Nitartha Digital Library
Tibetan
 
previousབྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་ཉུང་ངུ་རྣམ་གསལ་ཇོ་བོ་ཆེན་པོ་དགྱེས་པའི་མཆོད་སྤྲིན།next

བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་ཉུང་ངུ་རྣམ་གསལ་ཇོ་བོ་ཆེན་པོ་དགྱེས་པའི་མཆོད་སྤྲིན།

བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་ཉུང་ངུ་རྣམ་གསལ་ཇོ་བོ་ཆེན་པོ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ནེ་ཡེ། བདེ་ལྡན་ཞིང་གཙོ་མགོན་པོ་འོད་དཔག་མེད། །སྙིགས་མའི་འགྲོ་ངོར་འཕགས་ཡུལ་པཎ་ཆེན་དུ། །རྣམ་རོལ་ཕུལ་བྱུང་མར་མེ་མཛད་དཔལ་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །མགོན་དེ་བོད་ཡུལ་དབུས་བྱོན་ནས། །ཐུབ་བསྟན་སྤྱི་དང་བཀའ་གདམས་ཀྱི། །བསྟན་པའི་སྲོལ་ཕྱེ་ལེགས་བཤད་གཙོ། །བྱང་ཆུབ་ལམ་སྒྲོན་ཞེས་སུ་གྲགས། །འབྲོམ་སྟོན་པོ་ཏོ་གླང་ཤར་དང་། །རྒྱ྄ལ་བ་གཉིས་པ་ཡབ་སྲས་སོགས། །ཀུན་གྱིས་ལམ་སྒྲོན་འདི་ཉིད་གཞིར། །བཟུང་ནས་བཀའ་གདམས་བསྟན་པ་སྤེལ། །དེ་ཕྱིར་འདིར་ཡང་ལམ་སྒྲོན་གྱི། །ཚིག་འགྲེལ་མདོར་བསྡུས་གསལ་ཙམ་ཞིག ། ཇོ་བོ་ཆེན་པོ་མཆོད་མཉེས་ཕྱིར། །དད་པ་ཉིད་ཀྱིས་བྲི་བར་བྱ། །དེ་ཡང་ཇོ་བོ་རྗེའི་ཆེ་བའི་ལོ་རྒྱུས་ཀྱི་རྣམ་ཐར་རྒྱས་པར་ནི་བཀའ་གདམས་ཆོས་འབྱུང་སོགས་ན་གསལ་ཞིང་། མདོར་བསྡུས་པའི་རྣམ་ཐར་ནི་ལམ་རིམ་ཆེན་མོ་སོགས་ལས་འབྱུང་བ་ལྟར་ཏེ། འདིར་འཆད་པར་འོས་ཀྱང་མང་དུ་དོགས་ནས་བཞག་གོ ། ལམ་སྒྲོན་འདིས་གསུང་རབ་ཐམས་ཅད་ཀྱི་དོན་ཉམས་ལེན་གྱི་རིམ་པར་བསྡུས་ནས་སྟོན་པས་བརྗོད་བྱའི་ངོས་ནས་ཁྱད་པར་དུ་འཕགས་པའི་ཕྱིར་འདི་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། དང་པོ་ནི། རྒྱ་གར་སྐད་དུ། བོ་དྷི་པ་ཐ་པྲ་དཱི་པ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་ལ། དེ་ཡང་བོ་དྷི་ནི་བྱང་ཆུབ། པ་ཐ་ནི་ལམ། པྲ་དཱི་པ་ནི་སྒྲོན་མ་ཞེས་པའོ། །མཚན་བཤད་ན། བསྟན་བཅོས་འདི་ལ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་རྣམ་མཁྱེན་དུ་བགྲོད་པར་བྱེད་པའི་ལམ་ཀྱི་རིམ་པ་རྣམས་བརྗོད་བྱར་གསལ་བར་སྟོན་ཅིང་མཐོང་བར་བྱེད་པའི་སྒྲོན་མེ་ལྟ་བུ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གཉིས་པ་འགྱུར་ཕྱག་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལོཙྪ་བས་བཀོད་པ་སྟེ་གོ་སླའོ། །གསུམ་པ་གཞུང་གི་དོན་ལ་གསུམ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། གཞུང་དངོས་བཤད་པ། རྒྱུ་གང་ལ་བརྟེན་ནས་བརྩམས་པའོ། །དང་པོ་ནི། དུས་གསུམ་རྒྱལ་བ་དག་དང་དེ་ཡི་ཆོས། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ། །སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་སོ། །བསྟན་བཅོས་འདི་རྩོམ་པའི་ཐོག་མར་ཡུལ་གང་ལ་ཕྱག་འཚལ་བ་ཡོད་དེ། འདས་མ་འོངས་ད་ལྟའི་དུས་གསུམ་གྱི་སངས་རྒྱས་དག་དང་། སངས་རྒྱས་དེ་ཡི་ལུང་རྟོགས་ཀྱི་དམ་པའི་ཆོས་དང་དེ་སྒྲུབ་པའི་དགེ་འདུན་རྣམས་ལ་ནི་ཡིད་གུས་པ་ཆེན་པོས་ཕྱག་འཚལ་བའི་ཕྱིར། དེ་ལྟར་ཕྱག་བྱས་ནས་བྱ་བ་གང་བྱེད་པ་ཡོད་དེ། སློབ་མ་བཟང་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བསྐུལ་བར་གྱུར་པ་ལ་བརྟེན་ནས། དེའི་ངོ་བོར་བྱང་ཆུབ་ལམ་གྱི་སྒྲོན་མའི་བསྟན་བཅོས་འདི་གསལ་བར་བྱ་བ་སྟེ་འཆད་པར་འགྱུར་བའི་ཕྱིར། དེ་ཡང་སྒྲོན་མེས་གཟུགས་སྣང་བར་བྱེད་པ་བཞིན་དུ་གསལ་བར་བྱ་བའི་དོན་ནོ། །ལྷ་བླ་མ་བྱང་ཆུབ་འོད་ནི་བོད་ཀྱི་རྒྱལ་རིགས་ལྷ་བཙུན་ཞིག་སྟེ། དེས་རྒྱ་བརྩོན་སེང་དང་ནག་ཚོ་ལོཙྪ་བ་སོགས་རྒྱ་གར་དུ་བརྫངས་ནས་བོད་དུ་ཕན་ཐོགས་པའི་པཎྜི་ཏ་ཞིག་སྤྱན་དྲོངས་ལ་ཤོག་ཅེས་གསུངས་པ་བཞིན། ཁོང་རྣམས་རྒྱ་གར་དུ་བྱོན་ནས་མངོན་ཤེས་མངའ་བའི་གྲུབ་ཆེན་འགའ་ལ་ལུང་བསྟན་ཞུས་པ་ན། ཇོ་བོས་ཕན་ཆེན་པོ་ཐོགས་པར་ལུང་བསྟན་པ་ལྟར་ཇོ་བོ་དགུང་ལོ་དྲུག་ཅུ་ལ་ཉེ་བའི་ཚེ་བོད་དུ་སྤྱན་དྲངས་ཏེ་མངའ་རིས་སྟོད་དུ་བཞུགས་པའི་དུས་སུ་ལྷ་བླ་མས་ཇོ་བོ་ལ་དྲི་བ་བདུན་ཞུས་པའི་ལན་དུ་བསྟན་བཅོས་འདི་བརྩམས་པར་གྲགས་སོ། །འདི་ལ་ཇོ་བོས་རང་འགྲེལ་བསྡུས་པ་ཞིག་མཛད་ཅིང་། གཞན་དགེ་གཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། ནག་ཚོ་སོགས་ཀྱིས་འགྲེལ་པ་དང་། མན་ངག་བསྡུས་དོན་ཅི་རིགས་བཛད་ལ། ཕྱིས་པཎ་ཆེན་གོང་མས་འགྲེལ་པ་རྒྱས་ཙམ་ཞིག་མཛད་དོ། །གཉིས་པ་གཞུང་དངོས་བཤད་པ་ལ་གཉིས། སྐྱེས་བུ་གསུམ་གྱི་རྣམ་གཞག་མདོར་བསྟན་པ་དང་། དེ་གསུམ་གྱི་ལམ་གྱི་མཚན་ཉིད་སོ་སོར་བཤད་པའོ། །དང་པོ་ནི། ཆུང་དང་འབྲིང་དང་མཆོག་གྱུར་བས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བས། །སོ་སོའི་དབྱེ་བ་བྲི་བར་བྱ། །ཞེས་སོ། །ལམ་དང་དབང་བོའི་རིམ་པ་ལ་ཆུང་ངུ་དང་འབྲིང་དང་མཆོག་ཏུ་གྱུར་པ་གསུམ་ཡོད་པའི་དབྱེ་བས་སྐྱེས་བུ་གསུམ་དང་དེའི་ལམ་གྱི་མཚན་ཉིད་ཀྱང་གསུམ་དུ་ཤེས་པར་བྱ་སྟེ། དེ་དག་གི་ཁྱད་པར་རམ་མཚན་ཉིད་སོ་སོའི་དབྱེ་བ་ཇི་ལྟར་ཡིན་པར་རབ་ཏུ་གསལ་བའི་ཚིག་གིས་བྲི་བར་བྱའོ། །འདིར་སྐྱེས་བུ་ཞེས་ཐ་སྙད་མཛད་པ་ནི། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་པ་ལྡན་པ་ལ་འཇུག་པས། འདིའི་སྐྱེས་བུ་གསུམ་ཡང་འཇིག་རྟེན་ཕྱི་མ་ཕན་ཆད་གྱི་ལམ་སྒྲུབ་པ་ལ་ནུས་པ་དང་ལྡན་པ་ཞིག་ཡིན་པས་དེ་སྐད་ཅེས་བྱའོ། །གཉིས་པ་ལ་གསུམ། སྐྱེས་བུ་ཆུང་ངུ་། སྐྱེས་བུ་འབྲིང་། སྐྱེས་བུ་ཆེན་པོའི་མཚན་ཉིད་དམ་ཁྱད་པར་རོ། །དང་པོ་ནི། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་སོ། །འདིར་བསྟན་སྐྱེས་བུ་ཆུང་ངུའི་ཁྱད་པར་ཡོད་དེ། ངན་སོང་ལ་འཇིགས་ནས་ཚེ་འདི་ལ་མ་ཆགས་ཤིང་ཕྱི་མའི་མངོན་མཐོ་དོན་དུ་གཉེར་བའི་སྐྱེས་བུ་གང་ཞིག །ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང་ལྡན་ཅིང་སྐྱབས་སུ་འགྲོ་བ་དང་། མི་དགེ་བཅུ་སྤོང་བ་ལ་སོགས་པའི་ཚུལ་ཁྲིམས་དང་། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་སྒོམ་པ་སོགས་པའི་ཐབས་ནི་གང་དག་གིས། ལྷ་མིའི་ཟག་བཅས་ཀྱི་བདེ་བ་ཙམ་ཐོབ་པ་ལ་རང་ཉིད་འབད་ཅིང་དོན་དུ་གཉེར་བར་བྱེད་པ་དེ་ནི། འདིར་བསྟན་པའི་སྐྱེས་བུ་ཆུང་ངུའམ་ཐ་མར་ཤེས་པར་བྱ་བ་ཡིན་པའི་ཕྱིར། སྤྱིར་ཚེ་འདི་ཙམ་གྱི་བདེ་བ་དོན་དུ་གཉེར་བ་རྣམས་ཀྱང་སྐྱེས་བུ་ཆུང་ངུའམ་ཐ་མ་ཡིན་ཀྱང་། འདིར་བསྟན་སྐྱེས་བུ་ཆུང་ངུ་ནི་ངན་སོང་གིས་འཇིགས་ནས་ཚེ་འདི་ཙམ་དོན་དུ་མི་གཉེར་བར་ཕྱི་མའི་མངོན་མཐོ་གཙོ་བོར་དོན་དུ་གཉེར་བ་ཞིག་གོ །དེ་ལ་སྐྱེས་བུ་ཆུང་ངུ་ཞེས་བརྗོད་པ་ནི། གཞན་དོན་ལ་རྒྱབ་ཀྱིས་ཕྱོགས་ཤིང་། འཁོར་བ་ལས་གྲོལ་བ་དོན་དུ་མི་གཉེར་བར་མ་ཟད། འཁོར་བའི་ཕུན་ཚོགས་དོན་དུ་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་མངོན་མཐོ་དོན་དུ་གཉེར་ཞིང་དེའི་ཐབས་སམ་ལམ་མ་ནོར་བ་ལ་ཞུགས་པ་ཞིག་ངེས་པར་དགོས་ཀྱི། ཕྱི་མའི་མངོན་མཐོའི་བདེ་བ་དོན་དུ་གཉེར་ཡང་དེའི་ཐབས་ནོར་བ་ལ་ཞུགས་པའི་གཞན་སྡེ་འདིར་བསྟན་སྐྱེས་བུ་ཆུང་ངུ་མིན་ཏེ། ཐབས་དོར་བ་ལ་ཞུགས་པའི་ཕྱིར་དང་དཀོན་མཆོག་ལ་སྐྱབས་སུ་མ་སོང་བའི་ཕྱིར་རོ། །སྐྱེས་བུ་ཆུང་ངུ་འདི་ལ་ཚེ་འདིའི་བདེ་བ་དོན་དུ་གཉེར་བ་ཙམ་ཞིག་ནི་ངེས་པར་ཡོད་ཀྱང་། དེ་ཙམ་ལ་བློ་མི་གཏོད་པར་ཕྱི་མའི་མངོན་མཐོ་དོན་དུ་གཉེར་བ་བྱེད་ཅིང་ངན་སོང་ལས་ཐར་བར་འདོད་པའོ། །གཉིས་པ་ནི། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལ་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་སོ། །འདིར་བསྟན་སྐྱེས་བུ་འབྲིང་གི་ཁྱད་པར་ཡོད་དེ། །སྲིད་པ་འཁོར་བའི་ཕུན་ཚོགས་ཀྱི་བདེ་བ་ལའང་བློ་རྒྱབ་ཀྱིས་ཕྱོགས་ཤིང་མི་འདོད་ལ། སྒོ་གསུམ་འཁོར་བ་འགྲུབ་པའི་ལས་སྤྱི་དང་། སྡིག་པ་མི་དགེ་བའི་ལས་ལས་ལྡོག་པའི་བདག་ཉིད་ཅན་གྱི་སྐྱེས་བུ་གང་ཞིག་ལམ་རང་ཉིད་གཅིག་པུའི་དོན་དུ་སྡུག་ཀུན་སྤངས་པའི་ཞི་བ་མྱང་འདས་ཐར་པ་ཙམ་དོན་དུ་གཉེར་བའི་སྐྱེས་བུ་གང་ཡིན་པ་དེ་ནི་འདིར་བསྟན་པའི་སྐྱེས་བུ་འབྲིང་ཞེས་བྱ་བའི་ཕྱིར། འདི་ནི་ངན་སོང་ལས་ཐར་འདོད་ཡོད་ཀྱང་ཕྱི་མའི་མངོན་མཐོ་ཙམ་དོན་དུ་མི་གཉེར་བར་ཐར་བ་ཐོབ་པར་འདོད་པས་སྔ་མ་ལས་ཁྱད་པར་དུ་འཕགས་ཤིང་། གཞན་དོན་བྱེད་པའི་བསམ་སྦྱོར་དམན་པས་ན་སྐྱེས་བུ་འབྲིང་ངོ་། །ངན་འགྲོ་ལས་ཐར་འདོད་དང་ཐར་བ་འདོད་ཀྱི་སྐྱེས་བུ་ཆེན་པོའི་ལམ་ཡོད་ཀྱང་དེ་ནི་སྐྱེས་བུ་ཆུང་འབྲིང་དང་ཐུང་མོང་བའི་ལམ་དུ་འགྱུར་བ་ཡིན་གྱི། །སྐྱེས་བུ་ཆུང་འབྲིང་གིས་དངོས་ནི་མིན་ཏེ། ཆུང་འབྲིང་གི་ལམ་དངོས་ནི་མངོན་མཐོ་ཙམ་དོན་དུ་གཉེར་བ་དང་ཐར་པ་ཙམ་དོན་དུ་གཉེར་བ་ཡིན་པས་མི་འདྲ་བའི་ཕྱིར་རོ། །གཞུང་འདིས་བདེན་པ་བཞི་ཡང་བསྟན་ཏེ། སྲིད་པའི་བདེ་ལ་ཞེས་པས་སྡུག་བདེན། སྡིག་པའི་ལས་ཞེས་པས་ཀུན་འབྱུང་། རང་ཞི་ཙམ་ཞེས་པས་འགོག་བདེན། ལྡོག་བདག་ཉིད་ཅེས་པས་ལམ་བདེན་བསྟན་ཅིང་། ངེས་འབྱུང་ཡང་བཤད་པ་ཡིན་ནོ། །འཁོར་བ་འགྲུབ་པའི་ཐོག་མའི་རྒྱུའི་གཙོ་བོ་ནི་མ་རིག་པ་དང་། དེའི་དབང་གིས་ལས་དཀར་ནག་གང་རུང་བསགས་ཏེ་འཁོར་བར་སྐྱེ་ཞིང་རྒ་ཤིའི་བར་འབྱུང་ལ། དེ་ལས་ལྡོག་པའི་རྒྱུའི་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ་དེས་མ་རིག་པ་སྤངས་པ་ན་འཁོར་བ་ལས་གྲོལ་ཏེ་མཚོན་ཙམ་མོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། །འདིར་བསྟན་སྐྱེས་བུ་ཆེན་པོའི་ཁྱད་པར་ཡོད་དེ། སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་འབྱོངས་པའི་གང་ཟག་གང་ཞིག་རང་རྒྱུད་གཏོགས་པ་སྟེ་རང་ཉིིད་འཁོར་བ་སྡུག་བསྔལ་གྱིས་ཇི་ལྟར་མནར་བ་དེ་བཞིན་དུ། སེམས་ཅན་གཞན་རྣམས་ཀྱང་སྡུག་བསྔལ་གྱིས་གཟིར་བར་མཐོང་ནས་སྙིང་རྗེས་སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་ཀུན་ཡང་དག་པར་ཀུན་ནས་ཟད་པར་བྱས་ནས་སངས་རྒྱས་ལ་འགོད་པར་འདོད་པའི་སྐྱེས་བུ་དེ་ནི་འདིར་བསྟན་པའི་སྐྱེས་བུ་མཆོག་གམ་ཆེན་པོ་ཡིན་པའི་ཕྱིར། མདོར་ན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྟོན་པའི་སྐབས་ཀྱི་གཞུང་འདི་དག་གིས་སྐྱེས་བུ་གསུམ་གྱི་མཚན་ཉིད་དང་དེའི་ལམ་གཙོ་བོར་བསྟན་ནས། སྐྱེས་བུ་གསུམ་དང་ཐུན་མོང་བའི་ལམ་གྱི་ཁྱད་པར་དོན་གྱིས་བསྟན་ལ། འདིར་བསྟན་སྐྱེས་བུ་ཆུང་ངུ་ལ་ཐེག་པ་གསུམ་པོ་གང་རུང་གི་རིགས་ཅན་མ་ཡིན་པ་ཞིག་དང་། འབྲིང་ལ་ཐེག་དམན་གྱི་རིགས་ཅན་ཞིག་དང་། ཆེན་པོ་ལ་ཐེག་ཆེན་གྱི་རིགས་ཅན་ཞིག་ངེས་པར་དགོས་པ་ཡིན་ནོ། །དེ་ཡང་གཙོ་བོར་ཐེག་ཆེན་གྱི་ལམ་སྒྲུབ་པའི་ཐབས་མ་ནོར་བར་ལ་ཞུགས་པ་སྟེ། དེ་ལ་མདོ་སྔགས་ཀྱི་དབྱེ་བ་གཉིས་སུ་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉ ིས། ཕར་ཕྱིན་ཐེག་པའི་ལམ་རྒྱས་པར་བཤད་པ་དང་། སྔགས་ལ་འཇུག་པའི་ཚུལ་ཕྱོགས་ཙམ་བཤད་པའོ། །དང་པོ་ལ་གཉིས། །ལམ་གྱི་རྣམ་གཞག་དང་། འབྲས་བུའི་རྣམ་གཞག་གོ །དང་པོ་ལ་གཉིས། དམ་བཅའ་བ་དང་། བཤད་པ་དངོས་སོ། །དང་པོ་ནི། སེམས་ཅན་དམ་པ་བྱང་ཆུབ་མཆོག །འདོད་པར་གྱུར་བ་དེ་དག་ལ། །བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །ཞེས་སོ། །འདི་ལ་བཤད་པར་བྱའོ་ཞེས་དྲང་ངོ་། །གང་ན་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཡང་དག་པའི་ཐབས་སོ། །གང་ལ་ན་སེམས་ཅན་དམ་པ་བྱང་ཆུབ་མཆོག་གི་གོ་འཕང་འདོད་པར་གྱུར་བ་དེ་དག་ལའོ། །དེ་ཡང་རང་དགར་འཆད་པ་མིན་གྱི། གསེར་གླིང་བ་སོགས་བླ་མ་དམ་པ་རྣམས་ཀྱིས་བསྟན་པའི་གསུང་གི་རྗེས་སུ་འབྲངས་ནས་འཆད་པར་བྱེད་དོ། །མདོར་ན་ཇོ་བོ་ཆེན་པོ་འདི་ལ་ཤིང་རྟ་ཆེན་པོ་རྣམ་པ་གཉིས་ལས་བརྒྱུད་པའི་ལམ་རིམ་གྱི་མན་ངག་ཐམས་ཅན་རྫོགས་པར་མངའ་སྟེ། བསྡུས་དོན་ལས། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་བཤད་པ་དངོས་ལ་གཉིས། སྨོན་སེམས་བསླབ་བྱ་དང་བཅས་པ་དང་། འཇུག་སེམས་བསླབ་བྱ་དང་བཅས་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། འཇུག་གི་རིམ་པ། དང་པོ་ལ་གསུམ། ཚོགས་གསོག་པ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། སེམས་གསུམ་ལ་བློ་སྦྱང་བའོ། །དང་པོ་ནི། རྫོགས་སངས་བྲིས་སྐུ་ལ་སོགས་དང་། །མཆོད་རྟེན་དམ་ཆོས་མངོན་ཕྱོགས་ནས། །མེ་ཏོག་བདུག་སྦོས་དངོས་པོ་དག །ཅི་འབྱོར་བ་ཡིས་མཆོད་པར་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང་། །ཞེས་སོ། །འདིར་བསྟན་མཆོད་པ་ཇི་ལྟར་བྱ་བ་དང་། གང་གི་མདུན་དུ་བྱ་བའི་ཁྱད་པར་ཡོད་དེ། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་རི་མོར་བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པའི་སྐུ་རྟེན་དང་། རིང་བསྲེལ་སྙིང་པོ་ཅན་གྱི་ཐུགས་མཆོད་རྟེན་དང་། གསུང་རབ་ཀྱི་དམ་པའི་ཆོས་པོ་ཏི་སོགས་གསུང་རྟེན་རྣམས་ཅི་འགྲུབ་མངོན་དུ་ཕྱོགས་ནས་ཏེ་དངོས་སུ་བཞུགས་པའི་མདུན་དུ་མཆོད་པར་བྱ་བ་ཡིན་པའི་ཕྱིར། དངོས་པོ་གང་གིས་མཆོད་པ་ཡང་ཡོད་དེ། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་རོལ་མོ་སོགས་དངོས་པོ་དག་ཅི་འབྱོར་བ་ཡིས་མཆོད་པར་བྱ་བ་ཡིན་པའི་ཕྱིར། དེར་མ་ཟད་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལས་གསུངས་པ་ཡི་མཆོད་པ་རྣམ་པ་བདུན་བྱ་སྟེ། དེ་ཡང་ཕྱག་འཚལ་བ་དང་། མཆོད་འབུལ། སྡིག་བཤགས། ཡི་རང་། བསྐུལ་བ། གསོལ་གདབ། བསྔོ་བ་དང་བཅས་ཡན་ལག་བདུན་དག་ཀྱང་བྱ་བའི་ཕྱིར། གཉིས་པ་སྐྱབས་འགྲོ་ཁྱད་པར་ཅན་ནི། བྱང་ཆུབ་སྙིང་པོའི་མཐར་ཐུག་བར། །མི་ལྡོག་པ་ཡི་སེམས་དག་གིས། །དཀོན་མཆོག་གསུམ་ལ་རབ་དད་ཅིང་། །པུས་མོའི་ལྷ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །དང་པོ་སྐྱབས་འགྲོ་ལན་གསུམ་བྱ། །ཞེས་སོ། །དུས་ཇི་སྲིད་བར་དུ་སྐྱབས་སུ་འགྲོ་བའི་ཚུལ་ཡོད་དེ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་སྐྱབས་སུ་འགྲོ་བ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་ལ་ཕྱི་ནང་གཉིས་ཡོད་དེ། ཕྱི་གནས་བྱང་ཆུབ་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དམ་རྡོ་རྗེ་གདན་ལྟ་བུ་དང་། ནང་རྟོགས་པ་བྱང་ཆུབ་ཀྱི་སྙིང་པོ་ནི་ཡེ་ཤེས་སྐུ་སྟེ་སྔ་མ་དེར་སངས་རྒྱས་པར་དང་། ཕྱི་མ་དེ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་དགོས་པའི་དོན་ཡིན་པའི་ཕྱིར། ཀུན་སློང་དང་སྤྱོད་ལམ་ཅི་འདྲ་བས་སྐྱབས་སུ་འགྲོ་བ་ཡོད་དེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་ནམ་ཡང་མི་ལྡོག་པ་བརྟན་པོའི་སེམས་དག་གིས། དཀོན་མཆོག་གསུམ་ལ་རབ་ཏུ་དད་ཅིང་གུས་པ་ཆེན་པོས་ལུས་ཀྱི་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ལག་པ་གཉིས་ཐལ་མོ་སྦྱར་བར་བྱས་ནས་ནི་སྐྱབས་སུ་འགྲོ་བའི་ཕྱིར། སྐྱབས་འགྲོའི་ཆོ་ག་ཇི་ལྟར་བྱ་ཚུལ་ཡོད་དེ། སྨོན་སེམས་བསྐྱེད་པའི་ཆོ་གའི་དང་པོར་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ཆོ་ག་ལན་གསུམ་བརྗོད་པའི་སྒོ་ནས་བྱ་བའི་ཕྱིར། སྐྱབས་འགྲོ་ཁྱད་པར་ཅན་དུ་འཇོག་ཚུལ་ཡོད་དེ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བསམ་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་པའི་ཕྱིར། འདིའི་སྐབས་ཀྱི་སྐྱབས་འགྲོའི་རྒྱུ་དང་ཡུལ་དང་ངོ་བོ་དང་བསླབ་བྱ་དང་ཕན་ཡོན་གྱི་ཁྱད་པར་རྣམས་ལམ་རིམ་ཆེན་པོ་སོགས་ལས་ཤེས་པར་བྱའོ། །གསུམ་པ་སེམས་གསུམ་ལ་བློ་སྦྱང་བ་ནི། དེ་ནས་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །ངན་སོང་གསུམ་དང་སྐྱེ་སོགས་དང་། །འཆི་འཕོ་སོགས་ཀྱི་སྡུག་བསྔལ་བའི། འགྲོ་བ་མ་ལུས་ལ་བལྟས་ཏེ། །སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ། །སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས། །འགྲོ་བ་ཐར་པར་འདོད་པ་ཡིས། ཞེས་སོགས། འདིའི་དང་པོ་གཉིས་གྱིས་བྱམས་པ། དེ་ནས་གསུམ་གྱིས་སྙིང་རྗེའི་དམིགས་པ། དེ་ནས་གསུམ་གྱིས་སྙིང་རྗེའི་རྣམ་པ་བསྟན་ཅིང་། བྱང་ཆུབ་སེམས་སྦྱོང་ཚུལ་ཡང་དོན་གྱིས་བསྟན་ཏེ། སྐྱབས་འགྲོ་ཁྱད་པར་ཅན་བྱས་པ་དེ་ནས་ཅི་ཞིག་བྱ་བ་ཡོད་དེ། སེམས་ཅན་ཐམས་ཅད་ལ་དམིགས་ནས་བདེ་བ་དང་ལྡན་འདོད་ཀྱི་ཡིད་འོང་གི་བྱམས་བའི་སེམས་ནི་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་མར་ཤེས་པ་དྲིན་དྲན་པ་དྲིན་བཟོ་བའི་སྒོ་ནས་ཡིད་འོང་གི་བྱམས་པ་བསྒོམས་ནས་ཅི་ཞིག་བྱ་བ་ཡོད་དེ། དེ་ནས་བྱམས་པའི་སེམས་དེ་སྔོན་དུ་འགྲོ་བའི་སྒོ་ནས་སྙིང་རྗེས་ཆེན་པོ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཇི་ལྟར་བསྒོམ་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་སྤྱི་དང་ངན་སོང་གསུམ་གྱི་སྡུག་བསྔལ་དང་། མིའི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་དང ་། འདོད་ལྷའི་འཆི་འཕོ་འོག་ཏུ་ལྟུང་བའི་སྡུག་བསྔལ་དང་། སོགས་ཀྱིས་ཁམས་གོང་མའི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཚུལ་རྣམས་ཤེས་པར་བྱས་ནས་ཁམས་གསུམ་གྱི་འགྲོ་བ་མ་ལུས་པ་ལ་བལྟས་ཏེ། དེ་ཡང་ངན་སོང་གསུམ་ནི་སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ་དང་། འདོད་ལྷ་དང་མི་ནི་འགྱུར་བའི་སྡུག་བསྔལ་དང་། ཁམས་གོང་མ་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་དང་། རྒྱུ་མཚན་ཏེ་རྒྱུ་ཀུན་འབྱུང་བདེན་པ་ལས་ཉོན་དང་བཅས་བས་མནར་བའི་འགྲོ་བ་རྣམས་དེ་ལས་ཐར་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྒོམས་ནས་སྙིང་རྗེ་དེ་ཡིས་དྲངས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། གཞུང་དེ་དག་གིས་སེམས་བསྐྱེད་སྐྱེ་བ་ལ་བྱམས་སྙིང་རྗེ་གཉིས་ངེས་པར་དགོས་པར་སྟོན་པའོ། །གཉིས་པ་དངོས་གཞི་ནི། ལྡོག་པ་མེད་པར་དམ་བཅའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཞེས་པ་སྟེ། གང་བསྐྱེད་ན། སྔར་ལྟར་བྱམས་པ་དང་སྙིང་རྗེའི་དམིགས་རྣམ་ལེགས་པར་སྦྱངས་ནས་སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །ཇི་ལྟར་ན། སེམས་བསྐྱེད་པ་ལས་དུས་ནམ་ཡང་ལྡོག་པ་མེད་པར་དམ་བཅའ་བའི་ཚུལ་གྱིས་སོ། །སྤྱིར་སྨོན་སེམས་ཆོ་ག་ལ་མ་བལྟོས་པར་སྐྱེ་ཡང་། ཆོ་གས་བླངས་ན་བརྟན་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་ལེན་པ་ཡིན་ལ། །ལེན་པའི་ཆོ་ག་དངོས་ནི། ལམ་རི མ་ཆེན་མོ་སོགས་ལས་འབྱུང་བ་ལྟར་བདག་གིས་ལོགས་སུ་བཀོད་ཟིན་པས་འདིར་བཞག་གོ །གསུམ་པ་འཇུག་གི་བསླབ་བྱ་དང་བཅས་པ་ལྔ་ལས། དང་པོ་ཕན་ཡོན་ནི། དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །ཅེས་སོ། །སྔར་བཤད་པ་དེ་ལྟར་སྨོན་པའི་སེམས་དག་ནི་ཆོ་གས་བསྐྱེད་པའི་ཡོན་ཏན་ནམ་ཕན་ཡོན་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། སྡོང་པོ་བཀོད་པ་ཡི་མདོ་ལས་རྗེ་བཙུན་བྱམས་པས་རྒྱས་སྲས་ནོར་བཟང་ལ་རབ་ཏུ་རྒྱས་པར་བཤད་དོ། །བཤད་ཚུལ་ནི་མདོ་དེ་ཉིད་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཀྱི་ས་བོན་ལྟ་བུའོ་ཞེས་སོགས་ཏེ། སེམས་བསྐྱེད་ཀྱི་ཕན་ཡོན་འཆད་པའི་མདོ་མང་ཡང་འདི་ལས་རྒྱས་པ་མ་མཐོང་ངོ་། །གཉིས་པ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་སློབ་པ་ནི། དེ་ཡིས་མདོ་ཀློག་པའམ་བླ་མ་ལས་མཉན་ཏེ། རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ། རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ། དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །ཞེས་སོ། །སྨོན་སེམས་ཆོ་གས་བླངས་པའི་གང་ཟག་དེ་ཡིས་སྨོན་སེམས་བསྐྱེད་པའི་ཕན་ཡོན་ཤེས་པར་བྱ་བའི་ཆེད་དུ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་རྣམས་དང་བསྟན་བཅོས་ཁྱད་པར་ཅན་རང་ཉིད་ཀྱིས་ཀློག་པའམ། ཡང་ན་བླ་མ་ལས་ལེགས་པར་མཉན་ཏེ་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཡོན་ཏན་ནམ་ཕན་ཡོན་མཐའ་མེད་པའི་ཚུལ་རྣམ་པར་ཤེས་པར་བྱས་ནས། དགོས་པ་སེམས་དེ་རང་རྒྱུད་ལ་གནས་ཤིང་མི་ཉམས་པའི་རྒྱུ་མཚན་ཏེ་རྒྱུ་རྐྱེན་དེ་ལྟར་ཡང་དང་ཡང་དུའམ། ཉིན་ལན་གསུམ་མཚན་ལན་གསུམ་དུ་སྨོན་སེམས་དེ་ནི་དྲན་ཅིང་བསྐྱེད་པར་བྱའོ། །སྨོན་སེམས་བསྐྱེད་པའི་ཆོ་ག་རྒྱས་པ་ལམ་རིམ་ནས་འབྱུང་བ་ལྟར་མ་གྲུབ་ན། སངས་རྒྱས་ཆོས་ཚོགས་མ་རྐང་པ་བཞིས་བྱ་བར་ཇོ་བོ་ཉིད་ཀྱི་གསུང་ལས་འབྱུང་ངོ་། །འོ་ན། རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཡོན་ཏན་ནམ་ཕན་ཡོན་མཐའ་མེད་པ་དེ་གང་ཞེ་ན། དེ་ནི་སྡོང་པོ་བཀོད་པ་ཙམ་དུ་མ་ཟད་གཞན་ཡང་། དཔའ་སྦྱིན་གྱིས་ཞུས་མདོ་དག་ལས། འདི་ཡི་བསོད་ནམས་གང་བསྟན་པ། །གང་ཚེ་ཚིགས་བཅད་གསུམ་ཙམ་དུ། །མདོར་བསྡུས་པས་ནི་བྲི་བར་བྱ། །བྱང་ཆུབ་སེམས་ནི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་དེ་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་ཏེ། དོན་བསྡུ་ན་དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས་སེམས་བསྐྱེད་པ་འདིའི་བསོད་ནམས་གང་བསྟན་པ་གང་གི་ཚེ་ཚིགས་བཅད་གསུམ་ཙམ་དུ་འདིར་མདོར་བསྡུས་ནས་བྲི་བར་བྱའོ་ཞེས་བཤད་པར་དམ་བཅས་ནས། དེ་མན་ཆད་ཀྱིས་ཕན་ཡོན་སྟོན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་གང་ཡིན་པ་དེ་ལ་གཟུགས་མ་མཆིས་མོད། གལ་ཏེ་དེ་ལ་གཟུགས་མཆིས་ན་ནི་ནམ་མཁའི་ཁམས་ཀུན་བཀང་སྟེ་མི་ཤོང་བར་ཕན་ཡོན་དེ་ནི་ནམ་མཁའ་དེ་ལས་ཀྱང་ལྷག་པར་འགྱུར་རོ། །དཔེར་ན་ཆུ་བོ་གངྒཱའི་བྱེ་མའི་གྲངས་ཅི་སྙེད་གྱི་ཚད་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་མི་གང་གིས་ཡིད་བཞིན་གྱི་ནོར་བུ་དང་དངུལ་སོགས་རིན་པོ་ཆེ་དག་གིས་ཀུན་ནས་བཀང་སྟེ་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་རྣམས་ལ་ཕུལ་བ་བས། གཞན་གང་གིས་ཐལ་མོ་སྦྱར་བར་བྱས་ནས་ལུས་བཏུད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཆོད་པ་འདི་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ། །འོ་ན། འདིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཆོད་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། མཆོད་པ་ལ་ཕྱི་ཟང་ཟིང་དང་ནང་སྒྲུབ་པའི་མཆོད་པ་གཉིས་གསུངས་པའི་ནང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱམས་སྙིང་རྗེ་སྟོང་ཉིད་སྒོམ་པ་སོགས་ནི་ནང་སྒྲུབ་པའི་མཆོད་པ་ཡིན་པ་ལ་དགོངས་སོ། གསུམ་པ་ཚོགས་གཉིས་བསགས་པ་ལ་བསླབ་པ་ནི། བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང་། །ཞེས་སོ། །གོང་ལྟར་ཕན་ཡོན་དྲན་པ་སོགས་ཀྱི་སྒོ་ནས་བྱང་ཆུབ་ཏུ་སྨོན་པའི་སེམས་དག་བསྐྱེད་པར་བྱས་ནས་ནི། ཡན་ལག་བདུན་པ་ལ་སོགས་པའི་སྒོ་ནས་འབད་པ་མང་པོས་སེམས་དེ་ཀུན་དུ་སྤེལ་བར་བྱ་དགོས་ཏེ། བྱང་ཆུབ་ཀྱི་སེམས་གོང་དུ་འཕེལ་ན་ཚོགས་གཉིས་གོང་དུ་འཕེལ་ཏེ་མྱུར་དུ་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །བཞི་པ་སེམས་ཅན་བློས་མི་སྤང་བ་ནི། འདི་ནི་སྐྱེ་བ་གཞན་དུའང་དྲང་དོན་དུ། །ཞེས་པའི་འང་ཞེས་པའི་སྒྲས་བསྟན་ཅིང་བློས་མི་སྤོང་བ་ནི། ཁ་ཅིག་གིས་རང་ལ་མི་འཐད་པ་བྱས་པ་ན་འདིའི་དོན་ནམ་ཡང་མི་བྱའོ་སྙམ་ན་སེམས་ཅན་བློས་སྤངས་པ་ཡིན་པ་དེ་ལྟ་བུ་མི་བྱེད་པའོ། །ལྔ་པ་ནག་ཆོས་སྤོང་ཞིང་དཀར་ཆོས་བཞི་ལ་སློབ་ཚུལ་ཡང་། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང་། །ཞེས་སོ། །སྨོན་སེམས་ཚོ་གས་བཟུང་བ་འདི་ལ་ནི་ཚེ་འདིར་མི་ཉམས་པའི་རྒྱུ་ལ་བསླབ་པ་ཙམ་ཀྱིས་མི་ཆོག་གི སྐྱེ་བ་ཕྱི་མ་གཞན་དུའང་སེམས་དེ་དྲན་ཅིང་མི་བརྗེད་པའི་དོན་དུ་རྒྱུ་འོད་སྲུང་གིས་ཞུས་པའི་མདོ་ལས་ཇི་སྐད་བཤད་པའི་བསླབ་པ་བཞི་ཚན་གཉིས་པོ་ཡོངས་སུ་བསྲུང་བ་དང་བསྟེན་པར་བྱའོ། །ཆོས་བཞི་ཚན་གཉིས་པོ་གང་ཡིན་ལམ་རིམ་ཆེན་མོ་སོགས་ལས་འབྱུང་བ་ལྟར་རོ། །གཉིས་པ་འཇུག་སེམས་བསླབ་བྱ་དང་བཅས་པ་བཤད་པ་ལ་གསུམ། འཇུག་སྡོམ་བླང་དགོས་པར་བསྟན་པ། དེ་ཇི་ལྟར་ལེན་ཚུལ། དེའི་བསླབ་བྱ་བཤད་པའོ། དང་པོ་ནི། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པ། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྡོམ་པ་སྤེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླངས། །ཞེས་སོ། །སྨོན་སེམས་ཆོ་གས་བཟུང་བ་དེས་ནི། འཇུག་སྡོམ་འདི་ནི་ངེས་པར་བླང་བར་བྱ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་སྡོམ་པའི་མིང་ཅན་སྨོན་སེམས་དེ་གོང་དུ་སྤེལ་བར་འདོད་པས། འཇུག་པའི་སེམས་ཀྱི་བདག་ཉིད་འཇུག་སྡོམ་བཟུང་བའི་སྒོ་ནས་སྤེལ་བར་བྱ་ཞིང་། སྡོམ་པ་དེ་མ་གཏོགས་པར་སྨོན་སེམས་ཡང་དག་པ་གོང་དུ་འཕེལ་བར་འགྱུར་བའི་ཐབས་གཞན་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་འཇུག་སྡོམ་ཇི་ལྟར་ལེན་པ་ལ་གསུམ། ལེན་པའི་རྟེན། བླང་བའི་ཡུལ། ལེན་པའི་ཆོ་གའོ། །དང་པོ་ནི། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་སོ། དགེ་བསྙེན་ཕ་མ། དགེ་ཚུལ་ཕ་མ། དགེ་སློང་ཕ་མ་གཉིས་ཏེ་དྲུག་དང་། དེའི་སྟེང་དུ་དགེ་སློང་མའི་སྡོམ་པ་བསྣན་ནས་སོ་སོར་ཐར་པ་རིགས་བདུན་དུ་བཤད་པ་ལྟར་རིགས་བདུན་གང་རུང་དངོས་སམ། དེ་དང་ཐུན་མོང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་རྟག་ཏུ་སྟེ་ཇི་སྲིད་འཚོ་བའི་བར་དུ་བླངས་ནས་རྒྱུད་ལ་ལྡན་པའི་གང་ཟག་ལ་བྱང་ཆུབ་སེམས་དཔའི་འཇུག་པའི་སྡོམ་པ་སྐྱེ་བའི་སྐལ་བ་ཡོད་ཀྱི། གཞན་དུ་སྟེ་བཅས་རང་གི་ཁ་ན་མ་ཐོ་བ་ཅི་རིགས་མི་སྤོང་བ་ལ་བྱང་སེམས་ཀྱི་སྡོམ་པ་སྐྱེ་བ་ཡོད་པ་མ་ཡིན་ནོ། །འདིའི་དངོས་བསྟན་ལ་འཇུག་སྡོམ་སྐྱེ་བའི་རྟེན་དུ་སོ་ཐར་རིགས་བདུན་གང་རུང་ཞིག་དགོས་པར་བཤད་པ་ནི། རྟེན་ཁྱད་པར་ཅན་དང་གཙོ་ཆེ་བའི་དབང་དུ་མཛད་པ་ཡིན་གྱི། ངེས་པར་དགོས་པ་མ་ཡིན་ཏེ། སོར་ཐར་གྱི་སྡོམ་པ་མ་བླངས་པ་ལའང་འཇུག་སྡོམ་སྐྱེ་བ་ཡོད་པའི་ཕྱིར་རོ། །འདིར་རིགས་བདུན་ལ་བསྙེན་གནས་ཀྱི་སྡོམ་པ་མི་འདྲེན་པ་ནི། དེ་ཉིན་ཞག་གཅིག་གི་མཐའ་ཅན་ཡིན་པས་རྒྱུན་ཐུང་བ་ལ་དགོངས་སོ། །རྟེན་གྱི་ཁྱད་པར་སྟོན་པ་ནི། སོ་སོར་ཐར་པ་རིགས་བདུན་དུ། །དེ་བཞིན་གཤེགས་པས་གསུངས་པ་ལས། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་སོ། །བྱང་སྡོམ་གྱི་རྟེན་ལ་སོ་སོ་ཐར་པ་རིགས་བདུན་དུ་དེ་བཞིན་དུ་གཤེགས་པས་གསུངས་པ་ལ། ཁྱིམ་པའི་སྡོམ་པ་ལས་ཚངས་སྤྱོད་ཀྱི་དཔལ་རབ་བྱུང་གི་སྡོམ་པ་མཆོག་ཡིན་ཞིང་། རབ་བྱུང་གི་སྡོམ་པའི་ནང་ནས་ཀྱང་དགེ་སློང་གི་སྡོམ་པ་དག་མཆོག་ཏུ་བཞེད་དོ། །གཉིས་པ་གང་ལས་བླང་བའི་ཡུལ་ནི། །སྡོམ་པའི་ཆོ་ག་ལ་མཁས་དང་། བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེ་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་སོ། །གཞུང་ཚིག་འདི་བྱང་ཆུབ་སེམས་དཔའི་ས་དག་གི །ཞེས་པའི་འོག་ཏུ་འབྱུང་ཡང་འཆད་བདེ་བའི་ཕྱིར་སྔར་བླངས་པ་སྟེ། འོ་ན་སྡོམ་པ་བླངས་པའི་ཡུལ་ཇི་ལྟ་བུ་ཞེ་ན་ཡོད་དེ། དེ་ལ་སྡོམ་པ་ལེན་པའི་ཆོ་གའི་སྐོར་ལ་མཁས་པའི་ཤེས་རབ་དང་ལྡན་པ་དང་། བདག་ཉིད་གང་ཞིག་བྱང་སེམས་ཀྱི་སྡོམ་པ་ལ་གནས་པ་དང་། གཞན་ལ་སྡོམ་པ་དེ་འབོགས་བཟོད་པའི་ནུས་པའི་སྤོབས་པ་དང་། སྙིང་རྗེ་ཆེན་པོ་སྟེ་ཡོན་ཏན་བཞི་དང་ལྡན་པ་ཞིག་དགོས་ཤིང་། དེ་ལྟ་བུའི་གང་ཟག་དེ་བྱང་སྡོམ་ལེན་ཡུལ་གྱི་བླ་མ་བཟང་པོར་ཤེས་པར་བྱ་བའི་ཕྱིར། གསུམ་པ་ཇི་ལྟར་ལེན་པའི་ཆོ་ག་ལ་གཉིས། བླ་མ་ཡོད་པ་དང་། བླ་མ་མེད་པའི་ཆོ་གའོ། །དང་པོ་ནི། །བྱང་ཆུབ་སེམས་དཔའི་ས་དག་གི །ཚུལ་ཁྲིམས་ལེའུ་གསུང་ཆོག་ཡིས། །ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལས་སྡོམ་པ་བླངས། །ཞེས་སོ། །དེ་ལ་བླང་ཞེས་དྲང་ངོ་། །གང་ན་འཇུག་པའི་སྡོམ་པའོ། །གང་ལས་ན། སྔར་བཤད་པ་ལྟར་ཡང་དག་པའི་མཚན་ཉིད་ཕུན་ཚོགས་པ་དང་ལྡན་པའི་བླ་མ་བཟང་པོ་ལས་སོ། །ཆོ་ག་གང་ལ་བརྟེན་ཏེ་ལེན་ན། །འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སའི་ནང་ཚན་དག་གི་ཚུལ་ཁྲིམས་ཀྱི་ལེའུ་ལས་གསུངས་པའི་ཆོ་ག་ཡི་སྒོ་ནས་སོ། །འཇུག་སྡོམ་ལེན་པའི་ཆོ་ག་རྒྱས་པ་འདི་ཇོ་བོའི་སྡོམ་པའི་ཆོ་ག་དང་། རྗེ་ཉིད་ཀྱིས་མཛད་པའི་བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་ལས་འབྱུང་བ་ལྟར་ཏེ། འདིར་མང་དུ་དོགས་ནས་མི་འགོད་དོ། །གཉིས་པ་བླ་མ་མེད་པའི་ཆོ་ག་ནི། དེ་ལ་འབད་པས་འདི་འདྲ་བའི། །གལ་ཏེ་བླ་མ་མ་རྙེད་ན། །དེ་ལས་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །ཞེས་པ་ནི། བླ་མ་མེད་པའི་སྡོམ་ཆོག་འཆད་པའི་དམ་བཅའ་སྟེ། སྡོམ་པ་ལེན་བདེ་ལ་འབད་པ་ཆེན་པོས་གོང་དུ་བཤད་པ་འདི་འདྲ་བའི་བླ་མ་གལ་ཏེ་མ་རྙེད་ན་ནི། བླ་མ་ཡོད་པ་དེ་ལས་གཞན་དམིགས་བསལ་བླ་མ་མེད་ཀྱང་རང་ཉིད་ཀྱིས་སྡོམ་པ་དེ་ནོད་པའི་ཆོ་ག་ལུང་ལས་གསུངས་པ་བཞིན་འདིར་ཡང་དག་པར་བཤད་པར་བྱའོ། །འོ་ན་བླ་མ་མེད་པའི་སྡོམ་ཆོག་ལུང་གང་ལས་བཤད་ཅེ་ན། དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨམྦ་རཱ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང་། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །ཞེས་སོ། །དེ་ལ་བླ་མ་མེད་པའི་སྡོམ་ཆོག་བཤད་པར་བྱ་སྟེ། སྔོན་བསྐལ་པ་མང་པོ་འདས་པའི་དུས་ཀྱི་ཚེ་འཇམ་པའི་དཔལ་འཇམ་དབྱངས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཨམྦརཱ་ཛ་སྟེ་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་བ་དེ་ཡིས། སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱས་པོའི་དྲུང་དུ་ཇི་ལྟར་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ཚུལ་འཇལ་དཔལ་གྱི་སངས་རྒྱས་ཀྱི་ཞིང་རྒྱན་བཀོད་པ་སྟོན་པའི་མདོ་ལས་བཤད་པ་ལྟར་དེ་ཁོ་ན་བཞིན་དུ་གཞུང་འདིར་ནི་རབ་ཏུ་གསལ་བར་བྲི་བར་བྱའོ། །མདོ་དེ་ལས་འབྱུང་བའི་སེམས་བསྐྱེད་དང་། སྡོམ་པ་བཟུང་ཚུལ་དངོས་སྟོན་པ་ནི། མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་སྒྲོལ་ལ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང་། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་དག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང་། །སྡིག་དང་འདོད་པ་སྤངས་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང་། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི་མུ་མཐར་གནས་པར་བགྱིད། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྤྱད་པར་བྱ། །མིང་ནས་བཟུང་བར་བྱས་པ་དང་། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། ཐམས་ཅད་དུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །ཞེས་སོ། །འདི་ལ་སེམས་བསྐྱེད་པ་དང་། སྡོམ་པ་བླང་བའི་ཚུལ་གཉིས་ལས། དང་པོ་ནི། མགོན་པོ་སངས་རྒྱས་རྣམས་ཀྱི་སྤྱན་སྔར་རུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགོས་པ་ནི། འགྲོ་བ་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་བ་སྟེ་དེའི་དོན་དུའོ། །གང་ལ་མགྲོན་དུ་གཉེར་བ་ནི། འགྲོ་བ་དེ་དག་འཁོར་བ་ལས་སྒྲོལ་བ་སྟེ་མྱང་འདས་ལ་འགོད་ཅིང་མགྲོན་དུ་གཉེར་བའོ། །གཉིས་པ་ལ་གསུམ་ལས། དང་པོ་སྡོམ་པའི་ཚུལ་ཁྲིམས་ཁས་ལེན་པ་ནི། སེམས་ཅན་གསོད་འདོད་ལ་སོགས་པའི་གནོད་སེམས་དང་། ཁྲོ་བའི་སེམས་ཉིད་དང་། ཡོ་བྱད་ལ་དམ་དུ་འཛིན་པའི་སེར་སྣ་དང་། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་ཉིད་དང་བཅས་པ་རྣམས་སྡོམ་པ་བླངས་པའི་ཉིན་དེང་ནས་བཟུང་སྟེ་བྱང་ཆུབ་ཆེན་པོ་དག་ཐོབ་ཀྱི་བར་དུ་མི་བྱའོ། །དབང་པོ་གཉིས་སྦྱོར་གྱི་འཁྲིག་པ་སྤངས་ཏེ་ཚངས་པར་སྤྱོད་པ་སྤྱད་པར་བྱ་ཞིང་། སྡིག་པའི་ལས་དང་དེའི་རྒྱུ་འདོད་པའི་ཡུལ་ལ་ཆགས་པ་རྣམས་སྤང་བར་བྱའོ། །དེ་དག་སྤངས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་དགའ་བས་སངས་རྒྱས་རྣམས་ཀྱི་སྤྱོད་པའི་རྗེས་སུ་བསླབ་པར་བྱའོ། །གཉིས་པ་སེམས་ཅན་དོན་བྱེད་གྱི་ཚུལ་ཁྲིམས་ཁས་ལེན་པ་ནི། བདག་ཉིད་མྱུར་དུ་རིངས་བའི་ཚུལ་གྱིས་བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང་། སེམས་ཅན་གཅིག་གི་ཡང་དོན་བྱ་བའི་རྒྱུ་ཡིས་ནི་ཕྱི་མའི་མུ་མཐའ་མེད་པའི་བར་འཁོར་བར་གནས་པར་བགྱིའོ། །གསུམ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ཡོན་ཏན་གྱི་གྲངས་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་རང་གི་ཞིང་དག་གི་སྐྱོན་རྣམ་པར་སྦྱང་བར་བྱ་ཞིང་། གཞན་གང་གིས་བདག་གི་མིང་ཐོས་ཏེ་བཟུང་བ་དང་མཐོང་ཐོས་དྲན་རེག་བྱས་པའི་སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པས། ཕྱོགས་བཅུ་དག་ཏུ་བདག་གི་མིང་གྲགས་ཤིང་རྣམ་པར་འཛིན་པས་གནས་པར་བྱེད་པའི་སེམས་ཅན་གྱི་འཇིག་རྟེན་ཡང་སྦྱང་བར་བྱའོ། །མདོར་ན་བདག་གི་ལུས་དང་ངག་གི་ལས་གཉིས་རྣམ་པ་ཐམས་ཅད་དུ་ཉེས་པས་དག་པར་བྱ་ཞིང་། དེར་མ་ཟད་ཡིད་ཀྱི་ལས་ཀྱང་ལྟུང་བས་དག་པར་བྱ་སྟེ། སྒོ་གསུམ་གྱི་མི་དགེ་བའི་ལས་རྣམས་བྱང་ཆུབ་ཀྱི་བར་དུ་ནམ་ཡང་མི་བྱའོ། །འདིར་བཤད་པའི་སྡོམ་པ་ལེན་པའི་ཆོ་ག་ལ་རྒྱས་བསྡུས་གཉིས་ལས་བསྡུས་པ་ནི་བསླ བ་བཏུས་ལས་གསུངས་པ་ལྟར། སློབ་དཔོན་ཡོད་དམ་མེད་ཀྱང་རུང་ལ་ཡོད་ན་སློབ་དཔོན་དགོངས་སུ་གསོལ་དང་། མེད་ན་རྒྱལ་བ་སྲས་བཅས་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཇི་ལྟར་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་སྔོན་གྱི་ཚེའི་རྟོགས་པ་བརྗོད་པ་ལས་སྤྱོད་པ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་རྗེས་བཟློས་སམ། རང་གིས་བརྗོད་ནས་བླང་ངོ་། །རྒྱས་པ་ནི། སྡོམ་དེའི་རྗེས་སུ་མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །ཞེས་པ་ནས། །མི་དགེའི་ལས་རྣམས་མི་བྱའོ། །ཞེས་པའི་བར་བཏགས་ཏེ་ལན་གསུམ་བརྗོད་ཅིང་ལེན་ནོ། །གསུམ་པ་སྡོམ་པ་བླངས་ནས་བསླབ་བྱ་ལ་སློབ་པར་བསྟན་པ་ལ་གསུམ། །ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་ཚུལ། སེམས་ཀྱི་བསླབ་པ་ལ་སློབ་ཚུལ། ཤེས་རབ་ཀྱི་བསླབ་པ་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་། དེའི་ཆེ་བའོ། །དང་པོ་ན། རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ། །འཇུག་སེམས་བདག་ཉིད་སྡོམ་པ་ལ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་ན། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །ཞེས་སོ། །དེ་ཡང་བསླབ་ཞེས་དྲང་ངོ་། །གང་ལ་ན། ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་པོ་ལའོ། །གང་གིས་ན། འཇུག་པའི་སེམས་ཀྱི་བདག་ཉིད་ཀྱི་སྡོམ་པ་ལ་གནས་པའི་བྱང་སེམས་དེས་སོ། །དགོས་པ་གང་ན་རང་གི་ལུས་ངག་སེམས་གསུམ་ནི་ལྟུང་བས་རྣམ་པར་དག་ཅིང་གཞན་པ་ཕན་པའི་རྒྱུར་རོ། །ཇི་ལྟར་སློབ་ན་དེ་གསུམ་ལ་ལེགས་པར་སློབ་པའོ། །དེ་ལྟར་བསླབས་པས་ཅིར་འགྱུར་ཞེ་ན། ཕྱིས་གོམས་པའི་སྟོབས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ་སློབ་འདོད་ཀྱི་གུས་པ་ཇེ་ཆེར་འགྱུར་རོ། །གཉིས་པ་ཆེ་བ་ནི། དེ་བས་རྣམ་དག་རྫོགས་བྱང་ཆུབ། །སེམས་དཔའི་སྡོམ་པའི་སྡོམ་དག་ནི། །འབད་པར་བྱས་པས་རྫོགས་བྱང་ཆུབ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །ཞེས་སོ། །ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ་བསླབས་པས་སྒོ་གསུམ་དག་པར་འགྱུར་བ་དེ་བས་ན། སྤང་བྱ་རྣམ་པར་དག་ཅིང་ཡོན་ཏན་ཡོངས་སུ་རྫོགས་པ་ནི་འབྲས་བུ་བྱང་ཆུབ་ཡིན་ལ། དེ་ཉིད་ཐོབ་བྱར་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡོམ་པའི་ཚུལ་ཁྲིམས་གཙོ་བོར་གྱུར་པའི་ཚུལ་ཁྲིམས་གསུམ་གྱི་སྡོམ་པ་དག་སྲུང་བ་ལ་ནི་འབད་པར་བྱས་པས་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་གཉིས་ནི་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་སེམས་ཀྱི་བསླབ་པ་ལ་གཉིས། མངོན་ཤེས་ཀྱི་རྒྱུ་ཞི་གནས་ལ་སློབ་དགོས་པ་དང་། ཞི་གནས་ལ་ཇི་ལྟར་བསླབ་པའི་ཚུལ་དངོས་སོ། །དང་པོ་ནི། །བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག །མངོན་ཤེས་བསྐྱེད་པ་ཉིད་དུ་བཞེད། །ཇི་ལྟར་འདབ་གཤོག་མ་རྒྱས་པའི། །བྱ་ནི་ནམ་མཁར་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་མ་ཡིན། །མངོན་ཤེས་ལྡན་པའི་ཉིད་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་ཏེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་པས་མངོན་ཤེས་དག །འགྲུབ་པར་འགྱུར་གྱིས་ལེ་ལོས་མིན། །ཞེས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་ཚོགས་གཉིས་པོ་ཡོངས་སུ་རྫོགས་པའི་རྒྱུ་ཁྱད་པར་ཅན་གང་ཞེ་ན། དེའི་རྒྱུ་ནི་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་ཤེས་པ་དྲུག་བསྐྱེད་པ་ཉིད་དུ་བཞེད་དེ། མངོན་ཤེས་མེད་ན་སེམས་ཅན་གྱི་དོན་ཁྱད་པར་ཅན་སྒྲུབ་མི་ཤེས་པའི་ཕྱིར། དཔེ་ཇི་ལྟར་ན་འདབ་གཤོག་མ་རྒྱས་པའམ་མེད་པའི་བྱ་ནི་ནམ་མཁར་འཕུར་མི་ནུས་པ་དེ་བཞིན་དུ་མངོན་པར་ཤེས་པའི་སྟོབས་དང་བྲལ་བས་ནི་སྐལ་བ་དང་འཚམས་པར་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་ནུས་པ་མ་ཡིན་ཏེ། བྱང་སེམས་མངོན་ཤེས་དང་ལྡན་པས་ཉིན་མཚན་ཕྲུགས་གཅིག་ལ་སྤྱད་པའི་བསོད་ནམས་ཀྱི་ཚོགས་དག་ནི་གསོག་པ་གང་ཡིན་པ་དེ་ཙམ་ཞིག་མངོན་ཤེས་དག་དང་བྲལ་བར་གྱུར་པ་ལ་སྐྱེ་བ་བརྒྱར་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེས་ན་དུས་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འདོད་པར་གྱུར་པ་དེས་ནི་མངོན་ཤེས་བསྐྱེད་དགོས་ཤིང་། དེ་ཡང་དེའི་རྒྱུ་ལ་འབད་པ་ཆེར་བྱས་པས་མངོན་ཤེས་དག་འགྲུབ་པར་འགྱུར་གྱིས། ལེ་ལོ་ཅན་གྱིས་ནི་དེ་འགྲུབ་ནུས་པ་མིན་པའི་ཕྱིར་རོ། །རྒྱུའི་གཙོ་བོ་གང་ཡིན་ཞེ་ན། ཞི་གནས་གྲུབ་པ་མ་ཡིན་པས། །མངོན་ཤེས་འབྱུང་བར་མི་འགྱུར་ལ། དེ་ཕྱིར་ཞི་གནས་གྲུབ་པའི་ཕྱིར། །ཡང་དང་ཡང་དུ་འབད་པར་བྱ། །ཞེས་སོ། །མངོན་ཤེས་ཕྲ་མོ་འགའ་ཞིག་སྐྱེས་སྟོབས་དང་། ལས་སྟོབས་དང་། སྨན་དང་སྔགས་ལ་བརྟེན་ནས་འབྱུང་བ་ཡོད་ཀྱང་། བསྒོམས་སྟོབས་ཀྱིས་བྱུང་བའི་མངོན་ཤེས་ཁྱད་པར་ཅན་སྐྱེ་བའི་རྒྱུའི་གཙོ་བོ་ཡོད་དེ། ཞི་གནས་གྲུབ་པ་མ་ཡིན་པ་ལ་འབྱུང་བར་མི་འགྱུར་བ་ཡིན་ལ། རྒྱུ་མཚན་དེ་ཕྱིར་ཞི་གནས་གྲུབ་པའི་ཕྱིར་དུ་སེམས་གནས་དགུ་སོགས་ལ་ཡང་དང་ཡང་དུ་འབད་དགོས་པའི་ཕྱིར་རོ། །གཉིས་པ་ཞི་གནས་པ་ལ་བསླབ་ཚུལ་དངོས་ལ་གསུམ། ཞི་གནས་ཀྱི་ཚོགས་བསྟེན་པ། ཞི་གནས་ཇི་ལྟར་སྒོམ་ཚུལ། བསྒོམས་པའི་ཕན་ཡོད་ནོ། །དང་པོ་ནི། ཞི་གནས་ཡན་ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་ནས། །ཞེས་སོ། །ཞི་གནས་སྐྱེ་བ་ལ་དེའི་རྒྱུ་ཚོགས་བསྟེན་དགོས་ཏེ། ཞི་གནས་ཀྱི་ཡན་ལག་རྒྱུ་ཚོགས་རྣམ་པར་ཉམས་པས་ནི་རབ་ཏུ་འབད་དེ་ཞི་གནས་བསྒོམས་པར་བྱས་ཀྱང་ལོ་ནི་སྟོང་ཕྲག་དག་གི་བར་དུ་ཡང་ཞི་གནས་ཀྱི་ཏིང་འཛིན་སྐྱོན་མེད་འགྲུབ་པར་མི་འགྱུར་བའི་ཕྱིར། །རྒྱུ་མཚན་དེའི་ཕྱིར་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས་གསུངས་པའི་ཞི་གནས་ཀྱི་རྒྱུ་ཚོགས་ཡན་ལག་རྣམས་ལ་ལེགས་པར་གནས་ནས་ཞི་གནས་བསྒྲུབ་པར་བྱའོ། །རྒྱུ་ཚོགས་ཉན་ས་ནས་ཚུལ་ཁྲིམས་དག་པ་དང་། །འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། དབེན་པ་ལ་གནས་པ་སོགས་བཅུ་གསུམ་གསུངས་པ་ལྟར་རོ། །གཉིས་པ་ཞི་གནས་ཇི་ལྟར་སྒོམ་པའི་ཚུལ་ནི། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །ཞེས་སོ། །སྔར་ལྟར་ཞི་གནས་ཀྱི་ཚོགས་ལ་གནས་པ་དེས་ཞི་གནས་སྒོམ་ཚུལ་ཡོད་དེ། རྒྱལ་བས་གསུངས་པའི་ཁྱབ་པའི་དམིགས་པ་དང་། དཔྱད་པ་རྣམ་སྦྱོང་གི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་གང་རུང་གཅིག་དག་ལ་ཡིད་ཀྱི་དགེ་བ་ལ་སྟེ་མ་གཡེང་བར་རྩེ་གཅིག་ཏུ་བཞག་པར་བྱ་བ་ཡིན་པའི་ཕྱིར། ལམ་རིམ་སོགས་ལས་སངས་རྒྱས་ཀྱི་སྐུ་དམིགས་རྟེན་དུ་བྱས་ནས་བསྒོམས་པར་བཤད་དོ། །གསུམ་པ་བསྒོམས་པའི་ཕན་ཡོན་ནི། རྣལ་འབྱོར་ཞི་གནས་འགྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཞེས་སོ། །ཞི་གནས་བསྒོམས་པའི་ཕན་ཡོན་ཡོད་དེ། སྔར་ལྟར་བརྩོན་པའི་རྣལ་འབྱོར་བ་དེས་ཞི་གནས་གྲུབ་པར་གྱུར་བ་ན་དེ་སྦྱངས་པ་ལས་ཡོན་ཏན་གཞན་དང་མངོན་པར་ཤེས་པ་དག་ཀྱང་འགྲུབ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ཤེས་རབ་ཀྱི་བསླབ་པ་ལ་གཉིས། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ལྷག་མཐོང་ལ་བསླབ་པར་བསྟན་པ་དང་། ལྷག་མཐོང་ལ་ཇི་ལྟར་སློབ་ཚུལ་ལོ། །དང་པོ་ལ་གསུམ། ལྷག་མཐོང་ལ་སློབ་དགོས་པའི་རྒྱུ་མཚན། ཐབས་ཤེས་ཟུང་འབྲེལ་ལ་སློབ་དགོས་ཚུལ། ཟུང་འབྲེལ་གྱི་ལམ་དངོས་བཤད་པའོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང་། །བྲལ་བས་སྒྲིབ་པ་ཟད་མི་འགྱུར། །དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐབས་བཅས་བསྒོམ་པར་བྱ། །ཞེས་སོ། །ཞི་གནས་ལ་བརྟེན་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྦྱོར་བ་སྟེ་རྣལ་འབྱོར་དང་བྲལ་བའི་ཞི་གནས་ཙམ་གྱིས་སྒྲིབ་པ་ཟད་པར་མི་འགྱུར་བར་གསུངས་པ་དེའི་ཕྱིར། དེས་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤང་བར་བྱ་བའི་ཕྱིར་དུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟག་ཏུ་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཐབས་དང་བཅས་ཏེ་བསྒོམ་པར་བྱའོ། །གཉིས་པ་ཟུང་འབྲེལ་ལ་སློབ་དགོས་པའི་རྒྱུ་མཚན་ནི། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་ཀྱིས་ཀྱང་། །གང་ཕྱིར་འཆིང་བ་ཡིན་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་སོ། །སངས་རྒྱས་དོན་དུ་གཉེར་བས་ཐབས་ཤེས་གཉིས་ཀ་སྤང་བར་མི་བྱ་སྟེ། རྒྱུ་མཚན་གང ་གི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པར་གྲགས་པས་མདོ་ལས་ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ་ཞེས་གསུངས་པ་དེ་བས་ན་ཕྱིར་རོ། །གསུམ་པ་ཟུང་འབྲེལ་གྱི་ལམ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་རབ་གང་དང་ཐབས་གང་ཞེས། །ཐེ་ཚོམ་དག་ནི་སྤང་བའི་ཕྱིར། །ཐབས་རྣམས་དང་ནི་ཤེས་རབ་ཀྱི། །ཡང་དག་དབྱེ་བ་གསལ་བར་བྱ། །ཞེས་སོ། །གསལ་བར་བྱ་ཞེས་དྲང་ངོ་། །གང་ན་ཐབས་རྣམས་དང་ནི་ཤེས་རབ་ཀྱི་མཚན་ཉིད་འདྲེས་པ་ལྟར་སྣང་བ་དེ་ཡང་དག་པ་སྟེ་ལེགས་པར་སོ་སོའི་དབྱེ་བ་མ་འདྲེས་པར་རོ། །དགོས་པ་གང་ན་ཤེས་རབ་ནི་གང་ཡིན་དང་ཐབས་ནི་གང་ཡིན་ཞེས་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་དུ་གྱུར་པ་དག་ནི་སྤང་བའི་ཕྱིར་དུའོ། །གཉིས་པ་རྒྱས་པར་བཤད་པ་གསུམ། ཐབས་ངོས་བཟུང་བ། དེ་གོམས་པའི་དགོས་པ། ཤེས་རབ་ངོས་བཟུང་བའོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་སྤངས་བའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད། །ཅེས་སོ། །ཐབས་ཞེས་པ་དེ་ཇི་ལྟ་བུ་ཞེ་ན་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པ་སྟེ་ལོགས་སུ་བཀར་ནས་དེ་ལས་གཞན་སེམས་བསྐྱེད་ཀྱིས་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ལ་སོགས་ལྷག་མ་ལྔ་དང་དཀར་ཆོས་གཞན་དག་ཀྱང་ནི་རྒྱལ་བ་སངས་རྒྱས་རྣམས་ཀྱིས་ཐབས་སུ་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཐབས་གོམས་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམས་སྒོམ་པ། །དེས་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པུར་བསྒོམས་པས་མིན། །ཞེས་སོ། །ཐབས་ཤེས་ཟུང་འབྲེལ་ལ་སློབ་དགོས་ཏེ། མི་རྟག་པ་དང་ལས་འབྲས་བསམ་པ་དང་སྦྱིན་པ་ལ་སོགས་པའི་ཐབས་རྣམས་གོམས་པ་བརྟན་པར་བྱས་པའི་དབང་གིས། བྱང་སེམས་བདག་ཉིད་ཀྱིས་གཞི་གང་ཞིག་མཚན་འཛིན་གྱི་དམིགས་གཏད་བཤིག་པའི་ཤེས་རབ་རྣམ་པར་བསྒོམས་པར་བྱས་པ་དེས་ནི་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་གྱི། བདག་མེད་ཀྱི་དོན་གཅིག་པུ་བསྒོམ་པ་ལྟ་བུ། ཐབས་ཤེས་ཡ་བྲལ་གྱིས་ས་དང་པོ་ཙམ་ཡང་ཐོབ་ནུས་པ་མིན་པའི་ཕྱིར་རོ། །གསུམ་པ་ཤེས་རབ་ངོས་བཟུང་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་བའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་སོ། །དེ་ལ་ཤེས་རབ་ཀྱི་དམིགས་པ་ནི་གཟུགས་སོགས་ཕུང་པོ་ལྔ་དང་། མིག་སོགས་ཁམས་བཅོ་བརྒྱད་དང་། མིག་གི་སྐྱེ་མཆེད་སོགས་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱི་སྟེང་དུ་ངེས་རྒྱུ་ནི་རང་བཞིན་གྱིས་སྐྱེ་བ་མེད་པའོ། །དེ་རྟོགས་པར་གྱུར་བའི་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་ནི། འདིར་ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་ཅེས་ནི་ཡོངས་སུ་བཤད་དེ། དེ་ནི་ཤེས་རབ་ཀྱི་བསླབ་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་ནོ། །གཉིས་པ་ལྷག་མཐོང་ལ་ཇི་ལྟར་སློབ་པའི་ཚུལ་ལ་གཉིས། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ལ་གསུམ། ལྷག་མཐོང་གི་ཚོགས་བསྟེན་པ། ལྷག་མཐོང་སྒོམ་ཚུལ། བསྒོམས་པའི་འབྲས་བུའོ། །དང་པོ་ལ་གཉིས། རིགས་པ་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་བསྐྱེད་པ་དང་། ལུང་ལ་བརྟེན་ནས་ཐོས་བྱུང་གི་ཤེས་རབ་བསྐྱེད་པའོ། །དང་པོ་ལ་གསུམ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང་། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས་སོ། །དང་པོ་ན། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་པདྨོ་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ལས་འབྱུང་བ་མིན། །ཞེས་སོ། །དངོས་སྨྲ་བ་རྣམས་ན་རེ། དངོས་པོ་རྣམས་རང་བཞིན་གྱིས་མི་སྐྱེ་བ་མི་འཐད་དེ། རང་བཞིན་གྱིས་སྐྱེ་བར་མངོན་སུམ་དུ་དམིགས་པའི་ཕྱིར་ཞེ་ན། འོ་ན། མྱུ་གུ་ལྟ་བུ་རྒྱུའི་དུས་ན་ཡོད་པའམ། མེད་པ་འམ། ཡོད་མེད་གཉིས་ཀའམ། གཉིས་ཀ་མ་ཡིན་པ་གང་རང་བཞིན་གྱིས་སྐྱེ་བར་བརྟག་གྲང་། དང་པོ་ལྟར་ན། མྱུ་གུ་ཆོས་ཅན། རྒྱུའི་དུས་སུ་ཡོད་པ་སྐྱེ་བར་རིགས་པ་མ་ཡིན་ཏེ། ཡོད་ན་གྲུབ་ཟིན་པས་གྲུབ་ཟིན་སླར་ཡང་སྐྱེ་བ་ལ་དགོས་པ་མེད་པའི་ཕྱིར་ཏེ། དགོས་པ་ཡོད་ན་སླར་ཡང་ཐུག་མེད་དུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གཉིིས་པ་ལྟར་ན། རྒྱུའི་དུས་སུ་མེད་པའང་རང་བཞིན་གྱིས་སྐྱེ་བར་རིགས་པ་མ་ཡིན་ཏེ། མེད་པ་ལ་རྒྱུས་ཅི་ཡང་བྱར་མི་ནུས་པའི་ཕྱིར་ཏེ། ནམ་མཁའི་པདྨོ་ནི་སུས་ཀྱང་བསྐྱེད་མི་ནུས་པ་བཞིན་ནོ། །དེ་སྐད་དུའང་། བྱེ་བ་ཕྲག་བརྒྱའི་རྒྱུ་ཡིས་ཀྱང་། །དངོས་པོ་མེད་པ་བསྒྱུར་དུ་མེད། །ཅེས་གསུངས་པ་ལྟར་རོ། འོན་ཀྱང་ནམ་མཁའི་པདྨོ་དང་ནམ་མཁའ་ན་ཡོད་པའི་པདྨོ་ཁྱད་པར་ཡོད་ཚུལ་ཕྱེད་དགོས་སོ། །སྤྱིར་རང་གི་རྒྱུའི་དུས་སུ་མེད་ཀྱང་བསྐྱེད་ནུས་པ་དངོས་པོ་ཀུན་ཀྱི་སྐྱེ་ཚུལ་ཡིན་ཡང་། རང་བཞིན་གྱིས་གྲུབ་བཞིན་དུ་རྒྱུའི་དུས་སུ་མེད་ན་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་བའི་ཕྱིར་རྒྱུས་བསྐྱེད་མི་ནུས་ཏེ་ཞིབ་ཆ་མང་ངོ་། །གསུམ་པ་ལྟར་ན་རྒྱུ་དུས་སུ་ཡོད་མེད་གཉིས་ཀ་དག་ལས་ཀྱང་བྱུང་བ་མིན་ཏེ། དེ་ལ་ནི་སྔར་བཤད་པའི་རིགས་པས་གནོད་པའི་ཉེས་པ་གཉིས་ཀར་ཐལ་བར་འགྱུར་བའི་ཕྱིར་རོ། །བཞི་པ་ལྟར་ན་ཡང་མི་འཐད་དེ། །རྒྱུ་དུས་སུ་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་པའི་དངོས་པོ་དེ་འདྲ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། །སྔར་ལྟར་ཡོད་མེད་སོགས་བཞི་ལས་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར་ཏེ། སྟོང་ཉིད་བདུན་ཅུ་པ་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་གཉིས་ཆོས་མིན། །སྐྱེ་བ་མེད་ཕྱིར་གནས་འགག་མེད། །ཅེས་གསུངས་པའི་རིགས་པའོ། །གཉིས་པ་ནི། །དངོས་པོ་རང་ལས་མི་སྐྱེ་ཞིང་། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །ཅེས་སོ། །འདི་ནི་རྩ་བ་ཤེས་རབ་ལས། །བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་རིགས་པ་སྟེ། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་སྟེ་བདག་ལས་མི་སྐྱེ་སྟེ། སྐྱེ་ན་རྒྱུ་དུས་སུ་ཡོད་པའི་སྐྱེ་ཚུལ་དུ་སོང་བས་སྐྱེ་བ་དོན་མེད་དུ་འགྱུར་བའི་ཕྱིར། ཇི་ལྟར་ན་དེ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། མ་ཁྱབ་ན། སླར་ཡང་ཐུག་མེད་དུ་སྐྱེ་བར་འགྱུར་བར་ཐལ། གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་དགོས་པ་དང་བཅས་པའི་ཕྱིར་ཞེས་པས་མཚོན་ཏེ་རྩ་འཇུག་གི་རིགས་པ་མང་ངོ་། །དེ་ཆོས་ཅན། རྒྱུ་ལས་ངོ་བོ་ཉིད་ཀྱིས་གཞན་ལས་མི་སྐྱེ་སྟེ། སྐྱེ་ན་ས་རྡོ་ཤིང་སོགས་འབྲེལ་མེད་ཀྱི་རྒྱུ་ཐམས་ཅད་ལས་འབྲས་བུ་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར། འདི་ནི་གཅིག་དུ་བྲལ་ཀྱི་རིགས་པའི་སྙིང་པོ་ཅན་ཡང་ཡིན་ཏེ། བདག་སྐྱེ་འགོག་པ་ལ་རང་བཞིན་གྱིས་གཅིག་དང་། གཞན་སྐྱེ་འགོག་པ་ལ་རང་བཞིན་གྱིས་ཐ་དད་ཀྱི་རིགས་པའི་གནོད་པ་སྟོན་པའི་ཕྱིར། །གཉིས་ཀ་ལས་ཀྱང་མི་སྐྱེ་སྟེ། བདག་གཞན་རེ་རེ་ལས་སྐྱེ་བ་ཁེགས་པའི་ཕྱིར། རྒྱུ་མེད་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། སྐྱེ་ན་བྱ་རོག་ལའང་རྨ་བྱའི་མདོངས་སྐྱེ་བར་འགྱུར་ཞིང་། འབྲས་བུ་ལོ་ཐོག་འབྱུང་བའི་ཆེད་དུ་རྒྱུ་སྒྲུབ་མི་དགོས་པར་ཐལ་བ་སོགས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་རྣམས་ཆོས་ཅན། ངོ་བོ་ཉིད་ཀྱིས་སྐྱེ་བའི་རང་བཞིན་མེད་དེ། རྒྱུ་མཚན་རིགས་པ་ནི། སྔར་བསྟན་པ་དེའི་ཕྱིར་རོ། །གསུམ་པ་ནི། ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཅེས་གསུངས་ཏེ། འདི་ནི་དབུ་མ་རྒྱན་ལས། བདག་དང་གཞན་པའི་དངོས་འདི་དག །ཡང་དག་ཏུ་ནི་གཅིག་པ་དང་། །དུ་མའི་དངོས་དང་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པའི་རིགས་པའོ། །རིགས་པའི་རྣམ་གྲངས་ཡང་ན། །ཕྱི་ནང་གི་ཆོས་ཀྱི་དངོས་པོ་ཐམས་ཅད་དག་ཆོས་ཅན། ངོ་བོ་ཉིད་ཀྱིས་དམིགས་སུ་མེད་དེ། ངོ་བོ་ཉིད་ཀྱིས་གཅིག་དང་དུ་མ་གང་རུང་དུ་རིགས་པས་རྣམ་པར་དཔྱད་ན་མི་རྙེད་པའི་ཕྱིར། དཔེར་ན། གཟུགས་བརྙན་སྣང་བ་ལྟར་མེད་པ་བཞིན་ནོ། །ཕྱོགས་ཆོས་ནི། རང་བཞིན་གྱིས་གྲུབ་པའི་གཅིག་ཏུ་མེད་དེ། ཆ་བཅས་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ལྟར་གྲུབ་པའི་དུ་མར་མེད་དེ། དེར་གྲུབ་པའི་གཅིག་མེད་པའི་ཕྱིར། ཁྱབ་སྒྲུབ་ནི། རང་བཞིན་གྱིས་གྲུབ་པ་ན་དེ་ལྟར་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་པའི་ཕྱིར་ཏེ། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར་ཏེ། དབུ་མ་རྒྱན་ལས། གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས་པས་སོ། །གཉིས་པ་ལུང་ལས་བརྟེན་པ་ཐོས་བྱུང་གི་ཤེས་རབ་ནི། སྟོང་ཉིད་བདུན་ཅུའི་རིགས་པ་དང་། དབུ་མ་རྩ་བ་སོགས་ལས་ཀྱང་། དངོས་པོ་རྣམས་ཀྱི་རང་བཞིན་ཉིད། །སྟོང་པ་ཉིད་དུ་གྲུབ་བཤད་པ། །གང་ཕྱིར་གཞུང་ནི་མང་གྱུར་ན། །དེ་ཕྱིར་འདི་ནི་མ་སྤྲོས་ལ། །གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ། །བསྒོམ་པའི་དོན་དུ་རབ་ཏུ་བཤད། །ཅེས་སོ། །གཞན་ཡང་སྟོང་ཉིད་ལུང་གིས་བསྒྲུབ་པ་འཕགས་པའི་མདོ་ཀུན་ལས་བཏུས་པ་དང་། དེ་རིགས་པས་སྒྲུབ་པ་སྟོང་ཉིད་བདུན་ཅུའི་གཞུང་གི་རིགས་པ་དང་། སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལས་འབེབས་པར་དབུ་མ་རྩ་བ་ཤེས་རབ་དང་། སོགས་པ་རིགས་ཚོགས་གཞན་རྣམས་དང་། འཕགས་པ་ལྷ་དང་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་ལ་སོགས་པའི་གཞུང་ལས་ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་བདེན་པས་སྟོང་པའི་སྟོང་པ་ཉིད་དུ་གྲུབ་པར་བཤད་པ་ལ་བལྟ་བར་བྱ་ལ། གཞུང་འདིར་ནི་དེ་དག་རྒྱས་པར་མི་འགོད་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་གཞུང་ནི་མང་བར་གྱུར་དོགས་ནས་མ་སྤྲོས་པའི་ཕྱིར། འདིར་ཅུང་ཟད་བསྟན་པ་ཡང་ལུང་རིགས་ཀྱིས་གྲུབ་པའི་གྲུབ་མཐའ་ཙམ་ཞིག་འཆད་པ་ཡིན་ཏེ། དགོས་པ་བདག་མེད་བསྒོམ་པར་བྱ་བའི་དོན་དུ་རབ་ཏུ་བཤད་པ་ཡིན་པའི་ཕྱིར། སྐབས་འདིའི་རང་འགྲེལ་ལས། སྟོང་ཉིད་བདུན་ཅུའི་རིགས་པ་དང་། ཞེས་པས་རྟེན་འབྲེལ་གྱི་གཏན་ཚིགས་བསྟན་པར་བཤད་དེ། དེ་ནི། ཕུང་སོགས་ཀྱི་དངོས་པོ་ཆོས་ཅན། རང་བཞིན་གྱིས་མ་སྐྱེས་ཏེ། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར། འདི་ནི་མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་མགོན་པོས་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ལྷག་མཐོང་སྒོམ་ཚུལ་ནི། དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པ་ནི་སྒོམ་པ་ཉིད། །དེ་ཉིད་ཤེས་རབ་བསྒོམ་པ་ཡིན། །ཞེས་སོ། །ལྷག་མཐོང་སྒོམ་ཚུལ་ཡོད་དེ། གོང་ལྟར་ཕུང་སོགས་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་རིགས་པས་གཏན་ལ་ཕབ་པ་དེ་བས་ན། ཕུང་སོགས་ཀྱི་ཆོས་རྣམས་མ་ལུས་པ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་མཐར་རང་བཞིན་གྱིས་གྲུབ་པ་དག་ནི་རྡུལ་ཙམ་ཡང་མི་དམིགས་པས་སྟོང་ཆམ་འགྲོ་ལ། དཔྱད་སྒོམ་གྱིས་དེ་ལྟ་བུའི་སྟོང་པའི་བདག་མེད་པ་སྒོམ་པ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་པའི་ཕྱིར། དེ་ལ་སྤྱིར་དཔྱད་སྒོམ་དང་འཇོག་སྒོམ་གཉིས་སོ། །འདིར་བདག་ཅེས་པ་ནི་དགག་བྱའི་བདག་ཡིན་ཏེ། དེ་ནི། གཞན་ལ་མ་བལྟོས་པར་རང་དབང་གིས་གྲུབ་པ་ཞིག་ལ་བྱ་སྟེ། བཞི་བརྒྱ་བའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །ཞེས་གསུངས་པ་ལྟར་རོ། །འོ་ན། དེ་ལྟར་རྟོགས་མཁན་གྱི་ཤེས་རབ་དེ་ཉིད་ལ་འཛིན་པ་ཇི་ལྟར་སྤོང་ཞེ་ན། ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང ་ཞིག་རང་བཞིན་མ་མཐོང་བཞིན། །ཤེས་རབ་དེ་ཉིད་རིག་དཔྱད་པ། །རྣམ་རྟོག་མེད་པར་བསྒོམ་པར་བྱ། །ཞེས་སོ། །དོན་དམ་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན་གྱི་བདེན་པའི་རང་བཞིན་གང ་ཞིག་བཙལ་བས་མ་མཐོང་བ་དེ་བཞིན་དུ། ཤེས་རབ་དེ་ཉིད་ཀྱང་རིགས་པས་དཔྱད་པ་ན་རང་བཞིན་གྱིས་མེད་པར་མཐོང་བར་འགྱུར་ཞིང་། མཐོང་བའི་དོན་མེད་དགག་དེ་ལ་གཞན་དུ་རྣམ་པར་རྟོག་པ་མེད་པར་དཔྱོད་ཅིང་རྩེ་གཅིག་ཏུའང་བསྒོམ་པར་བྱ་སྟེ། དེ་ཉིད་ཐར་པ་མྱང་འདས་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་སྒོམ་བྱེད་པ། །དེ་ནི་མྱ་ངན་འདས་པ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་གིས་དེ་ནི་ཞིར་མི་འགྱུར། །ཞེས་གསུངས་སོ། །གསུམ་པ་བསྒོམས་པའི་འབྲས་བུ་ལ་གཉིས། དངོས་ཀྱི་དོན་དང་། དེ་ཉིད་ལུང་གིས་སྒྲུབ་པའོ། །དང་པོ་ནི། རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །ཞེས་སོ། །དངོས་པོ་བདེན་པར་འཛིན་པའི་རྣམ་པར་རྟོག་པ་མ་རིག་པ་སོགས་ཀུན་འབྱུང་བདེན་པ་ལས་བྱུང་བའི་སྲིད་པ་འཁོར་བ་འདི་ནི། རྣམ་པར་རྟོག་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་བདེན་པ་ཡིན་ཏེ། དེ་ལས་ཉོན་གྱི་རྣམ་པར་རྟོག་པ་ལས་བྱུང་ཞིང་དེ་དག་གིས་བཅིངས་པ་དང་དེའི་དབང་གིས་བཞག་པ་ལས་མ་འདས་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་མ་ལུས་པའི་རྣམ་རྟོག་རྒྱུ་འབྲས་གཉིས་ཀ་གཏན་ནས་སྤངས་པའི་འགོག་བདེན་དེ་ནི། མྱ་ངན་ལས་འདས་པ་མཆོག་ཏུ་གྱུར་པ་ཡིན་ནོ། །གཞུང་འདིས་བདེན་བཞི་བསྟན་པ་ཡང་ཡིན་ཏེ། རྣམ་རྟོག་ཅེས་པས་ཀུན་འབྱུང་། སྲིད་པ་དང་རྣམ་པར་རྟོག་པའི་བདག་ཉིད་ཅེས་པས་སྡུག་བདེན། རྐང་པ་གསུམ་པས་ལམ་བདེན་དང་། བཞི་པས་འགོག་བདེན་བསྟན་པའི་ཕྱིར་རོ། །གཉིས་པ་དེ་ལུང་གིས་སྒྲུབ་པ་ནི། དེ་ལྟར་ཡང་ནི་བཅོམ་ལྡན་གྱིས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་མི་རྟོག་གསལ། །ཞེས་གསུངས་ཤིང་། རྣམ་པར་མི་རྟོག་པ་ལ་འཇུག་པའི་མདོ་ལས་ཀྱང་། དམ་ཆོས་འདི་འདྲ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམ་གྱུར་ན། །རྣམ་རྟོག་བགྲོད་དཀའ་ལས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་སམྦྷུ་ཊའི་རྒྱུད་ལས། སོ་སྐྱེའི་རྒྱུད་ཀྱི་དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་གྱི་རྣམ་རྟོག་འདི་ནི་མ་རིག་པ་ཆེན་པོ་འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད་པའི་རྒྱུའི་གཙོ་བོར་གསུངས་པས་དེ་ཉིད་སྤོང་དགོས་ལ། སྤོང་ཚུལ་ཡང་བདག་མེད་ཀྱི་དོན་རིགས་པ་ཡང་དག་གིས་ངེས་ནས། ངེས་པའི་དོན་དེ་ཉིད་བསྒོམ་པའི་རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིང་གོམས་པས། གོམས་པ་མཐར་ཕྱིན་པ་ན། སྟོན་དུས་ཀྱི་ནམ་མཁའ་གཡའ་དག་པའི་སྟོང་སང་གསལ་བར་སྣང་བ་དེ་བཞིན་དུ་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་གསལ་བར་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ནི་རྣམ་འགྲེལ་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །ཞེས་སོགས་གསུམ་པ་དང་རིགས་པ་གནད་གཅིག་གོ །གཞན་ཡང་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང་བཀའ་སྩལ་ཏེ། དམ་པའི་ཆོས་ཟབ་མོ་འདི་ལ་རྒྱལ་བའི་སྲས་པོ་བྱང་སེམས་ཀྱིས། རྣམ་རྟོག་མ་རིག་པའི་འཛིན་སྟངས་དང་འགལ་བའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསམས་ཤིང་བསྒོམས་པར་གྱུར་ན། མཚན་འཛིན་གྱི་རྣམ་རྟོག་གི་དྲ་བ་གཅོད་དཀའ་ཞིང་བགྲོད་པར་དཀའ་བ་བཅད་ནས་དེ་ལས་རྣམ་པར་འདས་ཏེ། རིམ་གྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །གཉིས་པ་མཇུག་བསྡུ་བ་ནི། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པར་ངེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །ཞེས་སོ། །ངེས་དོན་གྱི་ལུང་དང་རིགས་པའི་ཚོགས་དག་གིས་ནི་གང་ཟག་དང་ཕུང་སོགས་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་བདེན་པའི་སྐྱེ་བ་མེད་པའི་རང་བཞིན་གྱིས་སྐྱེ་བ་མེད་པར་ངེས་པར་བྱས་ཤིང་། སྒྲོ་འདོགས་བཅད་ནས་མཚན་འཛིན་གྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པར་ཟབ་མོའི་དོན་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གཉིས་པ་འབྲས་བུའི་ཆོས་བཤད་པ་ནི། དེ་ལྟར་དེ་ཉིད་བསྒོམས་བྱས་ན། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །ཞེས་སོ། །དེ་ལྟར་སྐྱབས་འགྲོ་ནས་བཟུང་སྟེ་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་སྦྱངས་ནས། སྨོན་འཇུག་གི་སེམས་བསྐྱེད་དེ་ཐབས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་ཞི་ལྷག་གིས་དེ་ཁོ་ན་ཉིད་བསྒོམས་པར་བྱས་ན་ནི། ཚོགས་ལམ་ཆུང་འབྲིང་ཆེན་པོ་རྣམས་རིམ་གྱིས་བགྲོད་དེ། སྦྱོར་ལམ་དྲོད་རྩེ་སོགས་ཐོབ་པར་བྱས་ནས་ས་དང་པོ་རབ་ཏུ་དགའ་བ་དང་། གཉིས་པ་དྲི་མ་མེད་པ་སོགས་ཐོབ་པར་འགྱུར་ཏེ། དེ་ལས་སངས་རྒྱས་ཀྱི་བྱང་ཆུབ་ཡུན་མི་རིང་བར་མྱུར་དུ་ཐོབ་པར་འགྱུར་རོ། །གཉིས་པ་སྔགས་ལ་འཇུག་པའི་ཚུལ་ཕྱོགས་ཙམ་བསྟན་པ་ལ་གསུམ། སྔགས་ལ་འཇུག་དགོས་པར་བསྟན་པ། དབང་གོང་མ་གཉིས་བྱར་རུང་གི་ཁྱད་པར། དབང་དེ་གཉིས་མ་ཐོབ་ན་རྒྱུད་ཉན་བཤད་བྱར་རུང་མི་རུང་གི་ཁྱད་པར་རོ། །དང་པོ་ལ་གསུམ། རྟེན་གྱི་གང་ཟག་དོན་གཉེར་ཅན་དགོས་པ་དང་། དེ་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་དང་དབང་བསྐུར་བའི་ཆེ་བ་བསྟན་པའོ། །དང་པོ་ནི། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང་། །བདེ་བ་ཡིས་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང་། །བྱ་སྤྱོད་ལ་སོགས་རྒྱུད་གསུངས་པའི། །གལ་ཏེ་གསང་སྔགས་སྤྱོད་འདོད་ན། །ཞེས་སོ། །ཇོ་བོ་གཙང་དུ་ཕེབས་སྐབས་ཁུ་རྔོོག་སོགས་དྲུག་གིས་དྲི་བ་ལྔ་ཞུས་པའི་སྔགས་ཀྱི་དྲི་བ་གསུམ་གྱི་ལན་ལ། གལ་ཏེ་གསང་སྔགས་ལམ་ལ་འཇུག་པར་འདོད་ན་དེ་ལ་སྔགས་བཟླས་བའི་མཐུ་ཉིད་ལས་གྲུབ་པར་འགྱུར་བའི་ཞི་བ་དང་རྒྱས་པ་དང་སོགས་ཏེ་དབང་དང་མངོན་སྤྱོད་ཀྱི་ལས་དང་། འདོད་རྒུ་འབྱུང་བའི་བུམ་པ་བཟང་པོ་གྲུབ་པ་ལ་སོགས་པ་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་སྟོབས་ཀྱིས་ཀྱང་། ལམ་བདེ་བ་དང་མྱུར་བ་ཡིས་ནི་བྱང་ཆུབ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་ཤིང་གཞན་དོན་སྒྲུབ་པར་འདོད་པ་དང་། བྱ་རྒྱུད་དང་སྤྱོད་རྒྱུད་སོགས་རྒྱུད་སྡེ་བཞི་ཅི་རིགས་ལས་གསུངས་པའི་གསང་སྔགས་སྤྱོད་པ་སྟེ་སྒྲུབ་པར་འདོད་པའི་རྟེན་ཅན་ཞིག་དགོས་སོ། །གཉིས་པ་ནི། དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང་། །བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །བླ་མ་མཉེས་པར་གྱུར་པ་ཡིས། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །ཞེས་སོ། །སྔགས་ལ་འཇུག་པར་འདོད་པ་དེའི་བླ་མ་མཚན་ཉིིད་དང་ལྡན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་སོགས་ཐོབ་པའི་ཕྱིར་དུ། ལུས་ངག་གིས་བསྙེན་བཀུར་བ་དང་། རིན་པོ་ཆེ་དང་བགོ་བ་དང་བཟའ་བཏུང་སོགས་སྦྱིན་པ་དང་ཡོ་བྱེད་ཀུན་གྱིས་མཆོད་ཅིང་གསུངས་པའི་བཀའ་སྒྲུབ་པ་ལ་སོགས་པའི་བྱ་བ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱ་ལ། །བླ་མ་མཉེས་པར་གྱུར་བ་བྱས་པ་ཡིན་སློབ་མས་བླ་མ་ལ་དབང་གི་དོན་དུ་གསོལ་བ་བཏབ་ནས། སློབ་དཔོན་གྱི་མཐའ་རྟེན་དང་བཅས་པ་ཡོངས་སུ་རྫོགས་པའི་བུམ་དབང་སྤྱི་དང་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས་གསང་སྔགས་ཀྱི་སྣོད་རུང་དུ་བསྒྲུབ་པར་བྱའོ། །འདིས་དབང་གཞན་གསུམ་ཡང་མཚོན་ནོ། །གསུམ་པ་དབང་བསྐུར་བའི་ཆེ་བའམ་ཕན་ཡོན་ནི། སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར། །ཞེས་སོ། །དབང་བསྐུར་བ་ལ་དགོས་པ་ཡོད་དེ། སྒོ་གསུམ་གྱི་སྡིག་སྒྲིབ་ཀུན་རྣམ་པར་དག་ཅིང་བདག་ཉིད་ནི་དངོས་གྲུབ་ཆུང་འབྲིང་ཆེན་པོ་གསུམ་ཅི་རིགས་འགྲུབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །གཉིས་པ་དབང་གོང་མ་གཉིས་ཀྱི་དངོས་དབང་གང་ཟག་གང་ཡིན་གྱིས་བྱར་རུང་མི་རུང་ནི། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་ཡེ་ཤེས་དབང་། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་གྱུར་བའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །དེ་ནི་ངན་སོང་དེས་ལྟུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གང་ཟག་གང་ཡིན་གྱིས་དབང་གོང་མ་གཉིས་ཀྱི་དངོས་དབང་བླང་བར་མི་བྱ་སྟེ། ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་རིག་མ་ལ་བརྟེན་ནས་དངོས་སུ་བླང་བར་མི་བྱར་མི་རུང་བའི་ཕྱིར་ཏེ། ཚུལ་དེ་ནི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཆེན་པོ་འགྲེལ་པ་དང་བཅས་པ་ལས་རབ་ཏུ་འབད་པས་བཀག་པའི་ཕྱིར། བཀག་པའི་དགོས་པ་ནི། གལ་ཏེ་ཚངས་སྤྱོད་ལ་གནས་པ་དག་གིས་ཕྱག་རྒྱ་ལ་བརྟེན་ནས་དབང་བསྐུར་དེ་གཉིས་ལེན་ཅིང་འཛིན་ན་ནི། ཚངས་སྤྱོད་དཀའ་ཐུབ་ལ་གནས་པ་དེ་ཚངས་སྤྱོད་ཀྱི་དཀའ་ཐུབ་ཀྱི་སྡོམ་པ་དེ་ཉམས་ཏེ། ཚུལ་ཁྲིམས་ཀྱི་བརྟུལ་ཞུགས་ཅན་དེ་ལ་ནི་ཕམ་པ་ཡི་རྩ་བའི་ལྟུང་བ་དག་འབྱུང་བར་འགྱུར་ཞིང་གང་ཟག་དེ་ནི་ངན་སོང་དུ་ངེས་པར་ལྟུང་བར་འགྱུར་བས་གྲུབ་པ་ཐོབ་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་ནི་དེས་སངས་རྒྱས་ཀྱིས་ནན་ཆེར་བཀག་པ་དེ་སྤྱད་པར་གྱུར་བའི་ཕྱིར་རོ། །འོན་ཀྱང་གང་ཟག་ཁྱད་པར་ཅན་རྒྱུད་སྨིན་པ་འགའ་ཞིག་ནི་དམིགས་བསལ་ལོ། །གསུམ་པ་དབང་གོང་མ་གཉིས་མ་ཐོབ་ན་ཇི་ལྟར་བྱ་བ་ནི། རྒྱུད་ཀུན་ཉན་དང་འཆད་པ་དང་སྦྱིན་བསྲེག་མཆོད་སྦྱིན་སོགས་བྱེད་ལ། སློབ་དཔོན་དབང་བསྐུར་བརྙེས་འགྱུར་ཞིང་། དེ་ཉིད་རིགས་ལ་ཉེས་པར་མེད། ཅེས་སོ། །གལ་ཏེ་ཚངས་པར་སྤྱོད་པས་དབང་དེ་གཉིས་དངོས་སུ་བླང་དུ་མི་རུང་ན་སྔགས་ལ་སྤྱོད་པའི་སྐལ་མེད་དུ་འགྱུར་རོ་སྙམ་ན། སྐྱོན་མེད་དེ། སློབ་དཔོན་གྱི་དབང་བསྐུར་རྫོགས་པར་བརྙེས་པ་དེ་ཐོབ་པར་འགྱུར་ཞིང་། དེ་ཁོ་ན་ཉིད་བཅུ་རིག་པའི་གང་ཟག་ལ་ནི་བྱ་རྒྱུད་སོགས་རྒྱུད་ཀུན་ལ་སློབ་མས་ཉན་པ་དང་། སློབ་དཔོན་གྱིས་འཆད་པ་དང་། གཉིས་ཀས་སྦྱིན་བསྲེག་དང་མཆོད་སྦྱིན་དང་། སོགས་ཏེ་རབ་གནས་དང་དབང་བསྐུར་སོགས་བྱེད་པ་ལ་ཉེས་པ་མེད་པའི་ཕྱིར་རོ། །གསུམ་པ་རྒྱུ་གང་ལ་བརྟེན་ནས་བརྩམས་པ་ནི། གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བས། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །ཞེས་སོ། །བསྙེན་པར་རྫོགས་པའི་སྡོམ་པ་རྣམ་དག་དང་ལྡན་པའི་གནས་བརྟན་མར་མེ་མཛད་ཀྱིས། མདོ་སོགས་ཏེ་རྒྱུད་དང་འགྲེལ་པ་དང་མན་ངག་གི་ཆོས་རྣམས་ལས་བཤད་པ་མཐོང་བ་ལ་བརྟེན་པའི་རྣམ་དཔྱོད་ཀྱིས་བོད་ཀྱི་ལྷ་བཙུན་དགེ་སློང་བྱང་ཆུབ་འོད་ཀྱིས་བསྟན་པའི་དོན་དུ་འདི་ལྟ་བུ་ཞིག་དགོས་ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། ལུང་རིགས་ཀྱི་སྤྲོས་པ་རྒྱ་ཆེ་བ་དོར་ནས་བྱང་ཆུབ་ཏུ་བགྲོད་པའི་ལམ་གྱི་བཤད་པ་རྒྱ་ཆེ་ཡང་ཚིག་མདོར་བསྡུས་ཏེ་བྱས་སོ། །བཞི་པ་འཇུག་གི་དོན་ལ་གཉིས། གང་གིས་མཛད་པ་དང་། སུས་བསྒྱུར་བའོ། །དང་པོ་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་སྐལ་ལྡན་གྱི་གདུལ་བྱ་བགྲང་བ་ལས་འདས་པའི་དོན་དུ་ཐུགས་བརྩེ་བ་ཆེན་པོས་མཛད་པ་རྫོགས་སོ།། །།གཉིས་པ་ནི། །རྒྱ་གར་གྱི་མཁན་པོ་དཱི་བཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙྪ་བ་འཇིག་རྟེན་གྱི་མིག་དགེ་སློང་དགེ་བའི་བློ་གྲོས་ཀྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་། ཚིག་དོན་གྱི་ཞུ་ཆེན་བགྱིས་ནས་འཆད་ཉན་མཛད་པའོ། བྱང་ཆུབ་ལམ་སྒྲོན་འདི་ནི་བོད་ཀྱི་བཀའ་གདམས་ཀྱི་གཞུང་ཀུན་ཀྱི་མ་ཕྱི་ལྟ་བུ་ཡིན་ལ། འདིའི་འཕྲིན་ལས་རྒྱས་པར་བྱེད་པ་པོའི་ཐོག་མ་ནི་འབྲོམ་རིན་པོ་ཆེ་དང་། དེ་ནས་པུ་ཏོ་པ་དང་། ཤ་ར་བ་སོགས་བཀའ་གདམས་རྙིང་པ་བ་རྣམས་དང་། ཕྱིས་རྗེ་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་མོ་ཡང་འདི་གཞི་བྱས་ནས་མཛད་དེ་བཀའ་གདམས་གསར་མའི་བསྟན་པའི་སྲོལ་ཕྱེ་བ་ཡིན་ཞིང་། ཇི་སྐད་དུ། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །ཅེས་གསུངས་པ་ཡང་གཞུང་འདི་ལ་གཙོ་བོར་དགོངས་སོ།། །།སྨྲས་པ། གངས་ཅན་བོད་དུ་པཎ་གྲུབ་མང་བྱོན་ཡང་། །བཀའ་གདམས་བསྟན་པའི་ཐོག་མའི་སྲོལ་འབྱེད་མཆོག །ཨ་ཏི་ཤ་དང་དེ་སྲས་འབྲོམ་སྟོན་ལས། །ཟླ་མེད་མཛད་པ་ཕུལ་བྱུང་གཞན་ན་གང་། །ཇོ་བོས་མཛད་པའི་མདོ་སྔགས་གཞུང་མང་ཡང་། །བརྗོད་བྱའི་ལམ་གྱི་རིམ་པའི་གནད་རྫོགས་པ། །ཀུན་ལས་ཁྱད་འཕགས་བྱང་ཆུབ་ལམ་སྒྲོན་ནི། །ཐུབ་བསྟན་གསལ་བྱེད་ཉི་མ་གཉིས་པའོ། །གཞུང་མཆོག་འདི་ཡི་དགོངས་དོན་འགྲེལ་བའི་ཆེད། །སྒོ་གསུམ་འབད་པས་ཐོབ་པའི་རྣམ་དཀར་དགེས། །སྐྱེ་ཀུན་ཇོ་བོ་ཆེན་པོས་དགེ་བའི་བཤེས། །མཛད་ནས་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །ཅེས་བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་མདོར་བསྡུས་པ་འདི་ཡང་། ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་ཇོ་བོ་ཡབ་སྲས་ལ་མཆོད་པའི་ཆེད་དུ་དད་པ་ཁོ་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་ཡིག་སྡེབ་དང་སྐར་རྩིས་སྙན་ངག་སོགས་ལ་བློ་བྱང་བའི་དཀའ་བཅུ་བློ་བཟང་དབང་ཕྱུག་གོ ། མངྒ་ལཾ། །


previousབྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་ཉུང་ངུ་རྣམ་གསལ་ཇོ་བོ་ཆེན་པོ་དགྱེས་པའི་མཆོད་སྤྲིན།next