Nitartha Digital Library
Tibetan
 
previousཆོས་མངོན་པ་ནས་འབྱུང་བའི་དོན་ཐོར་བུ་ལྷ་མི་རྣམས་ལ་བདེ་སྡུག་བཀྲེས་སྐོམ་ནོར་འབྲུ་སོགས་ཡོད་མེད།no next

ཆོས་མངོན་པ་ནས་འབྱུང་བའི་དོན་ཐོར་བུ་ལྷ་མི་རྣམས་ལ་བདེ་སྡུག་བཀྲེས་སྐོམ་ནོར་འབྲུ་སོགས་ཡོད་མེད།

ཆོས་མངོན་པ་ནས་འབྱུང་བའི་དོན་ཐོར་བུ་ལྷ་མི་རྣམས་ལ་བདེ་སྡུག་བཀྲེས་སྐོམ་ནོར་འབྲུ་སོགས་ཡོད་མེད་ཀྱི་ཁྱད་པར་གོ་སླར་བཤད་པ་ཅེས་བྱ་བ་བཞུགས།

རབ་འབྱམས་རྒྱལ་བའི་ཡེ་ཤེས་ཀུན། །གཅིག་བསྡུས་གཞོན་ནུའི་ཚུལ་འཛིན་པ། །རྗེ་བཙུན་མཁྱེན་པའི་གཏེར་ཆེན་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་འདུད། །འདིར་འཇིག་རྟེན་བཞག་པ་སོགས་ནས་འབྱུང་བའི་དོན་འགའ་ཞིག་བསྡུས་ནས་བརྗོད་པར་བྱ་སྟེ། དེ་ཡང་སྟོང་གསུམ་འཇིག་རྟེན་གྱི་ཁམས་འདིའི་འོག་གི་རླུང་དཀྱིལ་ནི་ཐུན་མོང་བ་གཅིག་ཡིན་པ་ལ། ས་ཆུའི་དཀྱིལ་འཁོར་ནི་གླིང་བཞི་པོ་སོ་སོ་ལ་རེ་རེ་ཡོད་ཅིང་། གླིང་གཞི་སྟོང་། ཉི་ཟླ་སྟོང་། འདོད་ལྷ་རིག་དྲུག་སྟོང་། ཚངས་པའི་འཇིག་རྟེན་རྣམས་སྟོང་དུ་ལོངས་པ་ལ་སྟོང་དང་པོ། །སྟོང་དང་པོ་དེ་སྟོང་དུ་ལོངས་པ་ལ་སྟོང་གཉིས་པ་བར་མ། སྟོང་གཉིས་པ་དེ་སྟོང་དུ་ལོངས་པ་ལ་སྟོང་གསུམ་གྱི་སྟོང་ཆེ ན་པོ་སྟེ། དེ་རྣམས་དང་པོ་འཆགས་པ་དང་མཐར་འཇིག་པ་ཡང་དུས་མཉམ། དེ་འདྲ་བའི་སྟོང་གསུམ་སྟེང་འོག་ཕྱོགས་བཅུ་ཀུན་ནས་མཐའ་ཡས་ཤིང་གྲངས་མེད་པ་ཞིག་ཡོད་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ན་གླིང་བཞི་བྱེ་བ་ཕྲག་བརྒྱ། ཉི་ཟླ་བྱེ་བ་ཕྲག་བརྒྱ། རྒྱལ་ཆེན་རིགས་བཞི་སོགས་འདོད་ལྷ་རིགས་དྲུག་བྱེ་བ་ཕྲག་བརྒྱ། ཚངས་པའི་འཇིག་རྟེན་གསུམ་བྱེ་བ་ཕྲ་བརྒྱ་རེ་ཡོད་ཅིང་། བྱེ་བ་ཕྲག་བརྒྱ་ལ་ནི་དུང་འཕྱུར་བཅུ་ཡོད། རིའི་རྒྱལ་པོ་རི་རབ་ནི་གླིང་བཞིའི་དབུས་ན་ཡོད་ཀྱང་། གླིང་སོ་སོའི་བྱང་ངོས་ན་ཡོད་དེ། མཚོན་ན། འཛམ་གླིང་གི་ཤར་ཕྱོགས་ནི་ལུས་འཕགས་པོའི་ལྷོ། སྒྲ་མི་སྙན་གྱི་བྱང་། བ་ལང་སྤྱོད་ཀྱི་ཤར་ཡིན་ན་ཏེ། གླིང་གང་དུ་ཉི་མ་དང་པོར་འཆར་ས་དེ། གླིང་དེའི་ཤར་ཕྱོགས། ཉི་མ་ནུབ་འགྲོ་བ་དེེ། གླིང་དེའི་ནུབ་ཕྱོགས་སུ་འགྱུར་རོ། །འཛམ་བུའི་གླིང་དུ་ཉི་མ་ཕྱེད་ཀྱི་དུས་སུ་ནི། ཤར་ན་ཉི་མ་ནུབ། བྱང་དུ་ནམ་ཕྱེད། ནུབ་ཏུ་ཉི་མ་འཆར་བ་དེ་བཞིན་དུ་གླིང་གང་ན་ཉིན་ཕྱེད་ཡིན་པ་དེའི་རྒྱབ་ཀྱི་གླིང་དེར་ནས་ཕྱེད་ཡིན་པ་སོགས་འགྲེའོ། །ཉི་མའི་དཀྱིལ་འཁོར་ནི་རྒྱུ་མེ་ཤེལ། ཞེང་ལ་དཔག་ཚད་ང་གཅིག །ཟླ་བའི་དཀྱིལ་འཁོར་ནི་རྒྱུ་ཆུ་ཤེལ། ཞེང་དུ་དཔག་ཚད་ལྔ་བཅུ། གཉིས་ཀའི་མཐར་ཞེང་གི་སུམ་འགྱུར། ནང་དུ་ལྷའི་བུ་ཉི་མ་དང་ཟླ་བ་འཁོར་བཅས། སྐར་མ་ཆེ་བའི་ཞེང་ལ་རྒྱང་གྲགས་བཅོ་བརྒྱད། འབྲིང་པོ་རྣམས་བཅུ་སྐོར། ཆུང་བ་ལ་བཞིའམ་གཅིག ། དེ་དག་གི་ནང་ན་ལྷ་གནས་སོ། །རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་གྱི་གནས་ན་བརྒྱ་བྱིན་འཁོར་བཅས། རི་རབ་ཀྱི་བང་རིམ་བཞི་ལ་རྒྱལ་ཆེན་རིགས་བཞིའི་ལྷ། བང་རིམ་ཐོག་མ་དང་གཉའ་ཤིང་འཛིན་གྱི་རྩེ་མོའི་ཕྱོགས་བཞིར་རྒྱལ་ཆེན་བཞི་འཁོར་བཅས་སོ། །རི་རབ་ཀྱིི་མཐར་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་གླིང་བཞིིའི་མི་དང་། འདོད་ལྷ་རིགས་དྲུག་དང་། ཁམས་གོང་མ་རྣམས་ན་བདེ་སྡུག་བཀྲེས་སྐོམ་ནོར་འབྲུ་སོགས་ཡོད་མེད་མི་མཚུངས་ཏེ། སྤྱིར་ཁམས་གསུམ་པོ་ཐམས་ཅད་སྡུག་བསྔལ་གསུམ་གྱི་ནང་ནས་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བཅིངས་པ་ལས་མ་འདས་ཀྱང་། གླིང་བཞིའི་མི་དང་འདོད་ལྷ་རིགས་དྲུག་ན་ཚོར་བ་སྡུག་བསྔལ་ཡོད། གཟུགས་དང་གཟུགས་མེད་ཀྱི་ཁམས་ན་ཚོར་བ་སྡུག་བསྔལ་མེད་ཅིང་། འགྱུར་བའི་སྡུག་བསྔལ་འགགས་པ་ཡང་མེད། གླིང་བཞིའི་མི་དང་འདོད་ལྷ་རིགས་དྲུག་ན་བཀྲེས་སྐོམ་ཡོད། ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་གསུམ་ན། འབྲས་ཆན་དང་། ཟན་དང་། ཕྱེ་དང་། ཤ་དང་། ཁུར་བའི་ཟས་ཡོད། སྒྲ་མི་སྙན་ན་དེ་དག་མེད་ཀྱང་མ་རྨོས་མ་བཏབ་པའི་འབྲས་ས་ལུ་ཟ། འདོད་ལྷ་རིགས་དྲུག་ན་བདུད་རྩིའི་ཟས་ཡོད། ཁམས་གོང་མ་གཉིས་ན་ཁམས་ཀྱི་ཟས་མེད་ཀྱང་རེག་པ་སེམས་པ་རྣམ་ཤེས་ཀྱི་ཟས་ཙམ་ནི་ཡོད། གླིང་བཞི་ན་བཤང་གཅི་འབྱུང་བ་ཡོད། ལྷ་རྣམས་ལ་དེ་མེད་དོ། །གླིང་གསུམ་ན་ལོ་ལེགས་མི་ལེགས་ཀྱི་མུ་གེ་ཡོད། སྒྲ་མི་སྙན་དང་ལྷ་རྣམས་ལ་དེ་མེད་དོ། །གླིང་གསུམ་གྱི་མི་དང་འདོད་ལྷ་རིགས་དྲུག་ལ་འཇིགས་སྐྲག་ཡོད། སྒྲ་མི་སྙན་པ་དང་། ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་གསུམ་ན་གསེར་དངུལ་སོགས་ཀྱི་ཉོ་ཚོང་ཡོད། སྒྲ་མི་སྙན་དང་ལྷ་རྣམས་ལ་དེ་མེད་དོ། །གླིང་གསུམ་དང་འདོད་ལྷ་རིགས་དྲུག་ལ་ཁ་དོག་སྣ་ཚོགས་ཡོད། སྒྲ་མི་སྙན་དང་གཟུགས་ཁམས་པ ་ཐམས་ཅད་ཁ་དོག་དཀར་པོ། །གཟུགས་མེད་ན་ཁ་དོག་གི་དབྱེ་བ་མེད་དོ། །གླིང་གསུམ་ན་ཁང་བ་ཆེད་དུ་བྱས་མ་བྱས་གཉིས་ཡོད། སྒྲ་མི་སྙན་ན་ཆེད་དུ་མ་བྱས་པའི་ས་ཁང་ཡོད། འདོད་ལྷ་རིགས་དྲུག་ན་ཁང་པ་ཆེད་དུ་བྱས་མ་བྱས་གཉིས་ཀ་ཡོད། གཟུགས་ཁམས་ན་ཆེད་དུ་མ་བྱས་པའི་གཞལ་མེད་ཁང་ཡོད། གཟུགས་མེད་ན་ཁང་པ་མེད་དོ། །འཛམ་བུའི་གླིང་ན་གོས་ཀྱི་རིགས་སྣ་ཚོགས། ལུས་འཕགས་དང་བ་ལང་སྤྱོད་ན་བེའུ་རས། སྒྲ་མི་སྙན་དང་འདོད་ལྷ་རིགས་དྲུག་ན་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས། གཟུགས་ཁམས་པའི་ལྷ་རྣམས་གོས་གྱོན་བཞིན་དུ་སྐྱེ། གཟུགས་མེད་ན་གོས་མེད་དོ། །གླིང་བཞི་དང་འདོད་ལྷ་རིགས་དྲུག་ན་ཕོ་མོའི་དབང་པོ་ཐ་དད་དུ་དབྱེར་ཡོད། གཟུགས་ཁམས་ན་ཕོ་མོའི་དབང་པོ་མེད་ཀྱང་ཕོ་མོ་ཡོད་ཅིང་། དེ་ཡང་སྐད་གཟེངས་མཐོ་མི་མཐོ་དང་ནུ་མའི་ཁྱད་པར་གྱིས་འཇོག ། གཟུགས་མེད་ན་ཕོ་མོའི་ཁྱད་པར་མེད་དོ། །གླིང་གསུམ་དང་འདོད་ལྷ་རིགས་དྲུག་ན་བག་མ་གཏོང་ལེན་ཡོད། སྒྲ་མི་སྙན་དང་ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་གསུམ་ན་ཤིན་ཏུ་ཚ་བ་དང་གྲང་བ་ཡོད། སྒྲ་མི་སྙན་དང་ལྷ་རྣམས་ལ་དེ་མེད་དོ། །གླིང་བཞི་དང་འདོད་ལྷ་རིགས་དྲུག་ན་དབྱར་དགུན་སོགས་ཀྱི་ཐ་སྙད་ཡོད། ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་བཞི་དང་འདོད་ལྷ་རིགས་དྲུག་ན་ཉིན་མཚན་གྱི་ཐ་སྙད་ཡོད། ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་བཞི་དང་འདོད་ལྷ་རིགས་དྲུག་ན་རྒྱལ་ཕམ་བརྩི་བ་ཡོད། ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་བཞིའི་མི་ཡི་ལུས་ལ་རགས་པའི་ཤ་ཁྲག་རུས་གསུམ་ཡོད། ལྷའི་ལུས་ལ་དེ་མེད་དོ། །གླིང་བཞི་དང་འདོད་ལྷ་རིགས་དྲུག་ན་ཕ་མ་དང་བུའི་ཐ་སྙད་ཡོད། ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་གསུམ་དང་འདོད་ལྷ་རིགས་དྲུག་ན་རྗེ་བོ་དཔོན་དང་བྲན་གཡོག་གི་ཁྱད་པར་ཡོད། སྒྲ་མི་སྙན་དང་ཁམས་གོང་མ་གཉིས་ན་དེ་མེད་དོ། །གླིང་གསུམ་ན་ནོར་དང་འབྲུ་ཡོད། སྒྲ་མི་སྙན་ན་འབྲུ་ཡོད་ཀྱང་ནོར་མེད། འདོད་ལྷ་རིགས་དྲུག་ན་ནོར་ཡོད་ཀྱང་འབྲུ་མེད། ཁམས་གོང་མ་གཉིས་ན་ནོར་འབྲུ་གཉིས་ཀ་མེད་དོ། །གླིང་གསུམ་ན་ཕ་མ་བུ་ནོར་འབྲུ་སོགས་ལ་ཞེན་པ་ཡོད། སྒྲ་མི་སྙན་ན་དེ་དག་གང་ལའང་ཞེན་པ་མེད། འདོད་ལྷ་རིགས་དྲུག་ན་འབྲུ་མ་གཏོགས་པ་གཞན་ལ་ཞེན་པ་ཡོད། ཁམས་གོང་མ་གཉིས་ན་དེ་དག་ལ་ཞེན་པ་མེད་དོ། །གླིང་བཞི་ན་བུད་མེད་ཟླ་མཚན་དང་ལྡན་པ་དང་སྦྲུམ་མ་ལས་བུ་བཙའ་བ་ཡོད། འདོད་ལྷ་རིགས་དྲུག་ན་ལྷའམ་ལྷ་མོའི་ཕྲག་པའམ་པད་མར་བརྫུས་ཏེ་སྐྱེ། ཁམས་གོང་མ་གཉིས་ན་དེ་ལྟ་མ་ཡིན་ཡང་བརྫུས་ཏེ་སྐྱེའོ། །གླིང་བཞིའི་མི་ཤི་བ་ལ་རོ་ཡོད། ལྷ་ཤི་ན་རོ་མེད་དོ། གླིང་བཞི་དང་རྒྱལ་ཆེན་བཞི་སུམ་ཅུ་རྩ་གསུམ་རྣམས་ན་གཉིས་གཉིས་དབང་པོ་སྤྲད་ནས་འཁྲིག་པ་བསྟེན། འཐབ་བྲལ་བ་འཁྱུད་པ་ཙམ་དང་། དགའ་ལྡན་པ་ལག་པ་བཅངས་པ་ཙམ་དང་། འཕྲུལ་དགའ་བ་བགད་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་གདུང་བ་ཞི་བར་འགྱུར་ཏེ། དེའི་ཚེ་གླིང་བཞི་ན་ཁུ་ཁྲག་འབྱུང་། འདོད་ལྷ་རིགས་དྲུག་ན་རླུང་ཙམ་འབྱུང་། ཁམས་གོང་ན་དེ་ལྟ་བུའི་འདོད་ཆགས་མེད་དོ། །མི་དང་འདོད་ལྷ་ལ་ཞེ་སྡང་སྐྱེ་བ་དང་སྲོག་གཅོད་པ་ཡོད། ཁམས་གོང་མ་གཉིས་ན་མེད་དོ། །བསྐལ་པ་དང་པོའི་མི་རྣམས་ནི་བརྫུས་ཏེ་སྐྱེས་ཤིང་ཕོ་མོའི་དབྱེ་བ་མེད་ཀྱང་། ཕྱིས་དབང་པོ་ཐ་དད་དུ་གྱུར་ནས་མངལ་སྐྱེས་སུ་གྱུར། ལྷ་དང་དམྱལ་བ་པ་དང་རབ་དོ་བ་རྣམས་ནི་བརྫུས་སྐྱེས་ཁོ་ན། ཡི་དྭགས་ཕལ་ཆེར་བརྫུས་སྐྱེས་ཡིན་ཏེ། མངལ་སྐྱེས་ཀྱང་ཡོད། དུད་འགྲོ་ལ་སྐྱེ་གནས་བཞི་ཀ་ཡོད། ཚེ་ལོ་བརྒྱད་ཁྲིའི་དུས་སུ་བུ་མོ་ལོ་ལྔ་བརྒྱ་ལོན་པའི་ཚེ་བག་མར་གཏོང་། འབྲུ་རྣམས་ཆེ་ཤིང་། སྙེ་མ་རེ་རེ་ཡང་བྲེ་བོ་ཆེ་བཞི་རེ་འོང་། ཚེ་ལོ་བཅུ་པའི་དུས་སུ་བུ་མོ་ཟླ་བ་ལྔ་ལོན་པའི་ཚེ་བག་མར་གཏོང་། འབྲུ་རྣམས་ཤིན་ཏུ་ཆུང་ཞིང་ཉུང་བ་དང་མེད་པར་འགྱུར་རོ། །མཐར་མཚོན་དང་ནད་དང་མུ་གེ་གསུམ་གྱིས་སྟོང་ལ་ཁད་བྱས་ནས། སླར་ཚེ་རིམ་གྱིས་ཡར་འཕེལ་ཏེ་མི་རྣམས་ནི་ཚེ་ལོ་བརྒྱད་ཁྲི་རེ་ཐུབ་པ་འབྱུང་ངོ་། །རགས་རྩིས་སུ་ད་ལྟའི་འཛམ་བུའི་གླིང་པ་རྣམས་ཚེ་ལོ་བརྒྱ་པ་ཟེར་ཡང་དྲུག་ཅུ་ཁ་རལ། ལུས་འཕགས་པོ་རྣམས ་ཚེ་ལོ་ཕྱེད་དང་སུམ་བརྒྱ། བ་ལང་སྤྱོད་པ་རྣམས་ཚེ་ལོ་ལྔ་བརྒྱ་ཡིན་ཏེ་དུས་མིན་དུ་འཆི་བ་ཡོད། བྱང་སྒྲ་མི་སྙན་པ་རྣམས་ནི་ཚེ་ལོ་སྟོང་ཐུབ་པར་ངེས་སོ། །དུད་འགྲོ་ལས་ཀླུའི་རྒྱལ་པོ་ལ་ནི་ཚེ་བསྐལ་པར་ཐུབ་པ་ཡོད་ཅིང་། དུད་འགྲོ་ཚེ་ཐུང་བ་འགའ་ནི་ཉིན་ཞག་རེ་གཉིས་ཙམ་ལས་མི་གནས་པ་ཡང་སྲིད། ཡི་དྭགས་ཚེ་རིང་བ་ནི་མི་ལོ་ཁྲི་ལྔ་སྟོང་ཐུབ། རྒྱལ་ཆེན་བཞི་པའི་ལྷའི་ཚེ་ཚད་ནི་མི་ལོ་ས་ཡ་དགུ །སུམ་ཅུ་རྩ་གསུམ་པ་ནི་མི་ལོ་ས་ཡ་དྲུག །འཐབ་བྲལ་བ་ནི་མི་ལོ་བྱེ་བ་བཅུ་བཞི་དང་ས་ཡ་བཞི། དགའ་ལྡན་པ་ནི་མི་ལོ་བྱེ་བ་དང་བདུན་དང་ས་ཡ་དྲུག །འཕྲུལ་དགའ་བ་ནི་མི་ལོ་བྱེ་བ་ཉིས་བརྒྱ་སུམ་ཅུ་དང་ས་ཡ་བཞི། གཞན་འཕྲུལ་དབང་བྱེད་པ་ནི་མི་ལོ་བྱེ་བ་དགུ་བརྒྱ་ཉེར་གཅིག་དང་ས་ཡ་དྲུག་གོ །ཚངས་རིས་པའི་ཚེ་ཚད་བར་བསྐལ་ཕྱེད། ཚངས་པ་འདུན་འདོན་ནི་བར་བསྐལ་གཅིག །ཚངས་ཆེན་པ་ནི་བར་བསྐལ་ཕྱེད་གཉིས། འོད་ཆུང་བ་བསྐལ་པ་གཉིས། ཚད་མེད་འོད་བསྐལ་པ་བཞི། འོད་གསལ་བ་བསྐལ་པ་བརྒྱད། དེ་བཞིན་དུ་གོང་མ་རྣམས་ཉིས་འགྱུར་དུས་བྱས་ནས། འོག་མིན་པ་ནི་བསྐལ་པ་ཆེན་པོ་ཁྲི་དྲུག་སྟོང་ངོ་། །གཟུགས་མེད་དང་པོའི་ཚེ་ཚད་ནི་བསྐལ་པ་ཉིས་ཁྲི། གཉིས་པ་བསྐལ་པ་བཞི་ཁྲི། གསུམ་པ་བསྐལ་པ་དྲུག་ཁྲི། བཞི་པ་བསྐལ་པ་ཆེན་པོ་བརྒྱད་ཁྲིའོ། །ཡང་ཚ་དམྱལ་དང་པོ་ཡང་སོས་པའི་ཚེ་ཚད་ནི་མི་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་ཐུབ་སྟེ། ཐིག་ནག་སོགས་ལྷག་མ་རྣམས་བརྒྱད་འགྱུར་གྱིས་རིང་ལ། མནར་མེད་ཀྱི་ཚེ་ཚད་བར་བསྐལ་གཅིག་གོ །བརྒྱད་པོ་རེ་རེའི་འཁོར་ན་དམྱལ་བ་གཞན་བཅུ་དྲུག་རེ་ཡོད་ཅིང་། མདོ་མྱང་འདས་དང་ཐར་ཆེན་ལས་ནི་དམྱལ་བ་མི་འདྲ་བ་མང་པོ་ཞིག་ཀྱང་བཤད་དོ། །གྲངས་དམྱལ་དང་པོ་ཆུ་བུར་ཅན་གྱི་ཚེ་ནི། ཡུལ་དབུས་མ་ག་དྷའི་བྲེ་བོ་ཆེ་ཁལ་བརྒྱད་ཅུ་ཤོང་བའི་བང་བ་ནས་ལོ་བརྒྱ་ནས་ཏིལ་རེ་རེ་ཕྱུང་བས་ནམ་ཟད་པར་འགྱུར་བའི་ཡུན་ཚད་དང་མཉམ་ཞིང་། ལྷག་མ་ཆུ་བུར་རྡོལ་བ་ཅན་སོགས་བདུན་གྱི་ཚེ་ནི། སྔ་མ་ལས་ཕྱི་མའི་ཤུ་ཉི་ཤུས་འབར་ཞིང་རིང་ངོ་། །སྒྲ་མི་སྙན་པ་མ་གཏོགས་སྔར་སྨྲོས་པ་དེ་དག་བར་མ་དོར་འཆི་བ་ནི་ཡོད་དོ། །བསྐལ་པ་དང་པོའི་མིའི་ཚེ་ཚད་ནི། ཚངས་རིས་པའི་ལྷའི་ཚེ་དང་མཉམ་པའམ་དཔག་ཏུ་མེད་ཅིང་ལུས་ཀྱང་ཤིན་ཏུ་ཆེའོ། །ད་ལྟའི་མི་ལུས་ཕལ་ཆེར་ནི་ཁྲུ་བཞི་པ། ཤར་ན་ཁྲུ་བརྒྱད། ནུབ་ན་ཁྲུ་བཅུ་དྲུག །བྱང་དུ་ཁྲུ་སོ་གཉིས། རྒྱལ་ཆེན་རིགས་བཞི་རྒྱང་གྲགས་ཀྱི་བཞི་ཆ། སུམ་ཅུ་རྩ་གསུམ་པ་དེའི་ཆ་གཉིས། འཐབ་བྲལ་བ་ཆ་གསུམ་དགའ་ལྡན་པ་རྒྱང་གྲགས་གཅིག །འཕྲུལ་དགའ་པ་རྒྱང་གྲགས་གཅིག་དང་བཞི་ཆ། གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་ཕྱེད་དང་གཉིས་སོ། །ཚངས་རིས་པའི་ལུས་དཔག་ཚད་ཕྱེད། ཚངས་པ་མདུན་འདོན་པ་དཔག་ཚད་གཅིག ། ཚངས་ཆེན་པ་ཕྱེད་གཉིས། འོད་ཆུང་བ་གཉིས། དེ་ནས་ཉིས་འགྱུར་བྱས་ཏེ་ཚད་མེད་འོད་བཞི། འོད་གསལ་བ་བརྒྱད་ནས། འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་སྟེ། འོན་ཀྱང་སྤྲིིན་མེད་པ་ནི་དཔག་ཚད་གསུམ་འདོད། ལྷ་མིན་གྱི་དབང་པོ་སྒྲ་གཅན་གྱི་ལུས་ནི་རི་རབ་བཞིན་དང་། གཞན་ཕལ་ཆེར་རྒྱལ་ཆེན་རིགས་བཞི་པའི་ལུས་ལྟ་བུ་དང་། སུམ་ཅུ་རྩ་གསུམ་པའི་ལུས་ཀྱི་ཚད་དུ་ལོངས་པའང་ཡོད། ཀླུ་ཆེན་བརྒྱད་ཀྱི་ལུས་ནི་ཤིན་ཏུ་ཆེ་ལ། གཞན་ཆེ་ཆུང་ཅི་རིགས་སོ། །དེ་རྣམས་སུ་སྐྱེ་བའི་རྒྱུ་ནི་ལས་དགེ་སྡིག་གཉིས་སུ་ངེས་ཏེ་གཞན་མེད་ལ། དེ་ཡང་དགེ་བའི་ལས་ཅི་རིགས་ཀྱིས་ལྷ་དང་མིར་སྐྱེ་ཞིང་བདེ་བ་མྱོང་ལ། མི་དགེ་བའི་ལས་ཀྱིས་ནི་ངན་འགྲོ་དེ་རྣམས་སུ་སྐྱེ་ཞིང་སྡུག་བསྔལ་མྱོང་བར་འགྱུར་ཏེ། རིན་ཆེན་འཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར་རོ། །དགེ་མི་དགེའི་ལས་རྣམ་གྲངས་མང་ཡང་རིགས་བསྡུ་ན་ལས་ལམ་བཅུར་འདུ་བ་ཡིན་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་གསུངས་པའི་ཕྱིར། བདེ་སྡུག་གཉིས་སུ་མ་ཟད། སྣོད་བཅུད་ཐམས་ཅད་རང་རྒྱུ་སེམས་དང་འབྲེལ་བའི་ལས་ལས་བྱུང་བ་ཡིན་ཏེ། མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་དང་། དབུ་མ་འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །ཞེས་འབྱུང་བ་ལྟར་རོ། །ལས་ཀྱིས་ཐོབ་པའི་བདེ་སྡུག་གི་རིགས་མང་ཡང་བདེ་བ་ཐམས་ཅད་ཀྱི་ནང་ནས་ཞི་བའི་བདེ་བ་ཆེས་མཆོག་དང་། སྡུག་བསྔལ་ཐམས་ཅད་ཀྱི་ནང་ནས་མནར་མེད་ཀྱི་སྡུག་བསྔལ་ཆེས་བཟོད་དཀའ་བ་ཡིན་ཏེ། བཤེས་སྤྲིང་ལས། བདེ་བ་ཀུན་གྱི་ནང་ནས་སྲེད་ཟད་པ། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ནས་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་ཟད། །ཅེས་གསུངས་པའི་ཕྱིར་རོ། །དགྲ་བཅོམ་པ་འགའ་ཞིག་ལ་སྔོན་བྱས་པའི་ལས་རྣམ་སྨིན་མ་ཕྱུང་བ་དུ་མ་ཞིག་ཡོད་སྲིད་ཀྱང་སྲེད་སོགས་ཀྱི་ཉོན་མོངས་ཟད་པས་ལས་དེ་དག་གིས་རྣམ་སྨིན་འབྱིན་མི་ནུས་ཏེ། རྣམ་འགྲེལ་ལས། སྲེད་པའི་སྲེད་ལས་རྣམ་བརྒལ་བ། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱ་མེད་ལག་དལ་བྱུང་བ་ལས། །བློ་ལྡན་འགའ་ལ་ཕན་སྙམ་སྟེ། །ཚུལ་འདི་བཀོད་པའི་རྣམ་དཀར་དགེས། །འགྲོ་ཀུན་སངས་རྒྱས་ཉིད་གྱུར་ཅིག། །།ཅེས་མངོན་པའི་དོན་ཐོར་བུ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་དད་པས་སྦྱར་པའོ། །མངྒ་ལཾ།།


previousཆོས་མངོན་པ་ནས་འབྱུང་བའི་དོན་ཐོར་བུ་ལྷ་མི་རྣམས་ལ་བདེ་སྡུག་བཀྲེས་སྐོམ་ནོར་འབྲུ་སོགས་ཡོད་མེད།no next