉིས་སྦལ་པའི་མགོ་ལྟར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། །སྲིད་དུ་རིང་ཚད་ལ་སོར་བརྒྱ་དང་བརྒྱད། ཐུང་ཚད་སོར་གྱ་བཞི། ཞེང་དུ་སོར་དྲུག །དཔངས་སུ་སོར་གཉིས། འཆང་གཟུང་སོར་བཅུ་གཉིས་ཀྱི་ཚད་དུ་བྱ་བའི་ཕྱིར། གན་གཡོག་གི་རྒྱུ་དབྱིབས་སོགས་ཀྱང་ཡོད་དེ། རྒྱུ་ཤིང་དེ་ཉིད་ལས་བྱས་ཤིང་དབྱིབས་ཟླུམ་པོ་རྩེ་གཉིས་ནེའུ་ལེའི་མགོ་ལྟར་བྱ་བ་ཡིན་པའི་ཕྱིར། བཞི་པ་ཇི་ལྟར་བརྡུང་ཚུལ་ཡོད་དེ། གཙུག་ལག་ཁང་གི་སྟེང་སོགས་སུ་དཀོན་མཆོག་ལ་ཕྱག་བྱས་ཏེ། རྒྱུད་གསུམ་ཏོག་གསུམ་དང་བཅས་པའི་སྒོ་ནས་བརྡུང་བར་བྱ་བ་ཡིན་པའི་ཕྱིར། དེར་མ་ངེས་ཏེ། དགེ་འདུན་མཐའ་དག་བསྡུ་བའི་ཕྱིར་ཡིན་ན། དེ་ལྟར་བརྡུང་བར་བྱ་ལ། གསོ་སྦྱོང་བསྙེན་རྫོགས་སོགས་ལས་འགའ་ཞིག་བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མམ། རྒྱུད་གསུམ་དང་ཏོག་གཉིས་ཀྱང་བྱར་རུང་ཞིང་། སེར་བ་བཟློག་པ་སོགས་ཀྱི་ཆེད་ཡིན་ན། གྲངས་མ་ངེས་པའི་ཕྱིར། རྒྱུད་ཀྱི་ཚད་ཀྱང་ཡོད་དེ། རྒྱུད་རེ་རེ་ལ་སོ་ལྔ་སོ་ལྔ་ཡོད་ལ། དེ་ཡང་ཆུང་ནས་ཆེ་བའི་བར་བཅོ་བརྒྱད་དང་། བཅུ་དགུ་ནས་སོ་ལྔའི་བར་རམ་སོ་དྲུག་གི་བར་ཡང་རུང་བ་གསུངས་པ་ལྟར་དེ་ནས་རིམ་གྱིས་བརྡུང་བར་བྱ་བ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་། དགེ་ཚུལ། དགེ་བསྙེན་གྱིིས་ཀྱང་བརྡུང་རུང་བའི་ཕྱིར་ཏེ། ཇི་སྐད་དུ། དགེ་སློང་རྣམས་དང་དགེ་ཚུལ་གྱིས། །དུས་རྣམས་ཀུན་དུ་བརྡུང་བྱ་སྟེ། །གསོ་སྦྱོང་ལ་ནི་གནས་པའི་ཚེ། །དགེ་བསྙེན་གྱིས་ཀྱང་བརྡུང་བར་བྱ། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། དྲུག་པ་ཡོད་དེ། ཚུལ་བཞིན་དུ་བརྡུང་བས་ཡུལ་དེར་ལོ་ལེགས་པ་སོགས་སུ་འགྱུར་བའི་ཕྱིར། བདུན་པ་ཡོད་དེ། ཚུལ་མཐུན་མ་བརྡུང་ན་མི་ཤིས་པ་མང་དུ་འབྱུང་བའི་ཕྱིར། གཉིས་པ་ལྟུང་བ་ཕྱིར་བཅོས་བྱ་ཚུལ་ཡོད་དེ། གསོ་སྦྱོང་སོགས་ལ་མ་འདུས་པའི་སྔ་རོལ་དུ་ལྟུང་བཤགས་པ་བསྡམ་པ་དང་བྱིན་གྱིས་བརླབ་པར་བྱ་བ་གང་རུང་ཞིག་བྱེད་ལ། མ་གྲུབ ་ན་ལས་ལ་འདུས་པའི་སྐབས་སུ་གསོལ་གཉིས་ཀྱིས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། གསུམ་པ་ཆོས་ཉན་བཤད་ཇི་ལྟར་བྱ་བ་ཡོད་དེ། སང་གསོ་སྦྱོང་འབྱུང་འགྱུར་གྱི་ནུབ་མོ་མཚན་ཐོག་ཐག་ཆོས་ཉན་བཤད་དང་། དེ་ལྟར་མ་གྲུབ་ན་སྦྱོར་བའི་ཚེ་ཆོས་བསྒྲགས་ཀྱི་མདོ་འདོན་པར་བྱ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། གྲངས་ཅི་ཙམ་འབྱུང་བ་བགྲང་བར་བྱ་ཞིང་། མ་འདུས་པ་དག་གིས་འདུན་པ་དང་ཡོངས་དག་འབུལ་དགོས་པའི་ཕྱིར། དེ་ལྟར་འབུལ་དགོས་ཏེ། ཡོངས་དག་ཕུལ་བས་གསོ་སྦྱོང་དང་དགག་དབྱེ་མ་བྱས་པའི་ཉེས་པ་ཁེགས། འདུན་པ་ཕུལ་ནས་ལས་ཆགས་ཤིང་མཐུན་པར་འགྱུར་བའི་ཕྱིར། འདུན་པ་འབུལ་བ་ལ་ཁྱད་པར་ལྔ་ཡོད་དེ། དངོས་པོ་གང་ལ། གང་ཟག་གང་གིས། ཡུལ་གང་ལ། དགོས་པ་ཅིའི་ཕྱིར། ཇི་ལྟར་འབུལ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚམས་བཅད་པ་མ་གཏོགས་ལས་ཐམས་ཅད་ལ་འབུལ་རུང་བའི་ཕྱིར། གཉིས་པ་ཡོད་དེ། ལས་གྲལ་དེར་འདུ་བའི་རྐྱེན་མ་ཚང་བའི་གང་ཟག་ཞིག་གིས་འབུལ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ལས་བྱེད་པའི་དགེ་འདུན་ནམ་འདུན་པ་ལེན་པར་བསྐོས་པ་ཞིག་ལ་འབུལ་བའི་ཕྱིར། བཞི་པ་ཡོད་དེ། ལས་ལ་མི་མཐུན་པ་འགོག་པའི་ཚད་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། ལས་ཆོག་ནས་འབྱུང་བ་ལྟར་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བྱ་བའི་ཕྱིར། ཡོངས་དག་ལའང་ལྔ་ཡོད་དེ། དངོས་པོ་གང་ལ། གང་གིས། ཅིའི་ཕྱིར། ཡུལ་གང་ལ། ཇི་ལྟར་འབུལ་བ་རྣམས་སུ་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་ཡོད་དེ། སྔར་གྱི་རིགས་པས་ཤེས་པའི་ཕྱིར། གཉིས་པ་ལ་དངོས་གཞིའི་ཁྱད་པར་ཡོད་དེ། སོ་སོ་ཐར་བའི་མདོ་འདོན་པའི་སྒོ་ནས་གསོལ་བ་འབའ་ཞིག་པའི་ལས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། མདོ་ཡོངས་རྫོགས་སམ་ཞེ་ན། མ་ཡིན་ཏེ། མདོའི་གླེང་གཞི་ནི་དངོས་སུ་འདོན་ཅིང་། ལྷག་མ་ཐོས་པས་བསྒྲགས་པའི་ཚུལ་གྱིས་འདོན་པའི་ཕྱིར། དེ་ཡང་སྤྱིར་མདོ་དེའི་ཚིག་ཕྱེད་ཀྱང་བློ་ལ་མ་འ ཁྲུལ་བར་དོན་ནུས་པའི་དགེ་སློང་ཞིག་གིས་འདོན་དགོས་ཀྱང་དེར་མ་ངེས་ཏེ། མ་ནུས་ན་གནས་བརྟན་གཉིས་པ་དང་། དེས་ཀྱང་མ་ནུས་ན་གསུམ་པ་དང་། དེས་ཀྱང་མི་ནུས་ན་དགེ་སློང་རྣམས་རེས་མོས་ཀྱིས་འདོན་པར་བྱ་དགོས་པའི་ཕྱིར། ཕམ་ལྷག་ལྟུང་བྱེད་སོགས་ཐོས་སྒྲོག་བྱེད་པ་མ་ཡིན་པར་སྡེ་ཚན་གང་བརྩམས་པ་དེ་ཉིད་རྫོགས་དགོས་ཏེ། གཞན་དུ་ན་ཉེས་པར་འགྱུར་བའི་ཕྱིར་དང་། ལྟུང་བྱེད་སྡེ་ཚན་ལ་རེག་ན་ནི་རྫོགས་པར་ཡང་འདོན་དགོས་པའི་ཕྱིར། གསུམ་པ་འཇུག་གི་བྱ་བ་ཡོད་དེ། སོ་སོ་ཐར་པ་བཏོན་པ་ཡི། །བསོད་ནམས་འགྲུབ་པ་གང་ཡིན་པ། །ཞེས་སོགས་དང་། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་ཀྱིས་བསྔོ་སྨོན་བྱ་བ་ཡིན་པའི་ཕྱིར། དེ་དག་གི་ཚེ་དམིགས་བསལ་ཡོད་དེ། གནས་ཀྱི་དམིགས་བསལ། རྟེན། ཆོ་ག །དུས་ཀྱི་དམིགས་བསལ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚམས་པོ་ཆེ་བཅད་པའི་ནང་དུ་གསོ་སྦྱོང་བྱེད་པ་མ་བྱུང་ན། དཀྱིལ་འཁོར་བའི་མཚམས་ཀྱི་གནས་སུ་དེ་བྱར་རུང་བའི་ཕྱིར། དེའི་ཚད་ཡོད་དེ། གདིང་བ་བཞི་བཅུ་ཤོང་བའི་གནས་ཚད་ཙམ་ཞིག་ལ་བྱེད་པའི་ཕྱིར། རྟེན་གང་གིས་དང་ཆོ་ག་ཇི་ལྟ་བུས་བྱ་བ་ཡོད་དེ། མཚན་ཉིད་བཞི་ལྡན་གྱི་དགེ་འདུན་གྱིས་གསོལ་གཉིས་ཀྱི་ཆོ་གས་བཅད་པར་བྱ་བའི་ཕྱིར། གཅོད་པའི་མཚན་མ་ཡོད་དེ། མཚམས་ཆེ་ཆུང་གཉིས་ཀར་ཡང་ཕྱོགས་བཞིར་རྡོ་ལ་སོགས་པ་མཚན་མ་བརྟན་པོ་བཞག་པར་བྱ་བའི་ཕྱིར། འོ་ན། དཀྱིལ་འཁོར་བ་དང་མཚམས་བུ་ཆུང་ངུ་གཉིས་གཅིག་གམ་ཐ་དད་ཞེ་ན། ཡོད་དེ། ཁ་ཅིག་གཅིག་གོ་ཞེས་བཞེད་ལ། གཞན་དག་འགལ་ལོ་ཞེས་གསུངས་ཡང་། དཀྱིལ་འཁོར་བ་དེ་དེ་གཉིས་ཀྱི་གཞི་མཐུན་ཡིན་ཞིང་མཚམས་ཆེན་ལས་ཆུང་ཞིང་དཀྱིལ་འཁོར་བ་ལས་ཆེ་བ་དེ། མཚམས་བུ་ཆུང་ངུ་ཡིན་ཀྱང་དཀྱིལ་འཁོར་བ་མ་ཡིན་པའི་ཕྱིར། མཚམས་ཆེ་ཆུང་རིམ་གྱིས་གཅོད་ན་སྔ་མ་བཀྲོལ་ནས་ཕྱི་མ་བྱ་ལ། འོན་ཀྱང་ཅིག་ཅར་དུ་ཆགས་པ་ཡོད་དེ། མདོར། ཚིག་གཅིག་གིས་མཚམས་གཅད་པ་དང་འགྲོལ་རུང་ངོ་ཞེས་གསུངས་པའི་ཕྱིར། འོ་ན་མཚམས་ཆེ་ཆུང་གང་རུང་མ་བཅད་ན་ཇི་ལྟར་བྱ་ཞེ་ན། ཡོད་དེ། དེའི་ཚེ་གཙུག་ལག་ཁང་ལྟ་བུའི་རྩིག་པའི་ཉེ་འཁོར་འདོམས་གང་ཚུན་ཆད་དུ་མཚམས་ཡིན་པའི་ཕྱིར་ཏེ། མདོར། མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་རྩིག་པ་མཚམས་ཡིན་ནོ། །ཝ་ཁ་ནས་ཆུ་འཛག་གང་དུ་འབབ་པ་ཡང་ངོ་། །ཞེས་གསུངས་པའི་ཕྱིར། གཉིས་པ་རྟེན་གྱི་དམིགས་བསལ་ཡོད་དེ། བསླབ་སྦྱིན་དགེ་སློང་དང་དགེ་ཚུལ་གྱིས་ཀྱང་གསོ་སྦྱོང་བྱར་རུང་བར་གསུངས་པའི་ཕྱིར་དང་། འགྲོ་བཞིན་དུ་བྱར་རུང་བའི་སྐབས་ཡོད་པར་གསུངས་པའི་ཕྱིར། གསུམ་པ་ཆོ་གའི་དམིགས་བསལ་ཡོད་དེ། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་སོགས་མདོར་བསྡུས་པའི་ཚིགས་བཅད་བརྗོད་པའི་སྒོ་ནས་བྱར་རུང་བའི་ཕྱིར། དེར་མ་ཟད་བྱིན་གྱིས་བརླབས་པས་ཀྱང་འགྲུབ་སྟེ། དགེ་སློང་བཞིར་མ་ཚང་ན། གཅིག་གམ་གཉིས་སམ་གསུམ་གྱིས་སྔགས་ཚིགས་བརྗོད་པའི་སྒོ་ནས་བྱིན་གྱིས་བརླབས་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་གཅིག་ཁོ་ན་ཡིན་ན། རང་ཉིད་ཙོག་པུར་འདུག་སྟེ་བྱ་ལ། གཉིས་གསུམ་ཡོད་ན་གཅིག་དྲུང་དུ་གཅིག་གིས་བྱ་བ་ཡིན་པའི་ཕྱིར། བཞི་བ་དུས་ཀྱི་དམིགས་བསལ་ཡོད་དེ། བཅོ་ལྔའི་ཉིན་གསོ་སྦྱོང་བྱེད་པ་རྐྱེན་གྱིས་མ་གྲུབ་ན། ཞག་ཕྱི་མའི་སྐྱ་རེངས་ཤར་ནམ་ཉི་མ་ཤར་བའི་བར་དེར་ཡང་རུང་བའི་ཕྱིར་ཏེ། མདོ་འདིར་ལས་ནི་འདས་ན་ཉི་མ་མ་ཤར་བའིའོ། །ཞེས་གསུངས་པའི་ཕྱིར། དེས་ན་དུས་མ་འ ཆུགས་པའི་གསོ་སྦྱོང་ཉེར་བཞི་པོ་གང་རུང་ཡིན་ན། ཚེས་ཞག་གི་དབང་དུ་བྱས་པའི་བཅོ་ལྔ་པ་ཡིན་པས་ཁྱབ་ཀྱང་། གཞན་དུ་མ་ཁྱབ་སྟེ། བཀྲ་ཤིས་པའི་གསོ་སྦྱོང་སོགས་དང་། དམིགས་བསལ་དེ་ལྟ་བུ་དག་ཀྱང་ཡོད་པའི་ཕྱིར། སྤྱིར་ལོ་གཅིག་ལ་གསོ་སྦྱོང་ཉེར་བཞི་ལས་མི་འབྱུང་ཡང་། དམིགས་བསལ་ལམ་ངེས་ཏེ། ཟླ་བཤོལ་ཡོད་ཚེ་གསོ་སྦྱོང་ཉེར་དྲུག་ཙམ་འབྱུང་བའི་ཕྱིར། ཁ་ཅིག །གསོ་སྦྱོང་བཅུ་བཞི་པ་དེ་རྣམས་གསོ་སྦྱོང་བཅོ་ལྔ་པ་ཡིན་པར་ཐལ། དེ་རྣམས་ཚེས་ཞག་གི་དབང་དུ་བྱས་ན་བཅོ་ལྔ་བར་འཇོག་པའི་ཕྱིར་ཏེ། དུས་མ་འཆུག་པའི་གསོ་སྦྱོང་ཉེར་བཞི་པོ་གང་རུང་ལ་དེའི་ཕྱིར། ཟེར་ན། མ་ཁྱབ་པོ། །འདོད་མི་རིགས་ཏེ། གསོ་སྦྱོང་བཅུ་བཞི་པ་ཞེས་པ་དེ་ནི་ཉིན་ཞག་གི་དབང་དུ་བྱས་ནས་བཞག་པ་ཡིན་པའི་ཕྱིར་རོ།། །།གཉིས་པ་དབྱར་གྱི་གཞི་འཆད་པ་ནི། མདོར། དབྱར་གནས་པར་ཁས་བླང་པར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་རོ། །དབྱར་ཟླ་ཐ་ཆུང་གི་ཉའོ། །ཞེས་སོགས་གསུངས་ལ། དོན་ཀྱང་ཡོད་དེ། དགོས་དོན་དང་། ཁྱད་པར་གྱི་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དབྱར་ཁས་མ་བླངས་པའི་ཉེས་པ་ཁེགས་པ་དང་། གཞན་མ་དད་པ་སྤོང་བ་དང་། དོན་དང་བྱ་བ་ཉུང་བ་དང་། གནས་གྲུབ་རལ་འཆོས་པ་དང་། དགག་དབྱེ་དང་སྲ་བརྐྱང་འབྱུང་བ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་དྲུག་ཡོད་དེ། གནས་གང་དུ། ཡུལ་གང་ལ། རྟེན་གང་གིས། དུས་ནམ་གྱི་ཚེ། ཡུལ་ཅི་ཙམ། ཆོ་ག་ཇི་ལྟ་བུས་ཁས་བླངས་པར་བྱ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བདེ་བར་གནས་པའི་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བ། སྟེང་གཡོགས་སྒོ་གླེགས་དང་བཅས་ཤིང་མཚམས་གཞན་མ་ཡིན་པ་སོགས་ཀྱི་གནས་སུ་ཁས་བླངས་བར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། དགེ་སློང་གནས་བརྟན་གྱི་མདུན་དུ་ལེན་པར་བྱ་བའི་ཕྱིར། གསུམ་པ་ཡོད་དེ། རབ་བྱུང་སྡེ་ལྔ་ཀས་ཁས་ལེན་པར་བྱ་དགོས་པའི་ཕྱིར། བཞི་པ་ཡོད་དེ། དབྱར་སྔ་མ་ཡིན་ན། དབྱར་ཟླ་ཐ་ཆུང་གྲོ་ཞུན་ཟླ་བའི་མར་ངོའི་ཚེས་གཅིག་དང་། དབྱར་ཕྱི་མ་ཡིན་ན། སྟོན་ཟླར་འཁྲུམས་ཟླ་བའི་མར་ངོའི་ཚེས་གཅིག་ལ་ཁས་ལེན་པར་བྱ་དགོས་པའི་ཕྱིར་ཏེ། མེ་ཏོག་ཕྲེང་རྒྱུད་ལས། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་བཞིན་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་གསུངས་པའི་ཕྱིར། ལྔ་པ་ཡོད་དེ། ཟླ་བ་གསུམ་ཚང་བར་ཁས་བླང་བར་བྱ་བའི་ཕྱིར་ཏེ། མ་ཚང་བར་ཁས་ལེན་ན་མི་འཆགས་པའི་ཕྱིར། འོ་ན། ད་ལྟར་ཕྱེད་དང་གཉིས་ཙམ་ཞིག་ཁས་ལེན་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། མདོར་གསུམ་ཁས་ལེན་པར་བཤད་པ་ནི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ལ། ཕྱག་ལེན་ལ་དེ་ལྟར་མཛད་པ་ནི། ཡུལ་དུས་ཀྱི་དམིགས་བསལ་ཙམ་ཞིག་ཏུ་བྱར་རུང་བའི་ཕྱིར་ཞེས་བྱའོ་སྙམ་མོ། །དྲུག་པ་ལ་གསུམ་ཡོད་དེ། སྦྱོར་དངོས་འཇུག་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཞག་བཅུའམ་ཟླ་བ་ཕྱེད་ཀྱི་སྔོན་ནས་གཙུགས་ལག་ཁང་བྱི་དོར་བྱ་བ་སོགས་དང་། བཅོ་ལྔའི་དུས་སུ་གནས་མལ་དང་། གང་ཟག་སྟ་གོན་བྱ་ཞིང་། ཚུལ་ཤིང་བཞག་སྟེ་ཁྲིམས་སུ་བཅའ་བ་དང་། གསོལ་བའི་ལས་ཀྱིས་ཚུལ་ཤིང་བྲིམས་པའི་བྱ་བ་སྒྲུབ་པ་སོགས་ཡོད་པའི་ཕྱིར། གཉིས་པ་དངོས་གཞི་ཡོད་དེ། སྔ་ཕྱིའི་དབང་གིས་ཧོར་ཟླ་དྲུག་པ་དང་བདུན་པའི་མར་ངོའི་ཚེས་གཅིག་གི་ནང་བར་སྔ་བར་ལངས་ཏེ། ཡུལ་དགེ་སློང་ཞིག་གི་དྲུང་དུ་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་ཁས་བླང་བར་བྱ་ཞིང་། མཇུག་ཏུ་ཐབས་ལེགས་བརྗོད་པར་བྱ་བའི་ཕྱིར། དབྱར་ཁས་བླངས་ནས་བྱ་བ་ལ་དྲུག་ཡོད་དེ། གང་དུ་དམ་བཅས་པའི་གནས་དེར་འབྲེལ་དགོས་པ་དང་། དུས་དེར་འཁྲུག་ལོང་མི་བྱེད་པ་དང་། ཐོས་བསམ་སྒོམ་པ་སོགས་དགེ་སྦྱོར་ལ་འབད་པ་དང་། གནས་རལ་བ་དང་གྲུབ་པ་འཆོས་པ་དང་། དུས་ཇི་སྲིད་པར་གནས་དགོས་པ་དང་། དབྱར་འབྲལ་བ་སྤང་བ་རྣམས་སུ་ཡོད་པའི་ཕྱིར། ཕྱི་མ་དབྱར་རལ་པ་ལ་གཉིས་ཡོད་དེ། གནང་བ་མ་ཐོས་པ་དང་། ཐོབ་པའི་དབང་དུ་བྱས་པ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྤྱིར་དབྱར་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་ཞག་གཅིག་ཀྱང་གནས་པར་མི་རུང་ཞིང་། གནས་ན་དབྱར་རལ་བའི་ཉེས་པར་འགྱུར་བའི་ཕྱིར། འོན་ཀྱང་ཆོས་ལྡན་གྱི་བྱ་བའི་ཆེད་དུ་ཞག་གཅིག་ནས་བདུན་གྱི་བར་གང་རུང་དུ་བྱིན་གྱིས་བརླབས་ནས་མཚམས་ལས་འདར་རུང་སྟེ། དེ་ལྟར་གནང་བའི་ཕྱིར། གཉིས་པ་ཡོད་དེ། དགེ་འདུན་ལས་གནང་བ་ཐོབ་པས་ཞག་བཞི་བཅུའི་བར་མཚམས་ཀྱི་ཕྱི་རོལ་དུ་དགོས་པ་ཁྱད་པར་ཅན་གྱི་ཆེད་དུ་གནས་རུང་བའི་ཕྱིར། དགག་དབྱེ་བྱེད་པ་ལ་ཞག་དྲུག་ལས་མེད་ན་བྱིན་བརླབས་མི་འཆགས་ཏེ། མཐའི་ཞག་དྲུག་ལ་བྱིན་གྱིས་བརླབས་པ་མི་འཆགས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དགག་དབྱེ་འཆད་པ་ནི། དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་ཐ་མའི་ཉི་མ་ལའོ། །ཞེས་སོགས་གསུངས། འདི་ལ་གཉིས་ཡོད་དེ། སྤྱིར་བཏང་དང་། དམིགས་བསལ་གྱི་སྒོ་ནས་འཆད་པར་བྱེད་པའི་ཕྱིར། དང་པོ་ཡོད་དེ། དགོས་དོན་དང་བསྡུས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཆོས་དང་ཚུལ་ཁྲིམས་དག་པར་འགྱུར་བ་སོགས་ཀྱིས་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་བརྒྱད་ཡོད་དེ། ཡུལ་གང་ལ། རྟེན་གང་གིས། བྱེད་པ་པོ་གང་ལ། དངོས་པོ་གང་གིས། གནས་གང་དུ། དུས་ནམ་གྱི་ཚེ། ཚུལ་ཇི་ལྟར་བྱ་བ། སྒྲ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕྱོགས་བཞིའི་དགེ་འདུན་ལ་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དབྱར་ཁས་བླངས་པའི་དགེ་འདུན་རྣམས་ཀྱིིས་བྱ་བའི་ཕྱིར། གསུམ་པ་ཡོད་དེ། དགག་དབྱེ་བྱེད་བར་བསྐོས་པའི་དགེ་སློང་ཞིག་ལ་བྱ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ལྟུང་བའི་དགག་དབྱེ་དང་། རྫས་ཀྱི་དགག་དབྱེ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ལྟུང་བ་གླེང་བའི་སྐབས་ཕྱེ་སྟེ་ལྟུང་བ་གླེང་བ་དང་། ལྟུང་བ་ཡོད་ན་བཤགས་བསྡམ་བྱ་བ་ཡིན་པའི་ཕྱིར། དེ་ནས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་པའི་དགེ་སློང་གིས་དང་པོ་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་བྱས་ཏེ་རྩ་འགྲིམ་པ་དང་སྔགས་ཚིག་བརྗོད་པའི་སྒོས་ནས་བྱ་སྟེ། དེ་ལྟར་དབྱར་གནས་པས་དགེ་འདུན་ལ་ཞེས་སོགས་དང་། དེས་རྩྭ་དུ ར་བ་བྲིམས་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། བསྐོས་པའི་དགེ་སློང་གིས་ཁབ་ལ་སོགས་པའི་རྫས་བསྟན་པའི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། མཚམས་པོ་ཆེ་བཅད་པ་སོགས་ཀྱི་གནས་སུ་བྱ་བའི་ཕྱིར། དྲུག་པ་ཡོད་དེ། དབྱར་སྔ་མཁས་བླངས་པ་ཡིན་ན། སྟོན་ཟླ་འབྲིང་པོའི་ཉ་དང་། ཕྱི་མ་ཡིན་ན། སྟོན་ཟླ་ཐ་ཆུང་གི་ཉ་ལ་བྱ་བ་ཡིན་པའི་ཕྱིར། བདུན་པ་ལ་གསུམ་ཡོད་དེ། སྦྱོར་དངོས་འཇུག་གི་སྒོ་ནས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། ཞག་བཅུའམ་ཟླ་བ་ཕྱེད་ནས་ཇི་ལྟར་སྒྲུབ་པ་དང་། ཚེས་བཅུ་བཞི་ལ་ཇི་ལྟར་དང་། བཅོ་ལྔའི་ལས་ཀྱི་སྔོན་དུ་ཇི་ལྟར་བྱ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་འདུན་གྱིས་ཞག་འདི་ཙམ་ནས་དགག་དབྱེ་མཛད་པར་འགྱུར་རོ་ཞེས་སྦྱིན་བདག་ལ་གོ་བར་བྱ་བ་དང་། གཙུག་ལག་ཁང་བྱི་དོར་དང་གྲུམ་རལ་འཆོས་པ་སོགས་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། སེངྒེའི་ཁྲི་བརྒྱན་ཅིང་། ཆོས་ཉན་བཤད་འབྱུང་བར་བརྗོད་པ་དང་། དེ་བྱ་བ་སོགས་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། དགེ་འདུན་ཕན་ཚུན་དགའ་བར་བྱེད་པ་དང་། དགག་དབྱེ་བྱེད་པའི་དགེ་སློང་བསྐོ་བ་དང་། དེས་རྩྭ་བྲིམ་པ་སོགས་ཡོད་པའི་ཕྱིར། གཉིས་པ་དངོས་གཞི་ལ་གཉིས་ཡོད་དེ། གོང་དུ་བརྗོད་པ་ལྟར་རྫས་དང་ལྟུང་བའི་དགག་དབྱེ་གཉིས་ཡོད་པའི་ཕྱིར། དེའི་ཁྱད་པར་ཡོད་དེ། ལྟུང་བའི་དགག་དབྱེ་ནི། དགག་དབྱེ་བྱེད་པའི་མདུན་དུ་ཙོག་པུར་འདུག་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅྭོ་ལྔ་པ་ལགས་ཏེ། ཞེས་སོགས་སྔགས་ཚིག་ལན་གསུན་བརྗོད་པའི་སྒོ་ནས་བྱ་བ་ཡིན་ལ། རྫས་ཀྱི་དགག་དབྱེ་ནི། བཙུན་པ་རྫས་འདི་ལྟ་བུས་དགག་དབྱེ་བགྱིད་དུ་རུང་ངམ། ཞེས་བརྗོད་ཅིང་། སྔ་མའི་མཇུག་ཏུ་ཐབས་ལེགས་དང་། འདི་ལ་ལེགས་པར་རུང་ངོ་ཞེས་སོགས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། བརྒྱད་པ་སྒྲ་བཤད་ཡོད་དེ། དབྱར་གྱི་ནང་དུ་རྙེད་པ་བགོ་བ་དང་། ལྟུང་བ་གླེང་དྲན་སོགས་བཀག་ནས་སྐབས་དེར་དབྱེ་བར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་དམིགས་བསལ་ཡོད་དེ། ཡུལ། དུས། རྟེན། གནས། ཆོ་གའི་དམིགས་བསལ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལྟུང་བ་འདི་ལྟ་བུ་དང་གང་ཟག་འདིས་མ་གླེང་ཅིག་ཅེས་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྤྱིར་དུས་ཀྱིས་དགག་དབྱེ་ནི་སྔར་ལྟར་ཡིན་ཀྱང་གློ་བུར་གྱི་རྐྱེན་ཆེ་བས་ནོན་ན་གསོ་སྦྱོང་གཉིས་གསུམ་ཐལ་ནས་ཉི་ཤུ་གང་རུང་གཅིག་དང་བསྟུན་ནས་དགག་དབྱེ་བྱར་རུང་བའི་ཕྱིར། གསུམ་པ་ཡོད་དེ། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླངས་ནས་མ་སྐྱེས་པས། ཀྱང་དེ་བྱར་རུང་བའི་ཕྱིར། བཞི་པ་ཡོད་དེ། མཚམས་མ་བཅད་པའི་གནས་སུ་ཡང་བྱར་རུང་བའི་ཕྱིར། ལྔ་པ་ཡོད་དེ། སྔགས་ཚིག་གཅིག་བརྗོད་པ་དང་ཡོངས་དག་འབུལ་བ་དང་། དགག་དབྱེ་བྱིན་གྱིས་བརླབས་པས་ཀྱང་དེ་མ་བྱས་པའི་ཉེས་པ་ཁེགས་པར་འགྱུར་བའི་ཕྱིར། དགག་དབྱེ་བྱེད་པའི་རིམ་པ་ཡོད་དེ། དགེ་སློང་ཕ། དགེ་ཚུལ། དགེ་སློང་མ། དགེ་ཚུལ་རྣམས་ཀྱིས་གོ་རིམ་ལྟར་བྱ་བའི་ཕྱིར། གཉིས་པ་བདེ་བར་གནས་པའི་རྐྱེན་བསྟན་པའི་སྒོ་ནས་བསྲུང་བ་ལ་གཉིས་ཡོད་དེ། གོས་དང་། སྨན་གྱི་གཞི་གཉིས་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། སྲ་བརྐྱང་དང་གོས་སྤྱིའི་དབང་དུ་བྱས་པ་དང་ཀོ་ལྤགས་ཀྱི་གཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་འཆད་པ་ལ། སྲ་བརྐྱང་གདིང་བར་བྱའོ་ཞེས་སོགས་གསུངས། འདིའི་དོན་ལ་གཉིས་ཡོད་དེ། དགོས་པ་དང་། དགོས་པ་ཅན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྲ་བརྐྱང་བཏིང་བའི་ཕན་ཡོན་མཐོང་ནས་དབྱར་ཁས་ལེན་པ་དང་། འཆང་འབྲལ་འཇོག་གསུམ་གྱི་ལྟུང་བ་མེད་པས་བདེ་བར་ནས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་དགུ་ཡོད་དེ། སྒྲ་དོན། རྟེན་གང་གིས་གདིང་བ། དངོས་པོ་གང་། གནས་གང་དུ། དུས་ནམ་གྱི་ཚེ། ཡུན་ཇི་སྲིད། ཆོ་ག་ཇི་ལྟ་བུས་འདིང་བ་དང་བཏིང་བ་བསྐྱང་པའི་ཚུལ། བསྐྱང་བ་དབྱུང་བའི་ཚུལ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལོངས་མ་སྤྱད་པའི་གསར་པ་ཡིན་པས་སྲ་བ་དང་། གཏན་པའི་སྟེང་དུ་བརྐྱང་པས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ཡོད་དེ། དབྱར་སྔ་མ་ཁས་བླངས་ལ་མ་རལ་བ་དང་། གནས་གཞན་དུ་ཁས་བླངས་པ་ཡང་མ་ཡིན་པའི་དགེ་སློང་དག་གིས་གདིང་བར་བྱ་བ་ཡིན་པའི་ཕྱིར། དགེ་ཚུལ་ལ་དབྱར་གྱི་རྙེད་པ་དབང་ཡང་སྲ་བརྐྱང་འདིང་དུ་མི་རུང་སྟེ། སྲ་བརྐྱང་འདིང་བ་ནི་དགེ་སློང་ཉིད་ལ་གནང་ཞིང་། དགེ་ཚུལ་སོགས་ལ་མ་གནང་བའི་ཕྱིར། གསུམ་པ་ཡོད་དེ། གདིང་བྱའི་དངོས་པོ་ཁྱད་ཆོས་བཞི་ལྡན་ཞིག་འདིང་བར་བྱ་བ་ཡིན་པའི་ཕྱིར། ཁྱད་ཆོས་བཞི་ཡང་ཡོད་དེ། རྒྱུ། ངོ་བོ། གྲངས། བདག་པོའི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དབྱར་ཁས་བླངས་ཀྱི་རྒྱུ་ལས་བྱུང་བ། ཆོས་གོས་གསུམ་པོ་གང་རུང་གིས་བསྡུས་པའི་ངོ་བོར་གྱུར་པ་ཞིག་དགོས་པའི་ཕྱིར། གཉིས་པ་ཡོད་དེ། རྒྱུ་དང་དབྱིབས་རུང་བ་ཁ་དོག་དང་གནས་སྐབས་རུང་ཞིང་། ཚད་ནི་ཆོས་གོས་གསུམ་གྱི་ཆེ་ཚད་ལས་ལྷག་པ་ཡང་རུང་བའི་ཕྱིར། གསུམ་པ་གྲངས་ཀྱི་ཁྱད་པར་ཡོད་དེ། ཆོས་གོས་གསུམ་ཀའམ་དུ་མ་དང་གཅིག་ལའང་འདིང་བ་འཆགས་པའི་ཕྱིར། བཞི་པ་བདག་པོའི་ཁྱད་པར་ཡོད་དེ། དགེ་འདུན་སྤྱིའི་ཡིན་པ་ཞིག་དགོས་པའི་ཕྱིར། གོང་གི་བཞི་པ་ཡོད་དེ། གང་དུ་དབྱར་ཁས་བླངས་པའི་མཚམས་ནང་དེར་འདིང་བར་ཕྱིར། ལྔ་པ་དང་དྲུག་པ་ཡོད་དེ། སྨིན་དྲུག་གི་ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ། དབོ་ཟླའི་བཅོ་ལྔའི་བར་གྱི་ཟླ་བ་ལྔར་འདིང་བར་བྱ་བའི་ཕྱིར་ཏེ། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་འདིང་བར་རྗེས་སུ་གནང་། །ཞེས་གསུངས་པའི་ཕྱིར། བདུན་པ་ཆོ་ག་ཇི་ལྟ་བུས་འདིང་བ་ཡོད་དེ། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། གང་ཟག་དང་། དགེ་འདུན་དང་། བསྐོས་པའི་དགེ་སློང་གི་སྦྱོར་བ་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དེར་གནས་པའི་དགེ་སློང་རྣམས་ཀྱི་རང་རང་གི་ཆོས་གོས་ཀྱི་བྱིན་བརླབས་དབྱུང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་བཞི་ཡོད་དེ། ཞག་མ་ལོན་པར་ཚོགས་པས་མོས་པར་བྱ་བ། མཚམས་ནང་དུ་བློ་མཐུན་བྱ་བ། གསོལ་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་འདིང་བ། གསོལ་བ་འབའ་ཞིག་པས་འདིང་བ་པོ་བསྐོས་ནས་གཏད་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། རྒྱུ་བཀྲུ་བ་དང་འདྲུབ་པ་དང་ཁ་བསྒྱུར་བ་དང་དགེ་འདུན་ལ་བརྗོད་པ་སོགས་ཡོད་པའི་ཕྱིར། གཉིས་པ་དངོས་གཞི་ཡོད་དེ། སྟོན་ཟླ་ཐ་ཆུང་གི་མར་ངོའི་ཚེས་གཅིག་འདིང་བ་པོ་རྣམས་ཀྱིས་སྲ་བརྐྱང་དེ་ཉིད་མེ་ཏོག་དང་ལྷག་ཅིག་བཟུང་སྟེ། རྒན་རིམ་བཞིན་དུ་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་འོག་བཞིའི་སྟེང་དུ་གདིང་བར་བྱ་བའི་ཕྱིར། གསུམ་པ་མཇུག་ཏུ་བྱ་བ་ཡོད་དེ། འདིང་བར་བསྐོས་པ་དེས་དགེ་སློང་རེ་རེའི་མདུན་དུ་སོང་སྟེ་བརྐྱང་བཏིང་ངོ་ཞེས་བརྗོད་ཅིང་། གཞན་རྣམས་ཀྱིས་ཀྱང་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་ཞེས་སོགས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། བརྒྱད་པ་ལ་བཞི་ཡོད་དེ། གང་གིས་བསྐྱང་བ། གང་དུ། ཡུན་ཅི་ཙམ། ཚུལ་ཇི་ལྟར་བསྐྱང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བསྐོས་པའི་དགེ་སློང་གིས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བཏིང་པའི་གནས་དེར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཟླ་བ་ལྔའི་བར་བསྐྱང་བར་བྱ་བའི་ཕྱིར། བཞི་པ་ཡོད་དེ། རླུང་དང་ཉི་མ་ལ་གསང་བ་དང་སྤྲུག་པ་སོགས་བྱ་དགོས་པའི་ཕྱིར། དགུ་པ་ལ་གཉིས་ཡོད་དེ། རང་འཇུག་བྲལ་གྱིས་དབྱུང་བ་དང་། བཅོས་མའི་ལས་ཀྱིས་དབྱུང་བ་གཉིས་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། དགེ་འདུན་གཉིས་ཀྱིས་རག་འཇུག་བྲལ་དང་། གང་ཟག་སོ་སོའི་རང་འཇུག་བྲལ་གྱི་དབྱུང་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་བདུན་ཡོད་དེ། སྲ་བརྐྱང་མེས་ཚིག་པ་ལྟ་བུ་སོགས་དངོས་པོ་ཞིག་པ། སྲ་བརྐྱང་མཚམས་གཞན་དུ་ཁྱེར་བ། བྱིན་གྱིས་མ་བརླབས་པར་མཚམས་ནང་དུ་སྐྱ་རེངས་ཤར་བ། བཏིང་བའི་ཟླ་ཚད་ལས་ལྷག་སོང་བ། འདིང་བའི་དུས་མ་ཡིན་པར་ཤེས་པ། དེར་འདུས་པའི་དགེ་འདུན་ཤི་བ་སོགས་སུ་གྱུར་པ། དེར་འབྲེལ་བའི་བསམ་པ་རྒྱུན་ཆད་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཡོད་དེ། མ་ལྟ་བུའི་འཇུག་བྲལ་དྲུག །བུ་ལྟ་བུའི་འཇུག་བྲལ་ཉེར་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། ངེས་པར་འགྲོ་བ། ཡིད་གཉིས་ཀྱིས་འགྲོ་བ། ཐོས་བྱུང་གི་མ་མ་གཉིས་གཉིས་ཏེ་དྲུག་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། མ་ལྟ་བུ་དེ་དག་རེ་རེ་ལའང་བུ་ལྟ་བུ་བཞི་བཞི་ཡོད་པའི་ཕྱིར། དེ་དག་གི་ཁྱད་པ་ནི་གཞན་དུ་ཤེས་པར་བྱ་སྟེ། འདིར་མང་དུ་དོགས་པའི་ཕྱིར་རོ། །སྲ་བརྐྱང་བཏིང་བ་ལ་ཕན་ཡོན་ཡོད་དེ། འཆང་འབྲལ་འཇོག་གསུམ་བྱས་པ་ལ་ལྟུང་བ་མི་འབྱུང་བ་དང་། ཡང་ཡང་ཟ་བ་དང་། འདུས་ནས་ཟབ་པ་སོགས་ལའང་ཉེས་པ་མེད་པ་བདེ་བར་གནས་པ་སོགས་ཀྱི་ཕན་ཡོན་ཡོོད་པའི་ཕྱིར་རོ། ། གཉིས་པ་གོས་ཀྱི་གཞི་ནི། མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ། །ཞེས་སོགས་དང་། དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་སོགས་ཀྱིས་འཆད་དོ། །འདི་ལ་དོན་ལྔ་སྟེ། རྒྱུ་རུང་མི་རུང་གི་ཁྱད་པར། རུང་བ་བཟོ་ཚུལ། གོས་ཀྱི་དབྱེ་བ། སོ་སོའི་རྣམ་གཞག །ལོངས་སྤྱོད་པའི་ཚུལ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྒྱུ་མི་རུང་བ་ཁ་ཚར་དང་ཕུན་ཚར་མ་གཅད་པ་དང་རྔ་མོའི་བལ་ལས་བྱས་པ་དང་ཁ་དོག་ཁྲ་བོ་སོགས་ལས་མི་རུང་ཞིང་། རུང་བ་ནི་ལུག་བལ་སོགས་ལས་རུང་བ་ཡིན་པའི་ཕྱིར། འོན་ཀྱང་ཆོས་གོས་རྣམ་གསུམ་སྤུ་ཤིན་དུ་ཆེ་བ་མི་རུང་སྟེ། འདིར་སྤུ་ཅན་ཆོས་གོས་གསུམ་ཉིད་དུ་བྱིན་གྱིས་བརླབས་པར་མི་བྱའོ། ཞེས་གསུངས་པའི་ཕྱིར། གཉིས་པ་བཟོ་ཚུལ་ལ་གསུམ་ཡོད་དེ། བཀྲུ་བ། ཁ་བསྒྱུར་བ། དྲས་ཤིང་དྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དག་པར་བྱ་བའི་ཆེད་དུ་ཆུས་བཀྲུ་དགོས་པའི་ཕྱིར། གཉིས་པ་ཡོད་དེ། ཚོན་ཆེན་བརྒྱད་སྤངས་ཏེ། རུང་བའི་ཚོན་གྱིས་བསྒྱུར་དགོས་པའི་ཕྱིར། རྟགས་ཐུར་དང་པོ་གྲུབ་སྟེ། ས་གའི་ལྷས། རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །སྨྲན་ཤིང་རྩི་དང་མཐིང་ཤིང་ཚལ། །སིནྡྷུ་ར་དང་གུར་གུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཡུལ་འདིར་བཙོད་ཀྱིས་ཁ་དོག་བསྒྱུར་བ་ནི་སྐྱོན་དུ་མི་འགྱུར་ཏེ། རྒྱ་གར་ན་དེ་དཀོན་ཞིང་། འདིར་མི་དཀོན་པའི་དབང་གིས་ཡིན་པའི་ཕྱིར། གསུམ་པ་དབྱེ་ན་བཅུ་གསུམ་ཡོད་དེ། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྡུལ་གཟན་དང་རྡུལ་གཟན་ཀྱི་གཟན། གདོང་ཕྱིས། རྣག་གཟན། གཡན་པ་དགག་པ། སྐྲ་བཟེད། གདིང་བ། དབྱར་གྱི་གོས་རས་ཆེན་དང་བཅུ་གསུམ་བཤད་པ་ལྟར་ཡོད་པའི་ཕྱིར། གཞན་ཡང་དབྱེ་ན་གཉིས་སུ་ཡོད་དེ། ལྷག་པའི་ཡོ་བྱད་དང་། མཁོ་བའི་ཡོད་བྱད་གཉིས་ཡོད་པའི་ཕྱིར། དང་པོ་ལ་དངོས་དང་ཕྲན་ཚེགས་གཉིས་ཡོད་དེ། ལྷག་འཚོ་བའི་ཡོ་བྱད་དུ་བྱིིན་གྱིས་བརླབས་པའི་ཆོས་གོས་རྣམ་གསུམ་ལྟ་བུ་དང་པོ་དང་། ཞྭ་ལྷམ་སྐ་རགས་རྣམས་གཉིས་པ་ཡིན་པའི་ཕྱིར། ཕྱི་མའང་གཉིས་ཡོད་དེ། ཆོས་གོས་གསུམ་གྱི་རྒྱུར་རུང་བ་ལྟ་བུ་དང་པོ་དང་། ཞྭ་ལྷམ་སྐ་རགས་ཀྱི་ཐེབ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། དེར་མ་ཟད་ལྷག་པའི་ཡོ་བྱད་གཞན་ལའང་གཉིས་ཡོད་དེ། དངོས་པོ་དང་ཕྲན་ཚེགས་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། རས་ཡུག་ལྟ་བུ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། རས་ཀྱི་དུམ་བུ་སོགས་ལྷག་པོ་རྣམས་དེ་ཡིན་པའི་ཕྱིར། བཞི་པ་ལ། བཅུ་གསུམ་ཡོད་པ་ལས། ཆོས་གོས་གསུམ་གང་ལ་བྱ་བ་དང་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྣམ་སྦྱར་ལ་ངེས་པར་དྲས་དྲུབ་དགོས་པར་བཤད་ཅིང། ཆོས་གོས་གཞན་གཉིས་རབ་དྲས་དྲུབ། འབྲིང་ལྷན་ཐབས། ཐ་མ་ནི་ཐང་ཐང་པོར་བྱར་རུང་ཙམ་ཡིན་པའི་ཕྱིར། ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྣམ་སྦྱར་ལ་རབ་འབྲིང་ཐ་མའི་སྐོར་གསུམ་དང་། རེ་རེ་ལའང་ནང་གསེས་ཀྱིས་གསུམ་གསུམ་དུ་ཕྱེ་བའི་དགུ་ཡོད་པ་གང་རུང་གི་ཚུལ་དུ་བྱ་བའི་ཕྱིར། རབ་ལ་གསུམ་ཡོད་དེ། སྣམ་ཕྲན་ཉེར་གཅིག་མ། ཉེར་གསུལ་མ། ཉེར་ལྔ་མ་རྣམས་སུ་ཡོད་པའི་ཕྱིར། འབྲིང་ལ་ཡང་གསུམ་སྟེ། བཅོ་ལྔ། བཅུ་བདུན། བཅུ་དགུའི་བདག་ཉིད་ཅན་རྣམས་སུ་ཡོད་པའི་ཕྱིར། ཐ་མ་ལའང་གསུམ་སྟེ་དགུ། བཅུ་གཅིག །བཅུ་གསུམ་རྣམས་སུ་ཡོད་པའི་ཕྱིར། དེ་དག་གི་གླེགས་བུའི་ཁྱད་པར་ཡོད་དེ། རབ་ཀྱི་གླེགས་བུ་ཕྱེད་ལྔ། འབྲིང་ལ་ཕྱེད་བཞི། ཐ་མ་ལ་ཕྱེད་གསུམ་བྱེད་པ་ཡིན་པའི་ཕྱིར། དེ་དག་གི་རྒྱ་ཁྱོན་གྱི་ཁྱད་པར་ཡོད་དེ། ར་བ་སྐོར་གསུམ་ལ་དཔངས་སུ་ཁྲུ་གསུམ་དང་སྲིད་དུ་ཁྲུ་ལྔ། ཐ་མ་གསུམ་ལ་ཁྲུ་ཕྱེད་ཕྱེད་བྲི་ཞིང་། དེའི་བར་ལ་འབྲིང་ཚད་དུ་འཇོག་པའི་ཕྱིར། བླ་གོས་ཀྱི་ཁྱད་པར་ཡོད་དེ། སྣམ་ཕྲན་བདུན་པ་ལ་གླེགས་བུ་ཕྱེད་དང་གསུམ་རེ་བྱ་བའི་ཕྱིར། ཚད་ཡོད་དེ། དཔངས་སུ་ཁྲུ་གསུམ་དང་སྲིད་དུ་ཁྲུ་ལྔ་བར་བྱ་བའི་ཕྱིར། མཐང་གོས་ཀྱི་ཁྱད་པར་ཡོད་དེ། སྣམ་ཕྲན་ལྔ་པ་ལ། གླེགས་བུ་ཕྱེད་དང་གཉིས་པར་བྱ་བའི་ཕྱིར། ཚད་ཡོད་དེ། དཔངས་སུ་ཁྲུ་དོ་དང་སྲིད་དུ་ཆེ་ཚད་ཁྲུ་བདུན་བྱ་བ་ཡིན་ལ། རལ་ཁ་དཔུང་ཆད་ནི་དེའི་ཚད་ལ་མི་གཏོགས་པའི་ཕྱིར། ཆུང་ཚད་ཡོད་དེ། འཁོར་གསུམ་ཁེབས་པའི་མཐའ་ཚད་དུ་བྱ་བའི་ཕྱིར་ཏེ། མདོར། འཁོར་གསུམ་ཁེབས་པ་ཉིད་མན་ཆད་ཀྱང་ངོ། །ཞེས་གསུངས་པའི་ཕྱིར། དེས་ན་འབྲིད་ཚད་ཡོད་དེ། བདུན་ནས་འཁོར་གསུམ་ཁེབས་པའི་བར་རྣམས་ཡིན་པའི་ཕྱིར། ཤམ་ཐབས་སོགས་ཀྱི་ཚད་ཡོད་དེ། ཤམ་ཐབས་དང་དེའི་གཟན་ནི་ཐང་གོས་བཞིན་དང་། རྔུལ་གཟན་དང་དེའི་གཟན་ནི་བླ་གོས་བཞིན་ཡིན་པའི་ཕྱིར་དང་། གདོང་ཕྱིས་ནི་སྲིད་དུ་ཁྲུ་གང་དང་། གཡན་པ་དགབ་བ་པ་ནི། སྲིད་དུ་ཁྲུ་དྲུག་དང་དཔངས་སུ་ཁྲུ་གསུམ། སྐྲ་གཟེད་ནི་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་ཕྱེད་གཉིས་བྱ་བ་ཡིན་པའི་ཕྱིར། གདིང་བ་དང་དབྱར་གྱི་རས་ཆེན་གྱི་ཚད་ཡོད་དེ། དང་པོ་ནི་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་དང་སོར་དྲུག་བྱ་ལ། རས་ཆེན་ནི་སྲིད་དུ་ཁྲུ་དགུ་དང་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་བྱ་བ་ཡིན་པའི་ཕྱིར། འདིའི་གླེགས་བུའི་གྲངས་ཡོད་དེ། ཕྱེད་དང་གཉིས་བྱ་བ་ཡིན་པའི་ཕྱིར། ཆོས་གོས་གསུམ་གྱི་གླེགས་བུས་གླེགས་བུ་ཕྱེད་པ་བྱ་སྤུ་གནོན་གྱི་ཚུལ་དུ་བྱ་བར་གསུངས་པ་སོགས་ལ་དགོངས་པ་ལེན་ཚུལ་མི་འདྲ་བ་བྱུང་སྟེ། དེང་སང་ལག་ལེན་དུ་སྣམ་ཕྲན་གཡས་གཡོན་དུ་བྱ་སྤུ་གནོན་གྱི་ཚུལ་དུ་བྱེད་ཅིང་། གླེགས་བུས་གླེགས་བུ་ཕྱེད་པ་གནོན་པའི་ཚུལ་གྱིས་དྲུབ་ནས་སྦྱོར་བའི་ཚེ་ཁ་གྱེན་བསྟན་འཐུར་བསྟན་དུ་སྤེལ་ནས་བྱེད་པར་སྣང་ལ། དེ་ལྟར་ན། གྱེན་བསྟན་དུ་བྱས་པ་ལ་བྱ་སྤུ་གནོན་གྱི་ཚུལ་འོང་བར་མི་འདུག་པའི་ཕྱིར་རོ། དེར་མ་ཟད། དེ་ལྟར་བྱས་པ་ལའང་དབུས་ཀྱི་སྣམ་ཕྲན་ཕྱེད་པ་ཡོད་པ་ཉིད་ལྷག་ཏུ་བྱེད་པ་མང་དུ་མཐོང་ཡང་། ཁོ་བོ་ལྟར་ན་འདི་མི་འཐད་དེ། གླེགས་བུས་གླེགས་བུ་ཕྱེད་པ་གནོན་པའི་ཚུལ་གྱིས་འདྲུབ་པར་གསུངས་པའི་ཕྱིར་དང་། ཡུག་ནི་གཙོ་བོ་ཡིན་པས་གུང་གི་གོང་དུ་འོང་རིགས་ཀྱི། ཕྱེད་འཕྲོ་ཡིན་པས་དེར་འོང་པ་མི་འཐད་པའི་ཕྱིར་མཇུག་ཏུ་རིགས་སོ་སྙམ་མོ། །དེས་ན་གཞུང་གི་དགོངས་པ་བརྟགས་ན་གླེགས་བུ་ཡུག་རྣམས་སྟོད་དུ་དང་ཕྱེད་པ་རྣམས་གཤམ་དུ་མཉམ་པོར་འོང་བར་བྱེད་དགོས་པར་མཐོང་སྟེ། བྱ་སྤུ་གནོན་གྱི་ཚུལ་དུ་བྱ་བར་གསུངས་པ་དང་མཐུན་ཞིང་། སྔར་གྱི་རིགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །གཞུང་དུ་རིམ་པ་འཆོལ་བར་བྱ་དགོས་པར་གསུངས་པའི་དོན་ཡོད་དེ། དེ་ནི་མཐོ་དམན་གྱི་རིམ་པ་ལ་དགོངས་པར་སྣང་བའི་ཕྱིར། འོ་ན། གཞུང་དུ་གླེགས་བུ་དང་གླེགས་བུ་བྱེད་པ་དག་མཉམ་པར་བྱའོ་ཞེས་གསུངས་པའི་དོན་ཅི་ཞེ་ན། དེ་ལྟ་བུས་འཁྲུལ་གཞི་བྱས་སྣང་ཡང་། དེའི་དོན་ནི་འདི་ཡིན་ཏེ། གླེགས་བུ་ཡུག་དང་ཡུག །ཕྱེད་པ་དང་ཕྱེད་པ་དག་མཉམ་པར་བྱའོ་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན། ལུང་དང་འགལ་བར་འགྱུར་ཏོ། འགྲེལ་ཆུང་ཡོན་ཏན་འོད་ལས། ཚད་ཆེ་ཆུང་མ་ཁྱེར་བར་མཉམ་པར་བྱ། །ཞེས་དང་། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གླེགས་བུ་གླེགས་བུ་དང་གླེགས་བུ་ཕྱེད་པ་གླེགས་བུ་ཕྱེད་པ་དང་མཉམ་པར་བྱའོ་ཞེས་བཤད་པ་དང་འགལ་བར་འགྱུར་བའི་ཕྱིར། འོ་ན། ལུང་རིགས་གཏེར་མཛོད་ལས། གླེགས་བུ་ཆེ་ཆུང་རིམ་པ་འཆོལ་བར་བྱ་སྤུ་ག །ནོན་གྱི་ཚུལ་དུ་བཞག་ནས་ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། མཁས་པ་དག་འདི་དྲང་དོན་དུ་འགྲེལ་བ་ལྟར་བྱ་དགོས་པའི་ཕྱིར། ཞེས་ཁོ་བོ་ཅག་སྨྲ་ཡང་བརྟག་པར་བྱའོ། །ལྔ་པ་ཡོད་དེ། ཆོས་གོས་རྣམས་གསུམ་ནི། གྲོང་དུ་བསོད་སྙོམས་ལ་རྒྱུ་བ་དང་། ཆོས་དང་ཟས་ཀྱི་དགའ་སྟོན་ཆེན་པོ་ལ་ལོངས་སྤྱོད་པ་དང། དཀོན་མཆོག་ལ་ཕྱག་བྱ་བ་སོགས་ཀྱི་དུས་སུ་གྱོན་པར་བྱ་ཞིང་། གཞན་རྣམས་རང་རང་གི་སྐབས་སུ་སྤྱད་པར་བྱ་བ་ཡིན་པའི་ཕྱིར། དེ་དག་གི་ནང་ཤམ་ཐབས་སོགས་ནི་གང་གི་དུས་སུ་གྱོན་པར་བྱ་བ་ཡོད་དེ། ཤམ་ཐབས་ནི་ཉིན་མོ་མཐང་གོས་ཀྱི་འོག་ཏུ་གྱོན་ཞིང་། དེའི་གཟན་ནི་མཚན་མོའི་མཐང་གོས་ཀྱི་འོག་ཏུ་དང་། རྡུལ་གཟན་དང་དེའི་གཟན་ནི་ཉིན་མོ་དང་མཚན་མོ་བླ་གོས་ཀྱི་འོག་ཏུ་གྱོན་པར་བྱ་དགོས་པའི་ཕྱིར། འཇལ་བྱེད་ཀྱི་ཁྲུ་དེ་ལ་གསུམ་ཡོད་དེ། ལུས་ཁྲུ། ལག་ཁྲུ། རྔུལ་ཁྲུའི་དབང་དུ་བྱས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རང་གི་ལུས་ཀྱི་སྲིད་དུ་ཆ་བདུན་དུ་འགོས་པའི་ཆ་གཉིས་ཀྱི་ཚད་ལ་བྱེད་པའི་ཕྱིར། མདོར། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། མཛོད་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཞེས་འབྱུང་བ་ལྟར་ཡིན་ཡང་། ལག་ཁྲུ་ཙམ་གྱིས་ཆོས་གོས་འཇལ་རུང་མི་རུང་གཉིས་ཡོད་པའི་ཕྱིར་ཏེ། ལུས་ཀྱི་ཚན་དང་། ཡན་ལག་གི་ཚད་བཤད་པ་ལྟར་རིང་ཐུང་མི་མཉམ་པ་ཡོད་པའི་ཕྱིར་ཏེ། ལུས་རིང་ལ་ལག་པ་ཐུང་བ་དང་དེ་ལས་ཟློག་པའང་ཡོད་པའི་ཕྱིར། དེས་ན་ལུས་ཁྲུས་གཞལ་བ་གཙོ་བོ་ཡིན་ཏེ། ཇི་སྐད་དུ། ལུས་དང་ཧ་ཅང་ཐུང་བ་དང་། །དེ་ལས་བཟློག་པའི་ཆོས་གོས་རྣམས། །རང་གི་ལུས་ཁྲུ་ཁོ་ནས་གཞལ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཡོད་དེ། མདོར། རྡུལ་ཕྲ་མོ་དང་། ཆུ་རྡུལ་དང་། ལྕགས་དང་། རི་བོང་དང་། ལུག་དང་། གླང་དང་། ཉི་ཟེར་དང་། སྲོམ་དང་། ཤིག་དང་། ནས་དང་། སོར་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དྲུག་འགྱུར་དང་། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ཞེས་སོགས་གསུངས་ཤིང་། མཛོད་ལས། རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་མདུན་འགྱུར། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། འདིར་དྲུག་འགྱུར་དང་། མཛོད་ལས་བདུན་འགྱུར་དུ་བཤད་པ་གཉིས་འགལ་ལོ་ཞེ་ན། མི་འགལ་ཏེ། ཕྲ་རགས་ཀྱི་ཁྱད་པར་ཙམ་ཡིན་པའི་ཕྱིར། འོ་ན་ལག་ཁྲུ་ཙམ་ཀྱིས་གཞལ་ཚེ་བསྐུང་ཁྲུའམ་བརྐྱང་ཁྲུ་གང་ཡིན་ཞེ་ན། ཡོད་དེ། བརྐྱང་ཁྲུ་ཡིན་པའི་ཕྱིར་ཏེ། ཊིཀྐ་ལས། ཁྲུ་ནི་གྲུ་མོ་ནས་གུང་མོའི་རྩེའི་བར་རོ། །ཞེས་གསུངས་པའི་ཕྱིར། བྱིན་གྱིས་རློབ་ཚུལ་སོགས་འདིར་མི་འཆད་དེ། གཞི་གསུམ་ཆོ་ག་སོགས་ལས་འབྱུང་བ་ལྟར་ཤེས་པར་བྱ་རིགས་པའི་ཕྱིར་རོ། །གསུམ་པ་ཀོ་ལྤགས་ཀྱི་གཞི་ནི། ཡུལ་དབུས་ཀྱི་མཚམས་སོ། །ཞེས་སོགས་ཀྱིས་འཆད་ལ། འདིའི་དོན་ལ་བཞི་ཡོད་དེ། དབུས་དང་མཐའ་འཁོབ་ཀྱི་ཁྱད་པར། མཆིལ་ལྷམ་གནང་མི་གནང་གི་ཁྱད་པར། ཀོ་ལྤགས་རུང་མི་རུང་། ཆུ་ལ་ལོངས་སྤྱོད་པའི་ཐབས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འཕགས་ཡུལ་ཀྱི་རྡོ་རྗེའི་གནད་དབུས་སུ་བྱས་པའི་ཤར་ན་ལི་ཁ་རའི་ཤིང་གི་ཚང་ཚིང་། ལྷོ་ན་ཆུ་ཀླུང་། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ། བྱང་ན་ཨུ་ཤི་རིའི་རི་ཡོད་པས་དེ་བཞི་ཚུན་ཡུལ་དབུས་དང་། དེ་ཕན་ཆད་མཐའ་འཁོར་བ་ཡིན་པའི་ཕྱིར། འོ་ན། བོད་ཡུལ་འདི་མཐའ་འཁོབ་ཡིན་ནམ་ཞེ་ན། ས་ཚིགས་ཀྱི་དབང་དུ་བྱས་པའི་མཐའ་འཁོབ་ཡིན་ཀྱང་། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་མཐའ་འཁོབ་མ་ཡིན་ཏེ། དེའི་དབང་དུ་བྱས་པའི་དབུས་ཡིན་པའི་ཕྱིར། ཞེས་ཁ་ཅིག་བཞེད་དོ། །གཉིས་པ་ཡོད་དེ། སྤྱི་བཏང་ཡུལ་དབུས་སུ་མཆིལ་ལྷམ་མ་གནང་ལ། མཐའ་འཁོབ་ཏུ་གནང་བའི་ཕྱིར། དམིགས་བསལ་མ་ངེས་ཏེ། ཡུལ་དབུས་སུ འང་གནང་བ་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། སྤྱིར་ཡུལ་དབུས་སུ་ཀོ་ལྤགས་ལ་ལོངས་སྤྱོད་དུ་མི་རུང་ཞིང་། མཐའ་འཁོབ་ཏུ་རུང་བའི་ཕྱིར། དམིགས་བསལ་བ་ཡོད་དེ། དབུས་སུ་དགེ་སློང་རླུང་ནད་ཅན་དོམ་ལྤགས་ལ་སྤྱོད་དུ་རུང་བའི་ཕྱིར། བཞི་པ་ཡོད་དེ། དབེན་པའི་ཕྱོགས་སུ་ཆུ་ལ་འགྲོ་བའི་ཐབས་སློབ་པ་སོགས་བྱེད་པར་གནང་བའི་ཕྱིར། གཉིས་པ་སྨན་གྱི་གཞི་ནི། སྨན་བསྟེན་པར་བྱའོ། །དེ་ནི་རྣམ་པ་བཞིའོ། །དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཉིད་དོ། །ཞེས་སོགས་ཀྱིས་འཆད་ལ། འདི་ལ་དོན་ལྟ་ཡོད་དེ། སྨན་ཀྱི་དབྱེ་བ་དག་དང་སོ་སོའི་མཚན་གཞི། མཚན་ཉིད། བྱིན་གྱིས་བརླབ་ཚུལ། རུང་ཁང་གཅོད་ཚུལ། ཟག་པ་འདོར་ལུགས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྨན་ལ་དབྱེ་ན། དུས་རུང་གི་སྨན་སོགས་བཞི་ཡོད་པའི་ཕྱིར། དུས་རུང་གི་སྨན་ལ་གཉིས་ཡོད་དེ། བཟའ་བ་དང་། བཅའ་བ་ལྔ་ལྔ་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་ཡོད་དོ། །ས་ག་ལྷས། སྣ་ཚོགས་འབྲས་ཆན་ཟན་དང་ཤ །ཕྱེ་དང་ཁུར་བ་བཟའ་བ་ལྟ། །རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། མདོར་ན་འདི་ལྟར་ཡིན་ཏེ། ནས་སོགས་འབྲུ་དང་ཤ་རྩམ་པ་སོགས་དང་། ཁམ་བུ་སྟར་ཁ་སོགས་ཤིང་ཐོག་དང་། ཞོ་དང་འོ་མ་དར་བ་སོགས་ཀྱང་དུས་རུང་གི་སྨན་ཡིན་པའི་ཕྱིར། དེ་རྣམས་ལ་དུས་རུང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྔ་དྲོའི་དུས་སུ་ལོངས་སྤྱོད་དུ་རུང་གི ཕྱི་དྲོའི་དུས་སུ་མི་རུང་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། ཐུན་ཚོད་དུ་རུང་བའི་སྨན་གྱི་རིགས་ཡོད་དེ། དུས་རུང་དང་། ཞག་བདུན་པ་དང་། ཇི་སྲིད་འཚོ་བཅང་གི་སྨན་གྱི་རྒྱུ་ལས་བྱུང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཚགས་ཀྱིས་བཙགས་པའི་ཙམ་ཐང་ཤིན་དུ་སླ་བ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བུ་རམ་གྱི་ཁུ་བ་ཤིན་དུ་སླ་བ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཨ་བར་སྐྱུར་གསུམ་གྱི་ཁུ་བ ་ཤིན་དུ་སླ་བ་ལྟ་བུ་ཡིན་པའི་ཕྱིར། དེ་དག་ཐུན་ཚོད་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འགའ་ཞིག་ནི་ཉིན་མོའི་ཐུན་ཚོད་ཀྱི་མཐའ་རྒྱུ་སྐར་འཆར་ལ་མངོན་དུ་ཕྱོགས་པའི་དུས་ཚུན་དང་། འགའ་ཞིག་ནི་མཚན་མོའི་ཐུན་ཐ་མ་སྐྱ་རེངས་འཆར་བ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་ཚུན་ཆད་དུ་ལོངས་སྤྱོད་པར་རིགས་ཀྱི། དེས་ན་མི་རུང་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། ཞག་བདུན་པའི་སྨན་གྱི་རིགས་ཡོད་དེ། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་བུ་རམ་དང་། ལི་ཁ་ར་དང་། མར་སོགས་རྣམས་དེའི་རིགས་ཡིན་པའི་ཕྱིར། དེ་དག་ལ་ཞག་བདུན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཞག་བདུན་ཚུན་ཆད་བྱིན་གྱིས་བརླབས་ནས་ལོངས་སྤྱོད་དུ་རུང་ཞིང་། དེ་ཕན་མི་རུང་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། ཇི་སྲིད་འཚོ་བཅང་གི་སྨན་གྱི་རིགས་ཡོད་དེ། སླེ་དྲེས་དང་། ཨ་བར་སྐྱུར་གསུམ་སོགས་སྨན་པ་ལ་གྲགས་པའི་སྨན་གྱི་རིགས་ཕལ་ཆེར་ལ་བྱེད་པའི་ཕྱིར། དེ་ལྟར་བརྗོད་བའི་རྒྱུ་མཚན་ཡོད་དེ། ཇི་སྲིད་འཚོ་བར་བསྟེན་རུང་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། མཁས་པ་ཁ་ཅིག་སྨན་འདི་ནམ་ཇི་སྲིད་འཚོ་བའི་བར་གནང་བས་ཇི་སྲིད་འཚོ་བཅང་གི་སྨིན་ཞེས་བརྗོད་ཀྱི། སྲོག་ཇི་སྲིད་འཚོ་བའི་བར་མ་ཡིན་ཏེ། བྱིན་གྱིས་རློབ་དགོས་པའི་ཕྱིར་གསུང་ལ། ཁ་ཅིག་སྲོག་ཇི་སྲིད་འཚོ་བའི་བར་གནང་བས་ཉེས་པ་མེད་དོ་ཞེས་བཞེད། གཉིས་པ་མཚན་ཉིད་ལ། སྨན་སྤྱི་དང་། བྱེ་བྲག་སོ་སོའི་མཚན་ཉིད་ཡོད་དེ། དྲི་རོ་རེག་བྱའི་སྐྱེ་མ ཆེད་གསུམ་གྱི་རང་བཞིན་ཅན་གང་ཞིག ། བྱེད་ལས་ནད་སེལ་བ་ལ་ཞུགས་པ། སྨན་གྱི་མཚན་ཉིད་དང་། གཙོ་བོར་བཀྲེས་ནད་སེལ་བ་ལ་ཞུགས་པའི་རིགས་གནས་ཀྱི་སྨན་དུས་རུང་གི་སྨན་གྱི་མཚན་ཉིད། རྒྱུ་མཚན་གསུམ་གང་རུང་ལས་བྱུང་ཞིང་བཏུང་བའི་བདག་ཉིད་ཅན་དུ་གནས་པའི་སྨན་དུ་བྱིན་གྱིས་བརླབས་པ། ཐུན་ཚོད་དུ་རུང་བའི་སྨན་གྱི་མཚན་ཉིད། གཙོ་བོར་འདུས་པའི་ནད་སེལ་བ་ལ་ཞུགས་པའི་རིགས་གནས་ཀྱི་སྨན་གང་ཞིག ། དགེ་སློང་གིས་ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབས་པ། ཇི་སྲིད་འཚོ་བཅང་གི་སྨན་གྱི་མཚན་ཉིད་དུ་རིགས་པ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། དངོས་པོ་གང་། ཡུལ་གང་ལ། རྟེན་གང་གིས། དུས་ནམ། ཡུལ་ཇི་སྲིད། ཆོ་ག་ཇི་ལྟ་བུས། བྱིན་གྱིས་བརླབས་འཇིག་པའི་རྒྱུ་དང་བདུན་ཡོད་པའི་ཕྱིར། དང་པོ་དངོས་པོ་གང་བྱིན་གྱིས་བརླབས་པ་ཡོད་དེ། རུང་བ། ཚད་ལྡན། རང་གི་ཡིན་པ་སོགས་དགོས་པའི་ཕྱིར། གཉིས་པ་ཡོད་དེ། དགེ་སློང་ཞིག་གི་མདུན་དུ་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། དགེ་སློང་གི་སྡོམ་པ་གསོ་རུང་དང་ལྡན་པས་བྱ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། སྨན་ཕྱི་མ་གསུམ་རང་རང་ནམ་དགོས་པའི་ཚེ་བྱ་བ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། དུས་རུང་ལས་སྨན་ཕྱི་མ་གསུམ་རྣམས་རང་རང་ནམ་རྙེད་པ་དང་རུང་བ་དང་དགོས་པ་སོགས་ལ་ཇི་ལྟར་རིགས་པར་སྦྱར་བའི་ཕྱིར། ལྔ་པ་ཡོད་དེ། རང་རང་གི་དུས་རིམ་པའི་བར་དུ་བྱིན་གྱིས་བརླབས་པར་བྱ་བའི་ཕྱིར། སྨན་དེ་དང་དེའི་རིགས་ཡིན་ན། དེ་དང་དེ་ཡིན་པས་མ་ཁྱབ་སྟེ། དཔེར་ན། བྱིན་གྱིས་མ་བརླབས་པའི་བུ་རམ་ལྟ་བུ་ནི། ཞག་བདུན་པའི་སྨན་གྱི་རིགས་ཡིན་ཀྱང་། ཞག་བདུན་པའི་སྨན་མ་ཡིན་པའི་ཕྱིར། རང་རང་གི་ཐུན་ཚོད་ཀྱི་མཐའ་འདས་ན་ལོངས་སྤྱོད་དུ་མི་རུང་སྟེ། བྱིན་ལེན་མ་ཤིག་པར་དེར་ལོངས་སྤྱོད་ན་གསོག་འཇོག་ཏུ་སོང་བ་ཟ་བའི་ཉེས་པ་འབྱུང་བའི་ཕྱིར། དྲུག་པ་ཡོད་དེ། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། དང་པོ་ཡིན་ཏེ། རུང་ཆུ་གདའ་བ་སོགས་ཀྱི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། གང་ཟག་གི་མདུན་ཚེ་དང་ལྡན་པའམ། བཙུན་པ་དགོངས་སུ་གསོལ། ཞེས་སོགས་ཀྱི་ཆོ་ག་བརྗོད་པའི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། དེའི་ཚེ་རང་གི་མིང་སྦྱར་བར་བྱ་སྟེ། ཐུན་ཚོད་དུ་རུང་བ་ལ། ཞག་བདུན་པ་སོགས་སུ་བསྒྱུར་བའི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཐབས་ལེགས་བྱ་བ་ཡིན་པའི་ཕྱིར། བྱིན་རླབས་བྱས་པ་ལ་དགོས་པ་ཡོད་དེ། གསོག་འཇོག་གི་ཉེས་པ་སེལ་བའི་ཆེད་ཡིན་པའི་ཕྱིར། བདུན་པ་ཡོད་དེ། བྱིན་ལེན་འཇིག་པའི་རྒྱུ་སྔར་བཤད་པ་རྣམས་དང་། འཕེན་པ་ཟད་པ་དང་། འབྱུང་བའི་ཚོགས་ཀྱང་དེ་འཇིག་པའི་ཕྱིར། གཞན་ཡང་། བསམ་སྦྱོར་ཇི་ལྟ་བུས་ལོངས་སྤྱོད་ཚུལ་ཡོད་དེ། བཤེས་སྤྲིངས་ལས། རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་འབྱུང་བ་ལྟར་དང་། རང་ལ་ནད་པ་དང་། ཟས་ལ་སྨན་གྱི་འདུ་ཤེས་སོགས་ཀྱི་བསམ་པ་དང་། ཆབ་ལེན་པ། དཀོན་མཆོག་མཆོད་པ་དང་། འབྱུང་པོ་ལ་སྟེར་བ་སོགས་ཀྱི་སྦྱོར་བ་དང་ལྡན་པས་བྱེད་པ་ཡིན་པའི་ཕྱིར། ནད་པ་ལ་ཆང་མ་གཏོགས་བཅས་རྐྱང་མཐའ་དག་གནང་བ་ཡོད་ཀྱང་ཉེས་པ་གཏན་མི་འབྱུང་བ་ནི་མ་ཡིན་ཏེ། མི་དགོས་པ་དང་མི་ཕན་པ་སོགས་ལ་རང་དགར་ཞུགས་ན་ཉེས་བྱས་སུ་འགྱུར་བ་ཡོད་པའི་ཕྱིར་དང་། སྨན་ཕྱི་མ་གསུམ་ཡང་བྱིན་བརླབས་བྱ་བར་བཤད་པའི་ཕྱིར་རོ། །བཞི་པ་རུང་ཁང་འཆད་པ་གཉིས་ཡོད་དེ། དགོས་པ་དང་། ཇི་ལྟར་བྱ་བ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལག་ཉ་དང་མཚམས་བཅོས་སོགས་ཀྱི་ཉེས་པ་འགོག་པ འི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་བདུན་ཡོད་དེ། གནས་གང་དུ། རྟེན་གང་གིས། དུས་ནམ་གྱི་ཚེ། ཆོ་ག་ཇི་ལྟ་བུས་གཅོད་པ། བྱེད་ལས། སྒྲ་དོན། དེའི་འཇིག་རྒྱུ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚམས་ནང་ཉེ་འཁོར་དང་བཅས་པ། རང་ངམ་རང་དང་ཆོ་ག་གཅིག་པ་དབང་བ་སོགས་སུ་གཅད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྤྱིར་དགེ་འདུན་གྱིས་གཅོད་ཅིང་། བྱེ་བྲག་དགེ་སློང་གིས་ཀྱང་གཅོད་པའང་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། ནམ་གཅོད་པའི་སྐབས་སུ་བབས་པའི་ཚེ་བྱ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། རུང་ཁང་བཞིའི་དང་པོ་གཉིས་ལ་རང་རང་གི་སྔགས་ཚིག་ལན་གསུམ་རེ་བརྗོད་པའི་སྒོ་ནས་བྱ་ལ། གསུམ་པ་ནི་དགེ་འདུན་གྱིས་གསོལ་གཉིས་དང་། བཞི་པ་ནི་ཅིག་ཅར་ཚིག་བརྗོད་པའི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། རུང་ཁང་ལ་བཞི་ཡོད་དེ། རྡོ་བཏེག་པའི་མཐའ་ལས་བྱུང་བ། སེམས་བསྡུས་པའི་མཐའ་ལས་བྱུང་བ། ལས་ཀྱི་མཐའ་ལས་བྱུང་བ། འཕྲ་ལས་བྱུང་བའི་རུང་ཁང་རྣམས་སུ་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། དེས་དགེ་འདུན་གྱི་དགོས་པ་དང་། གཙུག་ལག་ཁང་དུ་མའི་བྱ་བ་ཡང་བྱེད་པའི་ཕྱིར། དྲུག་པ་ཡོད་དེ། མཚམས་ནང་དུ་ཟས་བཙོ་བ་དང་། ཞག་ལོན་སོགས་བྱས་ཀྱང་རུང་བས་ན་དེ་ལྟར་བརྗོད་པའི་ཕྱིར། བདུན་པ་ཡོད་དེ། མཚམས་པོ་ཆེ་གཅོད་པའི་རྒྱུ་རྣམས་དང་ཚོགས་ཀྱང་འཇིག་པར་འགྱུར་བའི་ཕྱིར། ལྔ་པ་ཟས་ཀྱི་རྒྱུ་མཐུན་ཟག་པ་འདོར་བའི་ཚུལ་ཡོད་དེ། གཡོན་ཕྱོགས་སུ་བླ་གབ་སོགས་དང་བཅས་པའི་ཁང་པ་བྱས་ནས་ཅུང་ཟད་མི་མངོན་པའི་ཚུལ་གྱིས་འདོར་བར་བྱ་དགོས་པའི་ཕྱིར། གསུམ་པ་ཐུན་མོང་དུ་མཁོ་བ་ལམ་ཀྱི་གཞི་ནི། ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །ཞེས་སོགས་ཀྱིས་འཆད་ལ། འདིའི་དོན་ལ་གཉིས་ཡོད་དེ། དགོས་པ་དང་། བསྡུས་པའི་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དེ་དང་དེའི་ལས་འཆགས་ཤིང་། ལས་ལ་བརྟེན་ནས་བསྙེན་རྫོགས་གྱི་སྡོམ་པ་སྐྱེ་བ་སོགས་ཀྱི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཡོད་དེ། ལས་འཆགས་པའི་ཡན་ལག་རྣམས་དང་། ལས་ཀྱི་ངོ་བོའི་ཁྱད་པར་གཉིས་ཡོད་པའི་ཕྱིར། དང་པོ་ལ་ལྔ་ཡོད་དེ། གཞིའི་ཡན་ལག །བསམ་པའི་ཡན་ལག །ལས་ཀྱི་ཆོ་ག །ལས་ཉམས་སུ་མྱོང་ཚད། ལས་འཆགས་པའི་དུས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། དགེ་འདུན་ཀྱི་གཞི། ལས་མཁན་གྱི་གཞི། བསྒྲུབ་བྱའི་གཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། གྲངས་ཚང་བ། ཁ་སྐོང་དུ་འོས་པ། མི་མཐུན་པ་གཉིས་དང་བྲལ་བ་རྣམས་སུ་དགོས་པའི་ཕྱིར། དང་པོ་ཡོད་དེ། མི་འདྲ་བ་བཅུ་གཅིག་ཡོད་པའི་ཕྱིར་ཏེ། སྡོམ་ལས། བཞི་བཅུ་ཉེར་གཉིས་ཉི་ཤུ་དང་། །བཅུ་གཉིས་བཅུ་གཅིག་བཅུ་དང་དགུ། །བརྒྱད་དྲུག་ལྔ་བཞི་དགོས་པ་ཡི། །ལས་ནི་རྣམ་པ་བཅུ་གཅིག་གོ །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། དང་པོ་ཡོད་དེ། ཡུལ་དབུས་སུ་དགེ་སློང་མ་དབྱུང་བ་ལ་དགེ་སློང་ཕ་ཉི་ཤུ་དང་མ་ཉི་ཤུ་སྟེ་བཞི་བཅུ་དགོས་པའི་ཕྱིར། གཉིས་པ་ཡོད་དེ། ཡུལ་དབུས་སུ་བུད་མེད་བསྙེན་པར་རྫོགས་པ་ལ་ཕའི་ཚོགས་བཅུ་དང་མའི་བཅུ་གཉིས་དགོས་པའི་ཕྱིར། གསུམ་པ་ཡོད་དེ། མཐའ་འཁོབ་ཏུ་མ་དབྱུང་བ་ལ་ཕ་མའི་ཚོགས་བཅུ་བཅུ་དང་། དབུས་སུ་ཕ་དབྱུང་བ་ལ་ཡང་ཕ་ཉི་ཤུ་དགོས་པའི་ཕྱིར། བཞི་པ་ཡོད་དེ། དགེ་སློང་མའི་སྡོམ་པའི་སྔ་རོལ་དུ་བསླབ་པའི་སྡོམ་པ་དང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་ཉེར་འཇོག་གི་གནང་བ་སྦྱིན་པ་ལ་དགེ་སློང་མ་བཅུ་གཉིས་དགོས་པའི་ཕྱིར། ལྔ་པ་ཡོད་དེ། མཐའ་ཁོབ་ཏུ་མ་བསྙེན་པར་རྫོགས་པ་ལ་ཕའི་ཚོགས་ལྔ་དང་མའི་ཚོགས་དྲུག་དགོས་པའི་ཕྱིར། དྲུག་པ་ཡོད་དེ། ཡུལ་དབུས་སུ་ཕ་བསྙེན་པར་རྫོགས་པ་ལ་ཕ་བཅུ་དགོས་པའི་ཕྱིར། བདུན་པ་ཡོད་དེ། དགེ་སློང་མའི་དགག་དབྱེ་བྱེད་པ་ལ་ཕ་བཞི་དང་མ་བཞི་དགག་དབྱེ་བྱེད་པ་པོ་དང་བཅས་དགུ་དགོས་པའི་ཕྱིར། བརྒྱད་པ་ཡོད་དེ། མའི་སྤོ་མགུ་སྤྱོད་པ་ལ་ཕ་བཞི་དང་མ་བཞི་དགོས་པའི་ཕྱིར། དགུ་པ་ཡོད་དེ། མཐའ་ཁོབ་ཏུ་སྔ་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེར་འཇོག་གི་གནང་བ་སྦྱིན་པ་ལ་མའི་ཚོགས་དྲུག་དགོས་པའི་ཕྱིར། བཅུ་པ་ཡོད་དེ། ཕའི་དགག་དབྱེ་བྱེད་པའི་ཚེ་ཕ་ལྔ་དགོས་པའི་ཕྱིར་དང་། མཐའ་འ ཁོབ་ཏུ་ཕ་བསྙེན་པར་རྫོགས་པ་ལའང་ལྔ་དགོས་པའི་ཕྱིར། བཅུ་གཅིག་པ་ཡོད་དེ། གསོ་སྦྱོང་སོགས་ལས་གཞན་ཕལ་ཆེར་ལ་བཞིའི་ཚོགས་དགོས་པའི་ཕྱིར། དེ་ཡང་མཐའ་འཁོབ་ཏུ་མེད་ན་ལྔས་བསྙེན་པར་རྫོགས་པར་བྱར་རུང་གི དེ་ལས་ལྷག་ཡོད་བཞིན་དུ་ལྔས་བྱར་མི་རུང་སྟེ། སྐྱེ་ཡང་ཉེས་བྱས་སུ་འགྱུར་བའི་ཕྱིར། གཉིས་པ་ཁ་སྐོང་དུ་འོས་པ་ལ་ཆོས་དུ་མ་ཞིག་ཚང་དགོས་ཏེ། མི་འདུག་པ་འགྲེང་བ་མ་ཡིན་པ་ནས། མཚན་མི་མཐུན་པ་མ་ཡིན་བའི་བར་ཆོས་བཅུ་གསུམ་དང་ལྡན་པ་ཞིག་དགོས་པའི་ཕྱིར། འོ་ན། དེའི་གྲངས་སུ་འཁྲུལ་བཅས་མ་ཡིན་པ་ཞེས་འདྲེན་དགོས་ཤིང་། འཁྲུལ་བཅས་མ་ཡིན་པའི་དོན་བསྡམ་བྱའི་ཉེས་བྱས་ཚུན་ཆད་ཀྱིས་ཀྱང་མ་གོས་པ་ཞིག་ལ་བྱེད་པས། དེ་འདྲ་ནི་ད་ལྟར་ཤིན་དུ་དཀའ་བས་ཇི་ལྟར་བྱ་ཞེ་ན། སྐྱོན་མེད་དེ། དེ་ལྟ་བུ་དཀའ་ཡང་། ལས་ལ་མི་བསྒྲིབ་པའི་ཕྱིར་དུ་ལྟུང་ཐུན་བྱིན་བརླབ་བྱ་དགོས་པའི་ཕྱིར། གསུམ་པ་མི་མཐུན་པ་གཉིས་དང་བྲལ་དགོས་ཏེ། མ་འདུས་པའི་མི་མཐུན་པ་དང་། འདུས་པ་ཕྱིར་བཟློག་གི་མི་མཐུན་པ་གཉིས་དང་བྲལ་དགོས་པའི་ཕྱིར། དང་པོ་བསྐྱེད་པ་ལ་ཆོས་དྲུག་ལྡན་ཞིག་དགོས་ཏེ། མཚམས་ནང་དེའི་ཁ་སྐོང་དུ་འོས་པ། ལུས་སམ་འདུན་པས་དེང་འདུས་པ་སོགས་ཚང་དགོས་པའི་ཕྱིར། གཉིས་པ་བསྐྱེད་པ་ལའང་ཆོས་དྲུག་ལྡན་ཞིག་དགོས་ཏེ། ལས་འཚམས་ཀྱི་ཁ་སྐོང་དུ་གཏོགས་པ། སྤྱོད་ལམ་མ་ཉམས་པ་སོགས་ཡོད་པའི་ཕྱིར། གཉིས་པ་ལས་མཁན་གྱི་གཞི་ཡོད་དེ། མི་འདུག་པར་འགྲེང་བ་ནས། འཁྲུལ་བཅས་ཀྱི་བར་གང་རུང་དང་མ་ཡིན་ཞིང་། ལས་མཁས་གྱི་མཚན་ཉིད་ཚང་བ་ཞིག་དགོས་པའི་ཕྱིར། གསུམ་པ་བསྒྲུབ་བྱའི་གཞི་ལ་གཉིས་ཡོད་དེ། གཞི་སེམས་ཅན་མ་ཡིན་པ་དང་། སེམས་ཅན་ལ་བྱ་བ་གཉིས་ཡོད་པའི་ཕྱིར། དང་པོར་གསུམ་ཡོད་དེ། དེ་ལ་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱ་བ་དང་། དེ་ལ་གསོལ་གཉིས་ཀྱི་ལས་ཀྱིས་བྱ་བ་དང་། དེ་ལ་གསོལ་གཞིའི་ལས་ཀྱིས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཡོད་དེ། ཤི་བའི་ཡོ་བྱེད་བྱིན་གྱིས་རློབ་བ་བལྟ་བུ་དང་པོ་དང་། མཚམས་པོ་ཆེ་གཅོད་པའི་ལས་ལྟ་བུ་གཉིས་པ་དང་། སྲ་བརྐྱང་དབྱུང་བ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཡོད་དེ། སེམས་ཅན་རབ་བྱུང་མ་ཡིན་པ་དང་རབ་ཏུ་བྱུང་བ་ལ་བྱ་བ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་སོགས་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཡོད་དེ། བསྙེན་པར་རྫོགས་པ་ལ་བྱ་བ་དང་། མ་རྫོགས་པའི་རབ་བྱུང་ལ་བྱ་བ་གཉིས་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། དེ་ལ་སྦྱིན་པའི་ལས་དང་། བསྐོ་བའི་ལས་དང་། ཆད་པའི་ལས་དང་། རྣམ་དག་གི་ལས་ཀྱིས་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཁང་པའི་གནང་བ་སྦྱིན་པ། འཁོར་དང་འཁོར་མང་ཉེར་འཇོག་གི་གནང་བ་སྦྱིན་པ་སོགས་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དགེ་སློང་མའི་སྟོན་པར་བསྐོ་བ་སོགས་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ནན་ཏུར་གྱི་ཆད་ལས་རྣམས་ཡིན་པའི་ཕྱིར། བཞི་པ་ཡོད་དེ། གསོ་སྦྱོང་དང་དགག་དབྱེའི་ལས་ཀྱིས་སྒྲུབ་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གསོ་སྦྱོོང་གི་ལས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་དགེ་སློང་དེ་ཉིད་ཆོས་བཞི་ལྡན་དང་དགེ་འདུན་ཆོས་གསུམ་ལྡན་གྱི་སྟེང་དུ་གསོ་སྦྱོང་གི་ཆོ་ག་ཤེས་པ་ཞིག་དགོས་པའི་ཕྱིར། གཉིས་པ་ཡོད་དེ། ཡུལ་དང་དགེ་འདུན་སྔར་ལྟར་ལ། དགེ་འདུན་ནི་དགག་དབྱེའི་ཆོ་ག་ཡང་ཤེས་པ་ཞིག་དགོས་པའི་ཕྱིར། གཉིས་པ་བསྙེན་པར་མ་རྫོགས་པའི་རབ་བྱུང་ལ་བྱ་བ་ལ་གསུམ་ཡོད་དེ། སྦྱིན་པ་དང་། བསྐོ་བ་དང་། ཆད་པའི་ལས་ཀྱིས་བྱ་བ་གསུམ་ཡོད་པའི་ཕྱིར། དེ་དག་གི་ངོས་འཛིན་ཚུལ་ཡོད་དེ། སྔར་གྱི་རིགས་པས་ཤེས་པར་བྱ་བའི་ཕྱིར། གཉིས་པའི་བསམ་པའི་ཡན་ལག་ཡོད་དེ། འདུ་ཤེས་དང་། ཀུན་སློང་གི་ཡན་ལག་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཞི་དེ་མཚན་ཉིད་དང་ལྡན་པར་འདུ་ཤེས་པ་ཞིག་དགོོས་པའི་ཕྱིར། གཉིས་པ་ཡོད་དེ། བསམ་པ་ཐག་པ་ནས་ལས་དེ་བྱེད་འདོད་པ་ཞིག་ལ་བྱེད་པའི་ཕྱིར། གསུམ་པ་ལས་ཀྱི་ཆོ་གའི་ངོ་བོ་ཡོད་དེ། བརྗོད་པ་ཚང་བ་མ་ནོར་ཞིང་། མ་འཁྲུལ་བ་སོགས་དགོས་པའི་ཕྱིར། ཁོ་ན་རེ། མི་འཐད་དེ། ངེས་པར་མ་ནོར་ཞིང་མ་འཁྲུལ་བ་ཞིག་མི་དགོས་པའི་ཕྱིར་ཏེ། འཁྲུལ་ཞིང་ནོར་ཡང་ལས་འཆགས་པ་ཡོད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། སྤྱིར་དགོས་ཀྱང ་། ངེས་པར་དགོས་པ་མ་ཡིན་པའི་ཕྱིར་ཞེས་སྐབས་འདིར་ཁས་བླངས་པར་ཆོག་པའི་ཕྱིར། ནོར་ཞིང་འཁྲུལ་པའི་ཆོ་ག་བྱས་པས་ལས་མི་འཆགས་པ་མང་ཡང་། འཆགས་པ་ནི་ཡོད་དེ། མདོར། དོན་གྱི་སྐབས་ངག་གི་གོ་རིམ་འཁྲུགས་པ་ནི་མི་འཆགས་པ་མིན་ནོ་ཞེས་གསུངས་པའི་ཕྱིར། བཞི་པ་ལས་ཉམས་སུ་མྱོང་བའི་ཚད་ཡོད་དེ། ལས་ཀྱི་ཆོ་ག་བརྗོད་པའི་ཚིག་ཐོས་ཞིང་དོན་ཀྱང་གོ་བ་ན་དེར་འགྱུར་བའི་ཕྱིར། ལྔ་པ་ལས་འཆགས་པའི་དུས་ཡོད་དེ། རང་རང་གི་སྐབས་ཀྱི་ལས་ཕལ་ཆེར་རྫོགས་པ་ན་འཆགས་པའི་ཕྱིར། གཉིས་པ་ལ་དྲུག་ཡོད་དེ། ལས་ཀྱི་དབྱེ་བ། བསྡུ་བ། མཚན་ཉིད། རྟེན་གང་ལ་བཞག་པ། ལས་ཀྱི་གྲངས་ངེས། འདིར་གསོལ་བཞི་ལས་འབའ་ཞིིག་འཆད་པའི་རྒྱུ་མཚན་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལས་བརྒྱ་རྩ་གཅིག་ཡོད་པའི་ཕྱིར་ཏེ། གསོལ་བ་འབའ་ཞིག་པའི་ལས་ཉེར་བཞི། གསོལ་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན། གསོལ་བཞིའི་ལས་སུམ་ཅུ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཀརྨ་ཤ་ཏམ་ལས། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དང་ནི། ཁྱིམ་གྱི་སྡོམ་དང་དེ་བཞིན་དང་། །ལྷུང་བཟེད་ཁ་སྦུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། དེ་ཉིད་ལས། གནས་དང་མཚམས་ནི་གཉིས་པོ་དང་། །མི་འབྲལ་མྱོས་དང་དགག་དབྱེ་དང་། །གནས་མལ་སྟོབ་པར་བྱེད་པ་དང་། །རུང་བའི་ས་གཞི་རྐོ་བ་དང་། །སྲ་བརྐྱང་དང་ནི་དེ་འདིང་དང་། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་སྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྤེད་པ་དང་། །ཚུལ་ཤིང་བྲིམ་པར་བྱེད་པ་དང་། ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འགྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཡོད་དེ། །བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང་། །བརྒྱད་དང་དྲན་དང་མ་མྱོས་དང་། །དེ་ཉིད་འཚོལ་དུ་གཞུག་པ་དང་། །བརྐོ་བར་བྱ་བ་རྣམས་ལ་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་དག་གི་ཁྱད་པར་རྒྱས་པར་ནི་གཞན་དུ་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་བསྡུས་བ་ཡོད་དེ། ལས་དེ་རྣམས་བསྡུ་ན་གསོལ་བ་འབའ་ཞིག་པའི་ལས་སོགས་གསུམ་དུ་འདུ་བའི་ཕྱིར། གསུམ་པ་མཚན་ཉིད་ཡོད་དེ། དགེ་འདུན་གྱིས་བྱ་བའི་བདག་ཉིད་དུ་གྱུར་བའི་སྒོ་ནས་བཞག་པའི་འདུལ་བ་ནས་བཤད་པའི་ལས་དེ། འདིར་བསྟན་པའི་ལས་ཀྱི་མཚན་ཉིད་དུ་གནས་པའི་ཕྱིར། བཞི་པ་རྟེན་གང་ལ་བཞག་པ་ཡོད་དེ། ཕའི་རྟེན་ལ་བཞག་པ་དྲུག །མའི་རྟེན་ལ་བཞག་པ་བཅུ་གཉིས། ཐུན་མོང་དུ་བཞག་པ་རྣམས་སུ་ཡོད་པའི་ཕྱིར། ལྔ་པ་གྲངས་ངེས་ཡོད་དེ། ལུང་གཞི་ནས་དངོས་སུ་བསྟན་པའི་གྲངས་ངེས་ཀྱི་དབང་དུ་བྱས་ན་དེ་ལྟར་ངེས་པའི་ཕྱིར། དྲུག་པ་ཡོད་དེ། གསོལ་གཞིའི་ལས་ཀྱི་གྲངས་ལ་ལོག་རྟོག་འགོག་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ཉམས་པ་ཕྱིར་བཅོས་པའི་གཞི་ཇི་ལྟར་འཆད་ཅེ་ན། དེ་ནི། གཞི་མ་ཞི་བར་ཤེས་ནས་གླེང་པ་པོས་སོ་སོར་ཤེས་པར་བྱས་ཤིང་། མངོན་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱའོ། །ཞེས་སོགས་ཀྱིས་འཆད་ལ། འདིའི་དོན་ལ་གཉིས་ཏེ། ལྟུང་བ་ཕྱིར་བཅོས་དང་། རྩོད་པ་ཕྱིར་བཅོས་གཉིས་ཡོད་པའི་ཕྱིར། དང་པོ་ལ་གཞི་དྲུག་ཡོད་དེ། ཕྱིར་བཅོས་ཀྱི་གཞི་དངོས་དང་། དུས་དང་དུས་མིན་པ་སྡུད་པ། ས་གཞན་ན་སྤྱོད་པ། ཡོངས་སུ་སྤྱོད་། ལས་བྱེད་པ། འཁོར་ལོའི་གཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བརྒྱད་ཡོད་དེ། ནན་ཏུར་གྱི་དབྱེ་བ། བསྡུ་བ། མཚན་ཉིད། སྔོན་འགྲོ། རྗེས་ཀྱི་བྱ་བ། ལྟུང་བའི་རྒྱུར་འདྲ་བར་བསྟན་པ། སྒྲ་དོན། ཚུལ་ཇི་ལྟར་བྱ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཅོ་ལྔ་ཡོད་དེ། སྡིགས་པ་ནན་ཏུར། བསྐྲད་པ། སྨད་པ། ཕྱིར་འགྱེད། མ་མཐོང་བ་གནས་ནས་དབྱུང་བ། ཕྱིར་མི་འཆོས་པ་ལ་གནས་དབྱུང་། དེ་བཞིན་དུ། སྡིག་ལྟ་མི་གཏོང་བ། འཐབ་བཀྲོལ་ལས་མ་ལོག་པ། ཉེ་བར་མ་ཞི་བ་ལ་གནས་དབྱུང་ནན་ཏུར་སོགས་ཡོད་པའི་ཕྱིར། གཉིས་པ་བསྡུ་པ་ཡོད་དེ། ངོ་བོ། ཆོ་ག ། ཡུལ་གྱི་སྒོ་ནས་བསྡུ་བ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྨད་པ། སྤངས་པ། རྣམ་དག་གི་ལས་བཞག་པའི་ནན་ཏུར་རྣམས་སུ་འདུ་བའི་ཕྱིར། གཉིས་པ་ཡོད་དེ། གསོལ་བ་འབའ་ཞིག་པ་དང་གསོལ་བཞིའི་ལས་ཀྱི་བྱ་བ་གཉིས་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། ཁྱིམ་པ་དང་རབ་བྱུང་ལ་བྱ་བའི་ནན་ཏུར་གཉིས་སུ་འདུ་བའི་ཕྱིར། གསུམ་པ་མཚན་ཉིད་ཡོད་དེ། དགེ་འདུན་གྱིས་ཆད་པས་བཅད་པ་ན་མཐར་བཟོད་གསོལ་དགོས་པའི་རིགས་གནས་ཀྱི་བྱ་བ་དེ། ནན་ཏུར་གྱི་མཚན་ཉིད་ཡིན་པའི་ཕྱིར། བཞི་པ་ནན་གྱི་སྔོན་འགྲོའི་བྱ་བ་ཡོད་དེ། གཞམ་བསྒོ་སོགས་སྔོན་དུ་འགྲོ་བའི་ཆོས་རུང་མཐུན་སྦྱོར་བའི་ཕྱིར། ལྔ་པ་ཡོད་དེ། སྡིགས་པ་ནན་ཏུར་བྱས་པས་ཀྱང་མ་ལོག་ན་མཇུག་ཏུ་གནས་དབྱུང་དངོས་སུ་གསུངས་པའི་རིགས་པ་གཞན་ཕལ་ཆེར་ལ་སྦྱོར་རིགས་པའི་ཕྱིར། དྲུག་པ་ཡོད་དེ། ཁྱིམ་པ་སུན་འབྱིན་པའི་དགེ་སློང་ལ་དགེ་འདུན་གྱིས་བསྐྲད་པའི་ནན་ཏུར་བྱས་པས་དེས་དགེ་འདུན་ལ་བསྐུར་པ་འདེབས་པ་བཟློག་ཀྱང་མི་གཏོང་ན་ལྷག་མ་བསྐྱེད་པ་ལྟར། ནན་ཏུར་བྱས་པ་གཞན་འགའ་ལའང་སྦྱོར་རིགས་པའི་ཕྱིར། བདུན་པ་ཡོད་དེ། མི་འདོད་བཞིན་དུ་དགེ་འདུན་གྱིས་ཆད་པས་བཅད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བརྒྱད་པ་ཇི་ལྟར་བྱ་བ་ལ་གཉིས་ཡོད་དེ། དགོས་པ་དང་། དགོས་པ་ཅན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉེེས་པ་ལ་ཕྱིས་མི་འཇུག་ཅིང་། ཞུགས་ཟིན་འཕྲོ་གཅོད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་དྲུག་ཡོད་དེ། ཡུལ་གང་ལ། རྟེན་གང་གིས། དུས་ནམ། ཆོ་ག་ཇི་ལྟ་བུས་བྱ་བ། བྱས་པའི་བསླབ་བྱ། དེ་ལས་གྲོལ་བའི་རྒྱུ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡུལ་ཆོས་བཅུ་ལྡན་ཞིག་ལ་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དགེ་འདུན་གྱིས་བྱ་བའི་ཕྱིར། གསུམ་པ་ཡོད་དེ། བྱར་རུང་བའི་སྐབས་སུ་བབས་ཚེ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། སྦྱོར་དངོས་མཇུག་གསུམ་གྱིས་བྱ་བའི་ཕྱིར། དང་པོ་ཡོད་དེ། དགེ་འདུན་བསྡུ་བ་དང་། ལྟུང་བ་གླེང་དྲན་བྱ་བ་སོགས་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། གཞི་འདི་ཉིད་དུ་ལྟུང་བ་ཕྱིར་འཆོས་ཤིག་ཅེས་སོགས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། ཁྱད་པར་ཅན་གྱི་སྤྱོད་པ་ཅི་རིགས་པ་སྤོང་ཞིང་། དམན་སྤྱོད་ཅི་རིགས་བླང་བར་བྱ་བ་ཡིན་པའི་ཕྱིར་ཏེ། དགེ་འདུན་དང་ལྷན་ཅིག་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་དུ་མི་རུང་བ་སོགས་ལ་བསླབ་པར་བྱ་དགོས་པའི་ཕྱིར། དྲུག་པ་ནན་ཏུར་ལས་དགྲོལ་བའི་རྒྱུ་ཡོད་དེ། སྤྱི་དང་། བྱེ་བྲག་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགྲ་བཅོམ་ཐོབ་པ་དང་། བཟོད་པ་ལེགས་པར་གསོལ་བར་བྱས་པ་ན་དེ་ལས་གྲོལ་བར་འགྱུར་པའི་ཕྱིར། གཉིས་པ་ཡོད་དེ། གསོ་སྦྱོང་དང་དགག་དབྱེ་བཞག་པ་ལྟ་བུ་ནི། ནམ་དེ་དག་དང་ལྷན་ཅིག་གསོ་སྦྱོང་སོགས་བྱར་རུང་ཞིང་བྱས་པ་ན་དེ་ལས་གྲོལ་བ་ལྟ་བུ་ཡིན་པའི་ཕྱིར། འོ་ན། ལྟུང་བ་མཐོལ་བཤགས་ཀྱི་སྒོ་ནས་ཕྱིར་བཅོས་ཚུལ་བཞིན་དུ་བྱ་བར་གསུངས་པའི་དོན། ལྟུང་བ་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་ཚུལ་བཞིན་དུ་བྱས་ནས་ལྟུང་བ་འགག་པར་འགྱུར་བ་ཁོ་ན་བྱེད་དམ། སྤྱིིར་མཐོལ་བཤགས་བྱས་པ་ཉིད་ཀྱིས་ཀྱང་ལྟུང་བ་འདགས་པར་འགྱུར་བ་ལ་བྱེད་ཅེ་ན། མཁས་པ་ཁ་ཅིག་ན་རེ། འདུལ་བ་ནས་བཤད་པའི་ཕྱིར་བཅོས་ཚུལ་བཞིན་དུ་མ་བྱས་པར་མཐོལ་བཤགས་ཙམ་གྱིས་ལྟུང་བ་དེ་དང་དེ་འདགས་པར་འགྱུར་བ་མ་ཡིན་ཏེ། དེའི་སྟོབས་ཀྱིས་ལྟུང་བའི་འཕེལ་ཁ་ཆད་པ་ཙམ་དུ་འགྱུར་གྱི། ལྟུང་བའི་ངོ་བོ་འདགས་པར་མི་ནུས་པའི་ཕྱིར་ཟེར། ཁ་ཅིག །སྤྱིར་བཤགས་པ་ཚུལ་བཞིན་དུ་བྱས་པས་ལྟུང་བ་དེ་དང་དེ་འདགས་པར་འགྱུར་བ་ཡོད་ཅེས་གསུང་། རང་རེས་ཕྱི་མ་ལྟར་ཁས་ལེན་པར་བྱ་སྟེ། སྟོབས་བཞིའི་ཚང་བའི་བཤགས་པས་མཚམས་མེད་ཀྱི་ལས་ཀྱང་འདགས་ནུས་པར་གསུངས་པའི་ཕྱིར། འོན་ཀྱང་། དེ་ལ་ལྟུང་བ་དག་པ་ཡིན་ཞེས་པའི་ཐ་སྙད་དངོས་སུ་ནི་མི་བྱེད་པར་གསལ་ཏེ། འདིར་བཅས་པ་དབང་བཙན་པར་འཇོག་དགོས་པའི་ཕྱིར། ལྟུང་བ་ཕྱིར་བཅོས་ཚུལ་ལ་གཉིས་ཡོད་དེ། བསམ་པ་དང་། སྦྱོར་བའི་སྒོ་ནས་བྱ་བ་གཉིས་ཡོད་པའི་ཕྱིར། དང་པོ་ལ་དུ་མ་ཡོད་དེ། ཉེས་པ་སྔ་མ་ལ་འགྱོད་སེམས་དང་། ཕྱི་མ་ལ་བསྡོམ་སེམས་སོགས་མང་དུ་ཡོད་པའི་ཕྱིར། གཉིས་པ་ལའང་གཉིས་ཡོད་དེ། འཆབ་ཉེས་འགོག་པའི་ཆེད་དུ་མཐོལ་བ་དང་། ལྟུང་བ་ཉིད་བཤགས་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྐབས་ཀྱི་དགེ་འདུན་ནམ། དགེ་སློང་ཅི་རིགས་ཀྱི་མདུན་དུ་མཐོལ་བ་ཡིན་པའི་ཕྱིར། མཐོལ་བའི་རྟེན་དུ་ནི་ཆོས་བཞི་ལྡན་ཞིག་དགོས་ཏེ། སྡོམ་པ་གསོ་རུང་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བསམ་པ་རང་བཞིན་དུ་གནས་པ། གནས་ནས་མ་ཕྱུང་བ་སྟེ་ཆོས་བཞི་ལྡན་དགོས་ལ། མཐོལ་བའི་ཡུལ་ལ་ནི་ཆོས་བདུན་ལྡན་ཞིག་དགོས་པའི་ཕྱིར། དངོས་པོ་གང་མཐོལ་བ་ཡོད་དེ། རང་རྒྱུད་ཀྱི་ལྟུང་བ་ངོ་བོ་ཤེས་ཤིང་དྲན་ནུས་པ་ཞིག་མཐོལ་བའི་ཕྱིར། ཆོ་གས་ཇི་ལྟ་བུས་མཐོལ་བ་ཡོད་དེ། མཐོལ་ཡུལ་གྱི་མདུན་དུ་སྤྱོད་ལམ་གུས་པའི་སྒོ་ནས་སྔགས་ཚིག་ལན་གསུམ་མམ། ལྟུང་བ་འདི་ལྟ་བུ་ཞིག་བྱུང་ངོ་ཞེས་ཚིག་བརྗོད་ཅིང་། ཐབས་ལེགས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལྟུང་བ་བཤགས་པ་ལ་གཉིས་ཡོད་དེ། བསྙེན་པར་རྫོགས་པ་མ་ཡིན་པ་དང་། རྫོགས་པའི་བཤགས་ཚུལ་གཉིད་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡུལ་གང་ལ་གང་གིས་བཤགས་པ་སོགས་ཡོད་པའི་ཕྱིར། དེ་དག་ཀྱང་ཡོད་དེ། ཡུལ་ནི་དགེ་སློང་ཆོས་བརྒྱད་ལྡན་གྱི་མདུན་དུ་དང་། རྟེན་རང་གི་སྡོམ་པ་གསོ་རུང་དང་ལྡན་པ་སོགས་དང་། བཤགས་བྱའི་ཉེས་བྱས་རང་རྒྱུད་ཀྱིས་བསྡུས་པ་སོགས་ཡིན་པ་དང་། བཤགས་ཚུལ་ནི། བཤགས་ཡུལ་གྱི་མདུན་དུ་ཐུགས་གཏད་སོགས་དང་། མིང་རིགས་བརྗོད་པའི་སྒོ་ནས་སྔགས་ཚིག་ལན་གསུམ་དང་། མཐོང་སྡོམ་གྱི་ལན་དང་། ཐབས་ལེགས་ཀྱང་བྱ་བ་ཡིན་པའི་ཕྱིར། ལྟུང་བའི་མིང་རིགས་བརྗོད་པའི་དོན་ཡོད་དེ། མིང་ནི་སྡེ་ཚན་དང་། རིགས་ནི་དེའི་ངོ་བོ་བརྗོད་པ་ཡིན་པའི་ཕྱིར། གཉིས་པ་རྫོགས་པའི་བཤགས་ཚུལ་ཡོད་དེ། ཐོག་མར་བཅབས་པའི་ཉེས་པ་མཐོལ་ལ། དེ་ནས་དངོས་གཞི་མཐོལ་བར་བྱ་བའི་ཕྱིར། དང་པོ་ལ་མཐོལ་བ་དང་བཤགས་པ་གཉིས་ལས། དང་པོ་ལ་བཞི་སྟེ། ཡུལ་གང་ལ། རྟེན་གང་གིས། དངོས་པོ་གང་། ཆོ་ག་ཇི་ལྟ་བུས་བཤགས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་སློང་ཆོས་བརྒྱད་ལྡན་གྱི་མདུན་དུ་བཤགས་པར་བྱ་བའི་ཕྱིར། ཆོས་བརྒྱད་ཡོད་དེ། དགེ་སློང་གི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བསམ་པ་རང་བཞིན་དུ་གནས་པ། གནས་ནས་མ་ཕྱུང་བ། ལྟ་སྤྱོད་གཞན་དུ་མ་སོང་བ། མཚན་མཐུན་པ། ཚོགས་སུ་མ་ལོངས་པ། ལྟུང་མིང་རིགས་མཐུན་པས་མ་གོས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་ཞིང་། བསམ་པ་རང་བཞིན་དུ་གནས་པ་ཞིག་གི་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ལྟུང་བ་བཅབས་པའི་ཉེས་པ་ཡིན་ལ། བསྡམ་བྱ་དང་ཕམ་པ་བཅབས་པའི་ཉེས་པ་ལས་གཞན་ཡིན་པ། རང་རྒྱུད་དང་འབྲེལ་ཞིང་སྔར་མ་མཐོལ་བ་ཞིག་མཐོལ་བའི་ཕྱིར། བཞི་པ་ཡོད་དེ། སྦྱོར་བ་སྔོོན་དུ་བཏང་ནས་ལྟུང་བའི་གྲངས་ཤེས་པ་དང་པོ་ཤེས་པའི་དབྱེ་བ་ཕྱེ་བའི་སྒོ་ནས་མཐོལ་ཞིང་། མཇུག་མཐོང་སྡོམ་མི་འདྲི་བར་ཐབས་ལེགས་བྱ་བ་ཡིན་པའི་ཕྱིར། གཉིས་པ་བཅབས་པའི་ཉེས་བ་བཤགས་ཚུལ་ལ་བཞི་ཡོད་དེ། དངོས་པོ་གང་། ཡུལ་གང་ལ། རྟེན་གང་གིས། ཆོ་ག་ཇི་ལྟ་བུས་བཤགས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལྟུང་བ་བཅབས་པའི་ཉེས་པ་ཡིན་པ་ཞིག་བཤགས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དགེ་སློང་ཆོས་བརྒྱད་ལྡན་གྱི་མདུན་དུ་བཤགས་པར་བྱ་བའི་ཕྱིར། གསུམ་པ་ཡོད་དེ། དགེ་སློང་ཆོས་བཞི་ལྡན་ཞིག་གིས་བྱ་བའི་ཕྱིར། བཞི་པ་ཡོད་དེ། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། དང་པོ་ཡོད་དེ། བཤགས་ཡུལ་ལ་སྤྱིར་བསླབ་པ་རྒན་པ་དང་། གཞོན་ཡང་དགེ་འདུན་དུ་ལོངས་ན་ཕྱག་བྱ་བ་སོགས་ཀྱི་སྤྱོད་ལམ་དང་། སྤངས་ལྟུང་ཕྱིར་བཅོས་ཡིན་ན། སྤངས་རྒྱུའི་དངོས་པོ་ཞག་གཅིག་གཞན་ལ་སྤང་དགོས་པའི་ཕྱིར། གང་ཟག་ཁྱད་པར་ཅན་ལ་མ་ངེས་ཏེ། དེས་མ་སྤངས་བར་བཤགས་ཆོག་པའི་ཕྱིར། གཉིས་པ་དངོས་གཞིའི་བྱ་ཚུལ་ཡོད་དེ། སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། སྤྱིར་བཤགས་པ་ལ་མཐོལ་བ་སྔོན་དུ་གཏོང་དགོས་ཀྱང་དེར་མ་ངེས་ཏེ། མཐོལ་བཤགས་དུས་གཅིག་ཏུའང་བྱར་རུང་བ་ཡོད་པའི་ཕྱིར། དངོས་གཞི་བཤགས་པ་ལའང་གཉིས་ཡོད་དེ། བཤགས་ཡུལ་གྱི་གྲངས་དང་། ཕམ་ལྷག་གི་ཕྱིར་བཅོས་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕམ་པའི་སྡེར་གཏོགས་ཀྱི་སྦོམ་པོ་ལྕི་བ་རྣམས་དགེ་སློང་དྲུག་དང་། ལྷག་མའི་སྡེར་གཏོགས་ཀྱི་སྦོམ་པོ་ལྕི་བ་རྣམས་དགེ་སློང་ལྔའི་མདུན་དུ་དང་། ཕམ་པའི་སྡེར་གཏོགས་ཀྱི་སྦོམ་པོ་ཡང་བ་རྣམས་དགེ་སློང་བཞི་དང་། གཞན་རྣམས་དགེ་སློང་རེ་རེའི་མདུན་དུ་བཤགས་པར་བྱ་བའི་ཕྱིར། གཉིས་པ་ལ་ལྷག་མ་དང་ཕམ་པ་གཉིས་ལས། དང་པོ་ལ་གཉིས་ཡོད་དེ། གང་ཟག་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པའི་ལྷག་མ་ཕྱིར་བཅོས་པའི་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྡེ་སྣོད་གསུམ་ཤེས་ཤིང་བག་ཡོད་དང་ལྡན་པའི་དགེ་སློང་དེས་སྤོ་མ གུ་དབྱུང་གསུམ་ལ་སྤྱད་པར་དགེ་སློང་གཅིག་གི་མདུན་དུ་མིང་རིགས་ཀྱི་སྒོ་ནས་བཤགས་པས་ཀྱང་འདགས་པར་འགྱུར་བའི་ཕྱིར་ཏེ། མདོར། ངོ་ཚ་དང་ལྡན་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་ཤེས་པས་ནི་གང་ཟག་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ་། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། སྦོམ་པོའི་སྒོ་ནས་ལྷག་མའི་བཅབས་ཉེས་ཕྱིར་བཅོས་དང་། ལྷག་མ་དངོས་ཀྱི་ཕྱིར་བཅོས་བྱ་བའི་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། སྤོ་བ་ནོད་པ་དང་སྤྱོད་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་དྲུག་ཡོད་དེ། ཡུལ་གང་ལ་ནོད་པ། རྟེན་གང་གིས། གང་གི་ཆེད་དུ། ཡུན་ཇི་སྲིད། ཆོ་ག་ཇི་ལྟ་བུས་ནོད་པ། སྒྲ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དགེ་འདུན་ཆོས་གསུམ་ལྡན་གྱི་མདུན་དུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཐུན་མོང་པའི་ཆོས་བརྒྱད་དང་ལྡན་པའི་དགེ་སློང་ཁྱད་པར་ཅན་མ་ཡིན་པ་ཞིག་གིས་བྱ་བའི་ཕྱིར། གསུམ་པ་ཡོད་དེ། བཅབས་ཉེས་འདགས་པའི་ཆེད་ཡིན་པའི་ཕྱིར། བཞི་པ་ཡོད་དེ། རྣམ་གྲངས་ཇི་སྙེད་བཅབས་པ་དེ་སྲིད་ཀྱི་བར་ཡིན་པའི་ཕྱིར། ལྔ་པ་ལ་གསུམ་ཡོད་དེ། སྦྱོར་དངོས་མཇུག་གསུམ་གྱིས་བྱ་བའི་ཕྱིར། དང་པོ་ཡོད་དེ། དགེ་འདུན་བསྡུ་པའི་སྐབས་སྒྲུབ་པ་དང་། གུས་པའི་སྤྱོད་ལམ་བསྟེན་པ་སོགས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། གསོལ་བཞིའི་ལས་ཀྱིས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཐབས་ལེགས་བཅས་བྱ་བའི་ཕྱིར། དྲུག་པ་ཡོད་དེ། རང་བཞིན་གྱི་གནས་དེ་ནས་དམན་པའི་སར་སྤོས་པས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་སྤོ་བ་སྤྱོད་ལའང་དྲུག་ཡོད་དེ། ཡུལ་གང་ལ། རྟེན་གང་གིས། གནས་གང་དུ། ཅིའི་ཕྱིར་དུ། ཡུན་ཇི་སྲིད། ཚུལ་ཇི་ལྟར་སྤྱོད་པ་རྣམས་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚམས་ནང་དེར་གནས་པ། མཚན་དང་ལྟ་བ་མཐུན་པ་དག་ལ་སྤྱོད་པའི་ཕྱིར། གཉིས་པ་ཡོད་དེ། སྤོ་བ་ནོད་པ་དེས་སྤྱད་པར་བྱ་བའི་ཕྱིར། གསུམ་པ་ཡོད་དེ། སྤོ་བ་ནོད་པའི་གནས་ཉིད་དུ་བྱ་བའི་ཕྱིར། བཞི་པ་ཡོད་དེ། བཅབས་ཉེས་འདགས་པའི་ཆེད་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། ནོད་པའི་ཞག་གྲངས་བཞིན་ཡིན་པའི་ཕྱིར། དྲུག་པ་ཡོད་དེ། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་དང་དམན་སྤྱོད་ལྔ་དང་དུ་ལེན་པ་སོགས་བྱ་བ་ཡིན་པའི་ཕྱིར། དང་པོ་ལྔ་ཡོད་དེ། གཞན་གྱིས་གུས་པ་བདག་གིར་མི་བྱེད་པ་དང་། གཞན་དང་མཉམ་པ་དང་ལྷག་པའི་བསམ་པ་མི་བསྐྱེད་པ་དང་། བླ་མའི་གནས་དང་། ཆད་ལས་སུ་གཏོགས་པའི་བྱ་བ་དང་། སྟོན་པའི་ཁྱད་པར་དང་ཉེ་བ་རྣམས་རེ་ཞིག་སྤོང་བར་བྱ་བའི་ཕྱིར། དམན་སྤྱོད་ལྔ་ལེན་པ་ཡོད་དེ། ནང་བར་དང་། ཆོས་སྟོན་པའི་དུས་དང་། གདུགས་ཀྱི་དུས་དང་། དུས་ཐམས་ཅད་དང་། དགོང་མོའི་དུས་སུ་ཇི་ལྟར་བྱ་བ་བྱེད་དུ་བཅུག་པ་རྣམས་ཀྱང་དེ་བཞིན་དུ་བྱ་དགོས་པའི་ཕྱིར། གཉིས་པ་ལྷག་མའི་དངོས་གཞི་ཕྱིར་བཅོས་ལ་གཉིས་ཡོད་དེ། མགུ་བ་དང་། དབྱུང་བས་ཕྱིར་བཅོས་པའི་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ལའང་གཉིས་ཡོད་དེ། མགུ་བ་ནོད་པ་དང་། སྤྱོད་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་དྲུག་ཡོད་དེ། སྤོ་བའི་སྐབས་ལྟར་ཡུལ་གང་ལ་སོགས་དྲུག་ཡོད་པའི་ཕྱིར། དང་པོ་གཉིས་དང་ལྔ་པ་ནི་སྔར་དང་འདྲ་ལ། གསུམ་པ་དགོས་པ་ཡོད་དེ། དབྱུང་བ་ཆགས་པའི་ཆེད་དང་། ལྷག་མའི་དངོས་གཞི་འདགས་པའི་ཆེད་ཡིན་པའི་ཕྱིར། བཞི་པ་ལ་ཞག་གྲངས་ཀྱི་ཁྱད་པར་ཡོད་དེ། མགུ་བ་དགེ་སློང་གིས་ཞག་དྲུག་དགེ་སློང་མས་ཟླ་ཕྱེད་དུ་བྱ་བའི་ཕྱིར། དྲུག་པ་ཡོད་དེ། དགེ་འདུན་མགུ་བར་བྱེད་དགོས་པས་ན་དེ་ལྟར་བརྗོད་པའི་ཕྱིར། མགུ་བ་སྤྱོད་པ་ལའང་དེས་འགྲེའོ། །གཉིས་པ་དབྱུང་བས་ཕྱིར་བཅོས་ཚུལ་ལ་ལྔ་ཡོད་དེ། ཡུལ་གང་ལས་དབྱུང་བ་ནོད་པ། རྟེན་གང་གིས། དགོས་པ་ཅིའི་ཕྱིར། ཆོ་ག་གང་གིས། སྒྲ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གྲངས་ཚང་བའི་དགེ་འདུན་ལ་ནོད་པར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། མགུ་བ་སྤྱོད་པའི་དགེ་སློང་དེས་ནོད་པའི་ཕྱིར། གསུམ་པ་ཡོད་དེ། རང་རྒྱུད་གྱི་ལྷག་མའི་ལྟུང་བ་དངོས་གཞི་ཡིན་པ་ཞིག་འདགས་པའི་ཆེད་ཡིན་པའི་ཕྱིར། བཞི་པ་ལ་གསུམ་ཡོད་དེ། སྦྱོར་དངོས་མཇུག་གསུམ་ཡོད་པའི་ཕྱིར། དང་པོ་སླ། དངོས་གཞི་ཡོད་དེ། གསོལ་བཞིའི་ལས་ཀྱིས་བྱ་ཞིང་། མཇུག་ཏུ་གཟེངས་བསྟོད་པར་བྱ་བ་ཡིན་པའི་ཕྱིར། ལྔ་པ་སྒྲ་བཤད་ཡོད་དེ། དམན་ས་ནས་རང་བཞིན་གྱི་སར་དབྱུང་བས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ཕམ་པ་ཕྱིར་བཅོས་ལ་གཉིས་ཡོད་དེ། ཕམ་པ་འཆབ་བཅས་བྱུང་ན་ཇི་ལྟར་བྱ་བ་དང་། འཆབ་མེད་ཕྱིར་བཅོས་པའི་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། བཅོས་སུ་མི་རུང་བས་གནས་དབྱུང་བྱ་བ་ཡིན་པའི་ཕྱིར། གཉིས་པ་འཆབ་མེད་བྱུང་བ་ཕྱིར་བཅོས་ཚུལ་ལ་གཉིས་ཡོད་དེ། བསླབ་པ་ནོད་པ་དང་། དེ་སྤྱོད་པའི་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ལ་དྲུག་ཡོད་དེ། ཡུལ་གང་ལ་ནོད་པ། རྟེན་གང་གིས། གང་གི་ཆེད་དུ། ཡུན་ཇི་སྲིད། ཆོ་ག་ཇི་ལྟ་བུས། སྒྲ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་འདུན་ལ་ནོད་པར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་དང་ལྡན་ཞིང་ཕམ་པ་བྱུང་བའི་དགེ་སློང་དེས་བྱ་བའི་ཕྱིར། གསུམ་པ་ཡོད་དེ། རང་རྒྱུད་ཀྱི་བཅབས་ཉེས་མེད་པ་ཕམ་པ་དེ་འདགས་པའི་ཆེད་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ཇི་སྲིད་འཚོ་བར་དུ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། སྦྱོར་དངོས་མཇུག་གསུམ་གྱིས་བྱ་བ་ཡིན་པའི་ཕྱིར། དང་པོ་ནི་གོང་བཞིན་དང་། དངོས་གཞི་དང་མཇུག་ཏུ་བྱ་བ་ཡོད་དེ། གསོལ་བཞིའི་ལས་ཀྱིས་དང་མཇུག་སྡུད་བྱ་བ་ཡིན་པའི་ཕྱིར། དྲུག་པ་ཡོད་དེ། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་དམན་སྤྱོད་ལྔ་ལ་བསླབ་པར་བྱ་བ་ནོད་པས་ན་དེ་སྐད་བརྗོད་པའི་ཕྱིར། གཉིས་པ་སྤྱོད་པ་ལའང་དྲུག་ཡོད་དེ། ཡུལ་གང་། གང་གིས། གང་དུ། ཅིའི་ཕྱིར། ཇི་སྲིད། ཚུལ་ཇི་ལྟར་དུ་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚན་ཉིད་ལྡན་པའི་དགེ་འདུན་ལ་སྤྱད་པར་བྱ་བའི་ཕྱིར། གཉིས་པ་ཡོད་དེ། བསླབ་པ་ནོད་པ་དེས་བྱ་བའི་ཕྱིར། གསུམ་པ་ཡོད་དེ། ནོད་པ་དང་འདྲ་བའི་ཕྱིར། བཞི་པ་ཡོད་དེ། འཆབ་པ་འདགས་པའི་ཆེད་དུ་ཡིན་པའི་ཕྱིར། ལྔ་པ་དང་དྲུག་པ་ཡོད་དེ། གོང་བཞིན་ཡིན་ཀྱང་བསླབ་པ་བྱིན་གྱིས་བརླབས་པ་ལ་སྤྱོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། དམིགས་བསལ་ཡོད་དེ། དགྲ་བཅོམ་པའི་གོ་འཕང་ཐོབ་པ་ན་དེ་ལས་གྲོལ་པར་འགྱུར་བའི་ཕྱིར་རོ། ། གཉིས་པ་དུས་དང་དུས་མ་ཡིན་པ་འབྱུང་བའི་གཞི་ལ་བཞི་ཡོད་དེ། དེ་ལ་བསམ་པ་སྦྱོར་བ་མཐར་ཐུག་གི་ཡན་ལག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད། དགེ་འདུན་གྱི་ལྷག་མའི་བཅབས་ཉེས་རང་རྒྱུད་དང་འབྲེལ་བ། ངོ་བོ་ཤེས་ཤིང་ཐེ་ཚོམ་ཟ་བ་གང་རུང་ཞིག་བཅབས་པ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། འདུ་ཤེས་མ་འ ཁྲུལ་ཞིང་ཀུན་སློང་ཉེས་པ་དེ་བརྗོད་པར་མི་འདོད་ཀྱི་བསམ་པ་རྒྱུན་མ་ཆད་པ་ཞིག་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཉེས་པ་མི་མཐོལ་བ་སེམས་པ་ཞིག་ཡིན་པའི་ཕྱིར། བཞི་པ་ཡོད་དེ། མཐར་ཐུག་མ ཚན་མོ་དེ་འདས་པ་ན་བཅབས་ཉེས་བསྐྱེད་པ་ཡིན་པའི་ཕྱིར། གསུམ་པ་ས་གཞན་ན་གནས་པ་སྤྱོད་པའི་གཞི་ལ་དྲུག་ཡོད་དེ། དབྱེ་བ། བསྡུ་བ། མཚན་ཉིད། བསླབ་བྱ། སྒྲ་བཤད། གྲོལ་བའི་དུས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྤོ་བ་སྤྱོད་པ་གསུམ། མགུ་པ་སྤྱོད་པ་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ་སྟེ་བཅུ་གཉིས་དང། སྡིགས་སྨད་སོགས་ཉེར་དྲུག་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། སྤོ་བ་སྤྱོད་པ། གཞི་ནས་སྤོ་བ་སྤྱོད་པ། ཡང་གཞི་ནས་སྤོ་བ་སྤྱོད་པ་སྟེ་གསུམ། མགུ་པ་ལ་ཡང་དེ་ལྟར་ཕྱེ་བ་གསུམ། སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ། གཞི་ནས་སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ། ཡང་གཞི་ནས་བླངས་ཏེ་མགུ་བ་དང་ལྡན་པ་གསུམ། སྡིགས་སླད་བསྐྲད་ཕྱིར་འགྱེད་བཅས་བཞི། གནས་དབྱུང་བདུན། བསྙིལ་བ་ནན་ཏུར། ངོ་བོ་ཉིད་འཚོལ་བ། བསླབ་པ་བྱིན་པ་སོགས་ཞེ་བཞི་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། ངོ་བོ། རྣམ་གྲངས། བསླབ་བྱའི་སྒོ་ནས་བསྡུ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། སྤངས་པ ས་གཞན་ན་གནས་པ། སྨད་པས་གཞན་དུ་གནས་པ། རྣམ་པར་དག་པར་བྱེད་པས་གཞན་ན་གནས་པ་གསུམ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། ས་གཞན་ན་གནས་པ་ལ་ནན་ཏུར་བྱས་པ་དང་མ་བྱས་པ་གཉིས་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། ས་གཞན་ན་གནས་པ་ལ་ཆེན་པོ་དང་ཆུང་ངུ་གཉིས་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། དམན་སར་བྱེད་ཆོས་ལས་གྱི་ཆོ་གའི་སྒོ་ནས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤངས་དགོས་རུང་དུ་གནས་པ་དེ། དེའི་མཚན་ཉིད་ཡིན་པའི་ཕྱིར། བཞི་པ་ཡོད་དེ། དམན་སྤྱོོད་ཆེ་ཆུང་གང་ལ་སྤྱོད་དུ་བཅུག་པ་དེ་ལ་བསླབ་པར་བྱ་བའི་ཕྱིར། ལྔ་པ་ཡོད་དེ། རང་བཞིན་གྱི་ས་ནས་དམན་པའི་ས་གཞན་དུ་གནས་པ་ལ་དེ་ལྟར་བརྗོད་པའི་ཕྱིར། དྲུག་པ་ཡོད་དེ། དགྲ་བཅོམ་ཐོབ་པ་དང་། བཟོད་པ་གསོལ་པས་ནན་ཏུར་ལས་གྲོལ། སྤོ་མ གུ་སྤྱད་ཟིན་ནས་དེ་ལས་གྲོལ་བ་སོགས་ཡིན་པའི་ཕྱིར། བཞི་པ་ཡོངས་སུ་སྦྱོང་བའི་གཞི་ལ་བདུན་ཡོད་དེ། ལྟུང་བ་དེ་ཡུལ་གང་ལ་གླེང་བ། རྟེན་གང་གིས། གནས་གང་དུ། དུས་ནམ་གྱི་ཚེ། གཞི་གང་ལ། ཇི་ལྟར་དུ་གླེང་བ། གླེང་བའི་བྱ་བ་བསྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཆོས་བརྒྱད་དང་ལྡན་པ་ཞིག་ལ་བྱ་བའི་ཕྱིར། གཉིས་པ་ཡོད་དེ། ཆོས་དགུ་ལྡན་གྱི་དགེ་སློང་ཞིག་གིས་གླེང་བར་བྱ་བའི་ཕྱིར། གསུམ་པ་ཡོད་དེ། དབེན་པའི་གནས་སུ་བྱ་བའི་ཕྱིར། བཞི་པ་ཡོད་དེ། དབྱར་གྱི་ནང་མིན་པར་སྐབས་སུ་བབས་ན་གླེང་བར་བྱ་བའི་ཕྱིར། ལྔ་པ་ཡོད་དེ། མཐོང་ཐོས་དོགས་གསུམ་གྱི་གཞི་དང་བཅས་པ་ལ་གླེང་བ་ཡིན་པའི་ཕྱིར། དྲུག་པ་ཡོད་དེ། ལེགས་པར་བསམས་ཤིང་བརྟགས་ནས་དྲན་ཤེས་དང་བྱམས་པའི་སེམས་ཀྱིས་གླེང་བའི་སྐབས་ཕྱེ་བའི་སྒོ་ནས་གླེང་བར་བྱ་བའི་ཕྱིར། བདུན་པ་ཡོད་དེ། གླེང་བའི་སྐབས་འབྱེད་མི་འབྱེད་གཉིས་ལས། མི་འབྱེད་པ་ལ་ཐམས་ཅད་དུ་མི་འབྱེད་པ་དང་། འབྱེད་མ་འབྱེད་ཀྱི་ཁྱད་པར་བྱེད་པ་གཉིས་ཀྱི་དང་པོ་ལ་གཞམས་བསྒོ་སོགས་བྱ། དེས་མ་བཏང་ན་སྐྲད་པ་ནན་ཏུར་དང་། དེེས་ཀྱང་མ་བཏང་ན་བསྐྲད་པར་བྱ་བའི་ཕྱིར། འབྱེད་མི་འབྱེད་གཉིས་གྱི་ཆ་བྱེད་པ་ལ་ཇི་ལྟར་བྱ་བ་ཡོད་དེ། བརྗོད་བཅས་ཀྱི་ནན་ཏུར་དང་། དེས་མ་ཉན་ན། གདམས་ངག་དང་གསོ་སྦྱོང་དགག་དབྱེ་བཞག །དེས་ཀྱང་མ་ཐུལ་ན་གནས་དབྱུང་བྱ་བ་ཡིན་པའི་ཕྱིར། སྐབས་འབྱེད་པ་ལ་ཇི་ལྟར་བྱ་བ་ཡོད་དེ། བསྙེན་པར་མི་བྱེད་པ་གཉིས་ལས། དང་པོ་ལ་ཕུར་བཅས་དང། གདམས་ངག་འཇོག་པ་དང་། གནས་དབྱུང་གི་བར་བྱ་བ་ཡིན་ལ། བསྙེན་པར་བྱེད་ན་ལྟུང་བ་གླེང་བར་བྱ་ཞིང་། དེའི་ཚེ་ཁས་ལེན་པ་དང་མི་ལེན་པ་གཉིས་ལས། དང་པོ་ལ་བརྗེད་པ་ཡིན་ན། ངོ་བོ་ཉིད་འཚོལ་བ་སྦྱིན་པ་དང་། ཤེས་བཞིན་མི་ལེན་ན། མ་མཐོང་པ་གནས་དབྱུང་བྱ་བ་དང་། ཁས་ལེན་པ་ལའང་ཕྱིར་བཅོས་བྱེད་མི་བྱེད་གཉིས་ལས། ཕྱི་མ་གནས་དབྱུང་དང་། སྔ་མ་ནི་ཕྱིར་བཅོས་ལ་གཞུགས་པར་བྱ་བ་ཡིན་པའི་ཕྱིར། ལྔ་པ་ལས་བྱེ་བའི་གཞི་ལ་བཞི་ཡོད་དེ། གཞི་བསམ་པ་སྦྱོར་བ་མཐར་ཐུག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། གང་དུ་དབྱེ་བ། གང་དབྱེ་བ། གང་གིས་དབྱེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འཛམ་གླིང་འདི་ལྟ་བུར་མཚམས་གཅིག་གི་ནང་དུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བརྒྱད་ཕན་གྱི་གྲངས་ཚང་ཞིང་། སོ་སྐྱེ་ཡིན་པའི་ཞིག་དགོས་པའི་ཕྱིར། གསུམ་པ་ཡོད་དེ། ཆོས་མིན་གྱི་ལས་གྱིས་འབྱེད་པ་ཡིན་པའི་ཕྱིར། གཉིས་པ་བསམ་པའི་ཡན་ལག་ཡོད་དེ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཐ་དད་དུ་འབྱེད་པར་འདོད་པ་ཞིག་ལ་བྱེད་པའི་ཕྱིར། གསུམ་པ་སྦྱོར་བ་ཡོད་དེ། ལས་སོ་སོར་འབྱེད་པ་ལ་ཞུགས་པ་ཞིག་ཡིན་པའི་ཕྱིར། བཞི་པ་མཐར་ཐུག་ཡོད་དེ། ཕན་ཚུན་བྱེ་ཟིན་པ་ན་དེར་འགྱུར་བའི་ཕྱིར། དྲུག་པ་འཁོར་ལོ་བྱེ་བའི་གཞི་ལ་གཉིས་ཡོད་དེ། ཞི་བྱ་དང་ཞི་བྱེད་གཉིས་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། གཞི། བསམ་པ། སྦྱོར་བ། མཐར་ཐུག་གི་ཡན་ལག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། དུས་ནམ་གྱི་ཚེ། གང་ཟག་གང་། རྟེན་གང་གིས། ཇི་ལྟར་འབྱེད་པའི་ཚུལ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྟོན་པ་སངས་རྒྱས་ནས་དུས་ཧ་ཅང་རིང་པོར་མ་ལོན་པའི་སྐབས་ཞིག་ཏུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སོ་སྐྱེའི་དགེ་སློང་འགའ་ཞིག་འབྱེད་པའི་ཕྱིར། གསུམ་པ་ཡོད་དེ། དགེ་སློང་ལྷས་སྦྱིན་འཁོར་བཅས་གྱིས་འབྱེད་པའི་ཕྱིར། བཞི་པ་ཡོད་དེ། བསླབ་ཚིག་ལྔས་ཆོས་ལས་གཞན་དུ་ཆོས་མིན་ཕྱོགས་སུ་འབྱེད་པའི་ཕྱིར། བསླབ་ཚིག་ལྔ་ཡོད་དེ། དགེ་སྦྱོང་གོའུ་ཏ་མའི་འཁོར་གྱིས་ནི་ཤ་ཟ། འོ་མ་བཏུང་། ལན་ཚྭ་ཟ། དྲས་དྲུབ་གྱོན། དགོན་པར་གནས་པར་བྱེད་དོ། ཁོ་ཅག་ནི་དེ་ལྟར་མི་བྱེད་དོ་ཞེས་བཅས་པ་ཡིན་པའི་ཕྱིར། གཉིས་པ་ཞི་བྱེད་ཡོད་དེ། མཆོག་ཟུང་གཉིས་ཀྱིས་ཞི་བར་བྱེད་པའི་ཕྱིར། གཉིས་པ་རྩོད་པ་ཕྱིར་བཅོས་ལ་བདུན་ཡོད་དེ། རྩོད་པའི་རྒྱུ། ངོ་བོ། དབྱེ་བ། ཞི་བྱེད། རྩོད་པ་འཁྲུལ་མ་དང་། འདི་བྱེད་འཁྲུལ་མའི་དོན། རྩོད་པ་མཐར་བསྐྱེལ་བའི་ཚུལ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འདོད་ཆགས་སོགས་ནང་གི་རྒྱུ་དང་། འཁྲུགས་ལོང་གི་རྒྱུ་བཞི་ཡོད་པའི་ཕྱིར། ཕྱི་མ་བཞི་ཡོད་དེ། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། སྤོང་བ་དང་། ལྟུང་བ་བཅས་པ་དང་། ལས་ལ་མི་མཐུན་པ་སྦྱིན་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ངོ་བོ་ཡོད། ཕན་ཚུན་མི་མཐུན་པར་གྱུར་བའི་རྐྱེན་གྱིས་འཁོར་དུ་འཛིན་པ་བྱེད་པའི་ཤེས་པ་ཞིག་ལ་བྱེད་པའི་ཕྱིར། གསུམ་པར་དབྱེ་བ་ཡོད་དེ། འགྱེད་ཕྱིར་རྩོད་པ། མི་གདམས་ཕྱིར་རྩོད་པ། ལྟུང་ཕྱིར་རྩོད་པ། ལས་ཕྱིར་རྩོད་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་དེ་ལ་གཉིས་ཡོད་དེ། རྒྱུ་བཅས་ཀྱི་རྩོད་པ་དང་། རྒྱུ་མེད་ཀྱི་རྩོད་པ་གཉིས་ཡོད་པའི་ཕྱིར། བཞི་པ་ཞི་བྱེད་ལ་གསུམ་ཡོད་དེ། ཞི་བྱེད་ངོས་བཟུང་བ་དང་། རྩོད་པ་གང་ལ་ཞི་བྱེད་གང་འཇུག་པ། རྩོད་པ་པོའི་ཞི་བྱེད་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྩོད་པ་བྱེད་པ་པོ་ཚེའི་དུས་བྱས་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། མངོན་སུམ་གྱིས་ཞི་བྱེད། དྲན་པས་འདུན་པ་སྦྱིན་པ། མ་མྱོས་པས་འདུལ་བ་སྦྱིན་པ། གང་མང་གི་སྒོ་ནས་ཞི་བ། ལྟུང་བའི་ངོ་བོ་ཉིད་ཚོལ་བ་སྦྱིན་པ། རྩྭ་བཀྲམ་པ་ལྟ་བུའི་སྒོ་ནས་ཞི་བ། ཁས་བླངས་པའི་སྒོ་ནས་ཞི་བ་དང་བདུན་གྱིས་བརྩོད་པ་དང་པོ་གསུམ་ཅི་ལྟར་རིགས་པར་ཞི་བ་བྱེད་ཅིང་། རྩོད་པ་བཞི་པ་ལ་ཀུན་ཐུན་མོང་དུ་འཇུག་པའི་ཕྱིར། གསུམ་པ་ཡོད་དེ། འགྱེད་ཕྱིར་རྩོད་པ་ཞི་བྱེད་སོགས་བཞི་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། མངོན་སུམ་གྱི་ཞི་བྱེད་དང་། གང་མང་གི་ཞི་བྱེད་གཉིས་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། ཞི་བྱེད་མངོན་སུམ་བརྒྱད་ངོས་བཟུང་བ་དང་། དེས་ཇི་ལྟར་ཞི་བར་བྱེད་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྒོལ་ཕྱིར་རྒོལ་གྱི་མངོན་སུམ། གཟུ་བོའི་མངོན་སུམ། དགེ་འདུན་གྱིས་ཞི་བའི་མངོན་སུམ། གསལ་བའི་མངོན་སུམ། གསལ་བའི་གསལ་བའི་མངོན་སུམ། གནས་བརྟན་དང་བཅས་པའི་དགེ་འདུན་གྱི་མངོན་སུམ། སྡེ་སྣོད་འཛིན་པའི་མངོན་སུམ། གནས་བརྟན་མཐུ་ལྡན་གྱི་མངོན་སུམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། རྒོལ་ཕྱིར་རྒོལ་གཉིས་གྱིས་བདག་ཡོད་མེད་ལྟ་བུ་ལ་རྩོད་པ་དེ་དེ་གཉིས་ཀྱིས་ལུང་དང་རིགས་པ་མངོན་སུམ་དུ་བློ་མཐུན་པའི་ཕྱོགས་སུ་ཞི་བ་དང་པོ། རང་སྟོབས་ཀྱི་མི་ནུས་ན་དཔང་པོ་བསྐོས་པས་ལེགས་པར་ཞི་བ་གཉིས་པ། དེ་མ་ནུས་ན་རྩོད་པའི་རྒྱུ་ཡོད་པའི་དགེ་འདུན་ཞིག་གིས་མི་འཐད་པ་ལ་གནོད་བྱེད་དང་འཐད་པ་ལ་སྒྲུབ་བྱེད་བཀོད་པའི་སྒོ་ནས་ཞི་བ་གསུམ་པ། དེས་མ་ཞི་ན། །ལུང་རིགས་པ་གཞན་བཞི་ཡན་ཆད་ཀྱིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་ནས་སྔར་བཞིན་ཞི་བ་བཞི་པ། དེས་མ་ཞི་ན་བཞི་པོ་དེས་ཀྱང་གཞན་མཁས་པ་ཞིག་བསྐོས་ནས་སྔར་བཞིན་ཞི་བ་ལྔ་པ། དེས་ཀྱང་མ་ཞི་ན། རྩོད་པ་དེ་གནས་བརྟན་པའི་དགེ་འདུན་ལ་ཕུལ་ཏེ་སྔར་བཞིན་ཞི་བ་དྲུག་པ། དེས་ཀྱང་མ་ཞི་ན། ཀུན་གྱི་ཚད་མར་འཛིན་པའི་སྡེ་སྣོད་འཛིན་པ་ཞིག་ལ་ཕུལ་ཏེ་སྔར་བཞིན་ཞི་བ་བདུན་པ། དེས་ཀྱང་མ་ཞི་ན། གནས་བརྟན་མཐུ་ལྡན་ཞིག་ལ་ཕུལ་ཏེ་མཐུ་དང་བཅས་པའི་སྒོ་ནས་ཞི་བར་བྱེད་པ་བརྒྱད་པ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དེ་རྣམས་ཀྱིས་ཀྱང་མ་ཞི་ན་ཚུལ་ཤིང་བྲིམས་ཏེ་གང་མང་པའི་ཕྱོགས་ལ་དག་པ་བྱིན་ནས་ཞི་བར་བྱེད་པའི་ཕྱིར། དེ་ནི་ཆོས་ཀྱི་དབང་དུ་བྱས་ལ་གཞན་ལ་ཅི་ལྟར་རིགས་པར་སྦྱར་རོ། གཉིས་པ་མི་གདམས་ཕྱིར་རྩོད་པ་ཞི་བྱེད་ཡོད་དེ། རྒྱུ་བཅས་ཀྱི་རྩོད་པ་ནི་མངོན་སུམ་གྱིས་དང་། རྒྱུ་མེད་ཀྱི་རྩོད་པ་ནི་དག་པ་སྦྱིན་པས་ཞི་བར་བྱེད་པའི་ཕྱིར། ཕྱི་མ་ལ་བཞི་ཡོད་དེ། གཞི་མེད་པ། གཞི་གཞན་རྗེས་སུ་སྒྲུབ་པ། ཕྱིར་བཅོས་ལ་མི་ལྟོས་པ། སྨྱོས་པ་རྣམས་སུ་ཡོད་པའི་ཕྱིར། དེ་དག་གང་གིས་ཞི་བར་བྱེད་པ་ཡོད་དེ། དང་པོ་གསུམ་ལ་དྲན་པས་འདུལ་བ་སྦྱིན་པ་དང་། ཕྱི་མ་ལམ་མྱོས་པས་འདུལ་བ་སྦྱིན་པས་ཞི་བར་བྱེད་པའི་ཕྱིར། དྲན་པས་འདུལ་བ་སྦྱིན་ཚུལ་ཡོད་དེ། འདིས་འདི་བྱས་པ་མ་དྲན་པས་ཉེས་པ་མེད་དོ་ཞེས་གསོལ་བཞིའི་ལས་ཀྱིས་དག་པ་སྦྱིན་པ་ལྟ་བུ་ཡིན་པའི་ཕྱིར། མ་མྱོས་པས་འདུལ་བ་སྦྱིན་ཚུལ་ཡོད་དེ། འདི་བསམ་པ་རང་བཞིན་དུ་གནས་པའི་ཚེ་འདི་མ་བྱས་པས་ཉེས་པ་མེད་དོ་ཞེས་སོགས་ཀྱིས་དག་པ་སྟེར་བ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ལྟུང་ཕྱིར་རྩོད་པའི་ཞི་བྱེད་ཡོད་དེ། ལྟུང་བ་རང་གི་ངོ་བོ་ཤེས་པའི་རྩོད་པ་ཞི་བྱེད་དང་། མི་ཤེས་པའི་རྩོད་པ་ཞི་བྱེད་གཉིས་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། ལྟུང་བ་ཁས་ལེན་པས་ཞི་བྱེད་དང་། མངོན་སུམ་གྱི་ཞི་བྱེད། རྩྭ་བཀྲམ་པ་ལྟ་བུའི་ཞི་བྱེད། ངོ་བོ་ཉིད་ཚོལ་བ་སྦྱིན་པའི་ཞི་བྱེད་རྣམས་སུ་ཡོད་པའི་ཕྱིར། ཕྱི་མ་གཉིས་ཀྱི་ཁྱད་པར་ཡོད་དེ། དགེ་འདུན་རྣམས་ཕན་ཚུན་འདུད་ཅིང་གླེང་བར་བྱེད་པ་དང་པོ་དང་། ལྟུང་བའི་ངོ་བོ་ཇི་ལྟ་བ་བཞིན་དྲན་པའི་ཆེད་དུ་གསོལ་བཞིའི་ལས་བྱ་བ་གཉིས་པ་ཡིན་པའི་ཕྱིར། བཞི་པ་ལས་སམ་བྱ་བའི་ཕྱིར་རྩོད་པ་ཞི་བྱེད་ཡོད་དེ། ལས་ལ་མཐུན་པར་སྦྱིན་པ་ནི་དེ་དངོས་སུ་ཞི་བྱེད་ཡིན་ལ། ཞི་བྱེད་གཞན་རྣམས་བརྒྱུད་ནས་ཡིན་པའི་ཕྱིར། ལྔ་པ་རྩོད་པ་འཁྲུལ་མའི་དོན་ཡོད་དེ། ལྟུང་ཕྱིར་རྩོད་པ་དེ་ལ་གསུམ་དངོས་སུ་བཤད་པ་ལྟར་གདམས་ཕྱིར་རྩོད་པ་ལའང་དེ་ལྟར་སྦྱར་རུང་བ་དང་། རྒྱུ་མེད་པའི་རྩོད་པ་དེ་ལ་བཞི་དངོས་སུ་གསུངས་པ་བཞིན་དུ་ལྟུང་ཕྱིར་རྩོད་པ་ལའང་དེ་ལྟར་སྦྱར་རུང་བའི་དོན་ཡིན་པའི་ཕྱིར། དྲུག་པ་ཞི་བྱེད་འཁྲུལ་མའི་དོན་ཡོད་དེ། ཕྱིར་འཕྲོ་བ་མེད་པའི་རྩོད་པ་ལ་ལྟུང་བ་ཁས་ལེན་ཞི་བྱེད་དུ་དངོས་སུ་བཤད་པ་ལྟར་གཞན་འགའ་ལའང་རུང་མཐུན་སྦྱར་རུང་བའི་དོན་ཡིན་པའི་ཕྱིར། བདུན་པ་རྩོད་པ་མཐར་བསྐྱེལ་ཚུལ་ཡོད་དེ། ཆོས་མིན་གྱི་སྒོ་ནས་རྩོད་པ་མཐར་གནས་ནས་དབྱུང་བ་དང་ལྟུང་བ་ཕྱིར་བཅོས་བྱ་བ་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར། འདིར་རུང་མཐུན་སྦྱོར་ཚུལ་སྤྱིའི་དབང་དུ་བྱས་པ་ཡོད་དེ། རབ་བྱུང་ལ་མི་རུང་བ་དང་མཐུན་ཞིང་རུང་བ་དང་འགལ་བ་དགག་པའི་བསླབ་པ་དངོས་སུ་བསྟན་པ་རྣམས་ཀྱིས་དེ་དང་འདྲ་བའི་བསླབ་པ་གཞན་མཚོན་ལ། རུང་བ་དང་མཐུན་ཞིང་མི་རུང་བ་དང་འགལ་བསྒྲུབ་པ་དང་གནང་བའི་བསླབ་པ་དངོས་སུ་བསྟན་པ་རྣམས་ཀྱིས་དེ་དང་མཚན་ཉིད་མཚུངས་པའི་བསླབ་པ་གཞན་མཚོན་པར་བྱེད་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དཔེར་ན། སྲིན་བལ་གྱི་སྟན་བྱེད་པ་བཀག་པས་དེ་དང་འདྲ་བའམ། དེ་ལས་ལྷག་པ་ལའང་སྟན་བྱེད་པར་བཀག་པར་ཤེས་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རབ་བྱུང་བསྙེན་པར་མ་རྫོགས་པ་ལ་དབྱར་གནས་དང་དགག་བྱེད་གནང་བས་གསོ་སྦྱོང་ཡང་བྱར་རུང་བ་མཚོན་པར་བྱེད་པ་ལྟ་བུ་ཡིན་པའི་ཕྱིར། འོ་ན། མདོ་འདིར། སྒོ་ཁང་དུ་འཁོར་བའི་འཁོར་ལོའོ། ཆ་ལྔ་པར་བྱའོ། །ཞེས་སོགས་ཀྱི་དོན་ཇི་བྱ་ཞེ་ན། ཡོད་དེ། འཁོར་བ་རྒྱུ་འབྲས་ཀྱི་མཚོན་བྱེད་དང་། མྱང་འདས་རྒྱུ་འབྲས་ཀྱི་མཚོན་བྱེད་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་འདུན་བཞུགས་པའི་གཙུག་ཁང་གི་སྒོ་ངོས་སུ། སྲིན་པོའི་གཟུགས་བརྙན་གྱི་ལྟོ་བ་ཟླུམ་པའི་དབྱིབས་ཅན་དུ་བྱས་པ་ལ། སྟེང་དུ་སུམ་ཆ་དང་འོག་ཏུ་སུམ་གཉིས་བྱས་པའི་སྟེང་གི་ཆ་ལ་དུམ་བུ་གཉིས་སུ་བྱས་པའི་གཅིག་ལ་ལྷ། གཅིག་ལ་མིའི་ཚོགས་བྲི། འོག་གི་ཆར་དུམ་བུ་གསུམ་དུ་བྱེད་པའི་དབུས་སུ་དམྱལ་བ། གཡས་སུ་ཡི་དྭགས། གཡོན་དུ་དུད་འགྲོའི་ཚོགས་བྲི་ཞིང་། དབུས་ཀྱི་ཆ་ལ་སྦྲུལ་ཕུག་རོན་གྱི་མཇུག་མ་ཕག་གིས་བཟུང་བ་བྲི་བར་བྱ་བའི་ཕྱིར། ལྷ་མིན་སྒོས་སུ་མི་བྲི་བའི་རྒྱུ་མཚན་ཡོད་དེ། དེ་ལྷ་དང་དུད་འགྲོ་ཅི་རིགས་སུ་བསྡུས་པ་ཡིན་པའི་ཕྱིར། གལ་ཏེ་འབྲི་ན་ལྷའི་སྨད་ཆ་ལ་བྲིའོ། །དེ་དག་གིས་གང་མཚོན་པ་ཡོད་དེ། སྤྱིར་སྲིན་པོའི་གཟུགས་ཀྱིས་མ་རིག་པ་སྤྱི་ནས་མཚོན་ལ། ཁྱད་པར་ཕུག་རོན་གྱིས་འདོད་ཆགས། སྦྲུལ་གྱིས་ཞེ་སྡང་། ཕག་གི་གཏི་མུག་མཚོན་ཞིང་། དེ་ཡང་དང་པོ་གཉིས་གཏི་མུག་ལས་བྱུང་བར་མཚོན་པའི་ཕྱིར། ལྟོ་བའི་མཐའ་སྐོར་དུ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་བཅུ་གཉིས་བྲི་སྟེ། མ་རིག་རྒན་མོ་ལོང་བ་ལྟ་བུ། འདུ་བྱེད་རྫ་མཁན། རྣམ་ཤེས་སྤྲེའུ། མིང་གཟུགས་གང་ཟག་གྲུར་ཞུགས། སྐྱེ་མཆེད་གྲོང་སྟོང་། རེག་པ་སྐྱེས་བུ་འོ་བྱེད་པ། ཚོར་བ་མིག་ཏུ་མདའ་ཟུག་པ། སྲིད་པ་ཆང་འཐུང་བ། ལེན་པ་སྤྲེའུས་ཤིང་ཐོག་ལེན་པ། སྲེད་པ་བྱ་སྒོ་ང་ལ་གབ་པ། སྐྱེ་བ་སྐྱེས་བུ་སྐྱེ་བཞིན་པ། རྒ་བ་རྒན་པོ་འཁར་བ་ལ་བརྟེན་པ། ཤི་བ་སྐྱེས་བུ་ཤི་བའི་རོ་ལྟ་བུར་བྲི་བར་བྱ་བའི་ཕྱིར། གཉིས་པ་ལ་གཉིས་ཡོད་དེ། འགོག་བདེན་དང་། ལམ་བདེན་གྱི་མཚོན་བྱེད་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྲིད་པའི་འཁོར་ལོའི་སྟེང་དུ་འཁོར་ལོ་དཀར་པོ་སངས་རྒྱས་ཀྱིས་ཕྱག་མཛུབ་ཀྱིས་སྟོན་པ་བྲི་ཞིང་། ཁ་དོག་དཀར་པོས་ནི་སྐྱོན་དང་བྲལ་བ་དང་། དེ་སངས་རྒྱས་ཀྱིས་སྟོན་པ་ནི་སངས་རྒྱས་ཀྱིས་བསྟན་པ་ལ་རག་ལས་པ་མཚོན་པའི་ཕྱིར། གཉིས་པ་ཡོད་དེ། ཡང་དེའི་སྟེང་དུ་བརྩམས་པར་བྱ་ཞིང་འབྱུང་བར་བྱ། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་འབྲི་བར་བྱ་བའི་ཕྱིར། འདིར་འཁོར་བའི་འཁོར་ལོའམ་སྲིད་པའི་འཁོར་ལོ་བྲིས་པ་ལ་དགོས་པ་ཡོད་དེ། འཁོར་བ་ལ་ཉེས་དམིགས་སུ་བལྟས་ནས་ཐར་པ་དོན་གཉེར་གྱི་བློ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། དེ་ལྟར་འདུལ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་སྙིང་པོའི་དོན་རྣམས་བསྡུས་ཏེ་བརྗོད་ཟིན་ཏོ། །འོན་ཀྱང་རྒྱས་པར་འཆད་མ་ནུས་པ་ནི་མ་ཡིན་ཏེ། མཁས་པའི་གཞུང་ལུགས་མང་པོ་ལ་རིང་དུ་འདྲིས་པར་བྱས་པའི་མཐུ་ལས་སྤྲོས་པ་དང་བཅས་ཏེ་རྒྱ་ཆེར་འཆད་ནུས་པའི་ཕྱིར་རོ། །འོ་ན། མི་འཆད་པ་ཅི་ཡིན་ཞེ་ན། ཡོད་དེ། གཞུང་ཉུང་བ་ལ་དགའ་བ་དག་རྗེས་སུ་འཛིན་པའི་ཆེད་ཡིན་པའི་ཕྱིར་རོ། །ལྷག་མ་འགའ་ཞིག་ནི་གོ་སླའོ།། །།སྨྲས་པ། སྤྲིན་བྲལ་ཉི་མས་པདྨོའི་ཚལ་ལ་བཞིན། །བློ་གྲོས་སྣང་བས་གཞུང་ལུགས་འབུམ་ཕྲག་བརྒྱ། །འབྱེད་མཛད་ཡོན་ཤཱཀ་ཆོས་ཀྱི་བཤེས་གཉེན་སོགས། །འདུལ་འཛིན་མཁན་བརྒྱུད་རྣམས་ལ་སླར་ཕྱག་འཚལ། །ཇི་སྙེད་ཆོས་ཀྱི་རྣམ་པ་ཆེས་མང་ཡང་། །བདེན་པ་གཉིས་ཀྱི་ཚུལ་ལས་མ་འདས་བཞིན། །འདུལ་བའི་གཞུང་དོན་རྣམ་གྲངས་མཐའ་ཡས་ཀྱང་། །ཇི་སྐད་བཤད་པའི་ཁོངས་ལས་བརྒལ་བ་མེད། །རྒྱས་བཤད་ཚིག་གི་སྤྲོས་པའི་ཁུར་ཆེན་ནི། །བློ་ཆུང་སྟོབས་ཀྱིས་འདེགས་པར་དཀའ་མཐོང་ནས། །གཞུང་བརྒྱའི་དགོངས་དོན་སྙིང་པོ་ཡིད་བཞིན་ནོར། །བདེ་བླག་ཉིད་དུ་ལེན་པའི་ཐབས་ཞིག་བཀོད། །འོན་ཀྱང་འདུལ་བའི་བསླབ་བྱ་ཕྲ་ཞིབ་རྣམས། །འཕགས་པ་ཁོ་ན་ལས་གཞན་བདག་ལྟ་བུའི། །སྤྱོད་ཡུལ་མིན་ཕྱིར་ནོངས་གྱུར་ཉེས་པ་གང་། །མཆོག་གསུམ་གཟུ་བོར་གནས་པའི་མཁས་ལ་འཆགས། །ཚུལ་བཞིན་བཤད་པའི་འོ་མཚོ་ལས་འཁྲུངས་པའི། །དགེ་ལེགས་ཆ་ཤས་རྒྱས་པའི་རི་བོང་ཅན། །བདག་ཡིད་ཀུནྡའི་དཔལ་དུ་གྱུར་པ་དེས། །སྐལ་ལྡན་ཐར་ལམ་འཇུག་ངོགས་གསལ་གྱུར་ཅིག །ཅེས་པ་འདི་ནི། བསྟན་པའི་མངའ་བདག་ཀོའུ་ཤྲི་ནང་སོའི་བཀས་བསྐུལ་ཞིང་། རང་གིས་སློབ་མ་འགའ་ཞིག་གིས་ཀྱང་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། ཅོ་ནེའི་དགོན་ཉིད་དུ་ལེགས་པར་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་གི་བློ་བཟང་དོན་གྲུབ་བོ། །འདིས་ཀྱང་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས། །


previousའདུལ་གཞུང་རྒྱ་མཚོའི་དགོངས་དོན་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ།next